Tibetan Royal Year of 2151 | Year of the Wood Dragon

བོད་མིའི་སྒྲིག་འཛུགས།

ཁེ་ན་ཌའི་གྲོས་ཚོགས་འཐུས་མི་ཁག་ལ་ངོ་བཅར་གྱིས་བོད་དོན་ཞུ་གཏུགས་གནང་འདུག

ཁ་སང་ཁེ་ན་ཌའི་གྲོས་ཚོགས་འཐུས་མི་སྐུ་ཚབ་ ༡༦ ཙམ་ལ་ངོ་བཅར་གྱིས་བོད་དོན་ཞུ་གཏུག་གི་ལས་འགུལ་སྤེལ་གནང་འདུག ཟླ་བ་འདིའི་ཚེས་ ༥ ཉིན་ནས་ཁ་སང་བར་ཁེ་ན་ཌར་རྟེན་གཞི་བྱས་པའི་ Canada Tibet Committee ཞེས་ཁེ་ན་ཌ་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་ཁུལ་དེའི་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་བཞི། དེ་བཞིན་བོད་རང་བཙན་སློབ་ཕྲུག་ཚོགས་པ་བཅས་ཐུན་མོང་གིས་རྒྱལ་ས་ Ottawa ནང་དུ་བྱང་ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་སྤེན་པ་ཚེ་རིང་མཆོག་ལྷན་ཞུགས་ཐོག་བོད་དོན་ཞུ་གཏུག་གི་ལས་འགུལ་ཞིག་སྤེལ་གནང་སྟེ་ཁུལ་དེའི་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་ ༡༦ ཙམ་དང་མཇལ་འཕྲད་གནང་པ་མ་ཟད། སྐབས་དེར་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ལ་དོན་དམ་གྱི་རྒྱབ་སྐྱོར་དགོས་པ་དང་། བོད་རྒྱ་འབྲེལ་མོལ་སླར་གསོ་ཡོང་རྒྱུ། ལྷག་དོན་རྒྱ་གཞུང་གིས་བཙོན་འཇུག་འོག་ཡོད་པའི་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གིས་གཙོས་པའི་ཉེས་མེད་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་གང་མགྱོགས་གློད་བཀྲོལ་ཡོང་བར་ཁེ་ན་ཌ་གཞུང་ནས་རྒྱ་གཞུང་ལ་གནོན་ཤུགས་སྤྲོད་དགོས་པའི་འབོད་སྐུལ་ཞུས་འདུག བྱང་ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་སྤེན་པ་ཚེ་རིང་མཆོག་ཁེ་ན་ཌ་མངའ་ཁུལ་གྱི་བོད་རིགས་ཚོགས་པ་ཁག་དང་ཐུག་འཕྲད་གནང་སྟེ་ཚོགས་པ་དེ་དག་ནས་མ་འོངས་པར་ལས་འགུལ་སྤེལ་ཕྱོགས་བཅས་ཀྱི་ཐད་ལ་གྲོས་བསྡུར་ལྷུག་པོ་གནང་འདུག གཞི་རྩའི་ཁེ་ན་ཌའི་གྲོས་ཚོགས་འཐུས་མིི་རྣམས་ལ་བོད་དོན་ཞུ་གཏུག་གནང་རྒྱུའི་ལས་འགུལ་དེ་གཙོ་བོ་ཁེ་ན་ཌ་བོད་དོན་རྒྱབ་སྐྱོར་ཚོགས་པས་གཙོ་འགན་བཞེས་ཐོག་མངའ་སྡེ་ Ontario དང་། Alberta རྒྱལ་ས་ Ottawa དང་དེ་བཞིན་གྲོང་ཁྱེར་ Montreal བཅས་ས་ཁུལ་སོ་སོའི་བོད་རིགས་སྤྱི་མཐུན་ཚོགས་པ་དང་བོད་རང་བཙན་སློབ་ཕྲུག་ཚོགས་པ་སོགས་ཟུང་སྦྲེལ་གྱིས་གནང་པ་ཞིག་ཆགས་ཀྱི་འདུག

བོད་པའི་སློབ་ཕྲུག་ཚོར་མཐོ་རིམ་སློབ་གྲྭར་འཛུལ་ཞུགས་གནང་ཕྱོགས་དང་མ་འོངས་མདུན་ལམ་སོགས་ཀྱི་སྦྱོང་བརྡར་སྤྲོད་བཞིན་འདུག

འདི་ལོ་འཛིན་རིམ་བཅུ་གཉིས་ཐོན་པའི་སློབ་ཕྲུག་ཚོར་སོ་སོའི་སློབ་ཚན་ལྟར་ཕྱི་ཟླ་ ༦ དང་ ༧  པའི་ནང་མཐོ་སློབ་ཁག་ཏུ་སློབ་ཞུགས་གནང་རྒྱུའི་དུས་ཚོད་ཟིན་གྱི་ཡོད་སྟབས། རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ན་གཞོན་ནུས་སྤེལ་ལས་གཞི་ Empowering the Vision  དང་ལྡི་ལི་བོད་ཁྱིམ་སློབ་ཕྲུག་ཚོགས་པ།  རྒྱལ་སྤྱིའི་བོད་ཀྱི་སློབ་མའི་ལྷན་ཚོགས།  སྤྱིར་བཏང་སློབ་ཕྲུག་ཡར་རྒྱས་ཚོགས་པ་བཅས་ཀྱིས་དེ་རིང་འདི་ག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་འཛིན་རིམ་བཅུ་གཉིས་ཐོན་པའི་སློབ་ཕྲུག་ ༤༠ ལྷག་ཙམ་ལ་མཐོ་སློབ་ཁག་ཏུ་སློབ་ཞུགས་དང་སློབ་ཚན་འདེམ་ཕྱོགས་སོགས་ཀྱི་ཐོག་སློབ་མའི་མ་འོངས་མདུན་ལམ་དང་འབྲེལ་བའི་སྦྱོང་བརྡར་ཞིག་སྤྲོད་བཞིན་འདུག་པ་དང་།  སྦྱོང་བརྡར་འདིའི་བརྒྱུད་བོད་པའི་སློབ་ཕྲུག་དེ་དག་མཐོ་སློབ་ཏུ་སློབ་ཞུགས་ཐུབ་ཙམ་མིན་པར་མ་འོངས་མདུན་ལམ་དང་འབྲེལ་ཡོད་ཐོག་ལམ་སྟོན་གནང་གི་འདུག དེ་རིང་དང་སང་ཉིན་བཅས་ཉིན་གྲངས་གཉིས་རིང་འཛིན་རིམ་བཅུ་གཉིས་ཐོན་པའི་སློབ་ཕྲུག་དེ་དག་ལ་སྦྱོང་བརྡར་སྤྲོད་མཁན་གཙོ་བོ་ནི་ད་ལྟ་ལྡི་ལིའི་མཐོ་སློབ་དང་གཙུག་ལག་སློབ་གྲྭ་སོགས་སུ་སློབ་སྦྱོང་གནང་མུས་ཡིན་པའི་བོད་རིགས་བསླབ་པ་རྒན་པ་ཚོ་རེད་འདུག འདི་ག་རླུང་འཕྲིན་ཁང་ནས་ལྡི་ལི་གཙུག་ལག་སློབ་གྲྭའི་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་བློ་གྲོས་རྒྱལ་མཚན་ལགས་སུ་བཅར་འདྲི་ཞུས་པར། སྦྱོང་བརྡར་འདི་ལྟ་བུའི་གནས་སྐབས་ཀྱི་ཕན་ཐོགས་ཞིག་ཡོད་པ་ཡིན་ཀྱང་། བསམ་བློ་ལེགས་པོ་གཏང་ན་འཛིན་རིམ་བཅུ་པ་ནས་སློབ་ཕྲུག་ཚོར་སློབ་ཚན་འདེམ་ཕྱོགས་དང་མདུན་ལམ་སོགས་ཀྱི་ལམ་སྟོན་གནང་ཐུབ་ཚེ་དགེ་མཚན་ཆེན་པོ་ཡོད་པ་གསུངས་སོང་། རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་བོད་སྒར་བསམ་ཡས་གླིང་གི་རྒྱ་འཐུས་ཚོགས་ཁང་དུ་གོ་སྒྲིག་ཞུས་པའི་འཛིན་རིམ་བཅུ་གཉིས་ཀྱི་སློབ་མ་ཚོའི་མཐོ་རིམ་སློབ་འཇུག་དང་འབྲེལ་བའི་སྦྱོང་བརྡར་དེ་ཉིན་གྲངས་གཉིས་རིང་ཚོགས་ཀྱི་ཡོད་པ་དང་།  དེ་རིང་སློབ་ཕྲུག་ ༤༠ ལྷག་ཡོད་པ་དེ་དག་ཕན་ཚུན་ངོ་སྤྲོད་དང་།   ལྡི་ལིའི་མཐོ་སློབ་ཏུ་སློབ་ཞུགས་བྱེད་སྟངས།   སློབ་ཚན་འདེམ་ཕྱོགས།   སློབ་ཞུགས་བྱེད་པར་དགོས་ངེས་ཀྱི་ཆ་རྐྱེན་སོགས་ཀྱི་སྦྱོང་བརྡར་སྤྲོད་བཞིན་ཡོད་པ་མ་ཟད།  སང་ཚེས་ ༧ ཉིན་སློབ་ཕྲུག་དེ་དག་དངོས་སུ་ལྡི་ལི་མཐོ་སློབ་ཏུ་སྐོར་བསྐྱོད་དང་འབྲེལ་མཐོ་སློབ་སོ་སོའི་ཁྱད་ཆོས་ཇི་ཡོད་ངོ་སྤྲོད་གནང་རྒྱུ་སོགས་ཀྱི་ལས་རིམ་གྲ་སྒྲིག་གནང་འདུག་པ་དང་། དེ་བཞིན་སློབ་ཐོན་ཟིན་པའི་བོད་པའི་སློབ་མ་ཚོར་སྐད་འཕྲིན་དྲ་བ་ DELHI.GTSU.HELPERS.2017 དང་ཡང་ན། SGIG DU ADMISSION 2017 ལ་འབྲེལ་བ་གནང་ཚེ་མཐུན་འགྱུར་གང་འོས་ཞུ་རྒྱུ་ཡིན་པ་རེད་འདུག

ཤེས་རིག་བཀའ་བློན་མཆོག་གིས་སློབ་གྲྭའི་ནང་ཊི་བི་ནད་པ་མང་ཤོས་ཐོན་བཞིན་པར་ཐུགས་འཚབ་ཡོད་པ་གསུངས་སོང་།

བོད་མིའི་སྒྲིག་འཛུགས་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་ནས་ཁ་སང་བཞུགས་སྒར་དུ་སློབ་གྲྭ་ཁག་གི་ནང་དུ་གློ་ནད་ཊི་བི་ནད་གཞི་སྔོན་འགོག་དང་འབྲེལ་བའི་ཟབ་སྦྱོང་ཚོགས་འདུའི་དབུ་འབྱེད་ཐོག སློབ་གྲྭའི་ནང་ཊི་བིའི་ནད་པ་མང་ཤོས་ཐོན་བཞིན་པར་ཐུགས་འཚབ་དང་འབྲེལ་ནད་གཞི་དེ་སློབ་གྲྭ་ནས་རྩ་མེད་གཏང་ཆེད་ང་ཚོས་དམིགས་ཚད་ངེས་ཅན་ཞིག་འཛིན་དགོས་གལ་ཡིན་པའི་ལམ་སྟོན་གནང་སོང་། ཟབ་སྦྱོང་འདི་ནི་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་གོ་སྒྲིག་འོག་བཞུགས་སྒར་དུ་ཉིན་གཉིས་རིང་བསྐོང་ཚོགས་གནང་པ་ཞིག་ཡིན་པ་དང་། ཚོགས་བཅར་བའི་ཁོངས་སུ་བོད་ཕྲུག་ཁྱིམ་སྡེ་དང་སཾ་བྷོ་ཊ། དེ་བཞིན་མ་སུ་རི་བུ་ཁྱིམ་ཁྱབ་ཁོངས་སློབ་གྲྭ་ཁག་ཅིག་གི་སློབ་སྤྱི་དང་དགེ་ཆེ། སྨན་ཞབས་པ་བཅས་སྐུ་ཚབ་ལྔ་བཅུ་ཙམ་ཕེབས་འདུག འཕྲོད་བསྟེན་དྲུང་ཆེ་ཚེ་རྒྱལ་ལགས་ནས་ཚོགས་འདུའི་ཐོག་ནད་གཞི་འདི་ནི་འཛམ་གླིང་སྤྱི་ཡོངས་སུ་ཛ་དྲག་གི་རང་བཞིན་ཆགས་ཡོད་སྐོར་དང་འབྲེལ། འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ནས་ ༢༠༡༦་༡༧ ལོ་དེ་བཞིན་མཉམ་རུབ་ཐོག་ནས་གློ་ནད་ཊི་བི་རྩ་མེད་གཏོང་རྒྱུ་ཞེས་འབོད་ཚིག་གཏན་འབེབས་ཀྱིས་ ༢༠༣༠ བར་ནད་གཞི་དེ་འཛམ་གླིང་ནས་རྩ་མེད་གཏང་རྒྱུ་དང་། དེ་མཚུངས་རྒྱ་གར་གཞུང་ནས་ཕྱི་ལོ་ ༢༠༢༥ བར་དང་ཧི་མཱ་ཅལ་མངའ་སྡེས་ ༢༠༢༢ ནང་ཚུད་ཊི་བི་རྩ་མེད་གཏོང་རྒྱུའི་དམིགས་ཚད་འཛིན་ཡོད་པ་ངོ་སྤྲོད་གནང་སོང་བ་དང་། ཁྱད་པར་དུ་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ནད་གཞི་འདི་ཛ་དྲག་ཞིག་ཏུ་ངོས་འཛིན་གྱིས་གོ་རྟོགས་དང་ཟབ་སྦྱོང་། ལྷག་པར་དུ་ནད་པ་རྣམས་ལ་སྨན་བཅོས་སོགས་གང་སྤྱིའི་ཐད་ནས་མཐུན་འགྱུར་རོགས་རམ་གནང་མུས་ཀྱིས་འཛིན་སྐྱོང་ནས་ཊི་བི་ཐད་གདོང་ལེན་ཇི་དགོས་གནང་བཞིན་ཡོད་པ་སོགས་གསུངས་ཡོད། སྐུ་མགྲོན་གཙོ་བོ་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་གིས་ཊི་བིའི་ནད་འདི་ནི་བོད་མིའི་སྤྱི་ཚོགས་ཀྱི་དཀའ་ངལ་ཆེ་ཤོས་གཅིག་ཆགས་ཀྱི་ཡོད་པ་ངོས་འཛིན་དང་། ལྷག་པར་ནད་པ་མང་ཆེ་བ་སློབ་གྲྭའི་ནང་ཡོང་གི་ཡོད་པ་ལ་ཧ་ཅང་ཐུགས་འཚབ་དང་སྦྲགས། མ་འོངས་པའི་བོད་ཀྱི་སོན་རྩ་རྣམས་ནད་གཅོང་ཞིག་མི་ཡོང་བའི་སླད་དགེ་ལས་སློབ་མ་དང་འཛིན་སྐྱོང། ཕ་མ་དང་སྤྱི་ཚོགས་སྤྱི་ཡོངས་ནས་འགན་མཉམ་འཁུར་གནང་གལ་ཡིན་པ་གསུངས་གནང་སོང་། ཁྱད་པར་དུ་ཤེས་རིག་བཀའ་བློན་མཆོག་གིས་ཐེངས་འདིའི་ཟབ་སྦྱོང་ནི་སློབ་གྲྭའི་འཛིན་སྐྱོང་དང་འཕྲོད་ལས་པ་རྣམས་ལ་ཆགས་ཀྱི་ཡོད་སྟབས། ཚོགས་འདུ་འདིའི་ཐོག་ནས་ང་ཚོས་འཛམ་གླིང་འཕྲོད་ལྷན་ཚོགས་དང་དེ་བཞིན་རྒྱ་གར་གཞུང་གི་དམིགས་ཚད་འཛིན་པ་བཞིན། ལོ་དུས་ངེས་ཅན་ནང་དུ་དོན་དངོས་ལག་ལེན་དུ་ཇི་ལྟར་བསྐྱེལ་ཐུབ་པའི་ཐོག་དགོངས་པ་བཞེས་དགོས་གལ་ཡིན་པ་འབོད་སྐུལ་གནང་སོང་། ཁ་སང་ཟབ་སྦྱོང་ཉིན་དང་པོ་དེའི་ཐོག་ནས་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་སྤྱི་ཚོགས་འཕྲོད་བསྟེན་ཚན་པའི་འགན་འཛིན་སྨན་པ་བློ་བཟང་ཚེ་རིང་ལགས་དང་དབུས་བདེ་ལེགས་སྨན་ཁང་གི་ཊི་བིའི་ལས་འཆར་འགན་འཛིན་སྨན་པ་བསོད་ནམས་སྟོབས་རྒྱལ་ལགས་གཉིས་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཊི་བི་ནད་གཞི་ཚབས་ཆེ་ཆུང་དང་དེའི་རྒྱུ་རྐྱེན། སློབ་གྲྭ་དང་ཕྲུ་གུའི་ནང་ཊི་བིའི་གནས་སྟངས་སོགས་ཀྱི་སྐོར་ལ་ཟབ་ཁྲིད་གནང་སོང་། དེ་ཡང་སྐབས་དེར་སྨན་པ་བསོད་ནམས་སྟོབས་རྒྱལ་ལགས་ནས་ནད་གཞི་འདི་རྒྱལ་ཁབ་གཞན་དང་བསྡུར་ཚེ་བོད་པའི་སྤྱི་ཚོགས་ནང་ཆེས་ཛ་དྲག་ཆགས་ཀྱི་ཡོད་པ་སྒོས་སུ་གཞོན་སྐྱེས་དང་སློབ་གྲྭའི་ནང་ནད་པ་མང་ཤོས་ཐོན་ཡོད་པ་གསུངས་ཡོད། གསར་འགོད་པས་སྨན་པ་བསོད་ནམས་ལགས་ལ་ཉེ་ཆར་ཟླ་བ་བཞི་པ་ནས་བཞུགས་སྒར་ཁུལ་གྱི་སློབ་གྲྭ་ཁག་ཅིག་ནང་དུ་ཊི་བིའི་རྩ་མེད་དང་འབྲེལ་བའི་ལས་འཆར་དབུ་འཛུགས་གནང་ཡོད་པའི་སྐོར་ལ་བཅར་འདྲི་ཞུས་པ་ཡིན། གཞི་རྩའི་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ནས་ཊི་བིའི་སྐོར་ལ་གྲངས་ཐོ་བཏོན་པའི་ནང་ལོ་ལྟར་ནད་གསར་པ་ཕོག་མཁན་མི་གྲངས་ས་ཡ་ ༡༠ ཙམ་ཡོང་གི་ཡོད་པ་དང་། ལོ་རེར་ནད་འདིའི་རྐྱེན་པས་ནད་པ་ས་ཡ་གཅིག་དང་ཕྱེད་ཀ་གྲོངས་འགྲོ་ཡི་ཡོད་པ་རེད་འདུག

༢༠༡༧ ལོའི་བོད་ཀྱི་མཛངས་མའི་དབུ་རྒྱན་དེ་བསྟན་འཛིན་དཔལ་སྒྲོན་ལགས་ལ་ཐོབ་སོང་།

ཁ་སང་ཟླ་ ༦ ཚེས་ ༤ ཉིན་དགོང་དྲོ་ཚོུད་ ༧།༠༠ ཡོན་ཙམ་ལ་བཞུགས་སྒར་བོད་ཀྱི་ཟློས་གར་ཚོགས་པའི་ཐང་ཆེན་དུ་ཕྱི་ལོ་ ༢༠༡༧ ལོའི་བོད་ཀྱི་མཛངས་མའི་འགྲན་བསྡུར་ཆེས་མཐའ་མ་དེ་གནང་པའི་བརྒྱུད་རྒྱ་གར་ལྷོ་ཕྱོགས་ཀོ་ལེ་གྷལ་དོན་ལྡན་གླིང་བོད་མིའི་གཞིས་སྒར་ནས་ཡིན་པའི་བུ་མོ་བསྟན་འཛིན་དཔལ་སྒྲོན་ལགས་ལ་བོད་ཀྱི་མཛངས་མའི་དབུ་རྒྱན་ཐོབ་སོང་། བསྟན་འཛིན་དཔལ་སྒྲོན་ལགས་ནི་ད་ལྟ་རང་ལོ་ ༢༡ ཡིན་པ་དང་ཁོང་འཛིན་རིམ་བཅུ་གཉིས་ཐོན་རྫེས་ Air Hostess ཞེས་གནམ་གྲུ་ཞལ་ཏ་མའི་ཆེད་ལས་སློབ་གཉེར་གནང་སྟེ། ད་ལྟ་རྒྱ་གར་གྱི་གནམ་གྲུ་ཆེ་གྲས་ Spice jet ནང་གནམ་གྲུ་ཞལ་ཏ་མའི་ཕྱག་ལས་གནང་མུས་རེད་འདུག གཞི་རྩའི་འདི་ལོའི་བོད་ཀྱི་མཛངས་མའི་འགྲན་བསྡུར་ནང་བོད་པའི་བེུད་དགུ་ནས་མཉམ་ཞུགས་གནང་ཡོད་པ་ལྟར། ཁ་སང་ཕྱི་དྲོ་དངོས་གཞི་འགྲན་བསྡུར་སྐབས་དྲི་བ་དྲིས་ལན་དང། ངོ་སྤྲོད་ལེ་ཚན། དེ་བཞིན་ཆས་གོས་དང་གོམ་སྟབས་སོགས་ཀྱི་འགྲན་བསྡུར་ཁག་ལེགས་གྲུབ་ཟིན་རྗེས་ཨང་དང་པོ་སོན་མཁན་བསྟན་འཛིན་དཔལ་སྒྲོན་ལགས་ལ་བྱ་དགའ་ཧིན་སྒོར་ ༡༠༠༠༠༠ གནང་པ་དང་ཆབས་ཅིག སྔ་ལོ་ ༢༠༡༦ ལོའི་བོད་ཀྱི་མཛངས་མའི་དབུ་རྒྱན་ཐོབ་མཁན་བསྟན་འཛིན་སངས་ཉི་ལགས་ནས་བསྟན་འཛིན་དཔལ་སྒྲོན་ལགས་ལ་འདི་ལོའི་བོད་ཀྱི་མཛངས་མའི་དབུ་རྒྱན་དེ་སྒྲོན་ཡོད་པ་རེད། བསྟན་འཛིན་དཔལ་སྒྲོན་ལགས་ནས་དགའ་འཚོར་ཆེན་པོས་གསར་འགོད་པ་རྣམས་ལ། བོད་ཀྱི་མཛངས་མའི་མཚན་གནས་འདིའི་བརྒྱུད་བོད་པའི་བུད་མེད་གཞན་ལ་སེམས་འགུལ་དང་གཤིས་སྤྱོད་གོང་མཐོར་གཏོང་རྒྱུ་སོགས་ཀྱི་ཐད་ལ་ཤུགས་སྣོན་བསྐྱོན་རྒྱུ་ཡིན་པ་གསུངས་སོང་། དེ་བཞིན་ཨང་གཉིས་པ་སོན་མཁན་ཀོ་ལེ་གྷལ་དོན་ལྡན་གླིང་གཞིས་ཆགས་ནས་ཡིན་པའི་བསྟན་འཛིན་མཁས་ཆོས་ལགས་ལ་བྱ་དགའ་ཧིན་སྒོར་ ༥༠༠༠༠ དང། ཨང་གསུམ་པ་སོན་མཁན་ཅོན་ཏ་ར་ནས་ཡིན་པའི་བསྟན་འཛིན་ནོར་སྒྲོན་ལགས་ལ་བྱ་དགའ་ཧིན་སྒོར་ ༢༥༠༠༠ བཅས་གནང་ཡོད་པ་དང་། འདི་ལོའི་ཨང་དང་པོའི་བྱ་དགའ་དེ་བཞིན་Taiwan དུ་གནས་བཞུགས་བསྟན་འཛིན་ཅ་ལེ་ལགས་དང་། ཨང་གཉིས་པའི་བྱ་དགའ་དེ་ཨ་རིར་བཞུགས་པའི་སྤེན་པ་རྡོ་རྗེ་ལགས་གཉིས་ནས་སྦྱིན་བདག་གནང་འདུག ལས་རིམ་དེའི་སྦྱིན་བདག་བློ་བཟང་དབང་རྒྱལ་ལགས་ཀྱིས་ཁ་སང་ཕྱི་དྲོ་མང་ཚོགས་སྟོང་ཕྲག་ལྷག་འདུ་འཛོམས་བྱུང་ཐོག་ཁོང་གིས་ ༢༠༠༢ ལོར་བོད་ཀྱི་མཛངས་མའི་འགྲན་བསྡུར་དེ་འགོ་འཛུགས་གནང་པ་ནས་བཟུང་ད་བར་སྤྱི་ཚོགས་ཁྲོད་ལབ་གླེང་མང་དག་ཞིག་བྱུང་མིན་ལ་ལྟོས་མེད་ད་བར་གྲུབ་འབྲས་མི་དམན་པ་ཞིག་སོན་ཡོད་པ་དང་། ལྷག་པར་དུ་བོད་ཀྱི་མཛངས་མའི་རྒྱལ་ཁ་ཐོབ་མཁན་གྱི་བེུད་ཁག་གཅིག་རྒྱལ་སྤྱིའི་མཛངས་མའི་འགྲན་བསྡུའི་སྡིངས་ཆ་འདྲ་མིན་ནང་མཉམ་ཞུགས་གནང་སྐབས་རྒྱ་གཞུང་ནས་སྡང་སེམས་ཆེན་པོས་བོད་པའི་བེུད་ནས་མཉམ་ཞུགས་གནང་རྒྱུར་བཀག་འགོག་དང་། དེ་ལྟར་གནང་ཚེ་རྒྱ་ནག་གྱི་མིང་བེད་སྤྱོད་བྱེད་དགོས་པ་སོགས་ཀྱི་གནོན་ཤུགས་སྤྲད་པའི་གནས་ཚུལ་བྱུང་ཡོད་པ་སོགས་གསུངས་སོང་། རླུང་འཕྲིན་ཁང་གི་གསར་འགོད་པས་བློ་བཟང་དབང་རྒྱལ་ལགས་སུ་བཙོང་ལུགས་དང་གོང་ཚད་སོགས་ཀྱི་སྐོར་བཅར་འདྲི་ཁག་ཅིག་ཞུ་པར་ཁོང་གིས་ད་ལྟའི་ཆར་ཡོངས་ཁྱབ་གསལ་བསྒྲགས་བྱས་པ་ལྟར། རིམ་བཞིན་ཡིག་ཆ་དང་རྩ་འཛིན། དེ་བཞིན་ཕྱོགས་གཉིས་ཀར་གྱོང་རྒུད་མེད་པའི་གོང་ཚད་སོགས་གཏན་འབེབས་ཀྱིས་འབྱུང་འགྱུར་ཟླ་བ་དྲུག་ཙམ་གྱི་ནང་ལ་ལས་དོན་དེ་གསལ་ཁ་ཡོང་ངེས་ཡིན་པ་དང་། དེ་ལྟར་མ་བྱུང་ཚེ་ཁོང་གིས་མུ་མཐུད་འགན་བཞེས་རྒྱུ་ཡིན་པ་སོགས་གསུངས་ཡོད། གཞི་རྩའི་ཟླ་བ་སྔོན་མའི་ཕྱི་ཚེས་ ༣༠ ནས་འགོ་འཛུགས་ཀྱིས་ཁ་སང་བར་བོད་ཀྱི་མཛངས་མའི་འགྲན་བསྡུར་ཐེངས་ ༡༥ པ་དེའི་ཁྲོད་ Swim suit འམ་རྐྱལ་གོས་དང་གཟུགས་བྱད། དེ་བཞིན་གཏམ་བཤད་དང་སྒྱུ་རྩལ་གྱི་འགྲན་བསྡུར་བཅས་ཀྱང་གནང་ཡོད་པ་རེད།

བཞུགས་སྒར་དུ་བོད་ཀྱི་བེུད་རྐང་སྤོལ་རྩེད་འགྲན་ཐེངས་ ༢ པ་དབུ་འཛུགས་གནང་སོང་།

བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པ་དང་བོད་ཀྱི་བེུད་ལྷན་ཚོགས་གཉིས་ཟུང་སྦྲེལ་ཐོག་ཁ་སང་ཚེས་ ༤ ཉིན་རྒྱབ་ཚོུད་ ༣།༠༠ སྟེང་བོད་ཁྱིམ་སློབ་གྲྭའི་རྩེད་ཐང་དུ་སྐུ་མགྲོན་གཙོ་བོ་རྡ་རམ་ས་ལའི་གྲོང་སྡེ་སྤྱི་ཁྱབ་པ་ལྕམ་སྐུ་ Kumari RajniVyas ལགས་དང་རྡ་སའི་གྲོང་སྡེ་ལྷན་ཚོགས་ཀྱི་འཐུས་མི་གཉིས་གཙོས། རྡ་ས་ས་གནས་འགོ་འཛིན་དང་རྡ་སྟེང་བོད་ཁྱིམ་སློབ་གྲྭའི་དགེ་སློབ་མ་རྣམས། གཟིགས་མོ་བ་བཅས་ཚང་འཛོམས་ཐོག་བེུད་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ཐེངས་གཉིས་པ་དབུ་འཛུགས་གནང་ཡོད་པ་རེད། བེུད་རྐང་སྤོལ་རྩེད་འགྲན་གྱི་ཐོག་མར་བོད་པའི་སློབ་གྲྭ་ཁག་ཏུ་སྐྱོད་བཞིན་པའི་བེུད་རུ་ཁག་དང་རྒྱ་གར་པཎ་ཇབ་བེུད་རྐང་སྤོལ་རུ་ཁག་དབར་རྩེད་འགྲན་གནང་ཡོད་པ་དང་། དེ་རྗེས་བོད་ཀྱི་བེུད་འཛིན་རིམ་བཅིུས་སློབ་ཐོན་རུ་ཁག་དང་རྒྱ་གར་ཧི་མཱ་ཅལ་བེུད་རུ་ཁག་བཅས་བཞིའི་དབར་ལ་རྩེད་འགྲན་གནང་པའི་ཁྲོད། རྩེད་འགྲན་དང་པོའི་ནང་སྤོ་ལོ་ ༡ དང་ ༣ གྱི་ཁྱད་བྱུང་བ་དང་། རྩེད་འགྲན་གཉིས་པའི་སྐབས་སྤོ་ལོ་ ༡ དང་ ༥ བཅས་ཀྱི་ཁྱད་པར་ལས་རྒྱ་གར་གྱི་བེུད་རུ་ཁག་གཉིས་ཀ་རྒྱལ་ཁ་ཐོབ་ཡོད་པ་རེད། རྩེད་འགྲན་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་ལྕམ་ RajniVyas ལགས་ཀྱིས་བོད་པའི་སྤྱི་ཚོགས་ནང་བེུད་ཚོར་རྩེད་རིགས་ལ་སོགས་པའི་སྡིངས་ཆ་འདྲ་མིན་བརྒྱུད་རང་གི་ནུས་པ་གོང་མཐོར་གཏོང་རྒྱུའི་གོ་སྐབས་མང་དག་ཞིག་གནང་བཞིན་པར་བསྔགས་བརྗོད་དང་འབྲེལ། ལྷག་དོན་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་ངོས་ནས་བོད་པའི་བེུད་ཁྲོད་འདི་ལྟ་བུའི་རྐང་སྤོལ་རྩེད་འགྲན་གྱི་ལས་རིམ་ཁག་མུ་མཐུད་གོ་སྒྲིག་ཞུ་དགོས་པའི་སྐུལ་མ་གནང་སོང་། རླུང་འཕྲིན་ཁང་གི་གསར་འགོད་པས་བོད་པའི་སློབ་གྲྭར་སྐྱོད་བཞིན་པའི་བེུད་རུ་ཁག་གི་རུ་དཔོན་ཆོས་སྐྱིད་ལགས་སུ་མྱོང་ཚོར་ཇི་བྱུང་ཐད་བཅར་འདྲི་ཞུས་པར། ཁོ་མོས་ཉིན་དང་པོའི་རྩེད་འགྲན་དེ་ཤོར་བར་བློ་ཕམ་ཡོད་ཀྱང། སེམས་མ་ཞུམ་པར་མུ་མཐུད་རྩེད་འགྲན་གཞན་གསུམ་གྱི་ཐོག་ལ་དོ་སྣང་དང་། འཐུས་ཤོར་ཕྱིན་པ་རྣམས་ཡར་རྒྱས་གཏོང་ཐབས་སུ་འབད་བརྩོན་གནང་རྒྱུ་ཡིན་ཞེས་གསུངས་ཡོད། རྩ་བའི་སང་ཉིན་རྒྱ་གར་གྱི་བེུད་རུ་ཁག་གཉིས་དབར་དང་དེ་བཞིན་བོད་པའི་བེུད་རུ་ཁག་ནང་ཁུལ་དབར་རྩེད་འགྲན་གནང་པའི་བརྒྱུད། རུ་ཁག་བཞི་པོ་ནང་ཕན་ཚུན་དབར་ལ་འགྲན་སྡུར་གཅིག་རེ་གནང་སྟེ། མཐར་ཚེས་ ༧ ཉིན་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཆེད་ཕེབས་ཐོག་རུ་ཁག་བཞི་པོ་ལས་བརྒྱ་ཆ་མཐོ་ཤོས་སོན་པའི་རུ་ཁག་གཉིས་དབར་ལ་རྩེད་འགྲན་གནང་གཏན་འཁེལ་ཡོད་པ་རེད།

གྲྭ་འཇམ་དབྱངས་བློ་གསལ་ལགས་ཀྱི་ཆེད་དུ་གཞུང་འབྲེལ་མཆོད་འབུལ་སྨོན་ལམ་ཚོགས་སོང་།

དེ་རིང་ཟླ་ ༦ ཚེས་ ༢ ཉིན་རྒྱབ་ཚོུད་ ༤།༠༠ ཐོག་བོད་མིའི་སྒྲིག་འཛུགས་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་མཁན་པོ་ཁྲོམ་ཐོག་རིན་པོ་ཆེ་མཆོག་ཚོགས་མགོན་དུ་དབུ་བཞུགས། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དབུས་བོད་མིའི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་ཆེད་ཕེབས་ཀྱིས་ཕྱི་ཟླ་ ༥ ཚེས་ ༡༩ ཉིན་རང་ལུས་མེར་སྲེག་གནང་མཁན་མདོ་སྨད་རྨ་ལྷོ་ནས་ཡིན་པའི་རྒྱལ་གཅེས་པ་གྲྭ་འཇམ་དབྱངས་བློ་གསལ་ལགས་དམ་པ་དེ་ཉིད་ཀྱི་ཆེད་དུ་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་མཆོད་འབུལ་སྨོན་ལམ་ཚོགས་གནང་སོང་བ་མ་ཟད། དེ་རིང་གི་མཆོད་འབུལ་དེ་དང་སྟབས་འགྲིག་གནང་སྟེ་འཛིན་སྐྱོང་བཀའ་ཤག་སྐབས་ ༡༥པས་དམ་འབུལ་མཛད་འཁུར་བཞེས་ནས་ལོ་གཅིག་ཧྲིལ་པོ་འཁོར་བའི་དུས་ཚིགས་ཀྱང་སྲུང་བརྩིས་ཞུས་ནས་ད་བར་བོད་མི་རང་ལུས་མེར་སྲེག་གནང་མཁན་གཙོས་པའི་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་བློས་གཏོང་རྒྱལ་གཅེས་པ་ཡོངས་ལ་གུས་འདུད་རྗེས་དྲན་ཡང་ཞུས་སོང་། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དེ་རིང་མཆོད་འབུལ་ཐོག་ལོ་འདིའི་ནང་ད་བར་རྒྱལ་གཅེས་པ་འཇམ་དབྱངས་བློ་གསལ་དང་ཕྱག་རྡོར་སྐྱབས་ལགས། དེ་བཞིན་དབང་ཕྱུག་ཚེ་བརྟན་ལགས་དང་པདྨ་རྒྱལ་མཚན་ལགས་བཅས་བོད་མི་བཞིས་བོད་བསྟན་སྲིད་སྤྱིའི་ཆེད་དུ་བློས་གཏོང་གནང་ཡོད་པ་དུས་ཚེས་དང་ལོ་རྒྱུས་སྙིང་བསྡུས་གསུངས་པ་དང་སྦྲགས། ཁོང་རྣམ་པའི་འབོད་ཚིག་ལས་༸གོང་ས་མཆོག་ལ་བརྩི་བཀུར་ཆེན་པོ་ཡོད་པ་དང་མི་ཐོག་བརྗེ་འགྲོ་ཡི་ཡོད་ནའང་རྩ་དོན་དེ་གལ་ཆེ་བརྩི་བཞིན་ཡོད་པ་མཚོན་གྱི་ཡོད་ཅེས་གསུངས་སོང་། དེ་བཞིན་སྲིད་སྐྱོང་མཆོག་གིས་ཉེ་ཆར་གསར་འགྱུར་བརྒྱུད་ལམ་ཁག་ནས་ཨ་རིའི་གཞུང་གི་བོད་མིའི་རོགས་དངུལ་ཁག་གཅིག་བཅད་རྒྱུའི་གནས་ཚུལ་ཐོན་པའི་སྐོར་དང་འབྲེལ། སྲིད་སྐྱོང་མཆོག་ཉེ་ཆར་ཨ་རིར་ཕྱོགས་ཕེབས་སྐབས་གྲོས་ཚོགས་འཐུས་མི་རྣམ་པ་དང་མཇལ་མོལ་སྐབས་བོད་ནང་དང་དེ་བཙན་བྱོལ་ནང་གི་བོད་མིའི་ལས་འཆར་དང་འབྲེལ་བའི་རོགས་དངུལ་ཁག་གལ་ཆེ་ཡིན་སྟབས་རོགས་དངུལ་མུ་མཐུད་གནང་དགོས་པའི་རེ་སྐུལ་ཞུས་ཡོད་པ་དང། གྲོས་ཚོགས་འཐུས་མི་རྣམ་པས་བོད་མིར་རོགས་དངུལ་གནང་རྒྱུ་དེ་གལ་ཆེར་ངོས་འཛིན་པའི་ཐོག་མུ་མཐུད་རྒྱབ་སྐྱོར་གནང་རྒྱུའི་ཞལ་བཞེས་བྱུང་ཡོད་པ་གསུངས་ཡོད། གཞོ་རྩའི་ཕྱི་ལོ་ ༢༠༠༩ ནས་ད་དབར་གཞིས་ལུས་བོད་མི་རང་ལུས་མེར་སྲེག་གནང་མཁན་རྒྱལ་གཅེས་པ་༡༤༩ བྱུང་ཡོད་པའི་ཁོངས་ནས་ ༡༢༧ དགོངས་པ་རྫོགས་པ་ཤེས་རྟོགས་བྱུང་ཡོད་པ་དང་། རྒྱལ་གཅེས་པ་ ༢༢ རྒྱ་གཞུང་གིས་བཙན་ཁྲིད་འོག་འཆི་གསོན་གྱི་གནས་སྟངས་ཁ་གསལ་མེད་པ་རེད།

བཞུགས་སྒར་དུ་ཕྱི་ཚེས་ ༤ ནས་བོད་ཀྱི་བེུད་རྐང་སྤོལ་རྩེད་འགྲན་ཐེངས་གཉིས་པ་གནང་རྒྱུ་རེད་འདུག

བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པ་དང་བོད་ཀྱི་བེུད་ལྷན་ཚོགས་གཉིས་ཟུང་སྦྲེལ་ཐོག་ཟླ་བ་འདིའི་ཕྱི་ཚེས་ ༤ ནས་ ༧ བར་རྡ་སྟེང་བོད་ཁྱིམ་སློབ་གྲྭར་བོད་ཀྱི་བེུད་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ཐེངས་གཉིས་པ་ཚོགས་རྒྱུ་རེད་འདུག འདི་ལོ་རྩེད་འགྲན་ཁོངས་སུ་ཞུགས་མཁན་རུ་ཁག་བཞི་འདུག་པ་དང་། དེ་དག་ནི་བོད་པའི་བོུ་འཛིན་རིམ་བཅིུས་ཐོན་ཚར་མཁན་ཚོའི་རུ་ཁག་གཅིག་དང་སློབ་གྲྭ་འགྲོ་བཞིན་པའི་བོུའི་རུ་ཁག་གཅིག དེ་ནས་ཧི་མཱ་ཅལ་མངའ་སྡེའི་ Una རྫོང་གི་ Khad བོུའི་རུ་ཁག་དང་། པན་ཇབ་མངའ་སྡེའི་ Amritsar Tand བོུ་རུ་ཁག་བཅས་ཁྱོན་བེུད་རྐང་སྤོལ་རུ་ཁག་ ༤ ནས་ཉིན་བཞི་རིང་རྩེད་འགྲན་གནང་རྒྱུ་རེད་འདུག དེ་རིང་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་ངོས་ནས་རྩེད་འགྲན་དེའི་སྐོར་ལ་གསར་འགོད་ལྷན་ཚོགས་ཤིག་སྤེལ་བའི་ཐོག་དྲུང་ཆེ་པ་སངས་རྡོ་རྗེ་ལགས་ནས་སྔ་ལོ་དང་མི་འདྲ་བ་འདི་ལོའི་རྩེད་འགྲན་ཁོངས་སུ་བོད་ཀྱི་བེུད་རུ་ཁག་གཉིས་ཡོད་པ་དང་། དེ་ཡང་ས་གནས་མང་པོ་ནས་མཉམ་ཞུགས་གནང་ཡོད་པ་གསུངས་སོང་། ཟླ་བ་འདིའི་ཚེས་ ༤ ནས་ ༦ བར་ཉིན་ལྟར་རྩེད་འགྲན་གཉིས་རེ་གནང་གི་འདུག་པ་དེ་ཡང་རུ་ཁག་བཞི་པོ་ནང་ཕན་ཚུན་དབར་ལ་འགྲན་སྡུར་གཅིག་རེ་གནང་དགོས་ཀྱི་འདུག ཕྱི་ཚེས་ ༧ སྟེ་ཉིན་མཐའ་མར་རུ་ཁག་བརྒྱ་ཆ་མཐོ་ཤོས་ལེན་མཁན་གཉིས་དབར་ལ་རྩེད་འགྲན་གནང་གཏན་འཁེལ་ཡོད་པ་རེད། བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པས་དེ་རིང་བེུད་རྐང་རྩེད་སྤོ་ལོའི་རྩེད་འགྲན་ཐེངས་གཉིས་པ་དང་འབྲེལ་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་། ལས་རིམ་དེ་ནི་བོད་ཀྱི་བེུད་རྣམས་རྩེད་ཐང་དུ་ཐོན་ནས་རྩེད་རིགས་འདྲ་མིན་ཐོག་ནུས་པ་ཇེ་མཐོར་སྤེལ་རྒྱུའི་སྡིངས་ཆ་ཞིག་དང་འབྱུང་འགྱུར་བོད་ཀྱི་བེུད་རྐང་སྤོལ་རུ་ཁག་གི་རྨང་གཞི་གྲ་སྒྲིག་ཞིག་ཀྱང་ཡིན་པ་གསུངས་ཡོད། གསར་འགོད་ལྷན་ཚོགས་ཐོག་སྤྱི་ཁྱབ་དྲུང་ཆེ་འཁྱུར་ལ་ཉེ་བའི་རྒན་སྐལ་བཟང་དོན་གྲུབ་ལགས་སུ་སྔ་ལོ་བེུད་ཀྱི་རྐང་རྩེད་སྤོ་ལོའི་རྩེད་འགྲན་ཐོག་མ་གཙོས་པའི་བོད་པའི་སྤྱི་ཚོགས་ནང་བེུད་ཚོས་རྐང་རྩེད་སྤོ་ལོར་དོ་དབྱིངས་གནང་ཕྱོགས་ཐད་ལ་གཟིགས་ཚུལ་གང་བྱུང་བཀའ་འདྲི་ཞུས་པར་ཁོང་གིས་དོ་སྣང་དང་མཉམ་ཞུགས་གནང་མཁན་མང་དུ་སོང་ཡོད་པ་གསུངས་སོང་། རྩ་བའི་ཨ་རི་བ་ Cassie ནས་ ༢༠༡༥ ལོར་བོད་ཀྱི་བེུད་རྐང་རྩེད་སྤོ་ལོའི་རུ་ཁག་གཅིག་ཟུར་འཛུགས་ཀྱིས་རུ་ཁག་དེ་ནས་ད་བར་རྒྱ་གར་ནང་གི་ས་གནས་ཁ་ཤས་སུ་འགྲན་སྡུར་གནང་ཡོད་པ་དང་། རིང་མིན་རུ་ཁག་དེ་ Canada ནང་དུ་རྩེད་འགྲན་ཆེད་འགྲོ་འཆར་ཡོད་པ་རེད། དེ་རིང་གི་གསར་འགོད་ལྷན་ཚོགས་འདིའི་ཐོག་ནས་རྒན་སྐལ་བཟང་དོན་གྲུབ་ལགས་ཀྱིས་མང་ཚོགས་ཁྲོད་ཨ་རི་བ་ Cassie ནས་བཙུགས་པའི་བོད་ཀྱི་བེུད་རྐང་རྩེད་སྤོ་ལོའི་རུ་ཁག་གཅིག་ཡོད་པ་དེ་བོད་རྒྱལ་ཡོངས་བེུད་རྐང་རྩེད་སྤོ་ལོའི་རུ་ཁག་ཡིན་མིན་དྲི་བ་ཡོང་གི་ཡོད་པར་གསལ་བཤད་དང་སྦྲགས། རུ་ཁག་དེ་ནི་བོད་མིའི་སྒྲིག་འཛུགས་དང་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པ་ནས་ངོས་འཛིན་མེད་ཅེས་གསུངས་ཡོད། གཞི་རྩའི་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པས་གཙོ་འགན་བཞེས་ཐོག་ཕྱི་ལོ་ ༢༠༠༣ ནས་གཙོ་བོ་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་རྐང་སྤོལ་རྩེད་འགྲན་གོ་སྒྲིག་གནང་གི་ཡོད་པ་དང་། དེ་དང་དུས་མཉམ་དུ་སློབ་གྲྭ་ཁག་གི་ནང་དུ་བསིལ་སྤོལ་འགྲན་སྡུར་དང་བེུད་ཀྱི་རྐང་སྤོལ་འགྲན་སྡུར་སོགས་གོ་སྒྲིག་གནང་དང་གནང་མུས་ཡིན་པ་རེད།

༢༠༡༧ ལོའི་བོད་ཀྱི་མཛངས་མའི་འགྲན་སྡུར་ནང་བོད་ཀྱི་བེུད་ ༩ ནས་མཉམ་ཞུགས་གནང་འདུག

༢༠༡༧ ལོའི་བོད་ཀྱི་མཛངས་མའི་འགྲན་སྡུར་ནང་ལ་རྒྱ་གར་དང་ཨ་རི། དེ་བཞིན་ཡུ་རོབ་ཀྱི་རྒྱལ་ཁབ་Austria བཅས་ནང་བཞུགས་པའི་བོད་ཀྱི་བེུད་ ༩ ནས་མཉམ་ཞུགས་གནང་འདུག དེ་རིང་ཟླ་ ༥ ཚེས་ ༣༠ ཉིན་སྔ་དྲོ་ཚོུད་ ༡༡།༠༠ ཐོག་བོད་ཀྱི་མཛངས་མའི་འགྲན་སྡུར་གོ་སྒྲིག་གནང་མཁན་བློ་བཟང་དབང་རྒྱལ་ལགས་ཀྱིས་བཞུགས་སྒར་དུ་འདི་ལོའི་བོད་ཀྱི་མཛངས་མའི་འགྲན་སྡུར་དང་འབྲེལ་བའི་ཡོངས་ཁྱབ་གསར་འགོད་ལྷན་ཚོགས་ཤིག་བསྐོང་ཚོགས་གནང་སྟེ། འདས་པའི་ལོ་ཤས་ནང་དུ་འགྲན་སྡུར་འདིའི་ནང་ལ་མཉམ་ཞུགས་གནང་མཁན་བོད་ཀྱི་བེུད་གཅིག་མ་གཏོགས་ཕེབས་མེད་པའི་གནས་སྟངས་རིགས་ཆགས་ཡོད་ཀྱང་། ད་རེས་བོད་ཀྱི་མཛངས་མའི་འགྲན་སྡུར་ཐེངས་ ༡༥ པ་འདི་ནི་འཛུལ་ཞུགས་པ་མང་ཤོས་དེ་ཆགས་ཡོད་སྐོར་གསུངས་པ་དང་འབྲེལ། མཉམ་ཞུགས་པ་རྣམས་རིམ་པ་བཞིན་ངོ་སྤྲོད་གནང་སོང་། འདི་ལོའི་མཛངས་མའི་འགྲན་སྡུར་གྱི་ལས་རིམ་དེ་དེ་རིང་ནས་དབུ་འཛུགས་གནང་སྟེ། ཟླ་ ༦ ཚེས་ ༢ ཉིན་རྒྱབ་ཏུ་ Swim suit འམ་རྐྱལ་གོས་ཀྱི་འགྲན་བསྡུར་དང་། ཚེས་ ༣ ཉིན་སྒྱུ་རྩལ་གྱིའགྲན་བསྡུར། དེ་བཞིན་ཚེས་ ༤ སྟེ་རེས་གཟའ་ཉི་མའི་དགོང་མོ་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་ཟློས་གར་ཚོགས་པའི་ཐང་ཆེན་དུ་བེུད་རྣམས་ནས་རང་ཉིད་ཀྱི་ངོ་སྤྲོད་གནང་རྒྱུ་དང་དྲི་བ་དྲིས་ལན། ལྷག་དོན་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆས་གོས་ཀྱི་འགྲན་སྡུར་སོགས་གནང་ཐོག་དངོས་གཞིའི་འགྲན་བསྡུར་དེ་གནང་གི་ཡོད་པ་རེད། ད་ལོའི་བོད་ཀྱི་མཛངས་མ་འགྲན་སྡུར་ཁྲོད་ཨང་དང་པོའི་དབུ་རྒྱན་ཐོབ་མཁན་ལ་བྱ་དགའ་ཧིན་སྒོར་ ༡༠༠༠༠༠།༠༠ ཡོད་པ་དང་། ཨང་གཉིས་པར་ཧིན་སྒོར་ ༥༠༠༠༠ དང་ཨང་གསུམ་པར་ཧིན་སྒོར་ ༢༥༠༠༠ བཅས་ཀྱི་བྱ་དགའ་གནང་གི་ཡོད་པ་རེད།

Latest news