Tibetan Royal Year of 2151 | Year of the Wood Dragon

བོད་མིའི་སྒྲིག་འཛུགས།

སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་ང་ཚོས་སློབ་ཕྲུག་རྣམས་ལ་ཁྲོམ་རའི་ནང་འཚོང་བྱེད་ཀྱི་རྒྱུ་ཆ་ཞིག་ལ་ལྟ་རྒྱུ་མེད་པའི་ལམ་སྟོན་གནང་པ།

བཞུགས་སྒར་དུ་བོད་པའི་སློབ་གྲྭ་ཁག་ཅིག་གིས་ཤེས་ཡོན་འགན་འཛིན་དང་རྒྱུས་སྟོན་པ་རྣམས་ལ་ཤེས་ཡོན་སྲིད་བྱུས་སྐོར་གོ་རྟོགས་སྤེལ་བའི་ཟབ་སྦྱོང་ཞིག་དབུ་འཛུགས་གནང་པའི་ཐོག བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རེན་པོ་ཆེ་མཆོག་གིས ་ང་ཚོས་སློབ་ཕྲུག་རྣམས་ལ་མི་ཡི་འདུ་ཤེས་འཛིན་དགོས་པ་ལས་ཁོང་རྣམས་ཁྲོམ་རའི་ནང་དུ་འཚོང་བྱེད་ཀྱི་རྒྱུ་ཆ་ཞིག་ཏུ་ལྟ་ན་ནོར་འཁྲུལ་ཡིན་པ་གསུངས་གནང་སོང་། དེ་རིང་ཟླ་ ༥ ཚེས་ ༢༤ ཉིན་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་དང་ཤེས་རིག་དྲུང་ཆེ་ཀརྨ་སེང་གེ་ལགས། ཤེས་རིག་ཤེས་ལྷན་ཚོགས་ཀྱི་འགན་འཛིན་ཚེ་རིང་བསམ་གྲུབ་ལགས མ་སུ་རི་བུ་ཁྱིམ་དྲུང་ཆེ་ཀརྨ་ཆུང་བདག་ལགས་བཅས་དབུ་བཞུགས་ཐོག བོད་ཕྲུག་ཁྱིམ་སྡེ་དང་སཾ་བྷོ་ཊ། དེ་བཞིན་བལ་ཡུལ་གངས་ཅན་བདེ་རྩ་སོགས་ཀྱི་ཤེས་ཡོན་འགན་འཛིན་རྣམ་པ་ལྷན་བཞུགས་གནང་ཡོད་པ་རེད། སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཟབ་སྦྱོང་གི་ཚོགས་ཐུན་དང་པོའི་སྐབས་ཤེས་ཡོན་སྲིད་བྱུས་ཀྱི་སྤྱི་ཡོངས་བྱེད་སྒོ་ལམ་སྟོན་སྐོར་ལ་ལམ་སྟོན་གསུང་བཤད་གནང་པའི་ཁྲོད། གཞི་རྐང་བོད་མི་རིགས་དེ་མི་རིགས་གཞན་པ་ལས་ཟུར་དུ་དབྱེ་བ་ཕྱེས་ཐུབ་ཡག་ཅིག་དང་། མི་རིགས་གནས་བབ་མཚོན་ཐུབ་པ་དགོས་ཀྱི་ཡོད་ན་ཤེས་ཡོན་དང་ལེགས་བྱང་ཐམས་ཅད་ཀྱི་གཞི་རྩར་གྱུར་པའི་སྐད་ཡིག་དེ་ཕྱོགས་ཐམས་ཅད་ནས་སྲུང་སྐྱོབ་བྱེད་དགོས་པ་རེད། དེའང་ལོ་ན་ཆུང་ཤོས་ཀྱི་གནས་སྐབས་ནས་སྲུང་སྐྱོབ་བྱེད་དགོས་རྒྱུ་ཧ་ཅང་གལ་གནད་ཡིན་པ་གསུངས་སོང་། ལྷག་དོན་ཤེས་ཡོན་སྲིད་བྱུས་ནས་སློབ་ཚན་གང་འདྲ་བཞག་མ་བཞག་དང་འཛིན་གྲྭ་ཚོགས་སྟངས་དང་། དེ་བཞིན་རྒྱུགས་སྤྲོད་གཏོང་སྟངས་སོགས་ཀྱི་གནད་དོན་ཡན་ལག་གི་རྣམ་གྲངས་ཞིག་ཡིན་པ་གསུངས་པ་དང་སྦྲགས། གལ་འགངས་ཆེ་ཤོས་དེ་ལྟ་སྟངས་ཡིན་པ་ལམ་སྟོན་གནང་ཡོད། སྐབས་དེར་རིན་པོ་ཆེ་མཆོག་གིས་སློབ་སྦྱོང་གྱི་དམིགས་ཡུལ་ནི་མ་ཤེས་པ་ཤེས་པ་བཟོ་རྒྱུ་ལས་འཚོ་ཐབས་ཆེད་དུ་མིན་པ་དང་། ཤེས་ཡོན་ལ་ལྟ་སྟངས་དེ་ཡང་གནས་ཚུལ་མཁོ་སྤྲོད་བྱ་རྒྱུ་གཙོ་བོ་མིན་པར། སློབ་མ་རང་ངོས་ནས་གནས་ཚུལ་བརྟག་དཔྱད་བྱེད་ནས་ཤེས་ཐབས་བྱ་རྒྱུ་ཡིན་པ་མ་ཟད། ལྷག་པར་དུ་སློབ་ཕྲུག་ལ་ཁྲོམ་རའི་ནང་འཚོང་བྱེད་ཀྱི་རྒྱུ་ཆ་གཅིག་ལ་ལྟ་རྒྱུ་མེད་པའི་ལམ་སྟོན་གནང་སོང་། ད་དུང་རིན་པོ་ཆེ་མཆོག་གིས་དགེ་རྒན་གྱི་ལས་འགན་དང་སློབ་མར་ལྟ་སྟངས་སྐོར་གསུངས་པར་དགེ་སློབ་གཉིས་བར་ལ་བརྩེ་སེམས་ཅན་གྱི་ནང་ཚགས་མ་ཆགས་བར་དུ་ཕྱོགས་གཉིས་བར་མཉམ་རུབ་ཀྱིས་ཤེས་ཡོན་སྦྱོང་བརྡར་ཡག་པོ་ཡོང་ཐབས་མེད་སྐོར་མུ་མཐུད་ལམ་སྟོན་གནང་ཡོད། དེ་ལྟར་ན་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་བོད་མིའི་ཤེས་ཡོན་སྲིད་བྱུས་དེ་ལག་བསྟར་ཡོང་བར་གོང་དུ་ཞུས་པའི་ལྟ་སྟངས་དེ་དག་ཡང་དག་པ་དགོས་རྒྱུ་ཤིན་ཏུ་ནས་གལ་ཆེ་ཡིན་པའི་ཐོག སློབ་ཕྲུག་གི་སྤྱི་ཚོགས་དང་དགེ་རྒན་གྱི་སྤྱི་ཚོགས། དེ་བཞིན་ཕ་མ་དང་འཛིན་སྐྱོང་བཅས་བཞིའི་བར་ལ་འབྲེལ་བ་ཉེ་པོ་དང་གཏིང་ཟབ་དགོས་གལ་ཡིན་པ་ལམ་སྟོན་རྒྱ་ཆེ་གནང་ཡོད། རྩ་བའི་དེ་རིང་དང་སང་ཉིན་བཅས་སུ་ཚོགས་རྒྱུའི་ཟབ་སྦྱོང་གི་ལས་རིམ་དེའི་ནང་ཤེས་ཡོན་འགན་འཛིན་དང་རྒྱུས་སྟོན་པ་རྣམས་ལ་ ༢༠༠༤ ལོར་གཏན་འབེབས་གནང་པའི་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ལས་ཤེས་ཡོན་ངོ་བོ་དང་ངོས་འཛིན། ཤེས་ཡོན་སྤྲོད་པའི་དམིགས་ཡུལ། དགེ་རྒན་དང་ཤེས་ཡོན་སྲིད་བྱུས། དགེ་རྒན་དབུས་བཞག་དང་སློབ་ཕྲུག་དབུས་བཞག་སོགས་བརྗོད་གཞི་བརྒྱད་ཙམ་གྱི་ཐོག་ལ་སློབ་ཁྲིད་དང་དྲི་བ་དྲིས་ལན་བཅས་གནང་གི་འདུག

སྲིད་སྐྱོང་མཆོག་གིས་སྲིད་འཛིན་ Trump མཆོག་ནས་༸གོང་ས་མཆོག་དང་མཇལ་འཕྲད་གནང་དགོས་པའི་དཔྱད་རྩོམ་ཞིག་སྤེལ་འདུག

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཉེ་ཆར་ཨ་རིའི་སྲིད་འཛིན་ Donald Trump མཆོག་ནས་སྲིད་འཛིན་གྱི་ཐུགས་འགན་བཞེས་ཏེ་ཆེས་ཐོག་མའི་གཞུང་འབྲེལ་འཚམས་གཟིགས་གནང་པའི་ནང་ Saudi Arabia ནང་གི་རྒྱལ་པོ་དང། Israel སྲིད་བློན་ Benjamin Netanyahu མཆོག དེ་བཞིན་ Vatican ནང་ཡི་ཤུ་བླ་ཆེན་ Pop Francis མཆོག་དང་མཇལ་འཕྲད་གནང་པ་དང་སྦྲགས། ཡུལ་དེའི་ནང་གི་ཡི་ཤུ་དང་ཁ་ཆེ། དེ་བཞིན་ཇིའུ་བཅས་འཛམ་གླིང་ནང་གི་ཆོས་ལུགས་ཆེ་ཁག་གསུམ་གྱི་རྗེས་འབྲང་པ་ཚོ་དང་འབྲེལ་མོལ་བསྐྲུན་གནང་པ་ལྟར། སྲིད་འཛིན་མཆོག་ནས་༸གོང་ས་ཏཱ་ལའི་བླ་མ་མཆོག་དང་ཡང་མཇལ་འཕྲད་གནང་དགོས་ཀྱི་རེད་ཅེས་གསུངས་འདུག དེའང་སྲིད་སྐྱོང་མཆོག་གིས་ཨ་མི་རི་ཀའི་ The Hill གསར་ཤོག་ཐོག་སྲིད་འཛིན་ Donald Trump མཆོག་ནས་༸གོང་ས་མཆོག་དང་མཇལ་འཕྲད་གནང་དགོས་ཞེས་པའི་དཔྱད་རྩོམ་ཞིག་སྤེལ་འདུག་པ་དང། དེའི་ནང་གཙོ་བོ་སྲིད་སྐྱོང་མཆོག་གིས་༸གོང་ས་ཏཱ་ལའི་བླ་མ་མཆོག་ནི་འཛམ་གླིང་ཐོག་ཡོངས་སུ་གྲགས་པའི་ནང་པའི་ཆོས་ལུགས་ཀྱི་དབུ་ཁྲིད་གལ་ཆེ་ཞིག་ཡིན་པ་མ་ཟད། འཚེ་མེད་ཞི་བ་དང་བྱམས་བརྩེ། འདྲ་མཉམ། དེ་བཞིན་བརྩེ་བའི་བདག་ཉིད་མཚོན་དོན་ཞིག་ཡིན་སྟབས། སྲིད་འཛིན་ཌོ་ནལྜ་ཊམ་མཆོག་ནས་འདས་པའི་འཚམས་གཟིགས་ཁྲོད་ཆོས་ལུགས་གཞན་གྱི་དབུ་ཁྲིད་དང་དེའི་རྗེས་འབྲང་པ། དེ་བཞིན་རྒྱལ་ཁབ་ཀྱི་འགོ་ཁྲིད་བཅས་ལ་མཇལ་འཕྲད་གནང་པ་ལྟར། ༸གོང་ས་མཆོག་དང་ཡང་མཇལ་འཕྲད་གནང་དགོས་ཀྱི་རེད་ཅེས་གསུངས་འདུག དབུ་ཁྲིད་གཉིས་པོའི་དབར་མཇལ་འཕྲད་གནང་པ་དེའི་བརྒྱུད་ནས་འཛམ་གླིང་ནང་གཞི་རྩ་བའི་འཚེ་མེད་ཞི་བ་དང་ཞི་བདེ་གོང་འཕེལ་ཡོང་རྒྱུར་ཕན་ཐོགས་ཡོང་ངེས་ཡིན་པ་གསུངས་འདུག ལྷག་པར་དུ་ཨ་མི་རི་ཀའི་སྲིད་འཛིན་ George H W Bush མཆོག་གིས་གཙོས་ད་བར་ཨ་རིའི་སྲིད་འཛིན་རིམ་པས་༸གོང་ས་མཆོག་དང་མཇལ་འཕྲད་གནང་པ་དང་འབྲེལ། མཇལ་འཕྲད་རིམ་པ་གནང་པའི་ནང་འཛམ་གླིང་ནང་གི་ཆབ་སྲིད་དང་ཆོས་ཕྱོགས། དེ་བཞིན་གོ་ལའི་སྤྱི་ཚོགས་ཁྱོན་ཡོངས་ཀྱི་དཀའ་ངལ་སེལ་ཐབས་ཐོག་བཀའ་བསྡུར་གནང་ཡོད་པ་མ་ཟད། དེང་གི་དྲག་སྤྱོད་དང་རྙོག་གླེང་ཆེ་བའི་སྤྱི་ཚོགས་ཀྱི་ངལ་བ་དང་འབྲེལ་དབུ་ཁྲིད་རྣམ་གཉིས་དབར་མཇལ་འཕྲད་བརྒྱུད་ནས་དཀའ་ངལ་དེ་དག་གི་ཐོག་ལ་བཀའ་བསྡུར་གནང་རྒྱུའི་གོ་སྐབས་ཤིག་ཡོད་པ་འགྲེལ་བརྗོད་གནང་འདུག ད་དུང་དཔྱད་རྩོམ་དེའི་ནང་བོད་དེ་འཛམ་གླིང་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཆེས་སྡུག་ཤོས་གཉིས་པ་ཆགས་ཡོད་པ་དང་། ཕྱི་ལོ་ ༢༠༠༩ ལོར་ནས་ད་བར་བོད་ནང་རང་ལུས་མེར་སྲེག་གནང་མཁན་ཁྱོན་བོད་མི་ ༡༤༩ བྱུང་ཡོད་པ་རེད། རྒྱ་ནག་གཞུང་གིས་བོད་ས་བཙན་བཟུང་བྱས་པ་ནས་བཟུང་ བོད་མིའི་ཆོས་དང་རིག་གཞུང་། སྐད་ཡིག་སོགས་རྩ་མེད་གཏོང་བཞིན་པའི་གནས་སྟངས་སོགས་ལུང་འདྲེན་གྱིས་ཨ་རིའི་སྲིད་འཛིན་ Donald Trump མཆོག་ནས་དེ་ལྟ་བུའི་བོད་ནང་གི་ཛ་དྲག་གནས་སྟངས་ངེས་པར་དུ་མཁྱེན་ཐོག་དཀའ་ངལ་ཇི་ལྟར་སེལ་དགོས་མིན་ལ་དགོངས་པ་བཞེས་དགོས་ཀྱི་རེད་ཅེས་སོགས་གསུངས་ཡོད་པ་རེད། དེ་བཞིན་དེང་སྐབས་ཨ་རི་དང་རྒྱ་ནག་དབར་འབྲེལ་ལམ་གོང་འཕེལ་འགྲོ་བཞིན་པའི་དུས་སྐབས་དང་བསྟུན། སྲིད་འཛིན་ Trump མཆོག་ནས་གོ་སྐབས་ཆེ་བཞེས་ཀྱིས་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་དང་ལྷན་དུ་བོད་ནང་གི་བོད་མིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་གནད་དོན་སྐོར་ལ་གླེང་སློང་གནང་དགོས་པ་དང་། ལྷག་དོན་སྲིད་འཛིན་མཆོག་གིས་སྲིད་འཛིན་གྱི་ལས་འཁུར་བཞེས་པ་ནས་ད་བར་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་མེད་སྟབས། དེ་དོན་གང་མགྱོགས་བསྐོ་གཞག་གནང་སྐྱོང་ཡོང་བའི་རེ་འདུན་ཡང་བཏོན་འདུག རྩ་བའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ད་ལྟ་ཨ་རིའི་ནང་དུ་གཞུང་འབྲེལ་ཕྱོགས་བསྐྱོད་གནང་བཞིན་ཡོད་པ་དང་། སྲིད་སྐྱོང་མཆོག་གིས་ཁ་སང་ཚེས་ ༢༣ ཉིན་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་ཨ་རིའི་ Utah མངའ་སྡེའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ Mike Lee མཆོག་དང་། གྲོས་ཚོགས་གོང་མའི་ཚོགས་གཞོན་སྐུ་ཞབས་ Orrin Hatch མཆོག དེ་བཞིན་བོད་དོན་རྒྱབ་སྐྱོར་བ་ཨ་རིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Jim McGovern མཆོག་དང་དེ་སྔའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ནང་ཨ་རིའི་གཞུང་ཚབ་གནང་མྱོང་མཁན་སྐུ་ཞབས་ Mr. Harper མཆོག་བཅས་དང་མཇལ་འཕྲད་གནང་སྟེ་བོད་ནང་གི་ཛ་དྲག་གནས་སྟངས་དང་བོད་རྒྱ་འབྲེལ་མོལ་སྐོར་གླེང་སློང་གནང་འདུག གཞན་ཡང་སྲིད་སྐྱོང་མཆོག་ནས་དབྱིན་ཡུལ་ནང་གི་འབར་རྫས་གཏོར་རྒོལ་དོན་རྐྱེན་འོག་ཤི་རྨས་བྱུང་བ་རྣམས་ལ་ཐུགས་གསོ་གནང་འདུག དེ་ཡང་ཟླ་བ་འདིའི་ཚེས་ ༢༢ ཉིན་དགོང་མོ་དབྱིན་ཡུལ་གྱི་གྲོང་ཁྱེར་ Manchester མང་ཚོགས་སྟོང་ཕྲག་དུ་མ་འདུ་འཛོམས་བྱུང་བའི་རོལ་དབྱངས་མཚན་ཚོགས་ཐོག་གློ་བུར་དུ་འབར་རྫས་གཏོར་རྒོལ་བྱུང་ནས། མི་གྲངས་ ༢༢ ཚེ་སྲོག་ཤོར་བ་དང་། ༥༥ ལྷག་རྨས་སྐྱོན་ཚབས་ཆེན་ཕོག་པའི་ཡིད་སྐྱོའི་གནས་ཚུལ་ཐོན་ཡོད་སྟབས། ཁ་སང་སྲིད་སྐྱོང་མཆོག་གིས་ཡུལ་དེའི་སྲིད་བློན་ལྕམ་སྐུ་ Theresa May མཆོག་གི་མཚན་ཐོག་ལ་ཐུགས་གསོའི་འཕྲིན་ཡིག་གཅིག་ཕུལ་འདུག སྲིད་སྐྱོང་མཆོག་གིས་བློ་ཕམ་ཆེན་པོ་དང་སྦྲགས། དབྱིན་ཡུལ་གྱི་གཞུང་མང་གཉིས་ལ་གདུང་སེམས་མཉམ་བསྐྱེད་ཞུས་འདུག་པ་དང་། བློ་ཡུལ་དུ་ཤོང་དཀའ་བའི་བྱུང་རྐྱེན་དེའི་འོག་ཚེ་སྲོག་ཤོར་བ་རྣམས་ཀྱི་རྗེས་ཤུལ་ནང་མི་སྤུན་མཉེན་རྣམས་ལ་ཐུགས་གསོ་དང་། རྨས་སྐྱོན་ཕོག་པ་རྣམས་ལ་མགྱོགས་མྱུར་དྲག་སྐྱེད་ཡོང་བའི་སྨོན་འདུན་ཞུས་འདུག་པ་མ་ཟད། ལྷག་པར་དུ་མྱ་ངན་བྱེད་བཞིན་པའི་དུས་སྐབས་འདིར་བོད་མིའི་སྒྲིག་འཛུགས་དང་གཞིས་བྱེས་བོད་མི་ཡོངས་རྫོགས་དབྱིན་ཇིའི་གཞུང་མང་གཉིས་ལ་གདུང་སེམས་མཉམ་སྐྱེད་ཞུ་བཞིན་ཡོད། ལས་ངན་འདི་ལྟ་བུ་སྤེལ་མཁན་ལ་ཁྲིམས་ཐོག་ནས་དྲང་བདེན་གྱི་ཐག་གཅོད་ཡོང་རྒྱུར་ཡིད་ཆེས་ཡོད་པ་གསུངས་འདུག  

ཁྲོམ་གཞུང་ཐོག་གཏམ་བརྗོད་ཀྱི་ལམ་ནས་གྲོས་མཐུན་དོན་ཚན་ ༡༧ ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་བ།

བཞུགས་སྒར་དུ་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་རྒྱ་གཞུང་གིས་བོད་མིར་བཙན་དབང་གི་འོག་ནས་གྲོས་མཐུན་དོན་ཚན་ ༡༧ ཞེས་པར་མིང་རྟགས་བཀོད་བཅུག་ནས་ལོ་ངོ་ ༦༦ ཁོར་བའི་ཉིན་མོ་དྲན་གསོ་གནང་པ་དང་འབྲེལ། སྐབས་དེའི་བྱུང་བ་མཚོན་པའི་ཁྲོམ་གཞུང་ཐོག་གཏམ་བརྗོད་ཀྱི་ལམ་ནས་གྲོས་མཐུན་དོན་ཚན་ ༡༧ ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་གནང་སོང་། དེ་རིང་ཟླ་ ༥ ཚེས་ ༢༣ ཉིན་མོ་འདི་ནི་དེ་སྔ་ཕྱི་ལོ་ ༡༩༥༡ ཟླ་ ༥ ཚེས་ ༢༣ རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནས་བོད་ལ་ཞི་བའི་བཅིངས་གྲོལ་བྱུང་ཐབས་སྐོར་ཟེར་བའི་གྲོས་མཐུན་དོན་ཚན་ ༡༧ ཞེས་པར་བོད་ཀྱི་སྐུ་ཚབ་འཐུས་མི་ངག་ཕོད་ངག་དབང་འཇིགས་མེད་གཙོས་པའི་སྐུ་འཁོར་རྣམས་ལ་འཇིགས་སྐུལ་དང་བཙན་ཤེད་འོག་ནས་མིང་རྟགས་བཀོད་བཅུག་པའི་ཉིན་མོ་ཡིན་པ་དང་། རྒྱ་ནག་གཞུང་གིས་དེ་རིང་ཉིན་མོ་འདིར་བོད་བཅིངས་གྲོལ་ཟེར་བའི་མིང་ཐོག་ནས་རྟེན་འབྲེལ་གྱི་མཛད་སྟོན་ཞིག་སྲུང་བརྩི་བྱེད་ཀྱི་ཡོད་པ་རེད། བཞུགས་སྒར་དྷ་སར་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ཉིན་མོ་འདི་ནི་རྒྱ་གཞུང་གིས་བོད་མིའི་སྐུ་ཚབ་ཚོར་འཇིགས་སྐུལ་བཙན་ཤེད་འོག་ནས་གྲོས་མཐུན་དོན་ཚན་ ༡༧ ཞེས་པ་བཞག་ནས་ལོ་ངོ་  ༦༦ འཁོར་བའི་ཉིན་ནག་ཞིག་ཏུ་ངོས་འཛིན་གྱིས་དྲན་གསོ་གནང་པ་དང་འབྲེལ། དྷ་ས་མེག་གྷན་ཁྲོམ་གཞུང་དུ་སྐབས་དེར་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་རྒྱ་གཞུང་གིས་བོད་པའི་སྐུ་ཚབ་ཚོར་བཙན་དབང་གིས་གྲོས་མཐུན་དོན་ཚན་ ༡༧ ཞེས་པར་མིང་རྟགས་བཀོད་བཅུག་པའི་རྣམ་པ་མཚོན་ཕྱིར་རྒྱ་ནག་གི་དྲག་པོའི་དམག་སྤྲས་པའི་དམག་མིས་མེ་མདའ་བཟུང་ནས་མཐའ་སྐོར་ཏེ་བོད་ཀྱི་སྐུ་ཚབ་ངག་ཕོད་ངག་དབང་འཇིགས་མེད་ལགས་སུ་གྲོས་མཐུན་དོན་ཚན་ ༡༧ ཞེས་པར་མིང་རྟགས་བཀོད་བཅུག་པ་སོགས་སྐབས་དེའི་བྱུང་བ་མཚོན་པའི་ཁྲོམ་གཞུང་ཐོག་གཏམ་བརྗོད་ཀྱི་ལམ་ནས་མང་ཚོགས་ལ་དུས་ཚིགས་དེ་ངོ་སྤྲོད་གནང་ཡོད་པ་རེད། ལྷག་དོན་གཏམ་བརྗོད་འཁྲབ་སྟོན་པ་རྣམས་ཀྱིས་མེག་གྷན་རླངས་འཁོར་བབས་ཚུགས་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་རྒྱལ་སྒོ་བར་དུ་འཁྲབ་སྟོན་གནང་པ་དང་འདི་བཞིན་ས་གནས་མང་ཚོགས་ལ་སྐབས་དེའི་དངོས་ཀྱི་དེ་བྱུང་བདེན་དཔང་གི་ཡིག་ཆ་འགྲེམས་སྤེལ་ཀྱང་གནང་སོང་། སྐབས་དེར་དྷ་ས་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ལྷག་པ་ཚེ་རིང་ལགས་ཀྱིས་དེ་རིང་ཉིན་མོ་འདི་ནི་བོད་ཀྱི་ལོ་རྒྱུས་ཁྲོད་ཉིན་ནག་ཞིག་ཏུ་ངོས་འཛིན་ཞུ་བཞིན་ཡོད་ཅེས་གསུངས་པ་དང་འབྲེལ། ལྷག་པར་དུ་རྒྱ་ནག་གིས་བཞག་པའི་གྲོས་མཐུན་ཡིག་ཆ་དེ་ལྟ་བུ་བརྒྱུད་ནས་བོད་དེ་རྩ་བརླག་གཏོང་ཐུབ་ཀྱི་མ་རེད་ཅེས་གསུངས་སོང་། དེ་བཞིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་འཇིགས་མེད་ལགས་ཀྱིས་བོད་དེ་ལོ་རྒྱུས་ཀྱི་ཆ་ནས་རང་བཙན་ཡིན་པར་ཁུངས་སྐྱེལ་བྱ་ཕྱིར་ཉིན་མོ་འདིའི་རིང་ལ་དྷ་ས་གཙོས་པའི་འཛམ་གླིང་ས་ཕྱོགས་འདྲ་མིན་ནང་གི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་རྐང་འགན་བཞེས་ཐོག་རྣམ་པ་འདྲ་མིན་བརྒྱུད་ནས་ལས་འགུལ་སྤེལ་གནང་གི་ཡོད་པ་གསུངས་ཡོད། རྩ་བའི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནས་བོད་ལ་ཞི་བའི་བཅིངས་གྲོལ་བྱུང་ཐབས་སྐོར་ཟེར་བའི་གྲོས་མཐུན་དོན་ཚན་ ༡༧ ཞེས་པར་བོད་དེ་ལོ་རྒྱུས་ཀྱི་ཆ་ནས་རྒྱ་ནག་གི་ཆ་ཤས་ཡིན་པར་ངོས་འཛིན་བྱས་ཡོད་ཀྱང་། ཕྱི་ལོ ༡༩༥༩ ཟླ་ ༤ ཚེས་ ༡༨ ཉིན་ཏེཛ་པུར་དུ་རྒྱལ་སྤྱིའི་གསར་འགོད་ལྷན་ཚོགས་ཤིག་སྐོང་འཚོགས་ཀྱིས་དེར་ྋགོང་ས་ མཆོག་ནས་རྒྱ་ནག་གི་བཙན་ཤེད་འོག་བཞག་པའི་གྲོས་མཐུན་དོན་ཚན་བཅུ་བདུན་དེར་ངོས་ ལེན་མེད་པའི་གཞུང་འབྲེལ་གསལ་བསྒྲགས་བསྐྱངས་ཡོད་པ་རེད། འདི་ག་རླུང་འཕྲིན་ཁང་ལ་བཞུགས་སྒར་ཉེ་འཁྲིས་སུ་རྟེན་གཞི་བྱས་པའི་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་ལོ་རྒྱུས་རྒན་གཙང་ཕྲུག་སྟོབས་ལགས་ཀྱིས་དེ་སྔ་ཕྱི་ལོ་ ༡༩༥༡ ཕྱི་ཟླ་ ༥ ཚེས་ ༢༣ ཉིན་བཞག་པའི་གྲོས་མཐུན་དོན་ཚན་ ༡༧ ཟེར་བའི་རྒྱབ་ལྗོངས་ལོ་རྒྱུས་དང་དེའི་གལ་གནད་སྐོར་ངོ་སྤྲོད་གནང་པ་ཞིག་ཆེད་བཀོད་ཞུས་ཡོད།

རྒྱལ་གཅེས་པ་འཇམ་དཔལ་བློ་གསལ་ལ་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་སྤེལ་བ།

  ཟླ་བ་འདིའི་ཚེས་ ༡༩ ཉིན་གྱི་ཞོགས་པར་བོད་ནང་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་སྣང་ར་ཡུལ་མཚོའི་གྱེར་སྟེང་དགོན་པའི་རང་ལོ་ ༢༠ ནང་ཡིན་པ་གྲྭ་འཇམ་དབྱངས་བློ་གསལ་ལགས་ཀྱིས་གཅན་ཚ་རྫོང་ཐོག་གི་མི་དམངས་སྨན་ཁང་གི་ཉེ་འཁྲིས་སུ་རང་ལུས་མེར་སྲེག་གིས་རྒྱ་ནག་གཞུང་ལ་ཞི་རྒོལ་གནང་སྟེ་འདས་གྲོངས་སུ་གྱུར་ཡོད་སྟབས། ཁ་སང་ཚེས་ ༢༡ ཕྱི་དྲོ་རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་ཁག་ཏུ་རྒྱལ་གཅེས་པ་དམ་པ་དེར་གདུང་སེམས་མཉམ་བསྐྱེད་ཞུ་ཕྱིར་མར་མེ་ཁྲོམ་སྐོར་གྱི་ལས་འགུལ་སྤེལ་གནང་སོང། དེ་ཡང་སྦེལ་ཀོབ་བོད་མིའི་གཞིས་ཆགས་ཀྱི་ས་གནས་དང་བེུད་ལྷན་ཚོགས་གཉིས་ཐོུང་གིས་གོ་སྒྲིག་འོག་གཞིས་ཆགས་མང་ཚོགས་ཚོ་སྦེལ་ཀོབ་གཞིས་གྲོང་དང་པོའི་དཔའ་བོའི་རྡོ་རིང་མདུན་ཐང་དུ་འདུ་འཛོམས་ཀྱིས་རྒྱལ་གཅེས་པ་འཇམ་དབྱངས་བློ་གསལ་གཙོ་བོར་གྱུར་པའི་རྒྱལ་གཅེས་པ་ཡོངས་ལ་མྱ་ངན་གུས་འདུད་དང་བདེན་ཚིག་སྨོན་ལམ་གསུང་འདོན་དང་འབྲེལ་ལས་འགུལ་བའི་སྐུ་ཚབ་སྦེལ་ཀོབ་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་བྱ་ཉལ་ཚེ་རིང་ལྷ་སྐྱབས་ལགས་ཀྱིས་ལས་འགུལ་ངོ་སྤྲོད་སོགས་གནང་སོང་། དེ་དང་ཕྱོགས་ཀོ་ལི་གྷལ་དོན་ལྡན་གླིང་བོད་མིའི་གཞིས་ཆགས་ཀྱི་ས་གནས་བོད་ཀྱི་གཞོན་ནུ་དང་བེུད་ལྷན་ཚོགས་གཉིས་ཀྱིས་གོ་སྒྲིག་འོག་མར་མེ་ཁྲོམ་སྐོར་གྱི་ལས་འགུལ་སྤེལ་འདུག་པ་མ་ཟད། ཧུན་སུར་རབ་རྒྱས་གླིང་ས་གནས་གཞོན་ནུ་དང་བེུད་ལྷན་ཚོགས་ཀྱིས་གོ་སྒྲིག་འོག་ཁུལ་དེར་རྒྱལ་གཅེས་པ་ཁོང་ལ་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་སྤེལལ་ཡོད་པ་རེད། དེ་མཚུགས་སུ་བཞུགས་སྒར་དུ་རྡ་ས་ས་གནས་བོད་ཀྱི་བེུད་ལྷན་ཚོགས་དང་གཞོན་ནུ་ལྷན་ཚོགས། བོད་རང་བཙན་སློབ་ཕྲུག་ཚོགས་པ་བཅས་གསུམ་གྱིས་གོ་སྒྲིག་འོག་ས་གནས་མང་ཚོགས་ནས་མེག་གྷན་རླངས་འཁོར་འབབ་ཚུགས་ནས་འགོ་འཛུགས་ཀྱིས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཉེ་འཁྲིས་སུ་ཡོད་པའི་དཔའ་བོའི་རྡོ་རིང་བར་དུ་མར་མེ་ཁྲོམ་སྐོར་གནང་སོང་བ་དང་། སྐབས་དེར་ས་གནས་གཞོན་ནུའི་ཚོགས་གཙོ་ལྷག་པ་ཚེ་རིང་ལགས་ཀྱིས་རྒྱལ་གཅེས་པ་གྲྭ་འཇམ་དབྱངས་བློ་གསལ་ལགས་ཀྱིས་རང་སྲེག་གནས་ཚུལ་སྔ་རྗེས་ངོ་སྤྲོད་དང་སྦྲགས། ཡིད་སྐྱོའི་གནས་ཚུལ་དེའི་ཐད་སྐྱབས་བཅོལ་བོད་མི་ཡོངས་ནས་གདུང་སེམས་མཉམ་བསྐྱེད་ཡོད་སྐོར་གསུངས་པ་མ་ཟད། ཆེས་གཉན་འཕྲང་གི་དུས་ཚོད་འདིར་བོད་མི་མི་རེ་ངོ་རེ་ནས་དམིགས་བསལ་འགན་བཞེས་པའི་ཐོག་ནས་བོད་མི་རིགས་དེ་གསོན་པོར་གནས་ཐུབ་ཐབས་སུ་འབད་དགོས་གལ་གྱི་སྐུལ་མ་གནང་སོང་། བོད་རང་བཙན་སློབ་ཕྲུག་ཚོགས་པའི་འགན་འཛིན་བསྟན་ཚེ་ལྷ་ལགས་ཀྱིས་རང་ལུས་མེར་སྲེག་གནང་མཁན་གྲྭ་འཇམ་དབྱངས་དམ་པ་དེ་ཉིད་ཀྱི་ལྷག་བསམ་དང་སྙིང་སྟོབས་ལ་རྗེས་དྲན་ཞུས་པ་དང་སྦྲགས། ཞི་ཅིང་ཕིང་རྒྱ་ནག་གི་འགོ་ཁྲིད་ཆགས་པ་ནས་བཟུང་སྟེ་བོད་ནང་རང་སྲེག་གནང་མཁན་གྱི་ཞལ་གྲངས་ཇེ་མང་དུ་འགྲོ་བཞིན་ཡོད་པ་དེས་གཙོ་བོ་རྒྱ་གཞུང་གི་ཆེས་དམ་དྲག་གི་སྲིད་བྱུས་འོག་ལ་ཡོད་པའི་བོད་མི་རྣམས་ཀྱིས་འུ་ཐུག་ཐབས་ཟད་ཀྱི་རྣམ་པ་མངོན་གསལ་གནང་པ་ཞིག་ཡིན་སྟབས་རྒྱལ་སྤྱིའི་ཐོག་བརྡ་ལན་གསལ་པོ་ཞིག་སྤྲད་ཡོད་པ་ནན་བརྗོད་གནང་སོང་། དེ་བཞིན་ཨ་རིའི་ནིའུ་ཡོག་ནང་ལ་ཆ་མཚོན་ན། ནིའུ་ཡོག་དང་ནིའུ་ཇར་སི་ས་གནས་བོད་ཀྱི་བེུད་ལྷན་ཚོགས་ཀྱིས་གོ་སྒྲིག་འོག་དམ་པ་དེ་ཉིད་ལ་གདུང་སེམས་མཉམ་བསྐྱེད་ཀྱི་མྱ་ངན་གུས་འདུད་ཞུ་ཕྱིར་མཆོད་འབུལ་སྨོན་ལམ་གནང་འདུག ལྷག་དོན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་རྒྱལ་གཅེས་པ་གྲྭ་འཇམ་དབྱངས་བློ་གསལ་ལགས་ལ་གདུང་སེམས་མཉམ་བསྐྱེད་ཀྱི་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་བའི་བརྒྱུད། རྒྱ་གཞུང་ནས་བོད་ཐོག་འཛིན་པའི་དྲག་གནོན་ཅན་གྱི་སྲིད་བྱུས་ལ་འགྱུར་བ་གཏོང་དགོས་པ་དང་རང་ལུས་མེར་སྲེག་གཏོང་མཁན་རྣམས་ཀྱི་མངོན་འདོད་ལ་བདག་པོ་ངེས་པར་དུ་རྒྱག་དགོས་པའི་སྐུལ་མ་བསྐྱར་ནན་གནང་འདུག རྒྱ་གཞུང་གི་ངོས་ནས་ད་ལྟ་ཕན་ཆད་བོད་མི་རང་ལུས་མེར་སྲེག་གནང་མཁན་རྣམས་ལ་བདག་སྤྲོད་མེད་པར་གོ་ལ་གཅིག་གྱུར་གྱི་དཔལ་འབྱོར་ཡར་རྒྱས་སོགས་ལ་ཁག་དཀྲིས་ནས་བོད་ས་སྟོད་སྨད་གང་སར་རྒྱ་མི་རིགས་ཁོ་ནར་ཁེ་ཕན་ཆེད་འཛུགས་སྐྲུན་སྣ་ཚོགས་བརྒྱུད། བོད་ཀྱི་རང་བྱུང་ཁོར་ཡུག་ལ་གཏོར་སྐྱོན་དང་ལྷག་དོན་རྒྱ་ནག་དམར་ཤོག་ཚོགས་པར་ལྷག་བསམ་ཡོད་མེད་རྟོག་ཞིབ་བྱ་རྒྱུའི་འཕྲུལ་ཆས་སོགས་བེད་སྤྱོད་བྱས་ནས་བོད་དང་བོད་མིའི་བདེ་དོན་སླད་ཆེས་དྲག་གནོན་དང་གདུག་རྩུབ་ཅན་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་ཡོད་པར་སྐྱོན་བརྗོད་ཀྱིས་སྲིད་བྱུས་དེར་ངེས་པར་དུ་འགྱུར་བ་གཏོང་དགོས་པ་དང་རང་ལུས་སྲེག་གནང་མཁན་རྣམས་ཀྱི་དགོས་འདུན་ལ་བདག་སྤྲོད་གནང་དགོས་པའི་འབོད་སྐུལ་ཞུས་འདུག ད་དུང་སྤྱི་འཐུས་ལྷན་ཚོགས་ནས་གལ་ཏེ་རྒྱ་གཞུང་གིས་བོད་མིའི་མངོན་འདོད་ལ་བདག་སྐྱོང་རྩ་བ་ནས་མེད་པ་ལུས་ཚེ་རྒྱ་གཞུང་གི་དཔོན་རིགས་ནས་བོད་མི་དེ་རྣམས་ཀྱི་ཤ་ཁྲག་གི་སྐྱིན་ཚབ་འཇལ་དགོས་པའི་རེ་འབོད་དང་ཁྲིམས་མཐུན་བདག་སྐྱོང་ཡོང་བའི་ཞུ་སྐུལ་རྒྱལ་ཚོགས་དང་། གཟུ་བོར་གནས་པའི་རྒྱལ་སྤྱིའི་ཚོགས་སྡེ་ཡོངས་ལ་ཞུ་ངེས་ཡིན་པས་དེ་ལུགས་བདག་སྐྱོང་ངེས་པར་དུ་གནང་ཐབས་ཡོང་བའི་དགོས་འདུན་བཏོན་གནང་འདུག

སྲིད་སྐྱོང་མཆོག་གིས་བོད་ཀྱི་རྒྱལ་ཁ་དེ་རྒྱ་གར་གྱི་རྒྱལ་ཁ་ཡང་རེད་ཅེས་གསུངས་སོང་།

ཟླ་བ་འདིའི་ཚེས་ ༢༠ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཨ་མི་རི་ཀར་ཕེབས་པའི་ལམ་གཞོར་དུ།  འདི་ག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་  Indo-Tibet Summit  བོད་དང་རྒྱ་གར་གྱི་ལྷན་ཚོགས་ཤིག་ཏུ་གསུང་བཤད་གནང་ཡོད་པ་དང་།   སྐབས་དེར་སྲིད་སྐྱོང་མཆོག་གིས་རྒྱ་ནག་གི་བོད་ནང་སྡུག་རྩུབ་ཅན་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པའི་སྐོར་དང་།   རྒྱ་ནག་ནས་བོད་ལ་བཙན་འཛུལ་མ་བྱེད་པའི་གོང་ལ་བོད་དང་རྒྱ་གར་བར་གྱི་འབྲེལ་ལམ། ལྷག་པར་དུ་བོད་མི་ཚོས་རྒྱ་གར་ནས་ནང་པ་སངས་རྒྱས་པའི་ཆོས་དེ་མི་ཉམས་རྒྱུན་འཛིན་དང་ཉམས་པ་སོར་ཆུད་གནང་དང་གནང་མུས་ཡིན་སྐོར་སོགས་འགྲེལ་བརྗོད་གནང་པ་དང་སྦྲགས།  བོད་མིའི་འཐབ་རྩོད་ཀྱི་རྒྱལ་ཁ་དེ་རྒྱ་གར་གཞུང་མང་གི་རྒྱལ་ཁ་ཞིག་ཀྱང་རེད་ཅེས་སོགས་གསུངས་ཡོད། དེ་ཡང་རྒྱ་གར་གྱི་  South and East Asia Foundation  ལྷོ་ཕྱོགས་དང་ཤར་ཨེ་ཤི་ཡའི་ཐེབས་རྩ་ཞེས་པས་གོ་སྒྲིག་འོག་རྒྱལ་ས་ལྡི་ལིའི་  Constitution Club ཚོགས་ཁང་དུ་བོད་དང་རྒྱ་གར་གྱི་འབྲེལ་ལམ་སྐོར་གྱི་ལྷན་ཚོགས་ཤིག་ཚོགས་ཡོད་པ་དང་།  ལྷན་ཚོགས་དེར་ཕེབས་པའི་རྒྱ་གར་གཞུང་འཛིན་ཚོགས་པའི་གྲོས་ཚོགས་ཚོགས་མི་དང་། རྒྱལ་ཡོངས་མགྲིན་ཚབ་པ། དེ་བཞིན་གནད་ཡོད་ཀྱི་ཆབ་སྲིད་ལས་འགུལ་བ་སོགས་མི་གྲངས་  ༦༠ ལྷག་ཙམ་འདུ་འཛོམས་བྱུང་བའི་ཁྲོད།  སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་རྒྱ་ནག་གིས་གཞི་རྩའི་བོད་བཙན་བཟུང་བྱས་པའི་དམག་དོན་གྱི་སྲིད་བྱུས་དང་།   བོད་བཙན་བཟུང་བྱས་རྗེས་བོད་མིའི་གཞི་རྩའི་རང་དབང་ཁག་ལ་བརྩི་མེད་རྡོག་རོལ་གཏོང་བཞིན་ཡོད་པ་རེད།  བོད་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་སོགས་རྩ་མེད་གཏོང་ཐབས་ཀྱི་སྲིད་བྱུས་སོགས་ཀྱི་འོག་ཉེ་བའི་ལོ་ཤས་ནང་བོད་མི་གྲངས་ ༡༤༠   ལྷག་ནས་རང་ལུས་མེར་སྲེག་གནང་དགོས་བྱུང་པ་མ་ཟད། གསེར་རྟ་བླ་རུང་སྒར་ཀྱི་དོན་རྐྱེན་དང་བོད་ཀྱི་གཙང་པོ་ཁག་གི་གཙོས་པའི་རང་བྱུང་ཁོར་ཡུག་ལ་གང་བྱུང་གིས་བཀོལ་སྤྱོད་བྱས་པའི་གནད་དོན་སོགས་འགྲེལ་བརྗོད་གནང་སོང་། སྲིད་སྐྱོང་མཆོག་གི་ད་དུང་བོད་མི་ཚོས་རྒྱ་གར་ནས་དུས་རབས་ ༡༣ ནང་རྩ་མེད་ལྟ་བུར་སོང་བའི་དཔལ་ན་ལེནྡྲའི་ནང་པ་སངས་རྒྱས་པའི་ལྟ་གྲུབ་ཁག་མི་ཉམས་རྒྱུན་འཛིན་གནང་ཡོད་པ་དང་། དེང་སྐབས་འཛམ་གླིང་ནང་ལྟ་གྲུབ་དེ་དར་ཁྱབ་ཆེན་པོར་འགྲོ་བཞིན་པའི་སྐོར་གསུངས་ཡོད། རྒྱ་གར་གཞུང་དང་མི་དམངས་གཉིས་ཀྱི་ངོས་ནས་ད་བར་བོད་མི་ཚོར་རྒྱབ་སྐྱོར་གང་ཡོད་གནང་མུས་ཡིན་པ་ལྟར་ང་ཚོ་བོད་མི་ཚོས་ཀྱང་བོད་དོན་འཐབ་རྩོད་མུ་མཐུད་གནང་སྟེ་ཉིན་གཅིག་འཛམ་གླིང་གི་ལོ་རྒྱུས་ནང་བོད་ཀྱི་བདེན་མཐའ་སེལ་བའི་ལོ་རྒྱུས་འཁོད་རྒྱུ་དང་།  སྐབས་དེར་ལོ་རྒྱུས་རྩོམ་བྲིས་བྱེད་མཁན་དེ་བོད་མི་དང་།  རྩོམ་བྲིས་ལས་རོགས་དེ་རྒྱ་གར་ཆགས་ཀྱི་རེད་ཅེས་སོགས་ཀྱང་འགྲེལ་བརྗོད་གནང་ཡོད། གཞི་རྩའི་བོད་དང་རྒྱ་གར་གྱི་ལྷན་ཚོགས་དེ་གྲུབ་བསྟུན་འདི་ག་རླུང་འཕྲིན་ཁང་ནས་སྲིད་སྐྱོང་མཆོག་ལ་བཅར་འདྲི་ཞུས་པར་ད་རེས་ཀྱི་ལྷན་དེའི་བརྒྱུད་ཧིན་དཱི་ལོངས་སྤྱོད་གནང་མཁན་གྱི་རྒྱ་གར་མི་མང་ཚོར་བོད་དོན་གསལ་རྟོགས་ཡོང་བའི་དམིགས་ཡུལ་དང་འབྲེལ་ལྷན་ཚོགས་དེ་གལ་ཆེན་པོ་ཞིག་ཏུ་ངོས་འཛིན་གནང་གི་ཡོད་སྐོར་གསུངས་སོང་།

ལྷ་མོ་གཡུ་སྒྲོན་མའི་སྐུ་རྟེན་དགོངས་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག

བཞུགས་སྒར་ཉེ་འཁྲིས་སུ་ཆགས་པའི་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་དུ་ཟླ་བ་འདིའི་ཚེས་ ༡༧ ཉིན་ལྷ་མོ་རྡོ་རྗེ་གཡུ་སྒྲོན་མའི་སྐུ་རྟེན་སྐལ་བཟང་ལྷ་མོ་མཆོག་དགོངས་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་ཡོད་པ་དང་། ཁ་སང་ཚེས་ ༡༩ ཉིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་ལས་མཚམས་བཞག་ནས་ཉིན་རྒྱབ་ཆུ་ཚོད་ ༤ ནས་༥ བར་གངས་སྐྱིད་ལས་བྱེད་གསོལ་ཐབ་ཡང་སྟེང་གཉའ་ཁྲི་ཚོགས་ཁང་དུ་བོད་མི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དབུས་སྲི་ཞུ་ལས་བྱེད་ཡོངས་ནས་སྐུ་རྟེན་མཆོག་གི་སླད་དུ་གདུང་སེམས་མཉམ་བསྐྱེད་ཀྱིས་བསྔོ་སྨོན་གསུང་འདོན་གནང་ཡོད་པ་རེད། ལྷོ་མོ་རྡོ་རྗེ་གཡུ་སྒྲོན་མ་མཆོག་ནི་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་གི་ཕྱིའི་སྲུང་མ་ཞིག་ཡིན་པ་དང་སྐུ་རྟེན་མཆོག་ཚེས་ ༡༧ ཉིན་རྒྱབ་ཚོུད་ ༤།༣༠ ཐོག་རྒྱུད་སྟོད་གྲྭ་ཚང་དུ་དགོངས་པ་རྫོགས་འདུག་པ་མ་ཟད། དེ་རིང་སྔ་ཐོག་ཁོང་གི་སྐུ་ཕུང་ཞུགས་འབུལ་བྱས་འདུག རྩ་བའི་སྐུ་རྟེན་མཆོག་ནི་ཕྱི་ལོ་ ༡༩༣༣ ལོར་བོད་ལྷོ་ཁར་སྐུ་འཁྲུངས་ཞིང་། ༡༩༥༩ ལོར་རྒྱ་གར་ལ་བཙན་བྱོལ་དུ་ཕེབས་སྐབས་ཐོག་མ་འབྲུག་ཡུལ་ལ་ལོ་གསུམ་རིང་བཞུགས་འདུག་པ་དང་། དེ་རྗེས་ཨོ་རི་ས་དང་སྦན་ད་ར་ནོར་རྒྱས་གླིང་གཞིས་ཆགས་གཉིས་སུ་ལོ་ཁ་ཤས་བཞུགས་ཏེ་མཐར་རྡ་ས་བཞུགས་སྒར་དུ་ཡུན་རིང་བཅའ་བཞུགས་གནང་ཡོད་པ་རེད། འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པ་ཉི་མ་ལགས་ཀྱིས་རྒྱུད་སྟོད་གྲྭ་ཚང་གི་ཕྱག་མཛོད་བསོད་ནམས་བསྟན་འབྱོར་ལགས་སུ་ལྷ་མོ་གཡུ་སྒྲོན་མའི་སྐུ་རྟེན་གྱི་མཛད་འགན་གཙོ་བོ་གང་ཡིན་དང་ཁྱད་པར་དུ་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་དང་ཐུན་མིན་གྱི་འབྲེལ་བ་ཇི་ཡོད་སྐོར་བཀའ་འདྲི་ཞུས་ཡོད།

སྲིད་སྐྱོང་མཆོག་ཨ་རིའི་གཞུང་འཛིན་གསར་པའི་ངོས་ནས་བོད་དོན་རྒྱབ་སྐྱོར་གྱི་གནས་བབ་ལ་ཞིབ་མཇུག་སླད་ཝ་ཤིང་ཊོན་དུ་ཕྱོགས་ཕེབས་གནང་པ།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དེ་རིང་བཞུགས་སྒར་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་དང་དེ་རྗེས་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ཌི་སི་བཅས་སུ་གཞུང་འབྲེལ་ཕྱོགས་བསྐྱོད་གནང་ཡོད་པ་དང། ཐེངས་འདིའི་ Washington DC ནང་གི་སྐོར་བསྐྱོད་འདི་བཞིན་ཨ་རིའི་གཞུང་འཛིན་གསར་པའི་ངོས་ནས་བོད་དོན་རྒྱབ་སྐྱོར་གྱི་གནས་བབ་ལ་ཞིབ་འཇུག་གནང་ཆེད་དུ་ཕེབས་པ་ཞིག་ཡིན་པ་རེད། ཁ་སང་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཉེ་འགྲམ་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲེམས་སྟོན་ཁང་དུ་རྒྱལ་སྤྱིའི་འགྲེམས་སྟོན་ཉིན་མོ་སྲུང་བརྩིའི་མཛད་སྒོར་སྲིད་སྐྱོང་མཆོག་དབུ་བཞུགས་གནང་ཡོད་པ་དང་། སྐབས་དེར་གསར་འགོད་པའི་བཅར་འདྲི་དང་ལེན་གྱིས་ཁོང་དེ་རིང་ཚེས་ ༡༩ ཉིན་བཞུགས་སྒར་ནས་རྒྱལ་ས་ལྡི་ལིའི་ཕྱོགས་སུ་ཕེབས་ཐོན་གནང་གི་ཡོད་པ་དང། ཁུལ་དེར་ཚེས་ ༢༠ ཉིན་འཚོགས་གཏན་ཁེལ་བའི་ Indo-Tibet Summit-2017 འམ་འཕགས་བོད་ལྷན་ཚོགས་གི་སྐུ་མགྲོན་གཙོ་བོར་གདན་ཞུ་ཕུལ་དོན་ལྟར་ལྷན་ཚོགས་དེར་མཉམ་ཞུགས་གནང་གྲུབ་རྗེས། ཕྱི་དྲོ་ཨ་རིའི་རྒྱལ་ས་ WashingtonDC ལ་ཕེབས་ཐོན་གནང་གི་ཡོད་སྐོར་གསུངས་པ་དང་ཆབས་ཅིག ད་ལན་ཁོང་ཨ་རིར་ཕེབས་དོན་གཙོ་བོ་ནི་ཨ་རིའི་གཞུང་འཛིན་གསར་པའི་ངོས་ནས་བོད་དོན་རྒྱབ་སྐྱོར་གྱི་གནས་བབ་ལ་ཞིབ་འཇུག་དང། ཁུལ་དེར་དེ་སྔ་ནས་ཡོད་པའི་བོད་དོན་རྒྱབ་སྐྱོར་བ་རྣམས་དང་མཇལ་འཕྲད་གནང་རྒྱུ་ཡིན་ཅེས་གསུངས་སོང། སྲིད་སྐྱོང་མཆོག་གིས་ད་དུང་ཉེ་སྔོན་ཨ་རིའི་མང་གཙོ་ཚོགས་པའི་ཚོགས་གཙོ་ལྕམ་སྐུ་ Nancy Pelosi མཆོག་གིས་སྣེ་ཁྲིད་པའི་ཨ་རིའི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་བཞུགས་སྒར་དུ་ཕེབས་སྐབས། སྔར་བཞིན་མ་འོངས་པར་བོད་དོན་རྒྱབ་སྐྱོར་གྱི་ལས་དོན་གནང་ཕྱོགས་ཐད་ལ་གྲོས་བསྡུར་གནང་ཐུབ་ཚེ་དགེ་མཚན་ཆེན་པོ་ཡོད་སྐོར་ཞུས་འདུག་པ་དང་། ཐེངས་འདིའི་སྐོར་བསྐྱོད་ཐོག་སྲིད་སྐྱོང་མཆོག་ནས་ཨ་རིའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་བ་རྣམས་དང་མཇལ་འཕྲད་ཀྱིས་བོད་དོན་རྒྱབ་སྐྱོར་གནང་ཕྱོགས་ཐད་ལ་གོ་བསྡུར་གནང་རྒྱུ་ཡིན་སྐོར་གསུངས་ཡོད། རྩ་བའི་ཨ་རིའི་གཞུང་འཛིན་གསར་པའི་ལས་དོན་དབུ་བཙུགས་ནས་ཟླ་དྲུག་ཙམ་འགྲོ་བཞིན་ཡོད་པ་ལྟར། ཨ་རིའི་ཕྱི་སྲིད་བློན་ཆེན་གསར་པ་ Rex Tillerson མཆོག་དང་། ཉེ་ཆར་གསར་དུ་བསྐོ་གཞག་གནང་པའི་ཨ་རིའི་རྒྱ་ནག་གཞུང་ཚབ་པ་སྐུ་ཞབས་ Terry Branstad མཆོག་རྣམ་གཉིས་ཀྱིས་རྒྱ་ནག་ལྷན་དུ་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་གླེང་སློང་གནང་རྒྱུ་ཡིན་སྐོར་ཡོངས་བསྒྲགས་གསུངས་ཡོད་པ་རེད།

བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་རྒྱལ་ལ་ལྡི་ལིའི་ཕྱི་རྒྱལ་གཞུང་ཚབ་ཁག་ཏུ་༸པཎ་ཆེན་རིན་པོ་ཆེའི་གནད་དོན་སྐོར་ཞུ་གཏུགས་གནང་པ།

༸ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅིུག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་རྒྱ་ནག་གཞུང་གིས་བཙན་འཁྲིད་བྱས་ནས་ད་བར་མི་ལོ་ ༢༢ ཧྲིལ་པོ་འཁོར་བའི་ཉིན་མོ་དང་བསྟུན། དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་དང་། དྲུང་ཆེ། དེ་བཞིན་ལྡི་ལི་ས་གནས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་དབུས་པའི་རྒྱུན་ལས་གཅིག་བཅས་ཀྱིས་ཁ་སང་ཚེས་ ༡༧ ཉིན་རྒྱལ་ས་ལྡི་ལིར་ཡོད་པའི་རྒྱ་ནག་དང་ཨ་རི་ལ་སོགས་པའི་ཕྱི་རྒྱལ་གྱི་གཞུང་ཚབ་ཆེ་ཁག་ ༡༣ ལ་ཆེད་བསྐྱོད་གནང་སྟེ། ༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་གནད་དོན་དང་འབྲེལ་བའི་དགོས་འདུན་དོན་ཚན་ལྔ་ཡོད་པའི་ཞུ་ཡིག་ཞིག་ཕུལ་ཡོད་པ་མ་ཟད། བུད་མེད་ཀྱི་སྐུ་ཚབ་ཚོས་དེ་རིང་མུ་མཐུད་དེ་རྒྱལ་ཁབ་ཁག་ ༡༣ ཙམ་གྱི་གཞུང་ཚབ་ལ་སྐོར་བསྐྱོད་གནང་གི་ཡོད་པ་རེད། བུད་མེད་ལྷན་ཚོགས་ཀྱི་ཞུ་སྙན་དེའི་ནང་དགོས་འདུན་གཙོ་བོ་ནི་ཕྱི་ལོ་ ༡༩༩༥ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་༸པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་དུ་བསྟན་འཛིན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་སྐུ་ཕྲེང་ ༡༡ པར་ངོས་འཛིན་གནང་ཡོད་པ་དང་། དེ་ལོའི་ཚེས་ ༡༧ ཉིན་༸པཎ་ཆེན་རིན་པོ་ཆེ་མཆོག་དང་ནང་མི་ལྷན་རྒྱས་རྒྱ་ནག་གིས་བཙན་འཁྲིད་བྱས་པ་ནས་བཟུང་དུས་ད་ལྟ་བར་ལོ་ངོ་ ༢༢ རིང་གར་སོང་ཆ་མེད་དུ་གྱུར་ནས་༸སྐུ་འཚོ་བཞུགས་ཡོད་མེད་ཙམ་ཀྱིི་གནས་ཚུལ་ཙམ་གང་ཡང་ཤེས་མེད་སྟབས། རྒྱ་ནག་གཞུང་གི་ངོས་ནས་༸གང་ཉིད་མཆོག་སྐུ་འཚོ་བཞུགས་དང་ལུས་སེམས་བདེ་ཐང་ངང་གནས་ཡོད་མེད་སོགས་ཀྱི་གནས་སྟངས་མངོན་གསལ་བྱེད་དགོས་པ་དང་། རིན་པོ་ཆེ་མཆོག་གི་༸སྐུ་པར་རྒྱལ་སྤྱིའི་ཐོག་མཁོ་སྤྲོད་བྱེད་དགོས། རྒྱལ་ཚོགས་ཀྱི་རང་དབང་ཅན་གྱི་སྐུ་ཚབ་ལ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་༸གང་ཉིད་ཀྱི་སྐུ་འཁོར་ནང་མི་མཇལ་འཕྲད་གནང་བཅུག་དགོས། དེ་བཞིན་༸གང་ཉིད་མཆོག་དང་ནང་མི་རྣམས་གཞན་དབང་སྟབས་བསྟུན་མི་དགོས་པར་གང་མགྱོགས་གློད་བཀྲོལ་དགོས་པ་མ་ཟད། ༸སྐྱབས་རྗེ་བྱ་བྲལ་རིན་པོ་ཆེ་མཆོག་གང་དུ་ཡོད་མེད་དང་བདེ་ཐང་ཡིན་པའི་གནས་ཚུལ་ཁ་གསལ་བཟོ་དགོས་པ་བཅས་ཀྱི་དགོས་འདུན་བཏོན་འདུག། ཚོགས་གཙོ་སྒྲོལ་མ་དབྱངས་ཅན་ལགས་ཀྱིས་ང་ཚོ་བོད་མི་ཚོར་ཆོས་ཕྱོགས་དང་ཆབ་སྲིད་གང་གི་ཐད་ནས་ཀྱང་༸པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ངེས་པར་དུ་དགོས་གལ་ཆེ་བ་ཡིན་པ་དང། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ངོས་ནས་ད་བར་ལས་འགུལ་སྣ་ཚོགས་ཤིག་སྤེལ་མུས་ཡིན་པ་ཟད་མ་འོངས་པར་ལས་འགུལ་དེའི་རིགས་མུ་མཐུད་སྤེལ་རྒྱུ་ཡིན་སྐོར་སོགས་འགྲེལ་བརྗོད་གནང་སོང་། ད་དུང་ཁོང་གིས་གནད་ཆེར་ངོས་བཞེས་ཀྱིས་བོད་ནང་གི་བོད་མི་ཚོས་རྒྱུན་དུ་༸པཎ་ཆེན་རིན་པོ་ཆེའི་གནད་དོན་ཐོག་ཐུགས་སྣང་ཆེ་ཙམ་གནང་དགོས་པ་མ་ཟད། གལ་ཏེ་༸གང་ཉིད་མཆོག་དང་འབྲེལ་བའི་གནས་ཚུལ་ཆུང་ངུ་རིགས་ཤེས་རྟོགས་བྱུང་ཚེ་དེའི་ཐོག་ནས་ལས་འགུལ་ལ་ཤུགས་སྣོན་བསྐྱོན་རྒྱུར་ཕན་ཐོགས་ཡོང་གི་པ་སོགས་ཀྱི་འབོད་སྐུལ་ཡང་གནང་ཡོད། གཞི་རྩའི་ཁ་སང་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གར་སོང་ཆ་མེད་དུ་གྱུར་ཏེ་ལོ་ངོ་ ༢༢ འཁོར་བའི་དུས་ཚིགས་དང་འབྲེལ་བོད་སྒར་བསམ་ཡས་གླིང་གཞིས་སྒར་གྱི་མགོན་པའི་མདུན་ཐང་དུ་ཐུགས་སྨོན་རྒྱ་ཆེ་གནང་ཡོད་པ་མ་ཟད། ས་གནས་བུད་མེད་ལྷན་ཚོགས་ཀྱིས་ཕྱི་དྲོ་མར་མེ་ཁྲོམ་བསྐོར་ཞིག་ཀྱང་གོ་སྒྲིག་གནང་ཡོད་པ་རེད།

Latest news