Tibetan Royal Year of 2151 | Year of the Wood Dragon

བོད་མིའི་སྒྲིག་འཛུགས།

སྤྱི་ཁྱབ་འོས་བསྡུའི་འགན་འཛིན་ནས་ཡོ་རོབ་རྒྱལ་ཁབ་བཞི་ནང་ཕྱོགས་བསྐྱོད་གནང་བཞིན་འདུག

བོད་མིའི་སྒྲིག་འཛུགས་སྤྱི་ཁྱབ་དབུས་འོས་བསྡུའི་འགན་འཛིན་ཤོ་ཟུར་བསོད་ནམས་ཆོས་འཕེལ་ལགས་ནས་༢༠༡༥་་༡༦ལོའི་བཙན་བྱོལ་བོད་མིའི་འོས་བསྡུ་ཆེན་མོ་དང་འབྲེལ་བའི་ཐོག་ནས་ཡོ་རོབ་རྒྱལ་ཁབ་ Swiss དང་ Spain Belgium དང་ France བཅས་བཞིའི་ནང་དུ་ཕྱོགས་བསྐྱོད་གནང་བཞིན་འདུག   ་བའི་དེ་སྔའི་འོས་བསྡུའི་ལས་རིམ་སྐབས་ཕྱི་རྒྱལ་ཁག་ཏུ་འོས་བསྡུའི་ཁྲིམས་སྒྲིག་གཞི་ཁག་ངོ་སྤྲོད་གནང་པའི་ལས་རིམ་འདི་ལྟར་མེད་ནའང་། འདི་ལོ་ལས་རིམ་དེ་དམིགས་བསལ་གསར་བཟོ་གནང་འདུག   སྤྱི་ཁྱབ་དབུས་འོས་བསྡུའི་འགན་འཛིན་བསོད་ནམས་ཆོས་འཕེལ་ལགས་ནས་ཐེངས་འདིའི་ཡོ་རོབ་རྒྱལ་ཁབ་བཞིའི་ནང་གི་ཕྱོགས་ཕེབས་ཐོག་མ་དེ་ཚེས་༣ཉིན། Swiss ཁུལ་དུ་གནས་སྡོད་བོད་རིགས་ཚོར་འོས་བསྡུའི་སྐབས་མང་ཚོགས་ཀྱི་ལས་འགན་དང་། སྤྱི་འཐུས་དང་སྲིད་སྐྱོང་གི་འོས་ཆོས་སོགས་ཁྲིམས་སྒྲིག་གཞི་ཁག་ཅིག་སྐོར་ལ་གསུངས་བཤད་གནང་འདུག་པ་དང། མང་ཚོགས་ནས་ཀྱང་འོས་བསྡུའི་སྒྲིག་གཞི་དང་འོས་ཤོག་གི་ཐོབ་ཐང་བཅས་ཀྱི་ཐོག་དྲི་བ་ཞུས་འདུག དེ་འབྲེལ་སྤྱི་ཁྱབ་འོས་བསྡུའི་འགན་འཛིན་ནས་གསུངས་དོན་ལ། Swiss ནང་རྟེན་གཞི་བྱས་པའི་བོད་མི་ཚོས་འོས་བསྡུའི་ལས་ཁུངས་ནས་གཏན་འབེབས་གནང་པའི་སྒྲིག་གཞི་ཁག་ལམ་སྟོན་གནང་སྐབས་ཐུགས་སྣང་ཆེན་པོས་གསན་གནང་གི་ཡོད་པ་གསུངས་སོང་། དེ་བཞིན་ཁོང་གིས་མུ་མཐུད་གསུངས་པར་བོད་མི་དེ་དག་གིས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་སྤྱི་འཐུས་གཉིས་འོས་གཞིའི་གཏན་འབེབས་གནང་ཕྱོགས་དང་མགྲོ་འགྲོན་སོགས། ལྷག་དོན་སྐྱ་སེར་དབང་གྱི་འོས་གྲངས་ལ་ཁྱད་ཡོད་དོན་ཅི་ཡིན་དང་འབྲེལ་བའི་དྲི་བ་མང་དག་ཞིག་ཡོང་གི་པ་གསུངས་སོང་། གཞན་ཡང་འོས་བསྡུ་དང་ཐད་ཀར་འབྲེལ་ཡོད་བེད་སྐྱེལ་མི་འབོར་གཞིགས་པའི་ཡག་པོ་གནང་ཡོད་སྐོར་སོགས་གསུངས་སོང་།  Swiss ནང་ཕྱོགས་བསྐྱོད་གྲུབ་རྗེས་ཕྱི་ཚེས་ ༤ ཉིན་ Spain བོད་ཁང་དུ་ས་གནས་ཀྱི་བོད་རིགས་ཚོར་གསུངས་བཤད་གནང་པ་དེས་འོས་བསྡུ་དང་འབྲེལ་བའི་མང་ཚོགས་ཀྱི་དྲི་བ་ཁག་ཅིག་ལ་ལན་འདེབས་གསལ་པོ་བྱུང་ཡོད་པ་རེད་འདུག སྤྱི་ཁྱབ་འོས་བསྡུའི་འགན་འཛིན་བསོད་ནམས་ཆོས་འཕེལ་ལགས་ནས་རིམ་པས་ཚེས་ཉིན་ ༡༠ Belgium དང་དེ་ནས་ཚེས་ ༡༡ ཉིན་ France ཁུལ་དུ་གནས་སྡོད་བོད་རིགས་ཚོར་འོས་བསྡུའི་ཁྲིམས་སྒྲིག་སྐོར་གོ་རྟོགས་དང་མང་ཚོགས་ཀྱི་དོགས་འདྲིར་ལན་འདེབས་གསལ་བཤད་བཅས་གནང་གི་འདུག  

བོད་མིའི་ཕྱི་དྲིལ་བཀའ་བློན་མཆོག་གཞོན་ནུའི་ཟས་བཅད་ལས་འགུལ་བ་ཚོར་མཇལ་འཕྲད་གནང་འདུག

རྒྱ་གར་གྱི་རྒྱལ་ས་ལྡི་ལིར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་རྒྱུན་ལས་གསུམ་ནས་ཟླ་ ༩ ཕྱི་ཚེས་ ༡༠ ནས་འགོ་བཙུགས་ཀྱིས་དམིགས་ཡུལ་གསུམ་དང་དགོས་འདུན་དོན་ཚན་ལྔ་ཅན་ཞུ་འབུལ་ཐོག་དུས་ཚོད་ངེས་མེད་ཀྱི་ཟས་བཅད་ལས་འགུལ་སྤེལ་ནས་ཁ་སང་ཉིན་གྲངས་ ༢༦ སོང་མཚམས་དེར་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་སྲིད་སྐྱོང་དང་བཀའ་ཤག་གི་སྐུ་ཚབ་ཐོག་ཆེད་ཕེབས་ཀྱིས་ཇནྟར་མནྟར་ལ་ཁོང་རྟ་མགྲིན་སྲིད་ཆོས་ལགས་དང་བསྟན་འཛིན་དབང་ཕྱུག་ལགས་རྣམ་པ་གཉིས་དང་མཇལ་འཕྲད་གནང་པ་དང་བསྟུན། སྐབས་དེར་ཁོང་གིས་སྲིད་སྐྱོང་དང་བཀའ་ཤག་ངོས་ནས་ལས་འགུལ་བ་ཚོར་གདུང་སེམས་མཉམ་སྐྱེད་ཀྱི་རྒྱབ་སྐྱོར་གནང་པ་མ་ཟད། ལས་འགུལ་དེ་ཚགས་ཚུད་ཡོང་བའི་སྨོན་འདུན་ཀྱང་གནང་འདུག བོད་ཀྱི་གཞོན་ནུའི་ཚོགས་གཙོ་བསྟན་འཛིན་འཇིགས་མེད་ལགས་ཀྱིས་གསུངས་དོན་ལ། ད་ལན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་བཀའ་ཤག་གི་སྐུ་ཚབ་ཐོག་ཕྱི་དྲིལ་བཀའ་བློན་མཆོག་དངོས་སུ་ཆེད་ཕེབས་གནང་པ་དེས་བོད་རིགས་ཙམ་མ་ཟད་ལས་འགུལ་བ་ཚང་མ་ཤིན་ཏུ་དགའ་སྤོབས་བྱུང་ཡོད་སྐོར་གསུངས་སོང། རྩ་བའི་ལས་འགུལ་བ་རྣམས་ཀྱི་ལུས་པོའི་གནས་སྟངས་ཉིན་རེ་བཞིན་ཇི་སྡུག་ཏུ་འགྲོ་བཞིན་པའི་མཚམས་དེར་ལས་འགུལ་དེའི་ཐོག་གདུང་སེམས་མཉམ་སྐྱེད་དང་རྒྱབ་སྐྱོར་གནང་མཁན་ཇེ་མང་དུ་འགྲོ་མུས་ཁར། ཧི་མཱ་ཅལ་སྤྱི་ཁྱབ་བློན་ཆེན་ཟུར་པ་སྐུ་ཞབས་ Shanta Kumar མཆོག་དང། དེ་བཞིན་ Uttarakhand མངའ་སྡེའི་བློན་ཆེན་ཟུར་པ་ Bhagat Singh Koshyari མཆོག་རྣམ་གཉིས་གཙོས་པའི་རྒྱ་གར་གྲོས་ཚོགས་འཐུས་མི་ Swami Agnivesh དེ་བཞིན་རྒྱ་གར་གྱི་གནད་ཡོད་མི་སྣ་དང་སྤྱི་ཚོགས་ཞབས་ཞུ་བ་བཅས་ཆེད་ཕེབས་ཐོག་གདུང་སེམས་མཉམ་སྐྱེད་ཀྱི་རྒྱབ་སྐྱོར་གནང་ཡོད་པ་རེད། དེ་མཚུངས་རྒྱ་གར་གྱི་གྷན་དྷི་ཞི་བའི་ཐེབས་རྩའི་སྤྱི ཁྱབ་འགན་འཛིན་ལྕམ་སྐུ་ Radha Bhatt ལགས་གཙོས་བློ་མཐུན་པ་འགས་རྒྱལ་ཚོགས་སུ་ལས་འགུལ་བའི་དགོས་འདུན་དོན་འཁོད་པའི་ཞུ་སྙན་ཞིག་ཕུལ་འཆར་ཡོད་པ་གསུངས་འདུག བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་རྒྱུན་ལས་གསུམ་ནས་དམིགས་ཡུལ་གསུམ་དང་དགོས་འདུན་དོན་ཚན་ལྔ་ཐོག་དུས་ཚོད་ངེས་མེད་ཀྱི་ཟས་བཅད་ངོ་རྒོལ་གནང་པའི་ཉིན་གྲངས་ ༢༢ སོང་མཚམས་དེར་ཕྱི་དྲིལ་འགན་འཛིན་ཚེ་དབང་སྒྲོལ་མ་ལགས་རྒྱ་གར་སྐོར་སྲུང་པས་སེམས་ཚོར་ཆེན་པོས་ཁོང་སྨན་བཅོས་སླད་ལྡི་ལི་ Ram Manohar Lohia (RML) སྨན་ཁང་དུ་བསྐྱལ་ཡོད་པ་རེད། ད་ཆ་ལས་འགུལ་བ་ཁོང་རྟ་མགྲིན་སྲིད་ཆོས་ལགས་དང་བསྟན་འཛིན་དབང་ཕྱུག་ལགས་རྣམ་པ་གཉིས་ཀྱི་ལུས་པོའི་ལྗིད་ཚད་ཀི་ལོ་ ༡༦ ནས་ ༡༧ བར་མར་ཆགས་བཞིན་ཡོད་པ་མ་ཟད་སྔ་དགོང་གཉིས་ལ་ཞེ་མེར་ལངས་པ་སོགས་ཀྱི་གནས་སྟངས་ཞན་པོ་ཡོད་པ་རེད་འདུག

སྲིད་སྐྱོང་ལས་ཐོག་བློ་བཟང་སེང་གེ་མཆོག་ ༢༠༡༦ ལོའི་སྲིད་སྐྱོང་གི་འོས་མིར་བཞུགས་རྒྱུའི་དངོས་གཞི་གསལ་བསྒྲགས་གནང་སོང།

བོད་མིའི་སྒྲིག་འཛུགས་ཀྱི་ད་ལྟའི་སྲིད་སྐྱོང་ལས་ཐོག་བློ་བཟང་སེང་གེ་མཆོག་ནས་དེ་རིང་སྔ་ཐོག་ཚོུད་༡༠པའི་ཐོག་རྡ་ས་ McLeod club house ཚོགས་ཁང་དུ་ཁོང་༢༠༡༥་་༢༠༡༦ལོའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དུ་བཞེངས་རྒྱུའི་དངོས་གཞི་གསལ་བསྒྲགས་གནང་སོང་བ་དང་ཆབས་ཅིག གལ་སྲིད་ཁོང་སླར་ཡང་སྲིད་སྐྱོང་དུ་ཐོབ་ཚེ་གཙོ་བོ་བོད་ལྔ་དང་ལྔ་བཅུ་ཞེས་པའི་ཐོག་ནས་ཕྱག་ལས་གནང་རྒྱུ་ཡིན་པ་གསུངས་གནང་སོང།  ད་ལྟའི་སྲིད་སྐྱོང་ལས་ཐོག་བློ་བཟང་སེང་གེ་མཆོག་གིས་དེ་རིང་གི་གསར་འགོད་ལྷན་ཚོགས་དེའི་ཐོག་ནས་གཙོ་བོ་བཀའ་ཤག་འདིའི་གཞི་རྩའི་ལྟ་གྲུབ་གསུམ་སྟེ་ཆིག་སྒྲིལ་དང་གསར་གཏོད། རང་ཁ་རང་གསོ་དེ་མུ་མཐུད་གནས་པའི་ཐོག་མ་འོངས་གནང་ཕྱོགས་དེ་བོད་ལྔ་དང་ལྔ་བཅུ་ཞེས་པའི་ཐོག་ལས་དོན་འགྲུབ་རྒྱུ་ཡིན་པ་གསུངས་གནང་སོང།   ད་དུང་སྲིད་སྐྱོང་མཆོག་གིས་ཡོངས་རྒྱུ་འདས་པའི་ལོ་ལྔ་ནང་དབུ་མའི་ཐོག་ནས་མིང་དོན་མཚུངས་པའི་རང་སྐྱོང་ཐོབ་པ་ཡིན་ན་ང་ཚོའི་ཆབ་སྲིད་ཀྱི་རྒྱལ་ཁབ་ཁ་ཐོབ་ཀྱི་ཡོད་རེད། འོན་ཀྱང་བཙན་བྱོལ་ནང་དུ་ད་དུང་ལོ་ལྔ་བཅུ་གནས་དགོས་ཆགས་ཚེ་གཙོ་བོ་ཆེ་ཤོས་བོད་མིའི་སྒྲིག་འཛུགས་དེ་བོད་མིའི་སྒྲིག་འཛུགས་འདི་འཚོ་གནས་དང་། གོང་འཕེལ། རྒྱུན་གནས། རྒྱལ་ཁ་བཅས་ (4 S ) དོན་ཚན་བཞིའི་ཐོག་ནས་འབད་བརྩོན་གནང་རྒྱུ་ཡིན་པ་མ་ཟད། ལྔ་བཅུ་དེའི་ནང་ཆབ་སྲིད་དང་འཛིན་སྐྱོང་གི་ཆ་ནས་དོན་ཚན་ལྔ་རེའི་ཐོག་ལ་ཕྱག་ལས་གནང་རྒྱུ་ཡིན་སྐོར་གསུངས་པ་མ་ཟད། འཛིན་སྐྱོང་གི་ཆ་ནས་༸གོང་ས་མཆོག་གི་༸སྐུ་ཕྱྭ་དང་ཤེས་ཡོན། དེ་བཞིན་དཔལ་འབྱོར་སོགས་དོན་ཚན་ལྔའི་ཐོག་ནས་ཕྱག་ལས་གནང་རྒྱུའི་སྐོར་ལ་མུ་མཐུད་གསུངས་སོང།  ད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གསལ་བསྒྲགས་གྲུབ་རྗེས་ཕྱི་ནང་གི་གསར་འགོད་པ་རྣམས་ལ་བཅར་འདྲི་ཞུ་རྒྱུའི་དུས་ཚོད་གནང་དོན་བཞིན་གསར་འགོད་པ་ཚོས་བོད་རྒྱ་འབྲེལ་མོལ་བྱུང་མེད་པ་དང་སྲིད་སྐྱོང་མཆོག་གིས་ཁང་པའི་བུ་ལོན་འབུལ་ཕྱོགས་སྐོར། བོད་སློབ་འཛིན་ཚོགས་རྩིས་ལེན་ཐུབ་མེད་སོགས་གནད་དོན་ཁག་ཅིག་གི་ཐོག་ལ་བཅར་འདྲི་ཞུས་གནང་སོང། དེ་དེ་བཞིན་སྲིད་སྐྱོང་མཆོག་གིས་༸གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་ཆེད་འདས་པའི་ལོ་བཞི་དེའི་ནང་བཀའ་ཤག་ནས་ཇི་གནང་སྐོར་བཀའ་ལན་གནང་དོན་ལ་བཀའ་ཤག་ངོས་ནས་འབས་བརྩོན་རྒྱ་མི་ཆུང་བ་ཞིག་གནང་ཡོད་སྐོར་སོགས་གསུངས་སོང། ལྷག་པར་དུ་གསར་འགོད་པའི་དྲི་བར་བཀའ་ལན་གནང་པའི་ཁྲོད་སྲིད་སྐྱོང་མཆོག་གི་འདས་པའི་ལོ་བཞི་དེ་ལྷིང་འཇགས་པོ་ཞིག་བྱུང་ཡོད་པ་དེ་ནི་གྲུབ་འབྲས་ཆེ་ཤོས་སུ་ངོས་འཛིན་གནང་གི་ཡོད་པ་གསུངས་སོང།   རྩ་བའི་ད་རིང་བར་སྲིད་སྐྱོང་གི་འོས་མིར་བཞེངས་གནང་མཁན་ཁོངས་སུ། ད་ལྟའི་སྲིད་སྐྱོང་ལས་ཐོག་བློ་བཟང་སེང་གེ་མཆོག་གིས་དབུས་པའི་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང། བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་སྤྱི་ཁྱབ་འགན་འཛིན་བཀྲིས་དབང་འདུས་ལགས་དང། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཙོ་ཀླུ་མཁར་བྱམས་ལགས་དང་ཚོང་ལས་གཉེར་བཞིན་པ་བཀྲིས་སྟོབས་རྒྱལ་ལགས་བཅས་ལྔ་བྱུང་ཡོད་པ་རེད།

མ་སུ་རི་བོད་ཁྱིམ་སློབ་གྲྭར་༸སྐུའི་གྱ་སྟོན་སྲུང་བརྩི་ཞུ་བཞིན་འདུག

རྒྱ་གར་བྱང་ཕྱོགས་ཨུཏཱར་ཁཱནཌ་མངའ་སྡེའི་ལྡེ་ར་ལྡུན་ཁུལ་དུ་རྟེན་གཞི་བྱས་པའི་མ་སུ་རི་བོད་ཕྲུག་ཁྱིམ་སྡེར་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་ཕྱི་ལུགས་དགུང་གྲངས་ ༨༠ ཕེབས་པའི་༸སྐུའི་གྱ་སྟོན་སྲུང་བརྩི་ཞུ་བཞིན་ཡོད་པ་རེད།  དེ་རིང་ཟླ་ ༡༠ ཚེས་ ༢ སྟེ་བདག་ཉིད་ཆེན་པོ་གྷན་དྷི་མཆོག་གི་འཁྲུངས་སྐར་དང་བསྟུན། མ་སུ་རི་བོད་ཁྱིམ་སློབ་གྲྭར་ཚེས་ ༢ ནས་ ༤ བཅས་སུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༨༠ ཕེབས་པའི་༸སྐུའི་གྱ་སྟོན་སྲུང་བརྩིའི་ལས་རིམ་ཞིག་གོ་སྒྲིག་ཞུ་བཞིན་པའི་ཁྲོད། དབུ་འབྱེད་ཀྱི་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གཙོས་པའི་ཤེས་རིག་དྲུང་ཆེ་སྟོབས་རྒྱལ་ཚེ་རིང་ལགས། ཉེ་འཁོར་གྱི་རྒྱ་གར་གྱི་གནད་ཡོད་མི་སྣ་ཁག་ཅིག དེ་བཞིན་སྡེ་ར་ལྡུན་ཉེ་ཁོར་གྱི་བོད་སློབ་ཁག་བཅུའི་དགེ་ལས་སློབ་ཕྲུག་བཅས་ལྷན་འཛོམས་གནང་འདུག  སྐུ་མགྲོན་གཙོ་བོ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བོད་ཕྲུག་ཚོའི་ངོས་ནས་རྟག་ཏུ་སློབ་སྦྱོང་ལ་ཧུར་བརྩོན་གནང་དགོས་གལ་གསུངས་པ་དང་སྦྲགས། དེ་བཞིན་འཛིན་རིམ་བཅིུས་ཐོན་རྗེས་མཐོ་སློབ་ཏུ་བསྐྱོད་ཚེ། མི་རིགས་གཞན་གྱི་སློབ་ཕྲུག་དང་དཔུང་པ་མཉམ་གཤིབ་གནང་དགོས་པའི་སྐུལ་མ་གནང་བ་མ་ཟད། ལྷག་པར་རྒྱ་གར་ཧི་མཱ་ཅལ་གཞུང་ནས་བོད་ཕྲུག་ཚོར་སྨན་པའི་སློབ་སྦྱོང་གནང་རྒྱུ་ཐོག་དམིགས་བསལ་གྱི་ས་མིག་གནང་བར་བེད་མེད་དུ་མི་འགྲོ་བའི་སླད་སློབ་སྦྱོང་ལ་འབད་བརྩོན་གང་ཆེ་གནང་དགོས་གལ་ཡིན་པར་གསུངས་འདུག    ཉིན་དང་པོའི་མཛད་རིམ་གཙོ་བོ་སློབ་གྲྭ་ཁག་གི་གཞི་རིམ་གོང་འོག་གཉིས་ཀྱི་སློབ་མ་ཚོ་སྡེ་ཁག་གཉིས་སུ་བགོས་ནས་༸གོང་ས་མཆོག་ནི་བོད་མི་ཚོའི་འདི་ཕྱི་གཉིས་ཀྱི་མགོན་དཔུང་དམ་པ་དང་གོ་ལ་སྤྱིའི་ཞི་བདེ་དེད་དཔོན་ཆེན་པོ་ཡིན་ཅེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་ཀྱི་ལས་རིམ་གྲུབ་རྗེས་སིལ་སྤོལ་འགྲན་བསྡུར་གནང་འདུག  ཉིན་གཉིས་པའི་མཛད་རིམ་གཙོ་བོ་ཉིན་འཁྱོངས་རིང་སློབ་གྲྭ་ཁག་ཕན་ཚུལ་དབར་སིལ་སྤོལ་འགྲན་བསྡུར་གནང་རྒྱུ་དང་། དགོང་མོ་ཁང་ཚན་ནང་ཁུལ་དབར་བོད་ཀྱི་རྐང་བྲོ་གླུ་གཞས་གཙོས་ཟུང་གཞས་བཅས་གཟིགས་འབུལ་ཞུ་རྒྱུ་ཡིན་འདུག  ཉིན་གསུམ་པའི་མཇུག་བསྡུའི་མཛད་སྒོ་ཐོག་སྐུ་མགྲོན་དུ་ཨུ་ཏཱར་ཁན་ཌ་མངའ་སྡེའི་རྩེད་རིགས་བློན་ཆེན་དྷི་ནེ་ཤི་ཨ་གར་ཝལ་མཆོག ཆེ་བསྟོད་སྐུ་མགྲོན་དུ་ས་གནས་གྲོང་སྡེ་ལས་ཁུངས་ཀྱི་ཚོགས་གཙོ་མན་མོ་ཧན་སིངྒ་མཱལ་མཆོག་ཆེད་ཕེབས་གནང་རྒྱུ་དང། ལེགས་སོན་གྱི་གཟེངས་བསྟོན་བྱ་དགའ་འབུལ་བཞེས་གནང་རྒྱུ་བཅས་ཀྱི་མཛད་རིམ་ཁག་ཅིག་ཡོད་འདུག

བོད་མིའི་སྒྲིག་འཛུགས་ནས་བདག་ཉིད་ཆེན་པོ་གྷན་དྷིའི་འཁྲུངས་སྐར་སྲུང་བརྩི་ཞུས་པ།

བོད་མིའི་སྒྲིག་འཛུགས་ནས་བདག་ཉིད་ཆེན་པོ་གྷན་དྷི་མཆོག་གི་འཁྲུངས་སྐར་ཉིན་མོ་སྲུང་བརྩི་ཞུས་པ་དང་སྦྲགས་ང་ཚོ་བོད་མི་ཚོ་ཁོང་ལས་དཔེ་བླང་རྒྱུ་མང་དག་ཞིག་ཡོད་པ་གསུངས་ཡོད་པ་རེད།   དེ་རིང་ཕྱི་ཟླ་ ༡༠ ཕྱི་ཚེས་ ༢ ཉིན་གྱི་སྔ་དྲོ་ཚོུད་ ༩།༠༠ སྟེང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཚབ་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་གིས་དབུས་པའི་ཕྱག་སྦྲེལ་བཀའ་བློན་རྣམ་པ་དང་ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ་བཅས་བཀའ་ཤག་ཏུ་ལྷན་འཛོམས་ཐོག་ཆེས་ཐོག་མར་རྒྱ་གར་གྱི་རྒྱལ་གླུ་དབྱངས་སུ་གྱེར་པ་དང་དུས་མཚུངས་སྲིད་ཚབ་མཆོག་གིས་རྒྱ་གར་གྱི་རྒྱལ་དར་མཁའ་དབྱིངས་སུ་སྒྲེང་འཛུགས་གནང་ཡོད་པ་དང། མཛད་སྒོ་དེའི་ཐོག་སྲིད་ཚབ་མཆོག་གིས་ཀུན་གྱིས་མཁྱེན་གསལ་ཞིང་བདག་ཉིད་ཆེན་པོ་ཁོང་ནི་རྒྱ་གར་རྒྱལ་ཁབ་ཀྱི་པ་ལགས་ཡིན་ཅེས་བརྗོད་ཀྱི་ཡོད། ཁོང་འཁྲུངས་སྐབས་རྒྱ་གར་གྱི་རྒྱལ་ཁབ་དེ་དབྱིན་གཞུང་གིས་དབང་བསྒྱུར་འོག་ཏུ་ཚུད་ཡོད་པས་བོད་ཀྱི་གནས་སྟངས་དང་མི་འདྲ་བ་དཀའ་ངལ་ཆེ་བའི་སྐབས་ཤིག་ཆགས་ཡོད་སྟབས། ཁོང་དབྱིན་ཡུལ་ནས་ཚུར་རྒྱ་གར་ལ་ཕེབས་ཏེ་འཚེ་མེད་ཞི་བའི་ཐབས་ལམ་འབའ་ཞིག་ལ་བརྟེན་ནས་འཐབ་རྩོད་གནང་པས་རྒྱ་གར་ལ་རང་བཙན་ཐོབ་པ་བྱུང་སྐོར་གསུངས་སོང་། དེས་ན་ང་ཚོ་བོད་མི་ཚོ་ཁོང་གི་གནས་སྟངས་ལས་དཔེ་བླང་རྒྱུ་མང་དག་ཞིག་ཡོད་པ་རེད། ང་ཚོ་དང་གྷན་དྷི་མཆོག་གི་དབར་ཏོག་ཙམ་མི་འདྲ་བའི་གནས་སྟངས་ཤིག་ཡོད་པ་རེད། ཁོང་ནི་རང་གི་རྒྱལ་ཁབ་ནང་དངོས་སུ་བཞུགས་ཡོད་པས་ལས་འགུལ་སྤེལ་བ་དེ་ཡང་ནུས་ལྡན་ཐོན་པར་དགེ་མཚན་ཆེ་བ་ཡོད། འོན་ཀྱང་ང་ཚོ་བཙན་བྱོལ་རྒྱ་གར་ནང་བསྡད་ཡོད་པས་ཁོང་ལྟར་ང་ཚོར་གང་ཡང་བྱ་རྒྱུ་མེད་ཀྱང་ཁོང་གི་རྣམ་ཐར་དག་ལས་དཔེ་བླང་རྒྱུ་མང་དག་ཞིག་ཡོད་པར་གསུངས་སོང་། མཐར་ཁོང་གིས་ང་ཚོ་བོད་མི་ཚོས་བདག་ཉིད་ཆེན་པོ་གྷན་དྷི་ལས་ལེགས་ཆའི་དཔེ་མང་པོ་བླང་རྒྱུ་ཡོད་པ་ལས་ད་ལྟ་ང་ཚོའི་སྲིད་བྱུས་དབུམའི་ལམ་དེ་བཞིན་དམ་པ་དེ་ཉིད་ཀྱིས་འཚེ་མེད་ཞི་བ་ (अहिंसा) དང་འདྲ་བ་ཡིན་སྟབས། ༸གོང་ས་ཆོག་གིས་རྒྱུན་དུ་གྷན་དྷི་མཆོག་གི་ཨ་ཧིཾསཱ་ཞེས་པ་དེ་ང་ཚོར་གལ་ཆེར་ཡིན་པའི་བཀའ་སྩལ་མཛད་ཀྱི་ཡོད་པ་སོགས་ལུང་འདྲེན་དང་བཅས་གསུངས་ཡོད་པ་རེད།    

བོད་ཀྱི་གཞོན་ནུའི་དུས་ཚོད་ངེས་མེད་ཀྱི་ཟས་བཅད་ལས་འགུལ་བ་ཚེ་དབང་སྒྲོལ་མ་ལགས་སྨན་ཁང་དུ་ཁྲིད་འདུག

རྒྱ་གར་གྱི་རྒྱལ་ས་ལྡི་ལིར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་རྒྱུན་ལས་གསུམ་ནས་ཟླ་ ༩ ཕྱི་ཚེས་ ༡༠ ནས་འགོ་བཙུགས་ཀྱིས་དམིགས་ཡུལ་གསུམ་དང་དགོས་འདུན་དོན་ཚན་ལྔ་ཅན་ཞུ་འབུལ་ཐོག་དུས་ཚོད་ངེས་མེད་ཀྱི་ཟས་བཅད་ལས་འགུལ་སྤེལ་ནས་དེ་རིང་བར་ཉིན་ ༢༢ སོང་ཡོད་པ་དང། ཁ་སང་དགོང་མོ་ཚོུད་ ༡༡།༢༡ ཙམ་ལ་གཞོན་ལྷན་གྱི་ཕྱི་དྲིལ་འགན་འཛིན་ཚེ་དབང་སྒྲོལ་མ་ལགས་གྲོད་པ་མི་བདེ་བ་བྱུང་རྗེས། རྒྱ་གར་སྐོར་སྲུང་པས་སེམས་ཚོར་ཆེན་པོས་ཁོང་སྨན་བཅོས་སླད་ལྡི་ལི་ Ram Manohar Lohia (RML) སྨན་ཁང་དུ་བསྐྱལ་འདུག    བོད་ཀྱི་གཞོན་ནུའི་ཚོགས་གཙོ་བསྟན་འཛིན་འཇིགས་མེད་ལགས་ཀྱིས་གནས་སྟངས་ཇི་ཆགས་སྐོར་གསུངས་དོན་ལ། ལས་འགུལ་བ་གཞན་གཉིས་པོ་མུ་མཐུད་དུས་ཚོད་ངེས་མེད་ཀྱི་ཟས་བཅད་གནང་མུས་ཡིན་པ་མ་ཟད། ང་ཚོའི་ངོས་ནས་རྒྱལ་ཚོགས་ལ་དགོས་འདུན་ཁག་བཏོན་པར་རྒྱལ་ཚོགས་ཀྱིས་ལན་འདེབས་གང་ཡང་གནང་མེད་སྟབས། ལས་འགུལ་དེ་མཚམས་འཇོག་མེད་པར་སྤེལ་ངེས་ཡིན་པ་སོགས་གསུངས་སོང། རྩ་བའི་ཁ་སང་ཚེ་དབང་སྒྲོལ་མ་ལགས་གྲོད་པ་མི་བདེ་བའི་གནས་ཚུལ་མ་ཐོན་པའི་སྔོན་རྒྱ་གར་གྱི་གྲགས་གཞས་རུ་ཁག་པ་རིཀ་ཀྲམ་ (Parikrama) དང་དེ་མཚུངས་བལ་པོའི་གཞས་པ་གྲགས་ཅན་སོགས་གཞས་པ་ཁག་ཅིག་གིས་ལས་འགུལ་བར་གདུང་སེམས་མཉམ་སྐྱེད་མཚོན་ཕྱིར་གཞནས་སྣ་གཞིགས་འབུལ་ཞུས་པ་མ་ཟད། ཁོང་རྣམས་ཀྱིས་ཀྱང་གོ་སྐབས་ནམ་ཡིན་ལ་གཞས་ཀྱི་ཐོག་ནས་ད་བར་བོད་དོན་ལ་རྒྱབ་སྐྱོར་ཞུ་མུས་ཡིན་སྐོར་དང། ད་དུང་ཁོང་གིས་དེ་རིང་གཞས་སྣ་གཟིགས་འབུལ་ཞུས་པ་དེ་ཁོང་རྣམ་པའི་ངལ་བ་སེལ་རྒྱུ་ཙམ་དུ་མ་ཟད། དེ་ཡང་ང་ཚོའི་ལས་འགན་ཞིག་ཏུ་ངོས་འཛིན་གནང་གི་ཡོད་པ་བཅས་གསུངས་སོང།  རྩ་བའི་གཞོན་ལྷན་གྱི་ཕྱི་འབྲེལ་དང་དྲིལ་བསྒྲགས་འགན་འཛིན་ཚེ་དབང་སྒྲོལ་མ་ལགས་ནི་བལ་ཡུལ་ནང་དུ་འཚར་ལོངས་བྱུང་བ་དང་གཞི་རིམ་སློབ་གྲྭ་བལ་ཡུལ་སྲོང་བཙན་མཐོ་སློབ་ནས་སློབ་ཐོན་གནང་པ་ཞིག་ཡིན་འདུག དེ་བཞིན་ཁོང་སློབ་ཐོན་རྗེས། ཕྱི་ལོ་ ༢༠༡༠ ནས་ ༢༠༡༣ བར་བལ་ཡུལ་རྒྱལ་ཡོངས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་དང་བལ་ཡུལ་དུ་ཡོད་པའི་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་ཡན་ལག་ནང་ཚོགས་མིར་ཞུགས་ཏེ་རང་ནུས་གང་ཡོད་ཀྱིས་བོད་དོན་དང་འབྲེལ་བའི་ལས་དོན་འཐུས་ཚང་གནང་སྟབས། ༢༠༡༠ ལོར་བལ་ཡུལ་ས་གཞོན་གྱི་ཚོགས་གཙོའི་འགན་འཁུར་བཞེས། དེ་རྗེས་དྷ་ས་གཞོན་ལྷན་དབུས་རྒྱུན་ཕྱི་དྲིལ་འགན་འཛིན་གནང་མུས་ཡིན་པ་བཅས།  

བོད་ཀྱི་གཞོན་ནུའི་དུས་ཚོད་ངེས་མེད་ཀྱི་ཟས་བཅད་ལས་འགུལ་ཐོག་གྲོས་ཚོགས་འཐུས་མིས་རྒྱབ་སྐྱོར་གནང་པ།

རྒྱ་གར་གྱི་རྒྱལ་ས་ལྡི་ལིར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་རྒྱུན་ལས་གསུམ་ནས་ཟླ་ ༩ ཕྱི་ཚེས་ ༡༠ ནས་འགོ་བཙུགས་ཀྱིས་དམིགས་ཡུལ་གསུམ་དང་དགོས་འདུན་དོན་ཚན་ལྔ་ཅན་ཞུ་འབུལ་ཐོག་དུས་ཚོད་ངེས་མེད་ཀྱི་ཟས་བཅད་ལས་འགུལ་སྤེལ་ནས་དེ་རིང་བར་ཉིན་ ༢༡ སོང་མཚམས་དེར། ཁོང་པར་གདུང་སེམས་མཉམ་སྐྱེད་དང་རྒྱབ་སྐྱོར་མཚོན་ཕྱིར་ལྡི་ལི་བོད་མི་རྒན་གཞོན་གཙོས་སྤྱི་འཐུས་རྣམ་པ། དེ་མཚུངས་གནས་ཡུལ་རྒྱ་གར་གྱི་གཞུང་སྒེར་གཉིས་ཀྱི་གནད་ཡོད་མི་སྣ་ཁག་ཅིག་དང་ཚོགས་ཁག་གི་འཐུས་མི་མི་ཉུང་བ་ཞིག་ནས་ལས་འགུལ་བ་ཚོར་བསྔགས་བརྗོད་གནང་པ་མ་ཟད། ཐུག་འཕྲད་གནང་མཁན་མུ་མཐུད་ཕེབས་མུས་ཡིན་འདུག དེའི་བར་ན་རྒྱ་གར་རྒྱལ་ཡོངས་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་འབྲེལ་མཐུད་པའི་ཕྱག་སྦྲེལ་ལྕམ་སྐུ་ Smt. Maneka Gandhi ལགས་ཀྱིས་ཕྱག་བྲིས་ཤིག་གནང་པའི་ནང་ལས་འགུལ་བས་བོད་ནང་གི་ཛ་དྲག་གནས་སྟངས་དེ་རྒྱལ་སྤྱིའི་ཐོག་ཁྱབ་སྤེལ་གནང་རྒྱུ་དང་། བོད་མི་ཞུགས་འབུལ་གནང་མཁན་ཚོའི་མངོན་འདོད་ལ་རྒྱབ་སྐྱོར་མཚོན་པའི་གཞིས་ལུས་རྒྱ་ཆེ་མང་ཚོགས་རྣམས་ལ་གདུང་སེམས་མཉམ་སྐྱེད་ཞུས་ཡོད་པ་ཤེས་རྟོགས་བྱུང་བ་གསུངས་པ་མ་ཟད། ཁོང་གིས་མུ་མཐུད་གསུངས་པར་རྒྱལ་ཚོགས་དང་དེའི་ལས་ཀྱི་སྣེ་མོ་བས་འཕྲད་མར་ཁོང་རྣམ་པའི་དགོས་འདུན་ཁག་ལ་དོན་འཁྱོལ་གནང་དགོས་གལ་གསུངས་འདུག དེ་བཞིན་རྒྱ་གཞུང་གིས་བོད་ནང་དྲག་གནོན་གྱི་སྲིད་བྱུས་ལག་བསྟར་བྱས་པའི་གནད་དོན་དེ་འགན་འཁུར་བླངས་དགོས་གལ་ཡིན་པར་གསུངས་ཡོད་པ་རེད། དེ་དང་ཕྱོགས་མཚུངས་བོད་དོན་རྒྱབ་སྐྱོར་བ་ཁེ་ན་ཌའི་གྲོས་ཚོགས་ཀྱི་འཐུས་མི་ལྕམ་སྐུ་ Cheri DiNovo ལགས་ཀྱིས་ཀྱང་ཕྱག་བྲིས་ཤིག་གནང་པའི་ནང་གོང་དོན་ལྟར་ལས་འགུལ་བའི་མངོན་འདོད་ཇི་ཡིན་ཤེས་པའི་ཐོག་ནས་རྒྱབ་སྐྱོར་དང་། ལས་འགུལ་བ་རྣམས་གཙོས་པའི་གོ་ལའི་ཁྱོན་ལ་གནས་པའི་བོད་མི་རྣམས་ལ་གདུང་སེམས་མཉམ་སྐྱེད་ཞུ་རྒྱུ་མ་ཟད། ལྷག་དོན་ངེས་པར་རྒྱལ་ཚོགས་ཀྱིས་དུས་འགྱངས་མེད་པར་ཁོང་རྣམ་པའི་མངོན་འདོད་ལ་ལན་འདེབས་གནང་གལ་ཡིན་པར་གསུངས་འདུག  ཁ་སང་ཟླ་ ༩ ཕྱི ཚེས་ ༢༩ ཉིན་ཁེ་ན་ཌའི་གྲོས་ཚོགས་ཚོགས་དུས་དང་བསྟུན། ཁེ་ན་ཌའི་ས་གནས་བོད་ཀྱི་གཞོན་ལྷན་གྱིས་གོ་སྒྲིག་འོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་བོད་ཀྱི་གཞོན་ནུ་རྒྱུན་ལས་གསུམ་ནས་དགོས་འདུན་དོན་ཚན་ལྔ་ཅན་ཞུ་འབུལ་ཐོག་དུས་ཚོད་ངེས་མེད་ཀྱི་ཟས་བཅད་ཞི་རྒོལ་གནང་བཞིན་པར་གདུང་སེམས་མཉམ་སྐྱེད་དང་རྒྱབ་སྐྱོར་མཚོན་ཕྱིར་ཁེ་ན་ཌའི་ Toronto ཡི་ས་གནས་གྲོས་ཚོགས་ཀྱི་ མདུན་ཐང་དུ་ཞི་རྒོལ་གནང་པ་མ་ཟད། ལས་འགུལ་དེའི་ནང་ས་གནས་གཞོན་ལྷན་གྱི་ཚོགས་མི་གཙོས་བོད་མི་མི་ཉུང་བ་ཞིག་མཉམ་ཞུགས་གནང་ཡོད་པ་རེད། ལས་འགུལ་བ་རྣམས་ལ་ཐུག་འཕྲད་སླད་བོད་དོན་རྒྱབ་སྐྱོར་བ་ཁེ་ན་ཌའི་གྲོས་ཚོགས་འཐུས་མི་ལྕམ་སྐུ་ Cheri DiNovo ལགས་ཆེད་བཅར་གནང་པ་དང། སྐབས་དེར་ཁོང་གིས་གྲོས་ཚོགས་འཐུས་མི་གཞན་ཚོར་ཁྱེད་རྣམས་ནས་ཕྱི་ལོགས་སུ་ཞི་རྒོལ་གནང་བཞིན་ཡོད་སྐོར་ངོ་སྤྲོད་ཞུ་རྒྱུ་དང་སྦྲགས། དེ་བཞིན་རྒྱ་གཞུང་གིས་བོད་ནང་ཆེས་དམ་དྲག་དང་བཀག་འགོག་བྱས་དང་བབྱེད་བཞིན་པ་དེ་དག་མཚམས་འཇོག་དགོས་པ་དང། དེ་མཚུངས་ཁོང་གིས་གནད་དོན་དེའི་དབང་གིས་བོད་ནང་བོད་མི་ཚོས་སྐུ་ལུས་ཞུགས་འབུལ་གནང་བར་ངོས་བཞེས་ཀྱིས་གྲོས་ཚོགས་སུ་དེ་ལྟར་ངོ་སྤྲོད་གནང་རྒྱུ་ཡིན་པར་གསུངས་འདུག ད་དུང་ཁོང་གིས་མ་འོངས་པར་བོད་ལ་རང་སྲིད་རང་སྐྱོང་ཞིག་རག་ནས་བོད་མི་ཚོ་དང་ལྷན་རྒྱལ་ས་ལྷ་སར་དགའ་སྤྲོའི་ངང་སྲུང་བརྩི་ཞུ་རྒྱུ་ཡོང་བའི་སྨོན་འདུན་དང་བཅས་ཁོང་རྣམ་པར་འཛམ་གླིང་ཀུན་ལ་སེམས་སྐུལ་ཐེབས་གཞི་ཡིན་པ་སོགས་གསུངས་ཡོད་པ་རེད།

ད་ལྟའི་བོད་ཀྱི་གནས་སྟངས་དེ་ཆབ་སྲིད་དམ་བསྒྲགས་དང་དཔལ་འབྱོར་ལྷུག་ལྷུག་ཡིན་པ་གསུངས་འདུག

བོད་ནང་གི་ད་ལྟའི་གནས་སྟངས་ཞེས་པའི་བགྲོ་གླེང་ཚོགས་འདུའི་ཐོག་བདེ་སྲུང་དྲུང་འཕར་ཀུན་དགའ་བཀྲིས་ལགས་ཀྱིས་རྒྱ་གཞུང་གིས་བོད་ནང་ཆབ་སྲིད་དམ་བསྒྲགས་དང་དཔལ་འབྱོར་ལྷུག་ལྷུག་བཟོས་ཡོད་པ་གསུངས་སོང་།  དེ་རིང་ཟླ་ ༩ ཕྱི་ཚེས་ ༢༩ ཉིན་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་མིའི་སྒྲིག་ འཛུགས་ཀྱི་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་གོ་སྒྲིག་འོག གངས་སྐྱིད་གཉའ་ཁྲི་ཚོགས་ཁང་དུ་སྲི་ཞུ་ལས་བྱེད་པ་དང་ས་གནས་ཀྱི་གཞུང་འབྲེལ་མིན་པའི་ཚོགས་ཁག་སྐུ་ཚབ་ ༣༠ ཙམ་ཞིག་ལ་བོད་ནང་གི་ད་ལྟའི་གནས་སྟངས་ཞེས་པའི་བརྗོད་གཞིར་ཉིན་འཁྱོངས་རིང་གི་བགྲོ་གླེང་ཚོགས་འདུ་ཞིག་བསྐོང་ཚོགས་གནང་ཡོད་པ་དང་། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་གཞོན་པ་ཚེ་རིང་དབྱངས་སྐྱིད་ལགས་ནས་ཚོགས་འདུའི་ངོ་སྤྲོད་གསུང་བཤད་སྐབས། དམིགས་ཡུལ་གཙོ་བོ་ནི་བཙན་བྱོལ་བོད་མི་སྤྱི་དང་ལྷག་པར་དུ་བོད་མིིའི་སྒྲིག་འཛུགས་དང་གཞུང་འབྲེལ་མིན་པའི་ཚོགས་པ་བཅས་ཀྱི་ན་གཞོན་ལས་སྣེ་བ་རྣམས་ལ་བོད་ནང་གི་དངོས་ཡོད་གནས་སྟངས་ངོ་སྤྲོད་ཞུ་རྒྱུ་ཡིན་པ་གསུངས་སོང་།  བགྲོ་གླེང་ཚོགས་འདུའི་མགྲོན་གཙོ་བོད་མིའི་སྒྲིག་འཛུགས་བདེ་སྲུང་དྲུང་འཕར་ཀུན་དགའ་བཀྲིས་ལགས་ཀྱིས་རྒྱ་གཞུང་གིས་བོད་སྐོར་ཕྱི་ཕྱོགས་སུ་དྲིལ་བསྒྲགས་བྱེད་སྟངས་དང་། བོད་ནང་གི་བོད་རིགས་ལས་བྱེད་པ་དང་མང་ཚོགས་གྱི་བསམ་བློ་འཁུར་ཕྱོགས། དེ་བཞིན་ཕྱིར་སྡོད་རྒྱ་རིགས་ཤེས་ཡོན་ཅན་ཚོས་བོད་རིགས་ལ་ལྟ་སྟངས་བཅས་དོན་ཚན་གསུམ་གྱི་ཐོག་ནས་ད་ལྟའི་བོད་ནང་གི་གནས་སྟངས་སྐོར་ལ་གཏམ་བཤད་གནང་པ་དང་སྦྲགས། དེང་སྐབས་བོད་རང་སྐྱོང་ལྗོངས་ནང་བོད་མིའི་ཞི་རྒོལ་རིགས་བྱུང་གི་མེད་པའི་རྒྱུ་མཚན་དང་ལྷག་པར་དུ་ས་གནས་སུ་ཆབ་སྲིད་དམ་བསྒྲགས་ཡོད་སྐོར་དཔེ་མཚོན་དང་བཅས་གསུངས་པ་མ་ཟད། ལྷག་དོན་ཁོང་གིས་མུ་མཐུད་གསུངས་དོན་ལ་ད་ལྟའི་བོད་ནང་གི་མི་རབས་གཞོན་པ་ཚོའི་སྙིང་སྟོབས་དང་བློས་གཏོང་དེ་དག་ལས་ཁོང་རྣམས་ནམ་ཡང་རྒྱ་གཞུང་གི་དཔལ་འབྱོར་སྲིད་བྱུས་འདིའི་མགོ་སྐོར་ནང་ཚུད་ས་མ་རེད་ཅེས་གསུངས་ཡོད་པ་རེད།  སྐུ་མགྲོན་གཞན་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་ལགས་ནས་ཀྱང་བརྗོད་གཞི་དེ་གའི་ཐོག་གཏམ་བཤད་གནང་པའི་ཁྲོད། ༢༠༠༨ ལོའི་བོད་ས་ཁྱོན་ཡོངས་ཀྱི་ཞི་རྒོལ་ལས་འགུལ་དེས་རྒྱ་གཞུང་དང་རྒྱལ་སྤྱིའི་གཞུང་དམངས་ཀུན་ནས་གཞིས་ལུས་རྒྱ་ཆེ་བོད་མི་རྣམས་ལ་དྲག་པོའི་སྟོབས་ཤུགས་ཀྱིས་གླགས་ཁེལ་མེད་པ་དང། དཔལ་འབྱོར་ཡར་རྒྱས་ཕྱིན་པ་དེས་བོད་མིའི་སེམས་ཉོ་ཐུབ་མེད་པ་ར་ཕྲོད་གསལ་ཤོས་ཤིག་ཆགས་ཡོད་པ་གསུངས་པ་མ་ཟད། ད་དུང་ཁོང་གིས་ད་ལྟ་རྒྱ་གཞུང་གིས་འགྲེལ་བརྗོད་བྱེད་བཞིན་པ་ལྟར། བོད་ནང་གི་དཔལ་འབྱོར་དང་འཛུགས་སྐྲུན་གྱི་ལས་གཞི་དེ་དག་ལ་དོན་དངོས་ཐོག་བོད་མི་ཚོས་མཉམ་ཞུགས་ཇི་ཙམ་གནང་ཐུབ་མིན་དེ་དྲི་བ་ཞིག་ཆགས་ཡོད་པར་གསུངས་སོང་།  སྐུ་མགྲོན་གཙོ་བོའི་གསུང་བཤད་གྲུབ་རྗེས། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་བདུན་ཚོགས་ཐུན་ཁག་བཞིར་བགོས་ནས། ཉེ་ཆར་ཚོགས་པའི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་སྐོར་དང་། རྒྱ་ནག་དང་རྒྱ་ནག་གི་འགོ་ཁྲིད་ཚོའི་མ་འོངས་པའི་ཁ་ཕྱོགས་སྐོར། དེ་བཞིན་བོད་ནང་གི་འཛུགས་སྐྲུན་དང་འཁྱོག་བཤད་ཀྱི་དོན་འགྲེལ་ཞེས་སོགས་ཀྱི་བརྗོད་གཞི་བདུན་གྱི་ཐོག་ལ་གསུང་བཤད་དང་དྲི་བ་དྲི་ལན་བཅས་གནང་ཡོད་པ་རེད།

ལྡི་ལིར་རྒྱལ་ཚོགས་ཀྱི་ཡན་ལག་ལས་ཁུངས་མདུན་དུ་ཞི་རྒོལ་གནང་པ།

རྒྱ་གར་གྱི་རྒྱལ་ས་ལྡི་ལིར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་རྒྱུན་ལས་གསུམ་ནས་དམིགས་ཡུལ་གསུམ་དང་དགོས་འདུན་དོན་ཚན་ལྔ་ཅན་ཞུ་འབུལ་ཐོག་དུས་ཚོད་ངེས་མེད་ཀྱི་ཟས་བཅད་ལས་འགུལ་སྤེལ་བཞིན་པར་ལྡི་ལི་བོད་མི་ཚོས་ཁོང་པར་གདུང་སེམས་མཉམ་སྐྱེད་དང་རྒྱབ་སྐྱོར་མཚོན་ཕྱིར་ལྡི་ལི་རྒྱལ་ཚོགས་ཀྱི་ཡན་ལག་ལས་ཁུངས་ཀྱི་མདུན་སར་ཞི་རྒོལ་སྐད་འབོད་གནང་པ་མ་ཟད། ལས་འགུལ་དེའི་ནང་དངོས་སུ་མཉམ་ཞུགས་གནང་མཁན་དབུས་རྒྱུན་གསུམ་གྱིས་རྒྱལ་ཚོགས་ཀྱི་འགན་འཛིན་གཞོན་པ་དངོས་སུ་མཇལ་འཕྲད་ཞུས་འདུག དེ་རིང་ལས་འགུལ་བས་ལས་འགུལ་སྤེལ་ནས་ཉིན་གྲངས་ ༡༩ སོང་ཟིན་པའི་མཚམས་འདིར་ལྡི་ལི་བསམ་ཡས་གླིང་བོད་མི་རྣམས་དང། ལ་དྭགས་དྷ་རྨ་ཤཱ་ལཱ་བོད་མི། དེ་བཞིན་ལྡི་ལིར་མཐོ་སློབ་ཁག་ཏུ་བསྐྱོད་བཞིན་པའི་རོ་ཧི་ཎཱི་བོད་ཁྱིམ་སློབ་མ་བཅས་ཁྱོམ་མི་ ༣༠༠ ལྷག་གིས་ཁོང་རྣམ་པའི་སྙིང་སྟོབས་དང་དགོས་འདོན་ཁག་ལ་གདུང་སེམས་མཉམ་སྐྱེད་མཚོན་སླད་བོད་ཀྱི་རྒྱལ་དར་དང་གཞོན་ནུའི་དར་ཆ། དེ་བཞིན་ཁོང་རྣམ་པའི་དགོས་འདུན་ཁག་འཁོད་པའི་ཕྲད་དར་སོགས་བསྣམས་ནས་ཁཱན་ཁྲོམ་ར་ནས་རྒྱལ་ཚོགས་ཀྱི་ཡན་ལག་ལས་ཁུངས་དབར་ཀི་ལོ་མི་ཊར་གཅིག་ལྷག་སར་གོམ་བགྲོད་གནང་ཡོད་ཀྱང་། ས་གནས་སྐོར་སྲུང་བས་བཀག་འགོག་བྱས་ཡོད་སྟབས། ལས་འགུལ་དེའི་སློབ་སྟོན་པ་ཀརྨ་ཡེ་ཤེས་ལགས་དང་གཞོན་ལྷན་ཚོགས་གཙོས་རྒྱུན་ལས་གསུམ་པོ་ཁྲིད་ནས་རྒྱལ་ཚོགས་ཀྱི་ཡན་ལག་ལས་ཁུངས་སུ་ཆེད་བཅར་ཞུས་ཏེ་འགན་འཛིན་གཞོན་པ་སྐུ་ཞབས་ R.K. Sharma མཆོག་དངོས་སུ་མཇལ་བ་དང་སྦྲགས་ཟས་བཅད་པ་རྒྱུན་ལས་གསུམ་གྱི་དམིགས་ཡུལ་གསུམ་དང་དགོས་འདུན་དོན་ཚན་ལྔ་བཅས་ཀྱི་ངོ་སྤྲོད་དང་ཞུ་འབུལ་ཡང་ཞུས་ཐུབ་པ་བྱུང་འདུག རྒྱལ་ཚོགས་ཀྱིའགན་གཞོན་ནས་ཀྱང་ཁོང་རྣམ་པར་གང་ཐུབ་ཕྱག་རོགས་ཞུ་རྒྱུ་ཡིན་སྐོར་གསུངས་ཡོད་པ་རེད། དེ་བས་ཀྱང་གཞོན་ལྷན་ཚོགས་གཙོས་ཁོང་གསུམ་ནས་དུས་ཚོད་ངེས་མེད་ཀྱི་ཟས་བཅད་ངོ་རྒོལ་གནང་ནས་ཉིན་གྲངས་ ༡༩ སོང་མཚམས་འདིར་ཁོང་རྣམ་པའི་ལུས་པོའི་ལྗིད་ཚད་དེ་ཡང་ཀི་ལོ་ ༡༢ ནས་ ༡༧ བར་ཆག་བཞིན་ཡོད་ཀྱང་ཆོད་སེམས་ལ་འགྱུར་བ་མེད་སྟབས། ལས་འགུལ་ལ་རྒྱབ་སྐྱོར་གནང་མཁན་ཉིན་རེ་བཞིན་གང་མང་དུ་འགྲོ་བཞིན་ཡོད་པ་མ་ཟད། ཁོང་གསུམ་ནས་ཀྱང་དགོས་འདུན་ཁག་མ་བསྒྲུབ་བར་དུ་མུ་མཐུད་ལས་འགུལ་སྤེལ་ངེས་ཡིན་པར་འགྲེལ་བརྗོད་གནང་སོང། རྩ་བའི་ཟླ་ ༩ ཕྱི་ཚེས་ ༡༠ ནས་འགོ་བཙུགས་ཀྱིས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གོ་སྒྲིག་འོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྒྱུན་ལས་གསུམ་ནས་བོད་ཀྱི་མིག་སྔའི་ཛ་དྲག་གནས་སྟངས་དྲིལ་བསྒྲཊ་དང། རང་ལུས་མེར་སྲེག་གནང་མཁན་གྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་མངོན་འདོད་ལ་རྒྱབ་སྐྱོར། གཞིས་ལུས་བོད་མིར་གདུས་སེམས་མཉམ་སྐྱེལ་བཅས་ཀྱི་སླད་དམིགས་ཡུལ་གསུམ་དང་དགོས་འདུན་དོན་ཚན་ལྔ་བཅས་རྒྱལ་ཚོགས་ལ་ཞུ་སྐུལ་ཆེད་དུས་ཚོད་ངེས་མེད་ཀྱི་ཟས་བཅད་ངོ་རྒོལ་གནང་ནས་ཉིན་གྲངས་ ༡༩ སོང་ཟིན་ཡོད་པ་རེད།    

Latest news