Tibetan Royal Year of 2151 | Year of the Wood Dragon

བོད།

ཆོས་དབྱིངས་སྐྱིད་ལགས་ལ་སླར་ཡང་བེུད་ཀྱི་འགྲོས་རྩལ་འགྲན་བསྡུར་ཁྲོད་ཨང་དང་པོའི་བྱ་དགའ་ཐོབ་པ།

རྒྱལ་སྤྱིའི་མཆོང་རྒྱུག་འཕེན་གསུམ་གྱི་བེུད་འགྲོས་རྩལ་འགྲན་བསྡུར་ནང་བོད་རིགས་བེུད་ལུས་རྩལ་པ་ཆོས་དབྱིངས་སྐྱིད་ལགས་ལ་སླར་ཡང་ཨང་དང་པོའི་གསེར་གྱི་རྟགས་མ་ཐོབ་འདུགཉེ་ཆར་ཟླ་ ༤ ཚེས་ ༦ ཉིན་ཡོ་རོབ་ Portugal རྒྱལ་ཁབ་ནང་འགྲན་ཚོགས་གནང་བའི་རྒྱལ་སྤྱིའི་རྒྱུག་མཆོང་འཕེན་གསུམ་གྱི་རྩེད་འགྲན་ཁྲོད་བོད་པའི་བེུད་ལུས་རྩལ་པ་ཆོས་དབྱིངས་སྐྱིད་ལགས་ཀྱིས་སྤྱི་ལེ་ ༢༠ ཐམ་པའི་འགྲོས་རྩལ་འགྲན་བསྡུར་གྱི་ཟིན་ཐོ་ཚོུད་ ༡ དང་སྐར་མ་ ༢༩ སྐར་ཆ་གཅིག་བཅས་བླངས་ཐོག་རྒྱལ་སྤྱིའི་བེུད་ཀྱི་འགྲོས་རྩལ་འགྲན་བསྡུར་གྱི་ཨང་དང་པོའི་གསེར་གྱི་རྟགས་མ་བླངས་འདུག ད་རེས་ཁོང་གིས་འགྲན་བསྡུར་རྣམ་གྲངས་འདིའི་ནང་ཨང་དང་པོ་བླངས་པ་ཐེངས་གསུམ་པ་ཆགས་ཀྱི་ཡོད་པ་རེད། སྐབས་དེའི་འགྲན་བསྡུར་ཁྲོད་ Ukraine ཡི་འགྲན་ཞུགས་པ་ Unankashe ལགས་ལ་ཨང་གཉིས་པ་དང་། Colombia ཡི་འགྲན་ཞུགས་པ་ Santik Alina silan ལགས་ལ་ཨང་གསུམ་པ་བཅས་ཀྱི་རྒྱལ་ཁ་ཐོབ་འདུགགཞི་རྩའི་ཆོས་དབྱིངས་སྐྱིད་ལགས་ནི ༡༩༩༠ ལོར་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཧེ་ཡན་རྫོང་ཝ་འཇོག་ཡུལ་ཚོའི་བོད་རིགས་འབྲོག་ཁྱིམ་དཀྱུས་མ་ཞིག་ཏུ་འཁྲུངས་ཞིང་། རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་སྟེང་བྱ་དགའ་ཐོབ་མཁན་གྱི་བོད་པ་ཐོག་མ་དེ་ཡིན་པ་དང་། ཁོང་གིས་ཕྱི་ལོ་ ༢༠༡༠ ཟླ་ ༧ པའི་ནང་རྒྱལ་ཁབ་མཆོང་རྒྱུག་འཕེན་གསུམ་རུ་ཁག་ཏུ་ཞུགས་རྗེས། ༢༠༡༢ ལོར་དབྱིན་ཡུལ་གྱི་རྒྱལ་ས་ལོན་ཊོན་དུ་འཚོགས་པའི་ཨོ་རྩལ་འགྲན་ཚོགས་སྐབས་ ༣༠ པའི་ཐོག་སྤྱི་ལེ་ ༢༠ ཅན་གྱི་བུད་མེད་འགྲོས་རྩལ་འགྲན་བསྡུར་ཁྲོད་དངུལ་གྱི་རྟགས་མ་བླངས་པ་མ་ཟད། ཨེ་ཤ་ཡའི་འགྲོས་རྒྱུག་ལུས་རྩལ་གྱི་ཟིན་ཐོ་གསར་པ་བཏོད་ཡོད་པ་རེད། ཕྱི་ལོ་ ༢༠༡༥ ལོའི་སི་པཱེན་རྒྱལ་ཁབ་ཏུ་ཚོགས་པའི་རྒྱལ་སྤྱིའི་མཆོང་རྒྱུག་འཕེན་གསུམ་འགྲན་བསྡུར་གྱི་སྤྱི་ལེ་ ༢༠ ཅན་གྱི་བུད་མེད་འགྲོས་རྩལ་འགྲན་བསྡུར་ཁྲོད་ཨང་གཉིས་པ་དང་། རྒྱ་ནག་རྒྱལ་ཡོངས་རྟིང་རྩོད་འགྲོས་རྩལ་འགྲན་བསྡུར་གྱི་སྤྱི་ལེ་ ༢༠ ཅན་གྱི་བུད་མེད་འགྲོས་རྒྱུག་འགྲན་བསྡུར་ཁྲོད་ཨང་དང་པོ་བཅས་ཐོབ་མྱོང་ཡོད་སྟབས་ཕྱི་ལོ་༢༠༡༦ ལོར་ཁོང་ལ་རྒྱ་ནག་གི་ལུས་རྩལ་ཁྱབ་ཁོངས་ཀྱི་གཟེངས་རྟགས་ཆེ་ཤོས་ཀྲུང་གོའི་ལུས་རྩལ་གཟི་བརྗིད་གཟེངས་རྟགས་ཞེས་པ་དེ་ཕུལ་ཡོད་པ་རེད།

རྒྱ་གར་སླར་ཡང་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་ཚོགས་འདུར་ཞུགས་རྒྱུ་མིན་པ།

རྒྱ་ནག་གིས་ཟླ་འདིའི་ཟླ་མཇུག་ཏུ་རྒྱུད་གཅིག་ལམ་གཅིག་གི་ཚོགས་འདུའི་ཐོག་རྒྱ་གར་འཛུལ་ཞུགས་དགོས་པའི་གདན་ཞུ་བྱས་ཡོད་ཀྱང་རྒྱ་གར་གྱིས་སླར་ཡང་ཚོགས་འདུ་དེར་ཞུགས་རྒྱུ་མིན་པའི་བརྡ་ལན་གནང་འདུག རྒྱ་གར་གྱི་ Times of India གསར་ཤོག་ཐོག་གནས་ཚུལ་སྤེལ་བར་རྒྱ་ནག་གིས་ཕྱི་ལོ་ ༢༠༡༧ ལོར་རྒྱུད་གཅིག་ལམ་གཅིག་གི་ཚོགས་འདུ་ཐེངས་དང་པོ་དེ་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་བསྡུ་སྐོང་གིས་རྒྱ་གར་ལ་ཚོགས་ཞུགས་ཀྱི་མགྲོན་བརྡ་བཏང་ཡོད་ཀྱང་། རྒྱ་གར་གཞུང་གིས་སྐབས་དེར་རྒྱུད་གཅིག་ལམ་གཅིག་གི་སྲིད་བྱུས་དེས་རྒྱ་གར་གྱི་བདག་དབང་ལ་དོ་ཕོག་གཏོང་བཞིན་པར་འགྲེལ་བརྗོད་ཀྱིས་ཚོགས་འདུར་ཞུགས་རྒྱུ་མིན་པར་གསལ་བརྗོད་གནང་ཡོད་པ་དང། ཕྱི་ལོ་ ༢༠༡༨ ལོའི་ཕྱི་ཟླ་ ༤ ནང་རྒྱ་དཀར་ནག་གི་སྲིད་འཛིན་དང་སྲིད་བློན་གཉིས་ཀྱིས་གཞུང་འབྲེལ་མིན་པའི་ཐོག་ནས་རྒྱ་ནག་གི་གྲོང་ཁྱེར་ Wuhan དུ་མཇལ་འཕྲད་ཀྱིས་གྲོས་མོལ་བྱས་ཡོད་སྟབས། རྒྱ་ནག་གིས་ཐེངས་འདིའི་རྒྱུད་གཅིག་ལམ་གཅིག་གི་ཚོགས་འདུ་ཐོག་ཏུ་རྒྱ་གར་འཛུལ་ཞུགས་བྱེད་རྒྱུའི་རེ་བ་ཆེན་པོ་བྱས་ཏེ་རྒྱ་གར་ཕྱི་སྲིད་ལྷན་ཁང་དུ་ཚོགས་ཞུགས་གནང་དགོས་པའི་ཞུ་མགྲོན་བརྡ་ཕུལ་ཡོད་ཀྱང་། རྒྱ་གར་གྱིས་རྒྱ་ནག་དང་པ་ཀི་ས་ཐན་གཉིས་དབར་གྱི་ཚོང་སྒོ་དེ་ཡུལ་གཉིས་དབར་གྱི་རྙོག་གཞི་ཅན་གྱི་ས་མཚམས་ས་ཁུལ་དུ་འཁེལ་གྱི་ཡོད་པར་སེམས་ཚབ་དང་འབྲེལ། རྒྱ་ནག་གི་ཚོགས་འདུ་དེའི་ཐོག་འཛུལ་ཞུགས་གནང་ཐབས་མེད་པའི་བཀའ་ལན་གནང་འདུག རྩ་བའི་རྒྱ་དཀར་ནག་གཉིས་སྲིད་འཛིན་དང་སྲིད་བློན་གཉིས་མཇལ་འཕྲད་བྱས་ནས་འབྲེལ་ལམ་བཟང་དུ་སོང་ཡོད་ནའང་། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་པ་ཀི་ས་ཐན་དུ་རྟེན་གཞི་བྱས་པའི་འཇིགས་སྐུལ་རིང་ལུགས་ཀྱི་ཚོགས་པ་ Jaish-e-Mohammed ཞེས་པ་དེ་བཀག་སྡོམ་གནང་རྒྱུའི་གྲོས་ཆོད་རིམ་པར་རྒྱ་ནག་གི་འགོག་རྐྱེན་བཟོས་པ་མ་ཟད། འདི་ལོ་དྲག་སྤྱོད་ཚོགས་པ་དེས་ Pulwama ཁུལ་དུ་རྒྱ་གར་གྱི་དམག་མི་ ༤༠ ལྷག་ཙམ་དམར་བསད་བཏང་ཡོད་པར་བལྟོས་མེད་རྒྱ་ནག་གིས་སླར་ཡང་རྒྱལ་ཚོགས་སུ་ཚོགས་པ་དེ་འཇིགས་སྐུལ་རིང་ལུགས་ཚོགས་པ་ཞིག་ཏུ་ངོས་འཛིན་ཡོང་བའི་གྲོས་ཆོད་ལ་ཐེངས་བཞི་པར་འགག་པ་རྒྱབ་ཡོད་རྐྱེན་རྒྱ་དཀར་ནག་གི་འབྲེལ་ལམ་དེ་རྣོ་ངར་རང་བཞིན་དུ་ཆགས་ཡོད་པ་རེད། རྒྱ་གར་གྱི་ Times of India གསར་ཁང་གིས་རྒྱ་གར་གྱི་ངོས་ནས་རྒྱ་ནག་དང་ལྷན་དུ་བཟོ་ལས་འཛུགས་སྐྲུན་གྱི་ཐད་མཉམ་ལས་གནང་འདོད་མེད་པ་དེ་འདྲ་མིན་ནའང་། རྒྱ་གར་གྱིས་ཕན་ཚུན་དབར་གྱི་བཟོ་ལས་འཛུགས་སྐྲུན་གྱི་ལས་གཞི་ཡོད་ཚད་རྒྱལ་སྤྱིའི་སྒྲིག་ཡིག་དང་མཐུན་པའི་ངང་ནས་ཕྱི་གསལ་ནང་གསལ་ཡོད་པ། དཔལ་འབྱོར་ཁོར་རྒྱུགས་ཡོད་པ། རྒྱལ་ཁབ་ཕན་ཚུན་གྱི་བདག་དབང་དང་ས་ཁོངས་ཆིག་སྒྲིལ་ལ་གུས་བརྩི་དགོས་པ་སོགས་ཀྱི་ཆ་རྐྱེན་དགོས་པར་བརྗོད་འདུག གཞི་རྩའི་ CPEC ཞེས་རྒྱ་ནག་དང་པ་ཀི་ས་ཐན་གཉིས་ཀྱི་ཚོང་སྒོ་ས་ཁུལ་དེ་ནི་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་དོན་གནད་རང་བཞིན་གྱི་ལས་འཆར་ཞིག་ཏུ་བརྩིས་ཡོད་སྟབས། རྒྱ་གར་གྱིས་རྒྱུད་གཅིག་ལམ་གཅིག་གི་ལས་འཆར་དེར་དགོངས་པ་བཞེས་ཕྱོགས་ལ་བསྐྱར་ཞིབ་གནང་ཐབས་མེད་པ་མ་ཟད། རྒྱ་གར་གཞུང་ནས་རྒྱུད་གཅིག་ལམ་གཅིག་གི་ཚབ་ཏུ་རང་གི་ཁྱིམ་མཚེས་རྒྱལ་ཁབ་ཁག་གཙིགས་འཛིན་གྱི་སྲིད་བྱུས་དང་ act east go west ལྟ་བུའི་སྲིད་བྱུས་བརྒྱུད་ནས་ཕྱིའི་རྒྱལ་ཁབ་ཁལ་ལ་འབྲེལ་ལམ་འཛུགས་ཐབས་བྱེད་པ་དང་། དེ་ནི་རྒྱལ་སྤྱིའི་ཁྲིམས་དང་མཐུན་པ་ཞིག་ཡིན་པའི་ཡིད་ཆེས་བྱེད་བཞིན་ཡོད་པར་བསྒྲགས་འདུག རྩ་བའི་ཕྱི་ལོ་ ༢༠༡༧ ལོར་ཚོགས་པའི་རྒྱུད་གཅིག་ལམ་གཅིག་གི་ཚོགས་འདུ་ཐེངས་དང་པོའི་ཐོག་རྒྱ་གར་དང་འབྲུག་ཡུལ་མ་མཏོགས། རྒྱ་ནག་གི་ཁྱིམ་མཚེས་རྒྱལ་ཁབ་ཡོངས་རྫོགས་ཚོགས་འདུར་ཞུགས་ཡོད་པ་དང་། ཐེངས་འདིའི་ཚོགས་འདུ་དེ་ Sri Lanka དང་  Maldives དེ་བཞིན་པ་ཀི་ས་ཐན་སོགས་སུ་སྲིད་བྱུས་འདི་དང་འབྲེལ་བའི་རྙོག་གླེང་གི་རིགས་འགའ་རེ་ཡོད་པའི་དུས་བབ་དང་འཁེལ་གྱི་ཡོད་པ་མ་ཟད། རྒྱ་གར་གྱི་ངོས་ནས་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་སྲིད་བྱུས་དེ་ནི་རྒྱ་ནག་གི་མི་སེར་སྤེལ་བའི་སྲིད་བྱུས་གསར་པ་ཤིག་ཡིན་པར་འགྲེལ་བརྗོད་བྱས་ཡོད་པ་རེད།

རྒྱ་ནག་ནང་ཆེས་ཇེ་སྡུག་ཏུ་འགྲོ་བཞིན་པའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་གནོན་ཤུགས་སྤྲོད་དགོས།

རིང་མིན་ཟླ་ ༤ ཚེས་ ༩ ཉིན་ཡོ་རོབ་གྲོང་ཁྱེར་ Brussels ནང་དུ་ཡོ་རོབ་མཐུན་ཚོགས་དང་རྒྱ་ནག་གཉིས་དབར་ཆེས་མཐོའི་ལྷན་ཚོགས་ཤིག་འཚོགས་ལ་ཉེ་བ་དང་བསྟུན། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་ནས་རྒྱལ་ཁབ་གཉིས་དབར་གྱི་ཆེས་མཐོའི་ལྷན་ཚོགས་ཐོག་མཐུན་ཚོགས་ཀྱི་འགོ་ཁྲིད་ནས་རྒྱ་ནག་ནང་ཆེས་ཇེ་སྡུག་ཏུ་འགྲོ་བཞིན་པའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་གནོན་ཤུགས་སྤྲོད་དགོས་ཞེས་གསུངས་འདུག ཁ་སང་ཚེས་ ༤ ཉིན་ཨ་རིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་དྲྭ་གནས་ཐོག་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པ་དང་། རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ། དེ་བཞིན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གནའ་འབྲེལ་ཚོགས་པ། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཞབས་ཞུ་ཁང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་བཅས་ཚོགས་པ་ལྔ་པོ་མཉམ་སྦྲེལ་གྱིས་ཡོ་རོབ་མཐུན་ཚོགས་ཀྱི་འགོ་ཁྲིད་ནས་རྒྱ་ནག་ནང་ཆེས་ཇེ་སྡུག་ཏུ་འགྲོ་བཞིན་པའི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དག་ཛ་དྲག་གི་ཐོག་ནས་གླེང་དགོས་པའི་ཞུ་སྐུལ་གྱི་གསར་འགོད་གསལ་བསྒྲགས་གནང་ཡོད་པ་རེད། ཡོ་རོབ་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་ངེས་སྟོན་པ་ལྕམ་ Lotte leicht ལགས་ཀྱིས་ལྷན་ཚོགས་དེ་ནི་ཡོ་རོབ་མཐུན་ཚོགས་ལ་རྒྱ་ནག་གི་འགོ་ཁྲིད་ཚོ་དང་ལྷན་དུ་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གླེང་སློང་གནང་རྒྱུའི་གོ་སྐབས་གལ་ཆེན་ཞིག་ཡིན་པ་དང་འབྲེལ། ཡོ་རོབ་མཐུན་ཚོགས་དང་དེ་གའི་ཚོགས་མི་ནས་ཡོངས་བསྒྲགས་ཐོག་འགྲོ་བ་མིའི་ཐོབ་ཐང་གི་ལས་འགུལ་བ་ཚོར་རྒྱབ་སྐྱོར་གནང་གི་ཡིན་ཞེས་གུངས་ཡོད་པ་ལྟར། མཐུན་ཚོགས་ནས་དེ་སྔ་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཐད་ཁས་ལེན་དམ་བཅའ་གནང་བ་ལག་ལེན་དོན་འཁྱོལ་ཡོང་མིན་ད་རེས་དངོས་སུ་མངོན་རྒྱུ་ཡིན་པ་གསུངས་འདུག རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཞབས་ཞུ་ཁང་གི་ངེས་སྟོན་པ་སྐུ་ཞབས་ Phil Lynch ལགས་ཀྱིས་ཡོ་རོབ་མཐུན་ཚོགས་ནས་བོད་མིའི་སྐད་ཡིག་ལས་འགུལ་བ་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་གཙོས་པའི་ཡུ་གུར་མི་རིགས་ཀྱི་རང་དབང་འཐབ་རྩོད་པ་ཨི་ཧམ་ཊོ་ཐི་ལགས་དང་། འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་ Wang Quanzhang ལགས་དང་། 64Tianwang གསར་ཁང་གསར་འཛུགས་གནང་མཁན་ Huang Qi  ལགས་སོགས་ཀྱི་བློ་ཁོག་ལ་ཡི་རངས་བསྔགས་བརྗོད་གནང་ཐོག་ཁོང་རྣམས་འཕྲལ་མར་གློད་བཀྲོལ་དགོས་པའི་རེ་སྐུལ་ཞུས་འདུག རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་ཤར་ཨེ་ཤ་ཡའི་ཉམས་ཞིབ་ཁང་གི་ངེས་སྟོན་པ་ལྕམ་ Roseanne Rife ལགས་ཀྱིས་ཡོ་རོབ་མཐུན་ཚོགས་ཀྱི་འགོ་ཁྲིད་རྣམས་ནས་ད་བར་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དུ་འགྲོ་བཞིན་པ་མཚམས་འཇོག་སླད་ལས་དོན་ཤུགས་ཆེ་གང་ཡང་སྤེལ་གནང་མེད་སྟབས། མཐུན་ཚོགས་ནས་དེ་འབྲེལ་གནས་སྟངས་གོང་མཐོར་སླད་རྒྱ་ནག་གི་འགོ་ཁྲིད་ཚོ་དང་ལྷན་དུ་ཆེས་ཛ་དྲག་གི་རྣམ་པའི་ཐོག་ནས་གླེང་སློང་གནང་དགོས་པ་གསུངས་འདུག བསྒྲགས་གཏམ་དེའི་ནང་ཉེ་ལམ་གྲུབ་ཟིན་པའི་ཡོ་རོབ་མཐུན་ཚོགས་དང་རྒྱ་ནག་དབར་གྱི་གྲོས་མོལ་ཐེངས་ ༣༧ པའི་སྐབས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐད་གླེང་སློང་བྱུང་ཡང་དེ་སླར་ཡང་ཛ་དྲག་དང་ཐུགས་ཚབས་ཆེན་པོའི་སྒོ་ནས་གླེང་དགོས་པ་དང་ཆབས་ཅིག་ཏུ་ཤིན་ཅང་ནང་ཆབ་སྲིད་སློབ་གསོ་བསྟི་གནས་ཁང་བཙུགས་པ་རྣམས་སྒོ་བརྒྱབ་དགོས་པ་དང་ལྷག་དོན་རྒྱ་གཞུང་དང་ལྟ་སྤྱོད་མི་མཐུན་མཁན་གྱི་ཆབ་སྲིད་བཙོན་པ་རྣམས་གློད་བཀྲོལ་དགོས་པ་གསུངས་ཡོད་པ་རེད། དེ་བཞིན་ཚོགས་པ་དེ་དག་གིས་ལྷན་ཚོགས་དེ་མ་འཚོགས་བར་ཡོ་རོབ་མཐུན་ཚོགས་ཀྱི་འགོ་ཁྲིད་དང་རྒྱ་གཞུང་གི་འགོ་ཁྲིད་བར་ཚོགས་འདུ་སྐབས་སུ་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གླེང་སློང་བྱེད་རྒྱུའི་གོ་སྐབས་མང་པོ་ཡོད་ཀྱང་། ཡོ་རོབ་མཐུན་ཚོགས་ཀྱི་ཕྱི་འབྲེལ་དང་བདེ་འཇགས་ལྷན་ཁང་གི་གཙོ་འཛིན་གཞོན་པ་ལྕམ་ Federica Mogherini ལགས་དང་ཕ་རན་སི་སྲིད་འཛིན་སྐུ་ཞབས་  Emmanuel Macron མཆོག དེ་བཞིན་འཇར་མ་ནི་སྲིད་བློན་ལྕམ་ Angela Merkel མཆོག ཡོ་རོབ་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་ Jean-Claude Juncker ལགས་བཅས་ནས་དེ་ལྟར་གླེང་སློང་གནང་མེད་པ་གསུངས་འདུག གཞི་རྩའི་ཟླ་བ་ ༣ ཚེས་ ༡༣ ཉིན་ཚོགས་པ་ལྔས་ཡོ་རོབ་མཐུན་ཚོགས་དང་མཐུན་ཚོགས་ཀྱི་ཕྱི་སྲིད་སྐུ་ཚབ་རྣམས་ལ་ཞུ་སྙན་ཞིག་ཕུལ་འདུག་པ་དང་། ཞུ་སྙན་དེའི་ནང་རྒྱ་གཞུང་གིས་ཊར་ཀི་ཁ་ཆེ་ཚོར་དོགས་སྲུང་ནན་པོ་བྱེད་བཞིན་པ་དང་དེ་དག་ལ་མི་སྤྱོད་ལས་འདས་པའི་མནར་གཅོད་གཏོང་བའི་སྐོར་དང་། བོད་ནང་བོད་མིར་ཆབ་སྲིད་སློབ་གསོ་སྤྲོད་རྒྱུ། ཞི་རྒོལ་གནང་མཁན་ཚོ་བཙོན་འཇུག་བྱས་པ་མ་ཟད་གར་སོང་ཆ་མེད་དུ་གྱུར་བ་སོགས་ཀྱི་གནད་དོན་ཞིབ་ཕྲ་ཕུལ་ཡོད་པ་དང་། ལྷག་པར་དུ་རྒྱལ་སྤྱིའི་རྩ་ཁྲིམས་ལ་སྣང་མེད་གཏོང་བའི་སྒོ་ནས་རྒྱལ་སྤྱིའི་སྟེང་དུ་རྒྱ་གཞུང་གིས་ཚོགས་སྡེ་ཁག་དང་གཙུག་ལག་སློབ་ཁང་སོགས་ལ་ཤུགས་རྐྱེན་ངན་པ་སྤྲོད་བཞིན་པའི་གནད་དོན་འཁོད་པའི་ཞུ་སྙན་ཡང་ཕུལ་འདུག གཞན་ཡང་རྒྱལ་སྤྱིའི་ཡུ་གུར་ཚོགས་པ་དང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གནའ་འབྲེལ་ཚོགས་པ།དེ་བཞིན་ UNPO ཞེས་རྒྱལ་ཚོགས་སུ་སྐུ་ཚབ་མེད་པའི་རྒྱལ་ཁབ་དང་མི་མང་གི་ཚོགས་པ། བྷེལ་ཇམ་དུ་གནས་བཞུགས་བོད་མི་དང་ཡུ་གུར་ཚོགས་པ། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་སོགས་མཉམ་སྦྲེལ་ཐོག་ཡོ་རོབ་མཐུན་ཚོགས་དང་རྒྱ་ནག་གཉིས་དབར་གྱི་ལྷན་ཚོགས་སྐབས་ཞི་བའི་རྔམ་སྟོན་གནང་རྒྱུའི་གསར་འགོད་གསལ་བསྒྲགས་ཤིག་གནང་ནས་ཡོ་རོབ་མཐུན་ཚོགས་ཀྱི་ངོས་ནས་རྒྱ་གཞུང་གིས་བོད་མི་གཙོས་པའི་ཡུ་གུར་མི་རིགས་དང་། ཐ་ན་རང་རྒྱལ་ཁབ་ཀྱི་མི་སེར་རྣམ་པའི་ཐོག་བྱ་སྤྱོད་སྤེལ་སྟངས་དེ་དག་ཐེར་འདོན་བྱེད་དགོས་པ་དང་སྒོས་རྒྱ་གཞུང་ནས་དེའི་མངའ་ཁོངས་སུ་ཡོད་པའི་མང་ཚོགས་ནས་རང་ཉིད་ཀྱི་རིག་གཞུང་དང་། སྐད་ཡིག དེ་བཞིན་རང་དབང་སྒོ་ནས་ཆོས་ལུགས་ལོངས་སུ་སྤྱོད་པར་གུས་བརྩི་ཞུ་དགོས་པ་མ་ཟད། བོད་མི་དང་ཡུ་གུར་ཐོག་དྲག་གནོན་བྱས་པ་དེ་དག་མཚམས་འཇོག་དང་ཆབ་སྲིད་བཙོན་པ་རྣམས་འཕྲལ་མར་གློད་བཀྲོལ་དགོས་པའི་དགོས་འདུན་ཆེད་བཏོན་གནང་འདུག

རྒྱ་ནག་གི་རྒྱབ་ཤ་དཀར་པོའི་འཁྱོག་བཤད་ལ་ལན་འདེབས།

ཁ་སང་ཕྱི་ཟླ་ ༤ ཚེས་ ༣ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་གནས་ཐོག་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་འགྲོ་བ་མིའི་ཐོབ་ཐང་ཚན་པའི་ལས་བྱེད་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས་རྒྱ་ནག་གིས་ཉེ་ཆར་འདོན་སྤེལ་བྱས་པའི་རྒྱབ་ཤ་དཀར་པོའི་སྙན་ཐོར་དགག་ལན་རིང་པོ་ཞིག་གནང་བ་དང་འབྲེལ། དོན་ཚན་གསུམ་གྱི་ཐོག་ནས་རྒྱ་ནག་གི་འཁྱོག་བཤད་ལ་ལན་འདེབས་གནང་འདུགརྒྱ་གཞུང་གིས་བོད་ས་བཙན་བཟུང་བྱས་ཡོད་པའི་དམིགས་འབེན་ཉག་གཅིག་པོ་ནི་བོད་ཀྱི་གདོད་མའི་སྤྱི་ཚོགས་སྐབས་ཀྱི་ཞིང་བྲན་ལམ་ལུགས་དེར་རྒོལ་ཐབས་བྱས་པ་མ་ཟད། རྒྱབ་ཤ་དཀར་པོའི་སྙན་ཐོ་དེའི་ཕྱེད་ཀ་ཙམ་མམ་ལེའུ་ལྔ་པའི་ནང་ཞིང་བྲན་ལམ་ལུགས་སྐོར་ཁོ་ན་གླེང་སློང་བྱས་ཡོད་པ་གསལ་འདོན་གནང་འདུག འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས་རྒྱ་ནག་རང་གི་ཁེ་བཟང་ཆེད་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་གསལ་བསྒྲགས་དེ་ལུང་འདྲེན་བྱས་ཡོད་ཀྱང་། དོན་དངོས་སུ་ཁྲིམས་ཡིག་དེར་གསལ་བའི་སྨྲ་བརྗོད་རང་དབང་དང་འདུ་འཛོམས་རང་དབང་། དེ་བཞིན་འགྲོ་འདུག་རང་དབང་དང་ཆོས་ལུགས་རང་དབང་སོགས་ཀྱི་ཐད་ནས་རྒྱ་ནག་དམར་ཤོག་གི་དབང་སྒྱུར་འོག་བོད་ནང་གི་བོད་མི་ཚོར་ཁྲིམས་ལུགས་དེའི་ཁེ་དབང་གཅིག་ཀྱང་ལོངས་སུ་སྤྱོད་ཐུབ་ཀྱི་མེད་པ་རེད་ཅེས་གསུངས་འདུགཁོང་གིས་ད་དུང་རྒྱ་གཞུང་གིས་བོད་ནང་དགོན་སྡེ་བརྒྱ་ཆ་ ༩༧ ལྷག་རྩ་གཏོར་བཏང་ཡོད་པ་མ་ཟད་གྲྭ་བཙུན་རྣམས་དགོན་པ་ནས་ཕྱིར་ཕུད་བཏང་ནས་བརྒྱ་ཆ་ ༩༣ ཉུང་འཕྲི་བྱས་པ། དེ་བཞིན་རྒྱ་ནག་གིས་བོད་མི་ས་ཡ་གཅིག་དང་འབུམ་གཉིས་ལྷག་དམར་བསད་བཏང་ཡོད་སྟབས་རྒྱ་ནག་གིས་བོད་དུ་མང་གཙོ་བཅོས་སྒྱུར་བྱས་ཡོད་སྐོར་འཁྱོག་བཤད་བྱས་པ་དེ་ནི་དགོད་བྲོའི་གཏམ་ཁོ་ན་ཡིན་པ་གསུངས་ཡོད་པ་རེད། དེ་བཞིན་བོད་ནང་བཟོ་ལས་འཛུགས་སྐྲུན་གྱི་ལས་གཞི་རྒྱ་ཆེར་སྤེལ་བ་དེས་ས་གནས་མི་མང་གི་དཔལ་འབྱོར་གྱི་གནས་བབས་གོང་མཐོར་བཏང་ཡོད་པར་བརྗོད་བཞིན་ཡོད་ཀྱང་དོན་དངོས་ཐོག་རྒྱ་ནག་གི་བོད་ནང་གཏེར་ཁ་སྔོག་འདོན་གྱི་ལས་གཞི་རྒྱ་སྐྱེད་བྱས་ཏེ་བོད་ཀྱི་རང་བྱུང་ཁོར་ཡུག་ལ་གནོད་ཚབས་ཆེན་པོ་བཟོ་བཞིན་ཡོད་པ་དང་བོད་ནང་རང་བྱུང་ཐོན་ཁུངས་དེ་དག་གིས་རྒྱ་ནག་ལ་ཁེ་བཟང་བསྒྲུབ་ཡོད་པ་ལས་ས་གནས་ཡུལ་མིར་གོད་ཆག་ཆེན་པོ་ཕོག་ཡོད་པར་སྐྱོན་བརྗོད་གནང་འདུགགནད་དོན་དེ་དང་འབྲེལ་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་དྲུང་ཆེ་དང་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་དྭགས་པོ་བསོད་ནམས་ནོར་བུ་ལགས་སུ་བཅར་འདྲི་ཞུས་ཡོད།

མཚོ་ལྷོ་ཁུལ་དུ་གྲྭ་བཙུན་ཚོར་རྒྱལ་གཅེས་ཆོས་གཅེས་ཀྱི་འཛིན་གྲྭ་འཚོགས་བཞིན་པ།

ཁ་སང་ནས་མཚོ་ལྷོ་ཁུལ་དུ་ཕྱི་ལོ་ ༢༠༡༩ ལོའི་བོད་བརྒྱུད་ནང་བསྟན་དགོན་སྡེའི་དོ་དམ་ཁང་གི་གཙོ་འཛིན་གྱི་གསོ་སྦྱོང་འཛིན་གྲྭ་ཞེས་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་སྤེལ་བཞིན་འདུག སྤྱི་ཚོགས་དྲྭ་ལམ་ཁག་ཏུ་ཐེངས་འདིའི་གསོ་སྦྱོང་འཛིན་གྲྭ་ཞེས་པའི་ཐོག་དགོན་པའི་ལས་སྣེ་དང་བླ་མ་སོགས་བསྡུ་བསྐོང་གིས་བོད་ཀྱི་དགོན་སྡེ་ཁག་ཏུ་གྲྭ་བཙུན་ཚོར་དམར་ཤོག་སྲིད་གཞུང་ལ་དགའ་ཞེན་དང་གྲྭ་བཙུན་ཚོས་རྒྱ་ནག་དམར་ཤོག་ཚོགས་པའི་བཀའ་བཀོད་ལྟར་གཏན་འབེབས་བྱས་པའི་སྲིད་བྱུས་རྣམས་རྩ་འཛིན་གྱིས་ཆོས་ལུགས་ཁྱབ་སྤེལ་བྱེད་དགོས་ཞེས་བཙན་བཀའ་གཏོང་མུས་རེད་འདུགགསར་འགོད་པས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་བོད་གནས་ཉམས་ཞིབ་པ་པདྨ་རྒྱལ་ལགས་སུ་དེ་འབྲེལ་བཅར་འདྲི་ཞུས་པར་ཁོང་གིས་དེ་ནི་གསར་པ་གང་ཡང་མ་ཡིན་པར་ ༢༠༡༡ ལོ་ནས་བཟུང་འཐབ་ཕྱོགས་གཅིག་གྱུར་ཁང་གི་བཀོད་སྒྲིག་གི་འོག་ཞིང་ཆེན་རིམ་པར་འཚོགས་བཞིན་པའི་ནང་བསྟན་ཆོས་དོན་དགོངས་འགྲེལ་ཞེས་པའི་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་སྤེལ་ཐབས་དང་། ནང་བསྟན་ཆོས་ལུགས་དེ་རྒྱ་ནག་གི་སྟངས་འཛིན་ཡོད་པའི་ཆབ་སྲིད་ཀྱི་ངོ་བོར་བསྒྱུར་ཐབས་ཤིག་ཡིན་པར་ངོ་སྤྲོད་གནང་སོང་། རྩ་བའི་གསོ་སྦྱོང་འཛིན་གྲྭ་ཟེར་བ་དེ་ནི་རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ཁང་གི་བཀོད་སྒྲིག་འོག་བོད་ཁུལ་གྱི་དགོན་སྡེ་ཁག་གི་སྲོལ་རྒྱུན་གྱི་ཆོས་ལུགས་ཀྱི་གནང་སྒོ་དེའང་རྒྱ་ནག་གི་སྤྱི་ཚོགས་རང་ལུགས་ཀྱི་ཁྱད་ཆོས་ལྡན་པའི་ངོ་བོ་དང་འཚམ་པོར་བསྒྱུར་རྒྱུ་ཞེས་པའི་དྲིལ་བསྒྲགས་ཀྱི་ཆ་ཤས་ཡིན་པ་མ་ཟད། མཚོ་སྔོན་གྱི་ཁུལ་ཙམ་མ་ཡིན་པར་འདས་པའི་ལོ་ངོ་བརྒྱད་ཀྱི་ནང་བོད་ཁུལ་གྱི་ཞིང་ཆེན་རིམ་པ་དང་ཁུལ་རིམ་པའི་དགོན་པ་མང་པོ་ཞིག་ལ་ཚོགས་འདུ་ཆེད་བསྐོང་གིས་ནང་བསྟན་ཆོས་དོན་དགོངས་འགྲེལ་ཞེས་པའི་སྲིད་གཞུང་གི་གྲོས་ཆོད་དེ་དག་ཆེད་སྤེལ་གྱིས་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་སྤེལ་ནས་བོད་བརྒྱུད་ནང་བསྟན་དེ་རྒྱ་ནག་གི་དབང་ཚད་ཡོད་པའི་བཀོད་སྒྲིག་གི་ངོ་བོར་སྒྱུར་བཞིན་པ་རེད།

བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་གློད་བཀྲོལ་གཏོང་དགོས།  

ཕྱི་ཟླ་ ༤ ཚེས་ ༡ དང་ ༢ བཅས་ཉིན་གྲངས་གཉིས་ཀྱི་རིང་ཡོ་རོབ་ Brussels གྲོང་ཁྱེར་ནང་ཡོ་རོབ་མཐུན་ཚོགས་དང་རྒྱ་ནག་དབར་གྱི་འགྲོ་བ་མིའི་ཐོབ་ཐང་གི་གྲོས་མོལ་ཐེངས་ ༣༧ པ་དེ་ཚོགས་པ་དང་སྦྲགས། ཡོ་རོབ་མཐུན་ཚོགས་ཀྱིས་བོད་དང་ཤིན་ཅང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་གླེང་སློང་དང་བོད་ཀྱི་ཆབ་སྲིད་བཙོན་པ་གཙོ་གྱུར་ཡུ་གུར་དང་རྒྱ་རིགས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་གནང་མཁན་རྣམས་ཀྱི་མཚན་མངོན་གསལ་གྱིས་དེ་དག་གློད་བཀྲོལ་གཏོང་དགོས་པའི་ཞུ་སྐུལ་གནང་འདུག ཁ་སང་ཚེས་ ༢ ཉིན་ཡོ་རོབ་མཐུན་ཚོགས་ཀྱིས་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་བའི་ནང་ཉིན་གཉིས་ཀྱི་རིང་གྲོས་མོལ་གནང་བ་བརྒྱུད་ཡོ་རོབ་མཐུན་ཚོགས་དང་རྒྱ་ནག་དབར་བྱིས་པའི་ཐོབ་ཐང་དང་། ཚོང་ལས། འགྲོ་བ་མིའི་ཐོབ་ཐང་། འཇིགས་སྐུལ་བ་འགོག་ཐབས་སོགས་ཀྱི་གནད་དོན་ཐད་གླེང་སློང་གནང་ཡོད་པ་བཀོད་འདུག  གྲོས་མོལ་དེའི་ཐོག་རྒྱ་གཞུང་གི་སྐུ་ཚབ་ཀྱིས་རྒྱ་ནག་ནང་དཔལ་འབྱོར་ཡར་རྒྱས་འགྲོ་ལུགས་དང་། སྤྱི་ཚོགས་ཀྱི་ཐོབ་ཐང་། མང་ཚོགས་ཁྲོད་ལས་མེད་དང་དབུལ་ཕོངས་དཀའ་ངལ་གཙང་སེལ། སྤྱི་ཚོགས་སྲུང་སྐྱོབ་བཅས་ཀྱི་སྐོར་འགྲེལ་བརྗོད་བྱས་པ་དེ་ལྟར་ཡང། ཡོ་རོབ་མཐུན་ཚོགས་ཀྱིས་རྒྱ་གཞུང་ནས་དེ་འབྲེལ་ཆབ་སྲིད་དང་མང་ཚོགས་དཀྱུས་མའི་ཐོབ་ཐང་གོང་མཐོར་དང་རྒྱ་གཞུང་ནས་ཕྱི་ལོ་ ༡༩༩༨ ལོར་མང་ཚོགས་དང་ཆབ་སྲིད་ཀྱི་ཐོབ་ཐང་ཐད་རྒྱལ་སྤྱིའི་ཁྲིམས་ལ་མཚན་རྟགས་བཀོད་དོན་ལྟར་ངེས་པར་དུ་ལག་བསྟར་བྱེད་དགོས་པ་གསུངས་འདུག ཡོ་རོབ་མཐུན་ཚོགས་ནས་རྒྱ་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་གནང་མཁན་དང་།  ཁྲིམས་རྩོད་པ་འཛིན་བཟུང་བྱས་པ་རྣམས་ཀྱི་གནད་དོན་རེ་རེ་བཞིན་གླེང་སློང་གནང་ཐོག་དེ་དག་འཕྲལ་མར་གློད་བཀྲོལ་གཏོང་དགོས་པ་བརྗོད་འདུག་པ་མ་ཟད། ལྷག་དོན་བོད་མིའི་སྐད་ཡིག་ལས་འགུལ་བ་བཀྲ་ཤིས་དབང་ཕྱུག་ལགས་དང་བོད་མིའི་ལས་འགུལ་བ་དང་ཆོས་ཕྱོགས་ཀྱི་མི་སྣ་བློ་བཟང་དར་རྒྱས་ལགས་རྣམ་གཉིས་ཀྱི་མཚན་འདོན་གནང་བ་དང་། དེ་བཞིན་ཡོ་རོབ་མི་སེར་ཡིན་པ་ Gui Minhai ལགས་དང་ཡུ་གུར་མི་སེར་ཨི་ལམ་ཀྲོ་ཐི་ལགས་གཙོ་གྱུར་ཆབ་སྲིད་བཙོན་པ་ ༦ གི་མཚན་འདོན་དང་། ཆོས་དད་དང་འབྲེལ་རྒྱ་རིགས་ཀྱི་ཡི་ཤུ་སློབ་དཔོན་ Zhang Shaojie ལགས་གཙོས་བཙོན་པ་གསུམ་དང་། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་གནང་མཁན་དང་ཁྲིམས་རྩོད་པ་ Wang Quanzhang ལགས་གཙོས་བཙོན་པ་བདུན།  སྒོས་དེ་འབྲེལ་བཙོན་དུ་ཡོད་པའི་མི་ ༢༧ ལྷག་གི་མཚན་འདོན་གནང་ཐོག་དེ་དག་ལ་རང་གི་འདོད་མོས་བཞིན་ཁྲིམས་རྩོད་པ་བདམ་ཆོག་པའི་ཐོབ་ཐང་དང།  ནང་མི་སྤུན་མཆེད་དང་ཐུག་འཕྲད་གནང་རྒྱུ། དེ་བཞིན་སྨན་གཏུག་དང་སྨན་བཅོས་ཀྱི་མཐུན་རྐྱེན་སྦྱོར་དགོས་པ། བཙོན་ནང་དྲག་གནོན་དང་སྡུག་རྩུབ་མནར་གཅོད་ཐད་ཞིབ་འཇུག་གནང་དགོས་པའི་ཞུ་སྐུལ་གནང་བ་དང་ཆབས་ཅིག ད་ཆ་རྒྱ་ནག་གི་བཙོན་ནང་ཡོད་པའི་ཁེ་ན་ཌའི་མི་སེར་ཡིན་པ་ Michael Kovrig ལགས་དང་ Michael Spavor ལགས། དེ་བཞིན་ Robert Schellenberg ལགས་བཅས་ཀྱི་གནད་དོན་སླར་ཡང་གླེང་འདུག

བོད་རང་བཙན་ཡིན་པའི་ལོ་རྒྱུས་ཁུངས་སྐྱེལ་གྱི་དཔེ་དེབ་དབུ་འབྱེད།

དེ་རིང་སྔ་དྲོ་ཚོུད་ ༡༠ སྟེང་དྷ་ས་གངས་སྐྱིད་དུ་རྟེན་གཞི་བྱས་པའི་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ་བོད་ཀྱི་ཆབ་སྲིད་བཙོན་ཟུར་དང་བོད་དོན་ལས་འགུལ་བ་དགའ་ལྡན་གྲྭ་བག་གྲོ་ལགས་ཀྱིས་བོད་བོད་ཡུལ་ན་སྐྱིད། རྒྱ་རྒྱ་ཡུལ་ན་སྐྱིད་ཅེས་པའི་ཁོང་གི་བརྩམས་ཆོས་བཅོ་ལྔ་པ་བོད་རང་བཙན་ཁུངས་སྐྱེལ་གྱི་ལོ་རྒྱུས་དཔེ་དེབ་ཅིག་དབུ་འབྱེད་གནང་སོང་།དཔེ་དེབ་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་གཙོས་པའི་བཞུགས་སྒར་ཁུལ་གྱི་ཚོགས་སྐྱིད་ཁག་གི་སྐུ་ཚབ་རྣམ་པ། དེ་བཞིན་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་བ་ཁག་ཅིག གསར་འགོད་པ་བཅས་མི་སུམ་ཅུ་ལྷག་འདུ་འཛོམས་གནང་ཡོད་པ་རེད།སྐབས་དེར་ཆབ་སྲིད་བཙོན་ཟུར་རྩོམ་པ་པོ་གྲྭ་བག་གྲོ་ལགས་ཀྱིས་རང་ཉིད་བོད་ཀྱི་འཐབ་རྩོད་ཁྲོད་ཇི་ལྟར་ཞུགས་པའི་ལོ་རྒྱུས་དང་འབྲེལ་ནས་རྒྱ་ནག་གིས་བོད་ཀྱི་ལོ་རྒྱུས་ལ་འཁྱོག་བཤད་དུ་མ་བྱས་ཡོད་པར་བརྟེན་ཁོང་གིས་འདས་པའི་མི་ལོ་གསུམ་གྱི་ནང་དཀའ་བ་ཁྱད་དུ་བསད་ནས་ལོ་རྒྱུས་ཀྱི་རྒྱུ་ཆ་ཕྱོགས་སྒྲིག་གནང་སྟེ་བོད་རང་བཙན་ཁུངས་སྐྱེལ་གྱི་ཕྱག་དེབ་དེ་བརྩམས་སྐོར་འགྲེལ་གསུངས་སོང་། སྔ་ལོར་རང་ཉིད་ཀྱི་མི་ཚེ་ནང་གི་དམ་བཅའ་གལ་ཆེན་ཞིག་བསྒྲུབས་ཡོད་སྟབས་སང་ཉིན་ཤི་ཡང་གནོང་འགྱོད་ཅི་ཡང་མེད་ཅེས་དཔེ་དེབ་དེ་ངོ་སྤྲོད་གནང་ཡོད། ཚོགས་གཙོ་མཆོག་གིས་གྲྭ་བག་གྲོ་ལགས་ཀྱིས་དུས་རྟག་ཏུ་བོད་དོན་ཆེད་དུ་ཕྱག་ལས་རྒྱ་ཆེར་གནང་བཞིན་པར་བསྔགས་བརྗོད་གནང་བ་དང་སྦྲགས། ཁོང་གི་དཔེ་དེབ་བོད་བོད་ཡུལ་ན་སྐྱིད། རྒྱ་རྒྱ་ཡུལ་ན་སྐྱིད་ཅེས་པ་འདི་མ་འོངས་པར་དྲི་བ་དྲིས་ལན་གྱི་ངོ་བོར་པར་བསྐྲུན་ཞུས་ནས་བོད་ཀྱི་བྱིས་པ་ཚོར་ངོ་སྤྲོད་གནང་ཐུབ་ཚེ་དགེ་མཚན་ཆེ་བ་ཡོད་པ་གསུངས་སོང་།རྩ་བའི་གྲྭ་བག་གྲོ་ལགས་ནི་ལོ་རབས་བདུན་ཅུ་བར་ལྷ་ས་གྲོང་ཁྱེར་གྱི་སྟག་རྩེ་རྫོང་ཁོངས་སུ་འཁྲུངས་ཤིང་། ཕྱིས་སུ་དགའ་ལྡན་དགོན་པར་ཆོས་ཞུགས་གནང་ནས་གྱ་བརྒྱད་ལོར་བོད་ལ་རང་བཙན་དགོས་པའི་རྔམ་སྟོན་ཁྲོམ་སྐོར་ནང་ཞུགས་པར་བརྟེན་རྒྱ་ནག་གིས་འཛིན་བཟུང་བཙོན་འཇུག་བྱས་ཡོད་ཀྱང་། རྗེས་སུ་གློད་བཀྲོལ་ཐོབ་རྗེས་གོ་གཅིག་ལོར་བཙན་བྱོལ་དུ་འབྱོར་ཡོད་པ་རེད། ༸རྒྱལ་བའི་བཀའ་མངགས་ལྟར་བོད་ནང་གི་དངོས་ཡོད་དྲག་གནོན་མཚོན་པར་བྱེད་པའི་རྩོམ་སྒྲིག་གི་ལས་ལ་ཞུགས་ཏེ་འཛམ་གླིང་སྟེང་གི་དམྱལ་བ་དང་། བོད་རྒྱ་ནག་གི་བཙོན་ར་སོགས་ཀྱི་མཚོན་པའི་དཔེ་དེབ་བཅོ་ལྔ་པར་རྩོམ་སྒྲིག་དང་པར་བསྐྲུན་གནང་ཡོད།  དེ་རིང་དབུ་འབྱེད་གནང་བའི་དཔེ་དེབ་དེ་ནི་བོད་ཀྱི་ལོ་རྒྱུས་ཀྱི་ཡིག་ཆ་དང་པར་རིས་འཚོལ་ཞིབ་གནང་བ་བརྒྱུད་ནས་རྒྱ་ནག་གིས་བོད་ཀྱི་དངོས་ཡོད་ལོ་རྒྱུས་ལ་འཁྱོག་བཤད་བྱས་ཏེ་འཛམ་གླིང་གི་མི་མང་ལ་བསླུ་བྲིད་གཏོང་བཞིན་པ་དེར་དགག་ལན་དང་། བོད་དེ་ལོ་རྒྱུས་ཀྱི་ཐོག་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པ་ཁུངས་སྐྱེལ་གནང་བའི་དཔེ་དེབ་ཅིག་རེད།

རྒྱ་གཞུང་གིས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པར་གནོན་ཤུགས་སྤྲོད་ཐབས།

ཉེ་སྔོན་ཕྱི་ཟླ་གསུམ་པའི་ནང་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༤༠ སྐབས་རྒྱ་ནག་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ལྷན་ཚོགས་དང་ཚོགས་ཞུགས་ཀྱི་སྐུ་ཚབ་མི་སྣ་སོགས་ལ་ཕྱོགས་ཡོངས་ནས་གནོན་ཤུགས་སྤྲད་ནས་རྒྱ་ནག་་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གྱི་གནས་བབས་དེར་གླེང་སློང་མི་ཡོང་བའི་ཐབས་ཤེས་བྱས་ཡོད་པ་མངོན་གསལ་གནང་ཡོད།ཁ་སང་ཨ་རིར་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་ཉེ་སྔོན་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་དེའི་ཐོག་རྒྱ་ནག་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མིའི་རྒྱལ་ཁབ་ཁག་གི་སྐུ་ཚབ་མི་སྣ་རྣམས་ལ་ཡི་གེ་ཞིག་ཕུལ་ཡོད་པ་ལྟ་ཞིབ་ཚོགས་པར་ལག་སོན་བྱུང་བ་དང་། དེ་བཞིན་ལྷན་ཚོགས་ཐོག་རྒྱ་གཞུང་གི་སྐུ་ཚབ་མི་སྣ་མང་པོ་ཆེད་བཅར་གྱིས་གནོད་ཤུསག་སྤྲད་དེ་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབས་ཐད་སྐྱོན་བརྗོད་གནང་མི་ཆོག་པར་བསྔགས་བརྗོད་བྱེད་དགོས་བའི་ངན་སྐུལ་བྱས་ཡོད་པ་སོགས་མངོན་གསལ་གནང་འདུག རྒྱ་ནག་གཞུང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ཁག་གི་མི་སྣ་རྣམས་ལ་གནོན་ཤུགས་སྤྲོད་ཐབས་སུ་ཕུལ་བའི་ཡི་གེའི་ནང་རྒྱལ་ཚོགས་ཀྱི་ཚོགས་ཞུགས་སྐུ་ཚབ་རྣམས་ལ་ཕྱོགས་གཉིས་ཀྱི་རྒྱལ་ཁབ་ཀྱི་འབྲེལ་ལམ་དང་། དེ་བཞིན་ཕྱོགས་ཡོངས་ཀྱི་མཉམ་འབྲེལ་གཙོར་འཛིན་གྱི་ཐོག་ནས་དོ་ཕོག་འགྲོ་སྲིད་པ་དང།  ཁེ་ན་ཊ་དང་ཨ་རི་སོགས་ཀྱིས་ཕྱི་ཚེས་ ༡༣ ཉིན་རྒྱ་ནག་ནང་གི་ཡུ་གུར་མི་སེར་གྱི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གྱི་གནས་བབས་ཚོགས་འདུ་གཙོ་གྱུར་ལྷན་ཚོགས་སྤྱི་ཡོངས་ཐོག་འཛུལ་ཞུགས་དང་རྒྱབ་སྐྱོར་མི་བྱེད་པའི་ངན་སྐུལ་དང་ཉེན་བརྡ་བཏང་ཡོད་པ་གསལ་འདོན་བྱས་འདུགརྒྱལ་ཚོགས་ཀྱི་ཚོགས་མི་སྐུ་ཚབ་རྣམས་ལ་དོན་ཚན་དགུའི་ཐོག་ནས་སྤྲད་པའི་ཞུ་ཡིག་ནང་རྒྱལ་ཚོགས་ཀྱིས་ལས་བྱེད་པ་རྣམས་ནས་དེ་སྔོན་རྒྱ་ནག་གི་དུས་བཀག་བསྐྱར་ཞིབ་སྐབས་ཚོགས་པ་ཁག་གིས་ཕུལ་བའི་སྙན་ཐོ་རྣམས་ཕྱིར་བསྡུ་བྱེད་དགོས་པ། དེ་བཞིན་རྒྱལ་ཚོགས་ཀྱིས་ཚོགས་མི་རྣམས་ནས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་བསྟོད་བསྔགས་གཏོང་དགོས་པ། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐོག་ཡུ་གུར་ས་ཁུལ་གྱི་པར་རིས་འགྲེམས་སྟོན་བྱས་ཏེ་ཡུ་གུར་མི་མང་རྒྱ་ནག་གི་སྲིད་གཞུང་གི་འོག་ཏུ་བདེ་སྐྱིད་ཀྱི་འཚོ་བར་རོལ་བཞིན་པ་མངོན་གསལ་བྱེད་ཐབས་སོགས་དངོས་ཤུགས་བརྒྱུད་གསུམ་གྱི་ཐོག་ནས་གནོན་ཤུགས་སྤྲད་པ་དག་ཐེར་འདོན་གནང་ཡོད་པ་རེད། འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་ Geneva སྡེ་ཚན་གྱི་ངེས་སྟོན་པ་John Fisher ལགས་ཀྱིས་རྒྱ་ནག་གིས་ལོ་ངོ་དུ་མའི་རིང་ལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐང་ཚོགས་པའི་རྩ་བའི་གྲུབ་ཆ་དེར་གནོན་སྐྱོན་བཟོས་ནས་ནུས་བ་ཇེ་ཞན་དུ་གཏོང་ཐབས་བྱེད་བཞིན་ཡོདཔ་གསལ་འདོན་གནང་ཡོད་པ་དང་། དེ་བཞིན་རྒྱ་ནག་གིས་ཡུ་གུར་མི་རིགས་ལ་དྲག་གནོན་བྱེད་བཞིན་པའི་གནས་སྟངས་དེར་རྒྱལ་སྤྱིའི་སྒང་ནས་གླེང་སློང་མང་པོ་འབྱུང་བཞིན་པར་བརྟེན་རྒྱ་ནག་སྲིད་གཞུང་ད་ཆ་འཇིགས་དངངས་ཀྱི་གནས་བབས་ཤིག་ཏུ་ལྷག་ཡོད་སྟབས་མང་ཚོགས་ཡོངས་དང་མི་སྒེར་སོགས་ཚང་མར་གནོན་ཤུགས་སྤྲད་ནས་རྒྱལ་སྤྱིའི་སྟེང་གནས་དོན་དེའི་ཐད་ཐེ་གཏོགས་མི་ཡོང་བའི་ཐབས་ཤེས་གཏོང་བཞིན་ཡོད་པར་བསྒྲགས་འདུགརྒྱ་ནག་གིས་ཐབས་བརྒྱ་ཇུས་སྟོང་གིས་ཡུ་གུར་མི་མང་གི་ཐོབ་ཐང་ལ་དྲག་གནོན་བྱེད་བཞིན་པར་སྐྱོན་བརྗོད་ཡོད་ཚད་འགོག་ཐབས་བྱེད་ཡོད་ཀྱང་ཉེ་ཆར་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐོག་རྒྱལ་སྤྱིའི་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་དང་། ལྷག་པར་དུ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གཙོ་འཛིན་གཙོས་ཆེད་མཁས་པ་རྣམས་ཀྱིས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གྱི་གནས་བབས་དེར་སྐྱོན་བརྗོད་དྲག་པོ་བྱེད་པ་དང་འབྲེལ། འཕྲལ་དུ་རང་དབང་ལྡན་པའི་རྟོག་ཞིབ་རུ་ཁག་རྣམས་བཀག་རྒྱ་མེད་པར་ཤིན་ཅང་ནང་ས་ཁུལ་དུ་བསྐྱོད་དུ་འཇུག་དགོས་པའི་འབོད་སྐུལ་གནང་ཡོད་པ་རེད། རིང་མིན་འཚོགས་ལ་ཉེ་བའི་ཕྱི་ཟླ་དྲུག་པའི་ནང་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་ཐེངས་ ༤༡ པའི་སྐབས་རྒྱལ་སྤྱིའི་སྲིད་གཞུང་ཡོངས་ཀྱིས་རྒྱ་ནག་གི་འགྲོ་བ་མིའིཐོབ་ཐང་གི་གནས་སྟངས་དེ་རྒྱལ་སྤྱིའི་ནང་ཚད་དང་ལྡན་པ་བཟོ་དགོས་བའི་ཞུ་སྐུལ་གནང་ཡོད་པ་གསུངས་འདུག

 Royal Court འཁྲབ་སྟོན་ཁང་ནས་ཕ་ལྷའི་འཁྲབ་གཞུང་དང་འབྲེལ་བའི་བསྒྲགས་གཏམ་སྤེལ་བ།  

དབྱིན་ཡུལ་དུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་སྒྱུ་རྩལ་བའི་སྤྱི་ཚོགས་དང་འབྲེལ་བརྗོད་གཞི་འདྲ་མིན་ཐད་གློག་བརྙན་དང་འཁྲབ་གཞུང་རིགས་གཟིགས་འབུལ་གནང་ཡུལ་ Royal Court འཁྲབ་སྟོན་ཁང་ནས་ཕྱི་ལོ་ ༢༠༠༨ ལོའི་བོད་ནང་ཞི་རྒོལ་སྐད་འབོད་བྱུང་བའི་དངོས་བྱུང་ལ་གཞིར་བཞག་པའི་ཕ་ལྷའི་འཁྲབ་གཞུང་ནང་འཁྲབ་སྟོན་པ་བོད་མི་སྐུ་ཚབ་མེད་པར་བློ་ཕམ་ཡོད་པ་བརྗོད་པ་དང་འབྲེལ་བའི་བསྒྲགས་གཏམ་ཞིག་སྤེལ་འདུག ཁ་སང་ཕྱི་ཚེས་ ༢༨ ཉིན་རོ་ཡལ་ཀོཊ་འཁྲབ་སྟོན་ཁང་གི་དྲྭ་གནས་ཐོག་བསྒྲགས་གཏམ་ཞིག་སྤེལ་བའི་ནང་ཕ་ལྷའི་འཁྲབ་གཞུང་ཐོག་ལས་དོན་འགོ་འཛུགས་སྐབས་བོད་མི་འཁྲབ་སྟོན་པ་དང་ལྷན་དུ་དེ་དོན་ཕྱག་ལས་གནང་བར་དགའ་སྣང་བྱུང་ཡང་རིམ་པས་ལས་དོན་དེ་དག་དམིགས་ཡུལ་གཞིར་བཟུང་གནང་མ་ཐུབ་པར་བློ་ཕམ་ཡོད་ཅེས་བརྗོད་འདུགགཞི་རྩའི་འཁྲབ་སྟོན་ཁང་ནས་འཁྲབ་གཞུང་སླད་འདས་ལོའི་ཟླ་ ༡༢ ནང་འཁྲབ་སྟོན་པ་བསྡུ་བསྐོང་གི་ཡོངས་བསྒྲགས་གནང་བ་དང་། སྐབས་དེར་བོད་མི་འཁྲབ་སྟོན་པ་ཁག་གཅིག་ཚོད་རྒྱུགས་སླད་ཕེབས་ཀྱང་འཁྲབ་སྟོན་གྱི་ཚོད་རྒྱུགས་དངོས་གཞི་དེ་ཟླ་ ༡ པོའི་ནང་གནང་རྒྱུ་ཡིན་ཞེས་བརྗོད་དེ་ཟླ་བ་ ༣ པ་བར་འབྲེལ་ལམ་རྩ་བ་ནས་ཞུས་མེད་པ་རེད། མཐར་འཁྲབ་གཞུང་དེའི་སླད་འཁྲབ་སྟོན་པ་ཡོངས་རྫོགས་ཤར་ཨེ་ཤ་ཡའི་མི་རིགས་བདམས་ཡོད་སྟབས། བོད་མི་དོན་གཉེར་བ་རྣམས་ནས་འཕྲུལ་སྒྲ་དང་ངོ་དེབ་བརྒྱུད་ཕ་ལྷའི་འཁྲབ་གཞུང་ནང་བོད་མི་སྐུ་ཚབ་གཅིག་ཀྱང་མེད་པར་སྐྱོན་བརྗོད་ཤུགས་ཆེ་གནང་བ་དང་། ཉིན་ཤས་རྗེས་འཁྲབ་སྟོན་ཁང་ནས་བོད་མི་དོན་གཉེར་བ་ཁག་གཅིག་དང་དབྱིན་ཡུལ་བོད་རིགས་ཚོགས་པའི་འཐུས་ཚབ་དང་ཐུག་འཕྲད་ཀྱིས་དེ་དོན་གྲོས་བསྡུར་བྱུང་བར་བརྟེན་ད་ཆ་འཁྲབ་གཞུང་དེའི་ཆ་ཤས་སུ་བོད་མི་ཁག་གཅིག་ནས་མཉམ་ཞུགས་གནང་གི་འདུག འཁྲབ་སྟོན་ཁང་དེས་ཕ་ལྷའི་གནད་དོན་དང་འབྲེལ་བོད་རིགས་ཚོགས་པ་ནས་དོན་རྐྱེན་དེ་དག་སེལ་སླད་མཉམ་ཞུགས་ལྷུག་པོ་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་ཆབས་ཅིག་ཏུ་འཁྲབ་གཞུང་ནང་བོད་མི་སྐུ་ཚབ་མེད་པར་བོད་མི་རྣམས་བློ་ཕམ་བྱུང་བར་དགོངས་སེལ་ཞུས་འདུག འཁྲབ་སྟོན་ཁང་ནས་གོ་སྐབས་འདི་བརྒྱུད་བོད་རིགས་ཚོགས་པ་དང་ལྷན་དུ་མ་འོངས་མདུན་བསྐྱོད་སླད་དོན་ཕན་ལྡན་པའི་ལས་དོན་གནང་རྒྱུ་དང་། ལྷག་པར་དུ་དབྱིན་ཡུལ་ནང་རྟེན་གཞི་བྱས་པའི་བོད་རིགས་ཚོགས་པ་ནས་འཁྲབ་གཞུང་གི་བརྒྱུད་རིམ་ཁྲོད་བོད་མི་ཕན་ཚུན་རྒྱབ་སྐྱོར་དང་། དེ་བཞིན་རང་ཉིད་ཀྱི་ངོ་བོ་བརྒྱུད་ལམ་འདྲ་མིན་ཐོག་ནས་རྒྱལ་སྤྱིའི་ཐོག་གཟིགས་འབུལ་ཞུ་ཐུབ་པའི་སྙིང་སྟོབས་ལ་བསྔགས་བརྗོད་ཞུས་ཡོད་པ་རེད།དེ་བཞིན་འཁྲབ་སྟོན་ཁང་ནས་ཕན་ཚུན་ཡིད་ཆེས་བསྐྱར་གསོ་སླད་རེས་གཟའ་སྤེན་པ་གཉིས་རེ་ལ་བོད་མི་ན་གཞོན་དང་དབྱིན་ཡུལ་ནང་ཡོད་པའི་བོད་མི་འཁྲབ་སྟོན་པ་རྣམས་ལ་འཁྲབ་སྟོན་དང་འབྲེལ་ཟབ་སྦྱོང་སྤྲད་རྒྱུ་དང་། རིང་མིན་ཟླ་ ༤ ཚེས་ ༢༥ ཉིན་༸པཎ་ཆེན་རིན་པོ་ཆེ་མཆོག་གི་འཁྲུངས་སྐར་དང་བསྟུན་རིག་གཞུང་འཁྲབ་སྟོན་གཟིགས་འབུལ་ཞུ་རྒྱུའི་གོ་སྐབས་གནང་རྒྱུ།  སྒོས་སུ་རོ་ཡལ་ཀོཊ་ཡི་རྩོམ་པ་པོ་ཡར་རྒྱས་ཀྱི་ལས་གཞིའི་ཁྲོད་བོད་མི་རྩོམ་པ་པོ་དང་སྒྱུ་རྩལ་བ་གདན་འདྲེན་ཞུ་རྒྱུ་དང། ལྷག་དོན་བོད་རིགས་ཚོགས་པར་མང་ཚོགས་དང་ལྷན་དུ་འཁྲབ་གཞུང་དང་འབྲེལ་གནས་ཚུལ་མཁོ་སྤྲོད་གནང་རྒྱུའི་གོ་སྐབས་གནང་རྒྱུ་ཡིན་ཞེས་བརྗོད་འདུག ཕ་ལྷའི་འཁྲབ་གཞུང་གི་སྦྱར་པར་ཐོག་བོད་པའི་བུ་མོ་ཞིག་བཙུན་མའི་ཆས་སྤྲས་པ་བཞག་ཡོད་ཀྱང་འཁྲབ་གཞུང་དངོས་ནང་བུ་མོ་དེ་མེད་པས་སྦྱར་པར་དེ་ཕྱི་ར་འཐེན་བྱས་འདུག་པ་དང། འཁྲབ་སྟོན་ཁང་དེས་ང་ཚོས་འཁྲབ་གཞུང་དེ་གཟིགས་འབུལ་ཞུ་སླད་ཀུན་སློང་གཙང་མ་ཞིག་ཡོད་ཀྱང་། ད་རེས་འཁྲབ་གཞུང་དེར་སྐུ་ཚབ་མེད་པའི་གནད་དོན་དེ་དག་འཁྲབ་སྟོན་ཁང་གི་བཀའ་མོལ་འབྲེལ་ལམ་གནང་ཕྱོགས་ནོར་རྐྱེན་བྱུང་བ་ཞིག་ཡིན་པར་བཤད་ཡོད་པ་རེད།

Latest news