Tibetan Royal Year of 2151 | Year of the Wood Dragon

བོད།

ཁམས་བྲག་མགོ་སོགས་ས་གནས་ཁག་ཅིག་ལ་མེ་འཇིག་རྐྱེན་པས་གོད་ཆག་ཆེན་པོ་བྱུང་འདུག

ཁ་སང་ཟླ་ ༢ ཚེས་ ༨ ཉིན་བོད་ནང་གི་ཉིན་དགུང་ཙམ་ལ་ཁམས་བྲག་མགོའི་ས་ཁུལ་འཇང་ནགས་ཅེས་པའི་ནགས་རི་དེར་མེ་སྐྱོན་ཚབས་ཆེ་ཤོར་ནས་རིམ་བཞིན་ས་གནས་སྒ་ལྟག་དང་། སྤྱི་ཤེས་འགོ། འུར་ཡ་སྒང་སོགས་ལ་ཡང་རིམ་གྱིས་མེ་མཆེད་དེ་ད་ལྟའི་བར་ས་གནས་འབྲོག་པའི་སྒོ་ཕྱུགས་སེམས་ཅན་དང་རི་དྭགས་བརྒྱ་ཕྲག་མང་པོ་མེས་འཚིགས་ཟིན་པའི་རོ་རྙེད་ཡོད་ཅིང་། ད་དུང་སྒོ་ཕྱུགས་བརྒྱ་ཕྲག་མང་པོ་གར་སོང་ཆ་མེད་དུ་གྱུར་ཡོད་པ་མ་ཟད། དེ་རིང་བྲག་མགོ་འཇང་ནགས་ཞེས་པའི་ནགས་རི་དེར་སྔར་ལས་གཞི་རྒྱ་ཆེ་བའི་མེ་ལྕེ་མཆེད་བཞིན་པ་རེད་འདུག ད་ལྟའི་བར་དུ་མི་ལ་ཛ་དྲག་གི་གནོད་སྐྱོན་ཕོག་མེད་པ་རེད་འདུག འདི་ག་རླུང་འཕྲིན་ཁང་ལ་ས་གནས་དེའི་ཡུལ་མི་ཡིན་ཞིང་ད་ལྟ་རྒྱ་གར་ལྷོ་ཕྱོགས་དགའ་ལྡན་དགོན་པར་སློབ་གཉེར་གནང་བཞིན་པའི་སྐུ་ཞབས་ངག་དབང་མཁྱེན་རབ་ལགས་ཀྱིས་ངོ་སྤྲོད་གནང་པར་ས་གནས་དེར་མེ་སྐྱོན་བྱུང་རྗེས་འབྲོག་པ་མང་ཚོགས་ཀྱི་གོང་རིམ་བྲག་མགོ་རྫོང་ལ་འབྲེལ་བ་ཞུས་ཏེ་མྱུར་དུ་མེ་གསོད་མྱུར་སྐྱོབ་བྱེད་པར་ཡོང་དགོས་པའི་རེ་བ་ཞུས་ཡོད་ཀྱང་། དུས་ཐོག་ཏུ་ཡ་ལན་མ་བྱས་པར་བཞག་ཡོད་པ་དང་། དེ་རིང་བྲག་མགོ་རྫོང་གི་མེ་གསོད་རུ་ཁག་འབྱོར་ཡོད་ཀྱང་མེ་སྐྱོན་ཆེ་སར་གདོང་ལེན་བྱེད་ཀྱི་མེད་པ་མ་ཟད། ཁ་ཚ་དགོས་གཏུགས་ཀྱི་དོན་ཕན་ལྡན་པའི་རོགས་རམས་གང་ཡང་བྱས་མེད་པ་རེད་ཅེས་གསུངས་སོང་། འོན་ཀྱང་ཡུལ་དེའི་རོང་འབྲོག་མང་ཚོགས་ཀྱིས་མ་བསྐུལ་དང་བླངས་ཀྱིས་སྒོ་ནས་མེ་གསོད་ཀྱི་ལས་ལ་འཇུག་བཞིན་ཡོད་པ་རེད་འདུག སྤྱིར་བྲག་མགོ་རྫོང་དང་མེ་སྐྱོན་བྱུང་སའི་ས་གནས་དབར་ལ་ལམ་ཐག་སྤྱི་ལེ་ ༢༠ ཙམ་ཞིག་ལས་མེད་པའི་ལམ་ཐག་ཉེ་པོ་ཡིན་ཀྱང་ས་གནས་རྒྱ་གཞུང་གོང་རིམ་བྲག་མགོ་རྫོང་ནས་དུས་ཐོག་ཏུ་ཡ་ལན་མ་བྱས་པ་དེར་ས་གནས་ཡུལ་མི་རྣམས་བློ་ཕམ་ཆེན་པོ་གནང་བཞིན་ཡོད་པ་རེད་འདུག དེ་ལྟའི་ཆར་མེ་སྐྱོན་གཞི་རྒྱ་ཆེ་རུ་འགྲོ་བཞིན་ཡོད་སྟབས་ཡུལ་དེའི་སྒོ་ཕྱུགས་སེམས་ཅན་དང་རི་དྭགས་མེས་འཚིགས་པའི་གྲངས་འབོར་ཚོད་དཔག་བྱ་དཀའ་བ་དང་དེ་ལྟར་བྱུང་རྒྱུ་རྐྱེན་གང་ཡིན་གསལ་རྟོགས་ཐུབ་མེད་པ་རེད་འདུག དེ་མཚུངས་ཟླ་བ་འདིའི་ནང་བོད་ཀྱི་ས་གནས་ཁ་ཤས་ནང་གཅིག་རྗེས་གཉིས་མཐུད་ཀྱི་མེ་སྐྱོན་བྱུང་བའི་གནས་ཚུལ་ཐོན་ཡོད་པ་དང་། ཟླ་བ་འདིའི་ཚེས་ ༥ ཉིན་དགུང་ཡོལ་ཙམ་ཞིག་ལ་སི་ཁྲོན་མཛོད་དགེ་རྫོང་ཐང་སྐོར་རུ་ཁག་གཉིས་པའི་གཞུང་ལམ་འགྲམ་ཞིག་ཏུ་མེ་འཇིག་ཆེན་པོ་བྱུང་སྟེ་ཉེ་འགྲམ་གྱི་དུད་ཁྱིམ་བདུན་བརྒྱད་ཙམ་གྱི་རྩྭ་སར་མེ་སྐྱོན་བྱུང་ཡོད་པ་མ་ཟད། དུད་ཁྱིམ་བཞིའི་རྩྭ་ས་ཚང་མ་འཚིགས་ཡོད་འདུག གཞན་ཡང་ཟླ་ ༢ ཚེས་ ༤ ཉིན་རྔ་བ་རྫོང་ཁོངས་ཀྱི་ལྷ་སྡེ་ཕུན་ཚོགས་གླིང་གི་ཤིང་ནགས་མཐུག་པོ་ཡོད་སའི་ཁུལ་དུ་མེ་སྐྱོན་བྱུང་སྟེ་མང་ཚོགས་དུ་མས་ད་བར་མེ་གསོད་ཐབས་གནང་མཐར་ཚེས་ ༧ ཉིན་མེ་བསད་ཐུབ་ཙམ་བྱུང་ཡོད་འདུག འོན་ཀྱང་ཤིང་ནགས་སུ་གནས་པའི་རི་དྭགས་མང་པོ་ཤི་བའི་ཁར་དུད་ཁྱིམ་ཁག་ཅིག་གི་སྒོ་ཕྱུགས་སེམས་ཅན་མེས་འཚིགས་པའི་སྐོར་གནས་ཚུལ་ཐོན་ཡོད་པ་རེད།  

བོད་ཀྱི་འདོགས་ཁྱི་རྣམས་འཁྱམ་ཁྱིར་འགྱུར་བཞིན་འདུག

རྒྱ་གཞུང་གིས་འབྲོག་པ་གཞིས་སྤོས་ཀྱི་སྲིད་བྱུས་དང་སྒོ་ཕྱུགས་ལོགས་གསོའི་བྱ་སྤྱོད་འོག་རྒྱལ་སྤྱིའི་ཐོག་རིང་ཐང་ཆེ་བའི་བོད་ཀྱི་འདོགས་ཁྱི་རྣམས་དེང་སྐབས་བདག་མེད་འཁྱམ་ཁྱིར་འགྱུར་བཞིན་ཡོད་པ་བརྗོད་འདུག ཁ་སང་ཟླ་ ༢ ཚེས་ ༧ ཉིན་ China Dialogue གསར་ཁང་གི་དྲ་གནས་ཐོག་གསར་འགོད་པ་ Wang Yan ལགས་ཀྱིས་དེང་སྐབས་བོད་ཀྱི་འདོགས་ཁྱིའི་གནས་སྟངས་ཆེས་ཉམས་རྒུད་འགྲོ་བཞིན་ཡོད་པའི་དཔྱད་གཏམ་ཞིག་སྤེལ་འདུག་པ་དང་། དེའི་ནང་དེ་སྔ་བོད་ཀྱི་འདོགས་ཁྱི་དེ་དག་འབྲོག་པ་ཚོས་སྒོ་ཕྱུགས་སེམས་ཅན་རྣམས་སྲུང་སྐྱོབ་བྱ་རྒྱུ་སོགས་ལ་དམིགས་ཏེ་གསོ་སྐྱོང་གང་ལེགས་གནང་གི་ཡོད་ཀྱང་། བར་སྐབས་ཤིག་ནས་ཁྲོམ་རའི་ནང་འདོགས་ཁྱིའི་གོང་ཚད་ཆག་པ་དང་། རྒྱ་ནག་གཞུང་གིས་བོད་ནང་འབྲོག་པ་གཞིས་སྤོས་ཀྱི་སྲིད་བྱུས་ལག་བསྟར་བྱེད་པ་ནས་བཟུང་བོད་ཀྱི་འདོགས་ཁྱི་རྣམས་ཟས་མ་རག་པའི་ངལ་བ་འཕྲད་པ་དང་དེང་སྐབས་བོད་ཀྱི་འདོགས་ཁྱི་རྣམས་བདག་མེད་འཁྱམ་ཁྱིར་འགྱུར་བཞིན་ཡོད་པ་བཀོད་འདུག དཔྱད་གཏམ་དེའི་ནང་ད་དུང་ཁོང་གིས་དེང་སྐབས་བོད་ཀྱི་ས་ཁུལ་ཁག་ཏུ་འདོགས་ཁྱི་བདག་མེད་ཁག་ཅིག་གིས་ཡུལ་སྐོར་སྤྲོ་འཆམས་པར་གནོད་འཚེ་བྱེད་བཞིན་ཡོད་སྐོར་གནས་ཚུལ་ཟུར་བཀོད་གནང་འདུག་པ་མ་ཟད། ཁོང་གིས་བོད་མཚོ་ཁུལ་གྱི་བོད་མི་བཀྲ་ཤིས་མགོན་པོ་ལགས་ལ་བཅར་འདྲི་ཞུས་པར་ཁོང་རང་ཉིད་རྒྱུན་དུ་འདོགས་ཁྱི་ལ་དགའ་མོས་ཆེན་པོ་གནང་མཁན་ཞིག་ཡིན་པ་དང་། ས་གནས་སུ་དེ་སྔ་འདོགས་ཁྱི་རྣམས་རང་ཉིད་ཀྱི་ནང་མི་བཞིན་གསོ་སྐྱོང་གནང་པ་ལས། ཁྱི་ཚོང་བརྒྱབ་རྒྱུ་དེ་རྣམ་རྟོག་ཞིག་ལ་ངོས་འཛིན་གནང་གི་ཡོད་པ་གསུངས་འདུག འོན་ཀྱང་རྒྱ་རིགས་ཚོས་བར་ལམ་ཞིག་ནས་འདོགས་ཁྱི་ཚོང་འགྲེམ་གྱི་ལས་གཉེར་མགོ་འཛུགས་བྱས་པར་བརྟེན་བོད་ཀྱི་གནའ་སྔ་མོའི་སྲོལ་རྒྱུན་ལ་འགྱུར་བ་ཆེན་པོ་ཐེབས་ཡོད་ཅེས་འགྲེལ་བརྗོད་གནང་འདུག དེ་བཞིན་བོད་མི་ཚེ་རིང་དབྱངས་འཛོམས་ཀྱིས་དེང་སྐབས་བོད་ཀྱི་ས་ཁུལ་ཁག་ཏུ་འདོགས་ཁྱི་བདག་མེད་རིགས་འཕེལ་རྒྱས་འགྲོ་བཞིན་པ་དེས་ས་གནས་ཡུལ་མི་རྒན་འཁོགས་དང་སློབ་ཕྲུག་ཚོའི་བདེ་འཇགས་ལ་བློ་འཚབ་ཆེན་པོ་བཟོ་བཞིན་ཡོད་སྟབས། བོད་ནང་ཆེན་རྫོང་ཁོངས་སུ་ཡོད་པའི་ཟུར་མང་དགོན་པ་དང་ས་གནས་ཡུལ་མི་རྣམས་ཀྱིས་འདོགས་ཁྱི་བདག་མེད་འཁྱམ་ཁྱིར་འགྱུར་བ་རྣམས་བཟུང་སྟེ་གཅེས་སྐྱོང་གནང་བཞིན་ཡོད་སྐོར་གསུངས་འདུག་པ་དང་། དགོན་པ་དེའི་གྲྭ་པ་རྒན་གྲས་ཤིག་གིས་འདོགས་ཁྱི་དེ་དག་གཅེས་སྐྱོང་ཐུབ་ཐབས་སུ་ཉིན་རེར་ཨ་སྒོར་བརྒྱ་དང་བཞི་བཅུ་ཞེ་ལྔ་རེ་འགྲོ་སོང་གཏོང་བཞིན་ཡོད་སྐོར་གསུངས་འདུག གཞི་རྩའི་འདོགས་ཁྱི་ནི་བོད་ཀྱི་འབྲོག་པ་གཙོས་པའི་ས་གནས་ཡུལ་མིའི་སྲོལ་རྒྱུན་དང་འབྲེལ་བ་ཆེ་བའི་སྒོ་ཕྱུགས་སེམས་ཅན་གདན་ཆེ་ཞིག་ཆགས་ཡོད་པ་དང་། ཕྱི་ལོ་ ༢༠༡༠ ལོ་ནས་དཔལ་འབྱོར་སོགས་ཀྱི་དགོས་དམིགས་འོག་འདོགས་ཁྱི་རྣམས་ཚོང་འགྲེམ་བྱ་མགོ་བཙུགས་དོན་ལྟར་འདོགས་ཁྱི་ཁ་ཤས་ལ་ཨ་སྒོར་ས་ཡ་གཉིས་ལྷག་རག་བཞིན་ཡོད་ཀྱང་། ཕྱི་ལོ་ ༢༠༡༢ ཙམ་ནས་རྒྱལ་སྤྱིའི་དཔལ་འབྱོར་གྱི་གནས་སྟངས་ཉམས་རྒུད་ཕྱིན་པ། ལྷག་པར་དུ་རྒྱ་ནག་ནང་ལྐོག་ཟ་རུལ་སུངས་འགོག་ཐབས་དང་འབྲོག་གནས་གཞིས་སྤོས་ཀྱི་སྲིད་བྱུས་སོགས་ལག་བསྟར་རྐྱེན་པས་འདོགས་ཁྱིའི་གོང་ཚད་དང་སྲོལ་རྒྱུན་གྱི་གནས་སྟངས་ལ་དོ་ཕོག་ཆེན་པོ་ཐེབས་ཡོད་པ་རེད།

གླུ་བ་ཨ་མཆོག་ཕུལ་བྱུང་ལགས་དང་གྲྭ་ཡོན་ཏན་ལགས་གློད་བཀྲོལ་ཐོབ་འདུག

ཁ་སང་ཟླ་ ༢ ཚེས་ ༢ ཉིན་སྔ་དྲོ་རྔ་པ་བོད་རིགས་རང་སྐྱོང་ཁུལ་ཁྱུང་མཆུ་རྫོང་ཨ་མཆོག་ཡུལ་ཚོ་ནས་ཡིན་པའི་གླུ་བ་གྲགས་ཅན་ཨ་མཆོག་ཕུལ་བྱུང་ལགས་ལོ་བཞིའི་རིང་གི་བཙོན་འཇུག་དུས་ཡུན་གཙང་སྟེ་སི་ཁྲོན་མིན་ཡཱང་བཙོན་ཁང་ནས་གློད་བཀྲོལ་བཏང་འདུག རྩ་བའི་ཨ་མཆོག་ཕུལ་བྱུང་ལགས་ཀྱིས་ ༢༠༡༢ ལོར་གླུ་གཞས་ཆེད་བསྒྲིགས་ཀྱི་འོད་སྡེར་ལྔ་པ་ཁུར་གྱིས་རྣོན་པའི་ང་ཚོ་ཞེས་པའི་ནང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་རྣམ་གཉིས་ཀྱི་གཙོས། རྒྱལ་གཅེས་པ་རྣམས་ལ་བསྟོད་གླུ་དང་། དེ་བཞིན་བོད་གཞིས་བྱེས་གཉིས་ལྷན་འཛོམས་ཀྱི་སྨོན་ཚིག་སོགས་གསུང་ཡོད་པ་རེད། རྒྱ་གཞུང་གིས་སྐབས་དེར་ཁོང་འཛིན་བཟུང་བྱ་དགོས་པའི་བཀའ་རྒྱ་བཀྲམས་པར་བརྟེན་ཨ་མཆོག་ཕུལ་བྱུང་ལགས་རེ་ཞིག་རི་སྒང་དང་ས་གནས་གཞན་དུ་ཉེན་ཡོལ་ཕེབས་ཡོད་ཀྱང་། ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༣ ཉིན་གྱི་བོད་ནང་གི་དགོང་དྲོའི་ཚོུད་ ༨།༠༠ ཡས་མས་སུ་རྒྱ་གཞུང་གི་ས་གནས་ཉེན་རྟོག་པས་ཁོང་འབར་ཁམས་གྱི་ཇ་ཁང་ཞིག་ནས་འཛིན་བཟུང་བྱས་པ་མ་ཟད། ཡུན་རིང་ཞིག་ལ་ཁོང་གི་གནས་སྟངས་ཇི་ཆགས་སོགས་ཀྱི་གནས་ཚུལ་གང་ཡང་ཤེས་རྟོགས་མེད་པར་གྱུར་ཡོད་པ་དང་། མཐར་ཁྲིམས་ཐག་བཅད་དེ་སི་ཁྲོན་མེན་ཡཱང་བཙོན་ཁང་དུ་བཙོན་འཇུག་བྱས་ཡོད་པ་ཤེས་རྟོགས་ཐུབ་ཡོད། གཞི་རྩའི་ཨ་མཆོག་ཕུལ་བྱུང་ལགས་ནི་རྔ་པ་བོད་རིགས་རང་སྐྱོང་ཁུལ་ཁྱུང་མཆུ་རྫོང་ཨ་མཆོག་ཡུལ་ཚོ། ཨ་མཆོག་སྟོད་མ་སྡེ་བའི་ཕ་སྒྲོལ་མ་སྐྱབས་དང་མ་སྒྲོལ་མ་གཉིས་ཀྱི་བུ་ཡིན་ཞིང་། ཆུང་དུས་སློབ་གྲྭ་ཆུང་འབྲིང་འགྲིམས་མྱོང་ཡོད་པ་དང་།  ཁོང་ལ་ལྷན་སྐྱེས་ཀྱི་སྐད་ངག་སྙན་པོ་ཡོད་ཁར་རྒྱ་གཞུང་གི་བཙན་གནོན་ལ་འཛེམས་མེད་ཀྱིས་བོད་མི་རིགས་ཀྱི་བདེ་སྡུག་དང་ལ་རྒྱའི་གླུ་གཞས་མང་པོ་བླངས་སྟབས། ས་གནས་བོད་མི་ཚོས་ཁོང་ལ་ལ་རྒྱའི་གླུ་བ་ཅེས་པའི་མཚན་འབོད་ཀྱི་ཡོད་པ་རེད། ད་བར་ཁོང་གིས་གླུ་གཞས་འོད་སྡེར་ལྔ་ལྷག་འགྲེམས་སྤེལ་གནང་ཡོད་པ་དང་། དེ་དག་ལ་བོད་གཞིས་བྱེས་གཉིས་ནས་དགའ་མོས་ཆེན་པོ་གནང་བཞིན་ཡོད་པ་རེད། དུས་མཚུངས་ཡང་མདོ་སྨད་མཛོད་དགེ་རྫོང་ཁོངས་སོག་ཚང་དགོན་པའི་རང་ལོ་ ༣༧ ཡས་མས་ཡིན་པའི་གྲྭ་ཡོན་ཏན་ཞི་ཕྲུག་ཞུ་བའི་བོད་མི་ཆབ་སྲིད་བཙོན་པ་གཞན་ཞིག་ཀྱང་ལོ་གསུམ་དང་ཟླ་བ་དྲུག་བཙོན་འཇུག་མྱངས་རྗེས་ཕྱི་ཟླ་ ༡ ཚེས་ ༣༡ ཉིན་གློད་བཀྲོལ་ཐོབ་འདུག རྩ་བའི་གྲྭ་ཡོན་ཏན་ལགས་༢༠༡༣ལོར་འཛིན་བཟུང་བྱས་ཡོད་པ་དེ་ཡང་། རྒྱ་ནག་གཞུང་གིས་ལོ་དེའི་ཕྱི་ཟླ་ ༧ པའི་ནང་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་སྲེག་གནང་མཁན་རྒྱལ་གཅེས་པ་དཀོན་མཆོག་བསོད་ནམས་ལགས་དང་འབྲེལ་གཏགས་ནས་ཕྱི་ཟླ་ ༧ ཚེས་ ༣༡ ཉིན་འཛིན་བཟུང་གིས་ཁྲིམས་བཅད་ཡོད་པ་རེད།

ཆོས་དབྱིངས་སྐྱིད་ལགས་ལ་རྒྱ་ནག་གི་ལུས་རྩལ་གཟེངས་རྟགས་ཆེ་ཤོས་ཐོབ་པ།

ཁ་སང་ཟླ་ ༡ ཚེས་ ༢༦ ཉིན་རྒྱ་ནག་གཞུང་འབྲེལ་ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། བོད་རིགས་ལུས་རྩལ་བ་ཆོས་དབྱིངས་སྐྱིད་ལགས་ལ་ཕྱི་ལོ་ ༢༠༡༦ ལོའི་ཀྲུང་གོའི་ལུས་རྩལ་གཟི་བརྗིད་གཟེངས་རྟགས་ཞེས་པ་སྟེ་རྒྱ་ནག་གི་ལུས་རྩལ་ཁྱབ་ཁོངས་ཀྱི་གཟེངས་རྟགས་ཆེ་ཤོས་དེ་ཐོབ་འདུག དེའང་ལུས་རྩལ་གཟི་བརྗིད་གཟེངས་རྟགས་ཞེས་པ་དེ་རྒྱ་གཞུང་གི་རྩལ་འགྲན་པའི་ཁོངས་སུ་གཙོ་བོ་འཛམ་གླིང་གི་ཟིན་ཐོ་བརྒལ་མཁན་དང་། འཛམ་གླིང་ཁྱོན་ནས་ཨང་དང་པོ་ཐོབ་མཁན་སོགས་ལུས་རྩལ་ལས་དོན་ནང་བྱས་རྗེས་ཆེ་བའི་ལུས་རྩལ་བ་དང་ལུས་རྩལ་དགེ་རྒན་སོགས་ལ་གནང་སྲོལ་ཡོད་པ་ཞིག་རེད་འདུག དེའང་ ༡༩༥༩ ལོའི་རྒྱ་ནག་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་དང་པོ་ནས་གཟེངས་རྟགས་དེ་གནང་མགོ་ཚུགས་འདུག རྩ་བའི་ཆོས་དབྱིངས་སྐྱིད་ལགས་ནི ༡༩༩༠ ལོར་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཧེ་ཡན་རྫོང་ཝ་འཇོག་ཡུལ་ཚོའི་བོད་རིགས་འབྲོག་ཁྱིམ་དཀྱུས་མ་ཞིག་ཏུ་འཁྲུངས་ཞིང་། རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་སྟེང་བྱ་དགའ་ཐོབ་མཁན་གྱི་བོད་པ་ཐོག་མ་དེ་ཡིན་པ་དང་། ཁོང་ ༢༠༡༠ ཟླ་ ༧ པའི་ནང་རྒྱལ་ཁབ་མཆོང་རྒྱུག་འཕེན་གསུམ་རུ་ཁག་ཏུ་ཞུགས་རྗེས། ༢༠༡༢ ལོར་དབྱིན་ཡུལ་གྱི་རྒྱལ་ས་ལོན་ཏོན་དུ་འཚོགས་པའི་ཨོ་རྩལ་འགྲན་ཚོགས་སྐབས་ ༣༠ པའི་ཐོག་སྤྱི་ལེ་ ༢༠ ཅན་གྱི་བུད་མེད་འགྲོས་རྩལ་འགྲན་བསྡུར་ཁྲོད་དངུལ་གྱི་རྟགས་མ་ཐོབ་པ་མ་ཟད། དེ་སྔའི་ཨེ་ཤ་ཡའི་འགྲོས་རྒྱུག་ལུས་རྩལ་གྱི་ཟིན་ཐོ་གསར་པ་བཏོད་ཡོད་པ་རེད། དེ་བཞིན་ཕྱི་ལོ་ ༢༠༡༥ ལོའི་སི་ཕེན་རྒྱལ་ཁབ་ཏུ་ཚོགས་པའི་རྒྱལ་སྤྱིའི་མཆོང་རྒྱུག་འཕེན་གསུམ་འགྲན་བསྡུར་གྱི་སྤྱི་ལེ་ ༢༠ ཅན་གྱི་བུད་མེད་འགྲོས་རྩལ་འགྲན་བསྡུར་ཁྲོད་ཨང་གཉིས་པ་དང་། རྒྱ་ནག་རྒྱལ་ཡོངས་རྟིང་རྩོད་འགྲོས་རྩལ་འགྲན་བསྡུར་གྱི་སྤྱི་ལེ་ ༢༠ ཅན་གྱི་བུད་མེད་འགྲོས་རྒྱུག་འགྲན་བསྡུར་ཁྲོད་ཨང་དང་པོ་བཅས་ཐོབ་མྱོང་ཡོད་པ་རེད། ད་ལྟའི་ཆར་ཁོང་ ༢༠༡༧ ལོའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་ ༡༣ པའི་ནང་དུ་མཉམ་ཞུགས་གནང་རྒྱུ་དང་འབྲེལ་སྦྱོང་བརྡར་གནང་མུས་ཡིན་པ་རེད་འདུག

བླ་བྲང་འཇིགས་མེད་ལགས་ཀྱིས་ཁོང་ཆོད་སེམས་བརྟན་པོ་གནས་ཡོད་པའི་ཕྱག་བྲིས་ཤིག་གནང་འདུག

བོད་མི་ཆབ་སྲིད་བཙོན་ཟུར་བླ་བྲང་འཇིགས་མེད་རྒྱ་མཚོ་འམ་ཡོངས་གྲགས་སུ་འཇིགས་མེད་མགོ་རིལ་ལགས་ཀྱིས་ཉེ་ཆར་”སྲོག་གི་ཉེན་ཁ་ལས་སླར་ཡང་གསོན་པ་”ཞེས་པའི་ཕྱག་བྲིས་ཤིག་ཕྱི་ཕྱོགས་སུ་འབྱོར་བའི་ནང་དུ་རྒྱ་ནག་གཞུང་གིས་ཁོང་ལ་སྡུག་རྩུབ་དང་མནར་གཅོད་ཇི་ཙམ་བཏང་ཡང་ཁོང་ཉིད་ཆོད་སེམས་བརྟན་པོ་གནས་ཡོད་པའི་ཕྱག་བྲིས་ཤིག་གནང་འདུག དེའང་བཙན་བྱོལ་དུ་ཡོད་པའི་ཁོང་གི་དགེ་ཕྲུག་དགེ་འདུན་ཕུན་ཚོགས་ལགས་ལ་ཟླ་ ༡༢ ཚེས་ ༢༠ ཉིན་ཕྱག་བྲིས་དེ་ལག་སོན་བྱུང་འདུག་པ་དང། ཕྱག་བྲིས་དེའི་ནང་དུ་ཨ་ཁུ་འཇིགས་མེད་ལགས་ཀྱིས་རྒྱ་ནག་གཞུང་གིས་ཁོང་ལ་ནག་ཉེས་འདྲ་མིན་གཡོག་སྟེ་བཙོན་འཇུག་ཁྲིམས་ཆད་འོག་སྡུག་རྩུབ་དང་མནར་གཅོད་ཚད་མེད་བཏང་ཡོད་ཀྱང་། ཁོང་གི་ཕུགས་ཀྱི་དམ་བཅའ་ལ་འགྱུར་བ་རྩ་བ་ནས་གཏོང་ཐུབ་ཀྱི་མེད་པ་དང་། ཁོང་གི་ཕྱག་བྲིས་ལ་གཞིགས་ཚེ་དེ་ལས་ལྡོག་སྟེ་བདེན་དང་གནས་ལུགས་ཀྱི་སླད་དུ་དང་། དྲང་བདེན་བློ་དཀར་གྱི་ཕྱིར་དུ་ང་ལ་སྟོབས་ཤུགས་དང་ནུས་མཐུ། སྙིང་རུས། བཟོད་བསྲན་སོགས་སྔར་མ་བྱུང་བ་མང་པོ་བསྩལ་སོང་བ་འདི་ནི་བདེན་དང་གནས་ལུགས་ཀྱི་སྟོབས་ཤུགས་ཡིན་པར་ཏན་ཏན་ཡིད་ཆེས་པ་ཡིན་ཅེས་གསུངས་འདུག རྒྱ་གར་ལྷོ་ཕྱོགས་སུ་བཞུགས་པའི་གྲྭ་དགེ་འདུན་ཕུན་ཚོགས་ལགས་ལ་ཨ་ཁུ་འཇིགས་མེད་ལགས་ཀྱི་ཕྱག་བྲིས་དང་འབྲེལ་ད་ལྟའི་ཆར་ཁོང་གི་གཟུགས་གཞིའི་གནས་སྟངས་བཅས་ཀྱི་སྐོར་བཅར་འདྲི་ཞུས་པར་ཁོང་གིས་བླ་བྲང་འཇིགས་མེད་རྒྱ་མཚོ་ལགས་ཀྱི་ཕྱག་བྲིས་དེའི་ནང་དུ་དེ་མིན་ “ངའི་རིགས་ལ་བཅིངས་པའི་ལྷག་བསམ། ངའི་ཡུལ་ལ་བཟུང་བའི་བརྩེ་བ། ངའི་སྤུན་ཟླར་བཅོལ་བའི་རེ་བ་སོགས་ནི་མི་འགྱུར་བྲག་རི་བཞིན་སུས་ཀྱང་གཞོམ་གཞིག་གཏོང་མི་ནུས་པ་བཞིན་དུ། འཛམ་གླིང་ཞི་བདེ་དང་། རྒྱལ་ཁམས་དར་རྒྱས། སེམས་ལྡན་བདེ་སྐྱིད་སོགས་ཀྱི་སླད་དུ་སྡུག་རུས་མཐའ་འཁྱོལ་བྱེད་ངེས་པའང་བདག་གིས་བདེན་དོན་གྱིས་བཞེངས་པའི་ཚེ་སྲོག་གི་དམ་བཅའ་ཡིན་ལ། ནམ་ཞིག་ཚེ་སྲོག་གི་མར་མེ་རླུང་གིས་བསད་པའམ། བླ་སྲོག་གི་དར་ལྕོག་གྲི་ཡིས་གཏུབ་པ་གང་ཡིན་ན་ཡང་འཆི་ཁའི་ཁ་ཆེམས་སམ་སྙིང་གཏམ་དྲོན་མོའང་འདི་ཡིན་” ཅེས་སོགས་བཀོད་ཡོད་པ་གསུངས་སོང་། རྩ་བའི་ཕྱི་ལོ་ ༢༠༠༨ ལོ་ནས་བཟུང་སྟེ་བླ་བྲང་འཇིགས་མེད་རྒྱ་མཚོ་ལགས་རྒྱ་གཞུང་གིས་ཐེངས་བཞི་ཙམ་འཛིན་བཟུང་གིས་བཀག་ཉར་བྱས་ཡོད་པ་དང་། དེའི་ཁྲོད་ལས་ཕྱི་ལོ་ ༢༠༡༡ ཟླ་ ༨ པའི་ནང་ཁོང་འཛིན་བཟུང་གིས་ལོ་གསུམ་རིང་ཁྲིམས་ཆད་གང་ཡང་མ་བཅད་པར་གསང་འཇུག་བྱས་ཡོད། དེ་རྗེས་ ༢༠༡༤ ཟླ་ ༨ པའི་ནང་ཁོང་ལ་དངོས་སུ་ལོ་ ༥ རིང་བཙོན་འཇུག་ཁྲིམས་ཆད་བཅད་ཡོད་པ་རེད། གཞན་ཡང་ ༢༠༡༦ ཟླ་ ༡༠ ཚེས་ ༢༦ ཉིན་ཁོང་བཙོན་གྲོལ་བཏང་སྐབས་སུའང་བཙོན་ཁང་གི་འབྲེལ་ཡོད་ལས་བྱེད་པས་འཇིགས་མེད་རྒྱ་མཚོ་ལགས་ཀྱི་ཡུལ་མིའི་ཐོབ་ཐང་ལག་འཁྱེར་དང་གློག་ཀླད། ཡིག་ཆ་དང་དངུལ་ཁུག་སོགས་ཕྱིར་སློག་བྱས་མེད། བཙོན་གྲོལ་ཐོབ་ནས་ཟླ་གཅིག་རྗེས་སུ་གཟུགས་གཞིའི་གནས་སྟངས་ཞན་པའི་འོག་ཁོང་སྨན་ཁང་དུ་ཕེབས་དགོས་པ་བྱུང་ཡོད། སྐབས་དེར་སྨན་པས་ཁོང་ལ་ཟ་ཁུ་གཅིན་སྙི་དང་། སྙིང་ནད། མཆིན་ནད། དེ་བཞིན་ཁྲག་ཤེད་མཐོ་བ་དང་མིག་ནད་བཅས་ཀྱི་ན་ཚ་ཁག་ཅིག་ཡོད་པ་ནད་རྟགས་མངོན་གསལ་བྱས་འདུག འོན་ཏང་སྐབས་དེར་ཁོང་ལ་ཡུལ་མིའི་ཐོབ་ཐང་ལང་འཁྱེར་མེད་པས་ས་གནས་གཞུང་གི་སྨན་ཁང་མ་གཏོགས་གཞན་དུ་སྨན་བཅོས་བྱ་མི་ཆོག་པ་དང་། བཙོན་གྲོལ་ཐོབ་པའི་རྗེས་སུའང་ཉེན་རྟོག་པས་རྟ་སྲུང་འོག་གནས་དགོས་པའི་གནས་སྟངས་ཤིག་ཆགས་ཡོད་པ་རེད།

རྒྱ་གཞུང་གིས་གྲངས་ཉུང་མི་རིགས་ཚོར་རྒྱ་ནག་གི་སྤྱི་སྐད་སློབ་ཁྲིད་བྱ་རྒྱུར་ཤུགས་སྣོན་སྔར་ལྷག་བརྒྱབ་རྒྱུ་ཡིན་ཅེས་བརྗོད་པ།

རྒྱ་ནག་གཞུང་གིས་རྒྱ་ནག་སྤྱི་དང་ལྷག་པར་དུ་བོད་དང་ཤིན་ཅང་སོགས་གྲངས་ཉུང་མི་རིགས་གནས་ཡུལ་ཁག་ཏུ་ས་གནས་སོ་སོའི་ཕ་སྐད་ལས་རྒྱ་སྐད་དང་། རྒྱ་ནག་གི་སྤྱི་སྐད་སློབ་ཁྲིད་བྱ་རྒྱུར་ཤུགས་སྣོན་སྔར་ལྷག་བརྒྱབ་རྒྱུ་ཡིན་ཅེས་བརྗོད་འདུག དེ་ཡང་ Reuters སོགས་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བར་གཞིགས་ན། ཁ་སང་རྒྱ་ནག་གཞུང་གིས་འབྱུང་འགྱུར་ལོ་ལྔའི་ནང་གྲངས་ཉུང་མི་རིགས་གནས་ཡུལ་ཁག་གི་འཛུགས་བསྐྲུན་ལས་གཞི་དང་འབྲེལ་བའི་སྲིད་བྱུས་ཁག་ཅིག་གཏན་འབེབས་བྱས་ཡོད་པ་དང་། སྐབས་དེར་དེ་སྔ་ནས་རྒྱ་ནག་གཞུང་གིས་གྲངས་ཉུང་མི་རིགས་ཀྱི་ས་གནས་ཁག་ཏུ་རྒྱ་སྐད་སློབ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་བཞིན་པ་དམ་འཛིན་གྱིས་མ་འོངས་པའི་ལོ་ལྔའི་ནང་ཡང་ས་གནས་དེ་དག་ཏུ་རྒྱ་སྐད་འབྲི་ཀློག་དང་འདི་བཞིན་རྒྱ་གཞུང་གི་སྤྱི་སྐད་སློབ་ཁྲིད་བྱ་རྒྱུར་ཤུགས་སྣོན་སྔར་ལྷག་བརྒྱབ་རྒྱུ་ཡིན་ཅེས་བརྗོད་འདུག རྒྱ་ནག་གཞུང་གིས་གྲངས་ཉུང་མི་རིགས་ཀྱི་ས་གནས་དེ་དག་ནང་དུ་རྒྱ་ནག་གཞུང་འབྲེལ་ཐོག་སྤྱོད་བཞིན་པའི་རྒྱ་ནག་གི་སྤྱི་སྐད་དང་བྲིས་སྟངས་སོགས་ཀྱི་ཐད་ལ་ཤུགས་སྣོན་རྒྱག་བཞིན་པའི་ཁར། གྲངས་ཉུང་མི་རིགས་རྣམས་ལ་རྒྱ་ནག་གཅིག་འགྱུར་གྱི་སྤྱི་སྐད་འབྲི་ཀློག་སོགས་ཀྱི་ཆུ་ཚད་གོང་མཐོར་གཏོང་རྒྱུ་ཡིན་སྐོར་ཡང་བརྗོད་ཡོད་པ་རེད། གཞི་རྩའི་རྒྱ་ནག་གཞུང་གིས་དེ་སྔ་ནས་བོད་དང་ཤིན་ཅང་སོགས་གྲངས་ཉུང་མི་རིགས་ཀྱི་ས་གནས་ཁག་ཏུ་རྒྱལ་ཞེན་གྱི་སློབ་གསོ་སྤེལ་ཏེ་ཕ་སྐད་ལས་རྒྱ་སྐད་སློབ་ཁྲིད་བྱ་རྒྱུར་ཤུགས་སྣོན་སྔར་ལྷག་བརྒྱབ་ཡོད་པ་དང་། ཕྱི་ལོ་ ༢༠༡༠ ལོར་རྒྱ་ནག་གཞུང་ནས་བོད་ཀྱི་ས་ཁུལ་ཁག་ཏུ་ཡོད་པའི་བོད་སློབ་ནང་དུ་རྒྱ་སྐད་གཙོ་ཁྲིད་བྱ་རྒྱུའི་སྲིད་བྱུས་ཤིག་ལག་བསྟར་མགོ་བཙུགས་བྱས་ཡོད་པ་དང་། སྐབས་དེར་བོད་མཚོ་སྔོན་ཁུལ་གཙོ་བོར་འགྱུར་བའི་ཉེ་འཁོར་ས་གནས་ཁག་གི་སློབ་ཕྲུག་སྟོང་ཚོ་བརྒལ་བ་མཉམ་མཐུན་གྱིས་རྒྱ་ནག་གཞུང་གི་སྲིད་བྱུས་ལ་ངོ་རྒོལ་བྱས་པ་མ་ཟད། རྒྱ་ནག་གཞུང་གི་རྩ་ཁྲིམས་ནང་གསལ་བ་ལྟར་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་དང་རིག་གཞུང་ཁག་སྲུང་སྐྱོབ་གནང་དགོས་པའི་ཞུ་འབོད་སོགས་ཀྱི་ལས་འགུལ་རྒྱ་ཆེ་སྤེལ་ཡོད་པ་རེད། ལྷག་པར་དུ་རྒྱ་གཞུང་གི་སྲིད་བྱུས་དེར་རྒྱལ་སྤྱིའི་གཞུང་དང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པ་སོགས་ནས་སྐྱོན་བརྗོད་རིམ་པ་བྱས་ཀྱང་། རྒྱ་ནག་གཞུང་ནས་མུ་མཐུད་བོད་གཙོས་པའི་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་ཁག་ཏུ་རྒྱ་སྐད་གཙོ་ཁྲིད་བྱེད་བཞིན་པ་མ་ཟད། རང་ཉིད་ཀྱི་ཕ་སྐད་སྲུང་སྐྱོབ་ཐོག་ལས་འགུལ་སྤེལ་མཁན་རྣམས་རྒྱལ་ཁབ་ཁ་བྲལ་བཏང་བའི་ཆབ་སྲིད་ཀྱི་ཉེས་མིང་འོག་འཛིན་བཟུང་བཙན་ཁྲིད་ཀྱིས་མཐར་བཙོན་འཇུག་ཁྲིམས་ཐག་སོགས་ཀྱང་བཅད་ཡོད་པ་རེད།  

རྒྱལ་སྤྱིའི་ངོས་ནས་བོད་དོན་ལ་རྒྱབ་སྐྱོར་ཡོང་བའི་རེ་བ་བརླག་སོང་ཞེས་གསུངས་པ།

ཉེ་ཆར་བོད་ནས་གསར་དུ་འབྱོར་བའི་བོད་མི་ཞིག་གིས་རྒྱལ་སྤྱིའི་ངོས་ནས་བོད་དོན་ལ་རྒྱབ་སྐྱོར་ཡོང་བའི་རེ་བ་བརླག་སོང་ཞེས་གསུངས་སོང་། འདི་ག་རླུང་འཕྲིན་ཁང་གིས་བོད་ནས་གསར་དུ་འབྱོར་བའི་བོད་མི་ཞིག་ལ་བཅར་འདྲི་ཞུས་པར་ཁོང་གིས་དང་ལེན་གནང་པ་དང་འབྲེལ་རྒྱལ་སྤྱིའི་ངོས་ནས་བོད་དོན་ལ་རྒྱབ་སྐྱོར་ཡོང་བའི་རེ་བ་བརླག་སོང་ཞེས་གསུངས་སོང་། མཚན་བརྗོད་འདོད་མེད་པའི་བོད་ནས་གསར་དུ་འབྱོར་བའི་བོད་མི་ཁོང་ནི། བོད་ནང་དུ་འགྲོ་འདུག་སྤྱོད་གསུམ་གྱི་རང་དབང་ཅི་ཡང་མེད་སྟབས་ཉེ་ཆར་རང་ཉིད་ཀྱི་གཅེས་པའི་ཕ་ཡུལ་བཞག་སྟེ་ནང་མ་ཆ་ཚང་ཁྲིད་ནས་བཙན་འབྱོལ་དུ་ཕེབས་པ་ཞིག་ཡིན་པ་རེད། བོད་མི་དེས་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་དོན། ང་རང་བོད་ནང་བསྡད་སྐབས་བོད་པའི་གསར་འགྱུར་བརྒྱུད་ལམ་ཁག་ལས་ཨ་རིས་བོད་དོན་ལ་རྒྱབ་སྐྱོར་བྱས་པ་མ་ཟད། སྤྲུ་སྐུ་བསྟན་འཛིན་བདེ་ལེགས་མཆོག་གློད་གྲོལ་དང་སྨན་བཅོས་ཞུ་རྒྱུའི་ཐོག་ལ་རྒྱལ་སྤྱིའི་ཁྱོན་ཡོངས་ནས་ལས་འགུལ་སྣ་མང་སྤེན་བཞིན་ཡོད་པ་དེ་དག་ཉིན་རེ་བཞིན་མ་ཆད་པར་ཉན་གྱི་ཡོད། ཐ་ན་རང་ཉིད་ནས་མ་ཎི་ཕྲེང་སྐོར་གཅིག་མ་འདོན་པར་གསར་འགྱུར་ཉན་པ་ཡིན་ཅེས་གསུངས་པ་མ་མ་ཟད། སྐབས་དེར་གནས་ཚུལ་དེ་དག་ཐོས་ཚེ་རང་ལ་རེ་བ་ཆེན་པོ་ཞིག་སླེབས་སོང་། མཐར་རྒྱ་གཞུང་གིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་མཆོག་ལ་དུག་ཕུལ་ནས་སྐུ་དཀྲོངས་པ་རེད། དེར་བརྟེན་རང་ངོས་ལ་རྒྱལ་སྤྱིའི་ཐོག་ནས་བོད་དོན་ལ་རྒྱབ་སྐྱོར་ཡོང་བའི་རེ་བ་བརླག་སོང་བ་དང་། ངའི་བསམ་བློ་ནང་ལ་རྒྱལ་སྤྱིའི་རོགས་རམ་ཡོང་གི་མ་རེད་གང་ཞེད་ན་ཨ་རི་ཡིན་ནའང་རེད་གཞན་སུ་དང་སུ་ཡིན་ཀྱང་ཁ་བཤད་ཙམ་ལས་རྫུན་གཏམ་ཁོ་ན་ཡིན་པའི་ཚོར་སྣང་ཞིག་བྱུང་སོང་ཞེས་གསུངས་སོང་། ཁོང་གིས་མུ་མཐུད་གསུངས་པར་རྩ་བའི་རྒྱལ་སྤྱིའི་ངོས་ནས་རྒྱབ་སྐྱོར་ཡོད་ཅེས་བརྫིད་པོ་བཤད་ཀྱི་ཡོད་པ་རེད། འོན་ཀྱང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་སྐུ་སྒེར་གཅིག་བཙོན་གྲོལ་ཡོང་བར་གང་ཡང་གནང་ཐུབ་མེད་པ་དང་། དེ་བཞིན་ཁོང་དང་འདྲ་བའི་ཆབ་སྲིད་བཙོན་པ་མང་པོ་ཞིག་ཡོད་པ་དེ་དག་གི་གནད་དོན་ཡང་དེ་མཚུངས་ཡིན་སྟབས། ངའི་སེམས་ནང་ཁག་པོ་ཡིན་པའི་ཚོར་སྣང་ཞིག་ཤུགས་མ་ཐུབ་ཀྱིས་སླེབས་སོང་ཞེས་གསུངས་པ་དང་ཆབས་ཅིག ཁོང་གིས་ང་རང་གི་རྩ་བའི་བླ་མ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་དགོངས་པ་རྫོགས་པར་བརྟེན་བོད་ནང་དུ་བསྡད་ན་རྒྱ་གཞུང་གིས་ཆེས་དམ་བསྒྲགས་འོག་འགྲོ་འདུག་སྤྱོད་གསུམ་གྱི་ཐོག་ལ་དཀའ་ངལ་ཡོད་པ་རེད། རྒྱ་གར་དུ་༸གོང་ས་མཆོག་བཞུགས་ཡོད་པ་སོང་ཙང་འདིར་བསྡད་ན་ཡག་པ་འདུག་བསམ་སྟེ་ནང་མི་ཚང་མ་ཁྲིད་ནས་ཡོང་བ་ཡིན་ཅེས་སོགས་གསུངས་ཀྱི་འདུག དེ་བཞིན་ཁོང་གིས་ང་ཚོ་བོད་ནང་དུ་བསྡད་ན་ཟས་བཟའ་རྒྱུ་མེད་པ་དང་ལྟོག་སྐོམ་ཐེབས་པའི་དཀའ་ངལ་མེད་ཀྱང་། རྒྱ་གཞུང་གིས་ཆེས་དམ་བསྒྲགས་ཆེ་བའི་སྲིད་བྱུས་འོག་སེམས་ལ་དཀའ་ངལ་ཡོད་པ་རེད། དཔེར་ན་གྲོང་གསེབ་ནང་གྲོགས་ཕན་ཚུན་འདུ་འཛོམས་བྱེད་རྒྱུ་མཚོན་འགྲོ་ཆགས་ཉལ་འདུག་སོགས་ཀྱི་བྱ་སྤྱོད་ཐད་ལ་དཀའ་ངལ་ཆེན་པོ་ཡོད་པ་མ་ཟད། ལྷག་དོན་གྲོང་སྡེ་དང་གྲོང་ཁྱེར་སོགས་ཀྱི་ནང་ལ་གསང་ཉུལ་བ་ཆེད་འཇོག་བྱེད་བཞིན་ཡོད་སྐོར་གསུངས་སོང་། ད་དུང་ཁོང་གིས་རྒྱ་གཞུང་གི་སྲིད་བྱུས་ལ་གཞིགས་ན་རང་ཉིད་ཀྱི་བུ་ཕྲུག་ཚོ་ལ་གཞུང་གི་ལས་ཀ་རག་སྲིད་པ་དེར་མ་ལྟོས་པར་བཙན་བྱོལ་དུ་ཁྲིད་ནས་སློབ་གྲྭར་གཏོང་རྒྱུ་ཡིན་ཅེས་གསུངས་ཀྱི་འདུག གཞི་རྩའི་རྒྱ་ནག་གཞུང་གིས་ལི་ཐང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་མཆོག་ལ་ཁྲེན་ཏུར་འབར་རྫས་གས་ཐོར་གྱི་དོན་རྐྱེན་ཞིག་དང་འབྲེལ་བ་ཡོད་པ་བརྗོད་ནས་ཕྱི་ལོ་ ༢༠༠༢ ཟླ་ ༤ ཚེས་ ༧ ཉིན་གྱི་དགོང་མོའི་ཆུ་ཚོད་ ༡༢ ཙམ་ལ་གློ་བུར་དུ་འཛིན་བཟུང་བྱས་ཡོད་པ་དང། དེའི་རྗེས་དུས་འགྱངས་སྲོག་ཁྲིམས་ནས་ཚེ་བཙོན་དུ་འགྱུར་བ་བཏང་སྟེ་བཙོན་ཁང་གི་མནར་གཅོད་འོག་ལོ་ངོ་ ༡༣ རིང་བཞག་མཐར་ ༢༠༡༥ ལོའི་ཟླ་ ༧ ཚེས ༡༢ ཉིན་ཁྲེན་ཏུའི་ཉེ་འཁྲིས་ཁྲན་ཏུ་བཙོན་ཁང་ནང་གློ་བུར་དུ་དགོངས་པ་རྫོགས་པའི་གནས་ཚུལ་ཐོན་ཡོད་པ་རེད།

༸གོང་ས་མཆོག་གི་༸སྐུ་པར་སྒྲིག་བཤོམ་མི་ཆོག་ཚུལ་བརྗོད་པ།

དེ་ཡང་ལོ་གསར་པ་ཤར་ལ་ཉེ་བའི་མཚམས་འདིར་མཚོ་སྔོན་ཞིང་ཆེན་ཕྱོགས་ཀྱི་དགོན་སྡེ་ཁག་ཏུ་ས་གནས་རྫོང་དང་ཡུལ་མཚོ་ཞིང་ཆེན་རིམ་པ་ཡན་གྱི་འགོ་ཁྲིད་རྣམས་ལྟ་སྐོར་དུ་ཡོང་ཡོད་པ་དང་། ལྟ་སྐོར་དུ་མ་ཡོང་བའི་སྔོན་ཚུད་ནས་དགོན་སྡེ་དེ་དག་གི་ནང་དུ་༸གོང་ས་མཆོ་གི་༸སྐུ་པར་སྒྲིག་བཤོམ་གནང་ཡོད་ཚེ་ངེས་པར་དུ་མར་ཕབ་དགོས་ཚུལ་གྱི་བཙན་བཀའ་བཏང་ཡོད་འདུག འདི་ག་རླུང་འཕྲིན་ཁང་ལ་ས་གནས་བོད་མི་ཞིག་གིས་གནད་དོན་གང་ཡིན་འགྲེལ་བརྗོད་གནང་པར་དེ་སྔ་མཚོ་སྔོན་ཞིང་ཆེན་ཁུལ་གྱི་དགོན་སྡེ་ཁག་ཅིག་གི་ནང་ལ་༸གོང་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་པར་བཤམས་ཏེ་དད་ལྡན་མང་ཚོགས་ཚོས་ཕྱག་མཆོད་འབུལ་གནང་བཞིན་ཡོད་ཀྱང་། ཉེ་ཆར་གནམ་ལོ་གསར་པ་མ་ཤར་བའི་སྔོན་དེར་རྫོང་དང་ཁུལ་ཞིང་ཆེན་བཅས་ཀྱི་ཆོས་ལུགས་ལས་དོན་ཁང་དང་སྤྱི་བདེ་ལས་ཁུངས་རྒྱ་གཞུང་ལས་བྱེད་ཚན་པ་ཞིག་དགོན་སྡེ་ཁག་ཏུ་ལྟ་སྐོར་དུ་བསྐྱོད་ཡོད་པ་མ་ཟད། ལྟ་སྐོར་མ་ཡོང་བའི་སྔོན་དུ་དགོན་པའི་ནང་ཡོད་པའི་༸གོང་ས་མཆོག་གི་༸སྐུ་པར་རྣམས་མར་ཕབ་དགོས་ཚུལ་བརྗོད་དོན་ལྟར་༸གང་ཉིད་མཆོག་གི་༸སྐུ་པར་མར་ཕབ་པའམ་༸སྐུ་པར་སྦས་ནས་བཞག་དགོས་བྱུང་ཡོད་པ་རེད་ཅེས་འགྲེལ་བརྗོད་གནང་སོང་། རྒྱ་གཞུང་ལས་བྱེད་དེ་དག་གིས་དགོན་སྡེ་ཁག་ནང་གི་གནས་སྟངས་ལ་རྟོག་ཞིབ་དང་དགོན་སྡེའི་ལས་བྱེད་རྣམས་བསྡུ་བསྐོང་གིས་རྒྱ་ནག་གི་ཆབ་སྲིད་བརྟན་ལྷིང་དང་། ཆོས་ལུགས་དད་པ་རང་མོས་སྲིད་བྱུས་ལ་བརྩི་སྲུང་འོག་དཀའ་ངལ་གང་ཞིག་ཡོད་ཀྱང་ཡར་ཞུས་ན་རོགས་རམ་བྱེད་རྒྱུ་ཡིན་པ་སོགས་ཀྱི་གཏམ་བཤད་བྱས་ཡོད་པ་རེད་འདུག ལྷག་པར་དུ་གསར་འགྱུར་བརྒྱུད་ལམ་ནས་གོང་ཁྲན་ཏང་གི་བཀའ་དྲིན་དང་སྲིད་གཞུང་གི་ལས་བྱེད་ཁག་གི་རོམས་རམ་འོག་དགོན་པ་ལྷིང་འཇགས་དང་དགེ་འདུན་པའི་བསླབ་པ་སློབ་གཉེར་ཡར་རྒྱས་སོང་ཡོད་པ་སོགས་ཀྱི་གསར་འགྱུར་རྫུན་མ་སྤེལ་འདུག་ཅེས་ཅེས་འགྲེལ་བརྗོད་གནང་སོང་། རྩ་བའི་སྤྱི་ལོ་ ༢༠༠༨ ལོས་ནས་ས་གནས་དེའི་དགོན་སྡེ་ཁག་ལ་དོ་དམ་ནན་པོ་བྱས་པ་དང་། དགོན་སྡེ་ཁག་དེ་དག་ནང་ལྟ་རྟོག་དོ་དམ་དམག་མི་ཞེས་པ་འགྲེམས་འཇོག་གིས་རྒྱུན་དུ་དགོན་པའི་དགེ་འདུན་པ་དང་ཆོས་ལུགས་ཀྱི་བྱེད་སྒོ་གང་སྤེལ་ཐོག་ལྟ་སྲུང་ནན་པོ་བྱས་ཤིང་། དགོན་པའི་བླ་སྤྲུལ་དང་མཁན་པོ་ཁྲི་འདོན་དང་དབང་ལུང་སོགས་ཆོས་ཕྱོགས་ཀྱི་བྱེད་སྒོ་གང་སྤེལ་ཡང་གོང་རིམ་གྱི་ཆོག་མཆན་མེད་ན་སྤེལ་མི་ཆོག་ཚུལ་བརྗོད་ནས་དམ་དྲག་ནན་པོ་བྱེད་བཞིན་ཡོད་པ་རེད།

རྒྱ་གཞུང་གིས་གྲྭ་དགེ་འཕེལ་ལགས་ནང་མི་དང་ཐུག་འཕྲད་བྱེད་བཅུག་མེད་པ་མ་ཟད་དངུལ་དུ་མ་ལྐོག་ཟ་བྱས་འདུག

ཉེ་ཆར་ལོ་ངོ་ ༡༢ རིང་རྒྱ་གཞུང་གིས་བཙོན་འཇུག་ཁྲིམས་ཐག་བཅད་ནས་རྒྱ་ནག་གི་ཟི་ཁྲོན་དན་ཡང་བཙོན ཁང་དུ་བཙོན་འཇུག་བྱས་པའི་མདོ་སྨད་རྔ་བ་ཀིརྟི་དགོན་པའི་དགེ་འདུན་པ་དགེ་འཕེལ་ལགས་ཀྱི་ནང་མི་དང་ད་བར་ཐུག་འཕྲད་གཅིག་ཀྱང་བྱེད་བཅུག་མེད་པ་མ་ཟད། ཁོང་གི་ནང་མི་ལས་དངུལ་དུ་མ་ལྐོག་ཟ་བྱས་འདུག དེ་བཞིན་རྒྱ་གཞུང་གིས་ཁོང་ལ་ཁྲིམས་ཐག་བཅད་རྗེས་ནང་མི་ཚོས་བཙོན ཁང་དུ་ཐེངས་ཁ་ཤས་རིང་ཐུག་འཕྲད་གནང་ཕྱིར་ཆེད་བཅར་ཞུས་ཡོད་ཀྱང་། བཙོན་ཁང་གི་ལས་བྱེད་བརྒྱུད་ཁོང་ལ་སྤྲོད་རྒྱུའི་དངུལ་དམར་ཐེངས་འགའ་བཞག་པ་དེ་དག་ཕྱག་ཏུ་སོན་མེད་པའི་ཁར་བཙོན་ལས་ཡིན་དང་གང་ཡིན་ཤེས་རྟོགས་མེད་པའི་རྒྱ་སྐད་རྒྱག་མཁན་མི་གཅིག་གིས་ནང་མིར་ཁ་པར་བཏང་སྟེ་གྲྭ་དགེ་འཕེལ་ལགས་ལ་དངུལ་མེད་པས་ཁོང་ལ་དངུལ་གཏོང་དགོས་ལུགས་བརྗོད་ནས་དངུལ་སྐོག་ཟ་བྱས་ཡོད་པ་རེད་འདུག བོད་མི་ཞིག་གིས་འགྲེལ་བརྗོད་གནང་དོན། རྒྱ་གཞུང་འབྲེལ་ཡོད་ལས་བྱེད་ཀྱིས་ནང་མི་ཚོར་བཙོན་ཁང་དུ་གྲྭ་དགེ་འཕེལ་ལགས་དང་ཐུག་འཕྲད་གནང་ཆོག་ལུགས་བརྗོད་ཡོད་སྟབས། ནང་མི་ཚོས་ཐེངས་ཁ་ཤས་རིང་ཁོང་དང་ཐུག་འཕྲད་ཆེད་བསྐྱོད་ཡོད་ཀྱང་དོན་དངོས་ཐོག་གཏན་ནས་ཐུག་འཕྲད་བྱུང་མེད་པ་དང་དེ་ལས་ལྡོག་སྟེ་ཁོང་གི་ནང་མི་ལས་དངུལ་དུ་མ་ལྐོག་ཟ་བྱས་ཡོད་སྐོར་གསུངས་སོང་། གཞི་རྩའི་གྲྭ་དགེ་འཕེལ་ལགས་ཀྱིས་རྒྱ་གཞུང་གི་ཁྲིམས་དང་འགལ་བའི་ཕྱག་ལས་གང་ཡང་གནང་མེད་ཀྱང་། ཕྱི་ལོ་ ༢༠༡༥ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོོ་མཆོག་གི་༸སྐུའི་གྱ་སྟོན་སྐབས་ཁུལ་དེའི་མང་ཚོགས་ཚོས་མངོན་གསལ་མེད་པའི་ཐོག་ནས་གྱ་སྟོན་སྲུང་བརྩི་ཞུས་པར་མཉམ་ཞུགས་གནང་པའི་ནག་ཉེས་ལ་ཁ་གཡར་ནས་བོད་མི་ཁག་ཅིག་འཛིན་བཟུང་བྱས་པ་མ་ཟད། བོདམི་དེ་དག་ལ་ལོ་དུས་འདྲ་མིན་གྱི་བཙོན་འཇུག་ཁྲིམས་ཐག་བཅད་པ་ལས་ཁོང་ལ་ལོ་ ༡༢ རིང་བཙོན་འཇུག་ཁྲིམས་ཐག་བཅད་པ་ཞིག་རེད་འདུག

Latest news