Tibetan Royal Year of 2151 | Year of the Wood Dragon

བོད།

རྒྱ་གར་དམག་མིའི་ཚོགས་ཁག་ཅིག་ལ་བོད་རིག་པའི་སློབ་གཉེར་ཟབ་སྦྱོང་ཐེངས་དང་པོ་གནང་འདུག

འདས་པའི་ལོ་གཉིས་ཙམ་གྱི་གོང་ལ་རྒྱ་གར་བྱང་ཕྱོགས་ལ་དྭགས་དང་། འབྲས་ལྗོངས་གཙོས་པའི་རྒྱ་གར་བྱང་ཤར་ཁུལ་གྱི་བོད་དང་རྒྱ་གར་གཉིས་ཀྱི་ས་མཚམས་ས་ཁུལ་དུ་རྒྱ་དཀར་ནག་གཉིས་ཀྱི་དམག་མིའི་དབར་གདོང་ཐུག་ཀྱི་གནད་དོན་རིམ་པས་བྱུང་སྐབས་རྒྱ་གར་ངོས་ནས་རྒྱ་ནག་ལ་འཐབ་རྒོལ་ནན་པོ་ཐུབ་ཆེད་ཡུལ་འདིའི་མཐའ་སྲུང་དམག་མི་གཙོས་པའི་འབྲེལ་ཡོད་དམག་དཔོན་རྣམས་ལ་བོད་ཀྱི་སྐད་ཡིག་དང་ལོ་རྒྱུས་གཙོས་པའི་བོད་ཀྱི་གནད་དོན་ཐོག་སློབ་གཉེར་ཟབ་སྦྱོང་གནང་རྒྱུའི་ལས་འཆར་ཞིག་ཡོད་ཞེས་གསུངས་ཡོད་པ་ལྟར། ད་རེས་ཉེ་འཆར་རྒྱ་གར་བྱང་ཤར་ཁུལ་གྱི་མཐའ་སྲུང་དམག་མི་དང་དམག་དཔོན་རྣམས་ལ་བོད་རིག་པའི་སློབ་གཉེར་ཟབ་སྦྱོང་ཐེངས་དང་པོ་དེ་གནང་ཟིན་འདུག དེ་ཡང་ཁ་སང་རེས་གཟའ་ཉི་མའི་ཉིན་རྒྱ་གར་བྱང་ཤར་ཁུལ་གྱི་ Tezpur གྲོང་ཁྱེར་ནང་ཡོད་པའི་རྒྱ་གར་བདེ་སྲུང་ཡན་ལག་ལས་ཁུངས་ཀྱི་གསར་འགོད་འབྲེལ་མཐུད་པ་དམག་དཔོན་ A S Walia ལགས་ཀྱིས་བསྒྲགས་གཏམ་ཤིག་ཡོངས་གྲགས་གནང་པའི་ནང་རྒྱ་གར་བྱང་ཕྱོགས་ཨ་རུ་ན་ཅལ་མངའ་སྡེའི་ནང་རྟེན་གཞི་བྱས་པའི་དབུས་ཧི་མ་ལ་ཡའི་ལེགས་བྱང་མཐོ་སློབ་ཁང་དུ་འདས་པའི་ཉིན་གྲངས་ ༤༢ རིང་ཨ་རུ་ན་ཅལ་དང་ཨ་སམ་མངའ་སྡེ་གཉིས་གཙོས་པའི་རྒྱ་གར་བྱང་ཤར་ཁུལ་དུ་ཆགས་པའི་རྒྱ་གར་གྱི་དམག་སྡེ་ཁག་གི་སྡེ་ཚན་ཅི་རིགས་ནང་ཕྱག་ལས་གནང་མཁན་གྱི་དམག་དཔོན་དང་། མཐའ་སྲུང་དམག་མི། དེ་བཞིན་འབྲེལ་ཡོད་ལས་བྱེད་སོགས་ལ་བོད་རིག་པའི་སློབ་གཉེར་ཟབ་སྦྱོང་ཐེངས་དང་པོ་དེ་གནང་ཡོད་པ་གསུངས་འདུག མ་ཟད་ཐེངས་འདིའི་བོད་རིག་པའི་སློབ་གཉེར་ཟབ་སྦྱོང་ཁྲོད་དུ་རྒྱ་གར་གྱི་དམག་དཔོན་དང་དང་དམག་མི་རྣམས་ནས་བོད་ཀྱི་སྐད་ཡིག་དང་། ནང་ཆོས། ལྷག་པར་དུ་བོད་ཀྱི་ཆབ་སྲིད་གནས་བབ་དང་འབྲེལ་ཕྱི་ལོ་ ༡༩༥༠ གོང་གི་བོད་དང་། རྒྱ་ནག་གིས་བཙན་འཛུལ་རྗེས་ཀྱི་བོད། དེ་བཞིན་རྒྱ་གཞུང་གིས་བོད་ནང་རྒྱ་མི་རིགས་གཞིས་སྤོས་དང་། བོད་ཀྱི་མི་རིགས་དང་རིག་གཞུང་རྩ་མེད་ཀྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་སོགས་ཀྱི་ཐོག་ལ་སློབ་ཁྲིད་དང་གྲོས་བསྡུར་སྦྱང་ཤེས་སོགས་གནང་ཡོད་པ་དང་། སློབ་ཁྲིད་དང་གསུངས་བཤད་གནང་མཁན་ཁོངས་སུ་རྟ་དབང་དགོན་པའི་མཁན་ཟུར་གུ་རུ་སྤྲུལ་སྐུ་མཆོག་དང་། བོད་དོན་ཆེད་མཁས་བ་དང་རྩོམ་པ་པོ་སྐུ་ཞབས་Claude Arpi ལགས་སོགས་ཡོད་པ་གསུངས་འདུག གཞི་རྩའི་རྒྱ་གར་གྱི་དམག་མི་རྣམས་ནས་བོད་ཀྱི་སྐད་ཡིག་དང་རིག་གཞུང་། ལོ་རྒྱུས་སོགས་ཀྱི་ཐོག་སློབ་སྦྱོང་བྱེད་རྒྱུའི་ལས་གཞི་འདི་ནི་ཕྱི་ལོ་ ༢༠༢༠ ལོར་འཕགས་བོད་གཉིས་ཀྱི་ས་མཚམས་སུ་རྒྱ་གར་ནག་གཉིས་ཀྱི་དམག་མིའི་དབར་གདོང་ཐུག་ཀྱི་གནད་དོན་རིམ་པས་བྱུང་སྐབས། སྐབས་དེའི་ཕྱི་ཟླ་བཅུ་པའི་ནང་ཚོགས་པའི་རྒྱ་གར་གྱི་དམག་སྤྱིའི་ལྷན་ཚོགས་ཐོག་གྲོས་བསྡུར་ཐོག་མ་དེ་བྱུང་སྟེ་རིམ་པས་ཧིམ་མ་ཅལ་མངའ་སྡེའི་རྒྱལ་ས་སིམ་ལར་རྟེན་གཞི་བྱས་པའི་རྒྱ་གར་གྱི་དམག་སྦྱོང་ལྟེ་གནས་ཁང་ནས་ལས་གཞི་འདིར་ཞིབ་འཇུག་གྱིས་དངོས་སུ་ལག་བསྟར་ཐུབ་རྒྱུའི་ཐོག་འབད་བརྩོན་གནང་ཡོད་པ་དང་། སྐབས་དེར་སློབ་ཁྲིད་གནང་སའི་ལྟེ་གནས་ཁོངས་སུ་ཝཱར་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དང་། ལྡི་ལི་མཐོ་སློབ་ཀྱི་ནང་ཆོས་ལྟི་གནས་ཁང་། དེ་བཞིན་རྒྱ་གར་ལྷོ་ཕྱོགས་སུ་ཆགས་པའི་ཏཱ་ལའི་བླ་མའི་མཐོ་རིམ་སློབ་གཉེར་ཁང་སོགས་མིང་འདོན་གནང་ཡོད།

ཕ་རན་སི་ནང་བོད་མི་སྟོང་ཚོ་དུ་མས་འདས་པོ་ཚུལ་ཁྲིམས་ལགས་ཀྱི་ཆེད་ངག་བཅད་གོམ་བགྲོད།

ཟླ་བ་འདིའི་ཕྱི་ཚེས་ ༡༡ ཉིན་ཕ་རན་སིའི་བྱང་ཕྱོགས་ Normandie ཁུལ་གྱི་ Saint léonards ས་གནས་སུ་ཡོད་པའི་རྒྱ་མིའི་ཟ་ཁང་དུ་ལས་ཀ་བྱེད་མཁན་རང་ལོ་ ༣༠ ལ་སོན་པའི་བོད་མི་ཚུལ་ཁྲིམས་ཞེས་པ་ཞིག་ལ་ཟ་ཁང་དེའི་སྦྱིན་བདག་དང་ལས་ཀ་བྱེད་མཁན་རྒྱ་མི་གཉིས་ནས་གྲི་བརྒྱབ་སྟེ་བསད་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པ་དང་འབྲེལ། ཁ་སང་ཕྱི་ཚེས་༡༧ རེ་གཟའ་ཉིན་མའི་སྔ་དྲོ་བོད་མི་སྟོང་ཚོ་དུ་མས་ལག་ཏུ་རྒྱ་སེར་མེ་ཏོག་དཀར་པོ་དང་ལྟོས་གོས་དཀར་པོ་གྱོན་ཏེ་འདས་པོ་ཁོང་ལ་ཁྲིམས་མཐུན་དང་དྲང་བདེན་དགོས་ཞེས་པའི་འབོད་ཚིགས་དང་བཅས་པེ་རི་སི་ Paris གྲོང་ཁྱེར་གྱི་ Bastille ཐང་ཆེན་ནས་ République ཐང་ཆེན་བར་མྱ་ངན་ངག་བཅད་ཀྱིས་གོམ་བགྲོད་ལས་འགུལ་གཞི་རྒྱ་ཆེ་བ་ཞིག་སྤེལ་འདུགཐེངས་འདིའི་ལས་འགུལ་དེ་བཞིན་ཕ་རན་སི་བོད་རིགས་ཚོགས་པའི་གོ་སྒྲིག་འོག་ས་གནས་སུ་ཡོད་པའི་བོད་མིའི་གཞུང་འབྲེལ་མིན་པའི་ ཚོགས་སྐྱིད་ཁག་མཉམ་རུམ་ཐོག་སྤེལ་བ་ཞིག་ཡིན་པ་དང་། ལས་འགུལ་དེའི་ཐོག་ཕ་རན་སི་བོད་རིགས་ཚོགས་པའི་ཚོགས་གཙོ་སྐར་མ་འཕྲིན་ལས་ལགས་གཙོས་པའི་རྒྱུན་ལས་རྣམ་པ་དང་། ཡུ་རོབ་བོད་མི་མང་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་དང་ཐུབ་བསྟན་རྒྱ་མཚོ་ལགས། སྦེལ་འཇམ་བོད་ཀྱི་སྐུ་ཚབ་དོན་གཅོད་རིག་འཛིན་ཆོས་སྒྲོན་ལགས་དང་ས་གནས་དོན་གཅོད་ལས་ཁུངས་ཀྱི་འབྲེལ་མཐུད་པ་རྣམ་རྒྱལ་བསམ་འགྲུབ་ལགས། ས་གནས་བོད་མི་མང་ཚོགས་༧༠༠༠ ལྷག་འདུ་འཛོམས་བྱུང་འདུག ད་རེས་ཀྱི་ལས་འགུལ་དེའི་ཐོག སྦེལ་འཇམ་དང་སུད་སི། དེ་བཞིན་ཕ་རན་སིའི་ཉེ་འཁོར་གྱི་ས་གནས་གཞན་ཁག་ནས་ཀྱང་བོད་མི་མང་པོ་ཞིག་ནས་མཉམ་ཞུགས་གནང་འདུག ཤེས་རྟོགས་བྱུང་བར་གཞིགས་ན། དེ་རིང་ཕྱི་ཚེས་ ༡༨ ཉིན་སླར་ཡང་བོད་རིགས་ཚོགས་པའི་གོ་སྒྲིག་འོག་མྱ་ངན་ངག་བཅད་ཀྱི་གོམ་གྲོད་ལས་འགུལ་གཞི་རྒྱ་ཆེ་བ་ཞིག་ཀྱང་སྤེལ་གྱི་ཡོད་པ་མ་ཟད། ཕྱི་ཚེས་ ༢༤ ཉིན་བོད་རིགས་ཚོགས་པས་གོ་སྒྲིག་འོག་འདས་པོ་ཁོང་གི་ཆེད་དུ་གཞི་རྒྱ་ཆེ་བའི་གདུང་སེམས་མཉམ་བསྐྱེད་དང་མཆོད་འབུལ་སྨོན་ལམ་ཡང་འཚོགས་རྒྱུ་རེད་འདུགགཞི་རྩའི་ཕ་རན་སིར་གནས་བཞུགས་བོད་མིའི་ཁྲོད་ནས་བརྒྱ་ཆ་མང་བ་ཞིག་རྒྱའི་ཟ་ཁང་དུ་ལས་ཀ་བྱེད་ཀྱི་ཡོད་པ་དང་ད་ལན་གྱི་དོན་རྐྱེན་དེར་ངོ་རྒོལ་གྱི་ཚུལ་དུ་འདས་པའི་ཉིན་ཤས་ནང་ས་གནས་ཀྱི་བོད་མི་རྣམས་ནས་རྒྱ་མི་ཟ་ཁང་ནང་ལས་མཚམས་བཞག་པའི་གནས་ཚུལ་བྱུང་ཡོད་པ་མ་ཟད། ས་གནས་སུ་ཡོད་པའི་རྒྱ་མི་ཟ་ཁང་ཁག་ཅིག་ལས་མི་མེད་པའི་དབང་གི་གནས་སྐབས་ཟ་ཁང་སྒོ་བརྒྱག་དགོས་པ་ཡང་བྱུང་འདུག

ཨ་ཉག་སེང་སྒྲ་ལགས་སུ་འདི་ལོའི་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་སྙིང་སྟོབས་གཟེངས་རྟགས་ཕུལ་བ།

རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་ International Tibet Network གིས་གོ་སྒྲིག་གནང་སྟེ་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་འགུལ་བ་ཨ་ཉག་སེང་སྒྲ་ལགས་སུ་ཕྱི་ལོ་ ༢༠༢༢ ལོའི་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་སྙིང་སྟོབས་གཟེངས་རྟགས་ཕུལ་འདུགཕྱི་ཟླ་ ༧ ཚེས་ ༡༢ ཉིན་ཁེལ་ཕོར་ནི་ཡའི་གྲོང་ཁྱེར་རིཆ་མོནྜ་  Richmond ནང་གི་བྱང་ཕྱོགས་ཁེལ་ཕོར་ནི་ཡའི་བོད་རིགས་ཚོགས་པའི་ཚོགས་ཁང་དུ་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གི་གོ་སྒྲིག་འོག་ཕྱི་ལོ་ ༢༠༢༢ ལོའི་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་སྙིང་སྟོབས་གཟེངས་རྟགས་ཐེངས་ ༧ པ་དེ་བོད་ནང་གི་བོད་མི་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་འགུལ་བ་གྲགས་ཅན་ཨ་ཉག་སེང་སྒྲ་ལགས་སུ་ཕུལ་འདུགམཛད་སྒོའི་སྐབས་བྱང་ཕྱོགས་ཁེལ་ཕོར་ནི་ཡའི་བོད་རིགས་ཚོགས་པའི་སྐུ་ཚབ་དང་ས་གནས་བོད་ཀྱི་གཞོན་ནུའི་ཚོགས་པའི་སྐུ་ཚབ། དེ་བཞིན་བོད་ཀྱི་གྲོགས་པོ་ Bay Area Friends of Tibet བཅས་ཀྱི་སྐུ་ཚབ་རྣམས་མཉམ་ཞུགས་གནང་སྟེ་གཟེངས་རྟགས་དེ་ཨ་ཉག་སེང་སྒྲ་ལགས་ལ་ཆེ་བསྟོད་ཚུལ་དུ་ཕུལ་ཡོད་པ་རེད། འོན་ཏང་ད་ལྟའི་ཆར་ཁོང་རྒྱ་དམར་གཞུང་གིས་ཁ་བྲལ་རིང་ལུགས་ཀྱི་ཉེས་མིང་འོག་བཙོན་འཇུག་བྱས་ཡོད་སྟབས་གཟེངས་རྟགས་འབུལ་བཞེས་མཛད་སྒོར་དངུས་སུ་ཕེབས་ཐབས་བྲལ་བར་བརྟེན་ཆབ་སྲིད་བཙོན་ཟུར་དོན་གྲུབ་དབང་ཆེན་ལགས་ཀྱིས་ཁོང་ཚབ་ཞུས་ཏེ་གཟེངས་རྟགས་དེ་བཞེས་ཡོད་པ་རེད།གཟེངས་རྟགས་ཀྱི་འོས་མི་ནང་ཆབ་སྲིད་བཙོན་ཟུར་བང་རི་མཚམས་སྤྲུལ་རིན་པོ་ཆེ་མཆོག་དང་རིན་ཆེན་སྐྱིད་ལགས། ཨ་ཉག་སེང་སྒྲ་ལགས། བསྟན་འཛིན་ཉི་མ་ལགས་བཅས་ཡོད་པ་རེད། ཨ་རིའི་ San Fransicco གྲོང་ཁྱེར་ནང་གནས་བཞུགས་འཇིགས་བྲལ་གློག་བརྙན་བཟོ་སྐྲུན་པ་ཆབ་སྲིད་བཙོན་ཟུར་དོན་གྲུབ་དབང་ཆེན་ལགས་ཀྱིས་ཨ་ཉག་སེང་སྒྲ་ལགས་ཀྱི་ལོ་རྒྱུས་ངོ་སྤྲོད་གནང་ཡོད།སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དམ་པ་དེ་ཉིད་ཀྱི་རྗེས་དྲན་ལས་རིམ་ཐོག་རིན་པོ་ཆེ་དམ་པའི་ཚ་མོ་ཉི་མ་ལྷ་མོ་ལགས་ཀྱིས་འཕྲིན་ཡིག་ཞིག་གནང་བའི་ནང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་སྙིང་སྟོབས་གཟེངས་རྟགས་དེ་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ལས་འགུལ་བ་ཨ་ཉག་སེང་སྒྲ་ལགས་སུ་ཕུལ་བར་ཆེ་བསྟོད་ཞུས་པ་དང་ཆབས་ཅིག ཁོང་གི་ཞང་པོ་མཆོག་གིས་ཀྱང་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་ཏེ་རྒྱ་ནག་གི་སྲིད་བྱུས་ལ་གདོང་ལེན་གནང་ཡོད་པ་དང་། ཁོང་གིས་བློས་བཏང་དེ་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལས་འགུལ་བ་རྣམས་ལ་སྙིང་སྟོབས་གོང་སྤེལ་གྱི་བློ་སྤོབས་ཤིག་སྦྱིན་གྱི་ཡོད་པ་དང་དེ་ལྟར་ཕྱག་ལས་གནང་མཁན་ལ་ངའི་ཞང་པོའི་མཚན་ཐོག་ནས་གཟེངས་རྟགས་དེ་གནང་གི་ཡོད་པ་ཆེས་དགའ་སྤོབས་བྱུང་ཞེས་གསུངས་འདུག ལྷག་དོན་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་ནས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་ཁོང་གི་བློས་བཏང་ལ་རྗེས་དྲན་ཞུས་པ་དང་བོད་དོན་ཐོག་མུ་མཐུད་རྒྱབ་སྐྱོར་གནང་སྟེ་རྒྱ་ནག་གི་དབང་སྒྱུར་ལ་ལྟོས་མེད་གདོང་ལེན་གནང་མཁན་བོད་ཀྱི་དཔའ་བོ་དཔའ་མོ་དག་ལ་ངོས་བཞེས་དང་གཟེངས་བསྟོད་གནང་བར་ཐུགས་རྗེ་ཆེ་ཞེས་གསུངས་ཡོད། གཞི་རྩའི་ལོ་ལྟར་ཕྱི་ཟླ་ ༧ ཚེས་ ༡༢ ཉིན་རྒྱལ་གཅེས་དཔའ་བོ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དམ་པ་དེ་ཉིད་ཀྱི་དགོངས་རྫོགས་རྗེས་དྲན་གྱི་དུས་ཚིགས་སྲུང་བརྩི་དང་བསྟུན་བོད་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོའི་ཉིན་མོ་ཞེས་སྲུང་བརྩི་ཞུས་ཏེ། བོད་ནང་གི་བོད་མི་ཆབ་སྲིད་བཙོན་པ་གཅིག་ལ་རིན་པོ་ཆེའི་སྙིང་སྟོབས་གཟེངས་རྟགས་འབུལ་བཞེས་གནང་གི་ཡོད་པ་དང་། འདི་ལོའི་དམ་པ་ཁོང་གི་དགོངས་རྫོགས་རྗེས་དྲན་འདི་ནི་ལོ་བདུན་འཁོར་བའི་རྗེས་དྲན་ཆགས་ཀྱི་ཡོད་པ་དང་། གཟེངས་རྟགས་འདི་ནི་བྱང་ཕྱོགས་ཁེལ་ཕོར་ནི་ཡའི་བོད་རིགས་ཚོགས་པ་དང་ས་གནས་བོད་ཀྱི་གཞོན་ནུའི་ཚོགས་པ། དེ་བཞིན་བོད་ཀྱི་གྲོགས་པོ་ Bay Area Friends of Tibet བཅས་ཀྱི་མཐུན་འགྱུར་གནང་སྟེ་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གིས་གོ་སྒྲིག་ཞུས་པ་ཞིག་ཡིན་པ་རེད། འབྲེལ་ཡོད་པར་ཁག་སྤྱི་ཚོགས་དྲྭ་བ་ལས་བཏུས།  

རྒྱ་གཞུང་ཉེན་རྟོག་པས་འཛུམ་དཀར་ལགས་ཀྱི་གཅུང་མོ་བཙན་ཁྲིད་བྱས་འདུག

ཟླ་བ་སྔོན་མའི་ཟླ་སྐྱིལ་དུ་རྒྱ་གཞུང་ཉེས་རྟོག་པས་༸གོང་ས་མཆོག་གི་༸སྐུ་པར་སྒྲིག་གཤོམ་བའི་གནང་ཉེས་མིང་འོག་འཛིན་བཟུང་བཙན་ཁྲིད་བྱས་པའི་བོད་པའི་བུད་མེད་འཛུམ་དཀར་ལགས་ཀྱི་གཅུང་མོ་གཡུ་སྒྲོན་ལགས་ཀྱང་འཛིན་བཟུང་བཙན་ཁྲིད་བྱས་འདུགཁ་སང་བོད་ཀྱི་དུས་བབ་གསར་ཁང་གི་དྲ་གནས་ཐོག་གནས་ཚུལ་སྤེལ་བར་ཟླ་བ་འདིའི་ཕྱི་ཚེས ༡༡ ཉིན་རྒྱ་གཞུང་ཉེན་རྟོག་པས་བོད་ནག་ཆུ་ཨ་མདོ་རྫོང་རྩ་རིང་གྲོང་རྡལ་ནས་ཡིན་པའི་བོད་པའི་བུད་མེད་གཡུ་སྒྲོན་ལགས་རྒྱུ་མཚན་ཡིན་གསལ་ཁ་མེད་པར་འཛིན་བཟུང་བཙན་ཁྲིད་བྱས་ཡོད་པ་དང་། ཁོང་མོ་ནི་ཟླ་སྔོན་མའི་ཕྱི་ཚེས་ ༢༣ ཉིན་རང་ཁྱིམ་གྱི་མཆོད་ཁང་ནང་དུ་ ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་པར་བཤམས་ཡོད་པའི་ཉེས་མིང་འོག་རྒྱ་གཞུང་ཉེས་རྟོག་པས་རང་ཁྱིམ་ནས་འཛིན་བཟུང་བྱས་པའི་འཛུམ་དཀར་ལགས་ཀྱི་ཕ་མ་གཅིག་པའི་གཅུང་མོ་ཡིན་པ་གསལ་འདུག འབྲེལ་ཡོད་གནས་ཚུལ་མཁོ་སྤྲོད་གནང་མཁན་ཞིག་གིས་གཡུ་སྒྲོན་ལགས་ཉེ་ཆར་ཕྱི་ཚེས ༡༡ ཉིན་གྱི་ཞོགས་པ་ཐོ་རེངས་ཙམ་ལ་རྒྱ་གཞུང་ཉེས་རྟོག་པས་འཛིན་བཟུང་བཙན་ཁྲིད་བྱས་ཏེ་ལྷ་སའི་བཀག་ཉར་ཁང་ཞིག་ཏུ་བཀག་ཉར་བྱས་ཡོད་ལུགས་དང་། ད་ཆ་གཡུ་སྒྲོན་ལགས་དང་ཁོང་གི་གཅེན་མོ་འཛུམ་དཀར་ལགས་འཛིན་བཟུང་བཙན་ཁྲིད་བྱས་ཏེ་ཉིན་གྲངས་ ༣ དང་ ༢༠ ལྷག་འགྲོ་བཞིན་ཡོད་ཀྱང་ཁོང་སྤུན་མཆེན་གཉིས་ཀྱི་གནས་སྟངས་ཇི་ཆགས་སོགས་ཤེས་རྟོགས་མེད་པར་གྱུར་ཡོད་སྐོར་འགྲེལ་བརྗོད་གནང་འདུག རྩ་བའི་རྒྱ་ནག་གཞུང་གིས་བོད་ཀྱི་ས་ཁུལ་གང་སར་ཆབ་སྲིད་ཀྱི་ཉེས་མིང་སྣ་ཐོག་ནས་བོད་མི་བཟུང་བཙན་ཁྲིད་བྱས་པའི་གནས་ཚུལ་མང་དག་ཅིག་ཐོན་ཡོད་པ་དང་། ལྷག་པར་དུ་ཉེ་ལམ་ཕྱི་ཟླ་ ༥ པ་ནས་བཟུང་བོད་ཀྱི་རྒྱལ་ས་ལྷ་ས་གཙོ་བོར་གྱུར་པའི་བོད་ཀྱི་ས་ཁུལ་ཁག་ཏུ་ས་གནས་ཡུལ་མི་དང་ཡུལ་སྐོར་སྤྲོ་འཆམ་པ་རྣམས་ཀྱི་ལག་ཐོགས་ཁ་པར་དང་། སྡོད་ཁྱིམ་སོགས་སུ་གང་བྱུང་དུ་སྔོག་གཤེར་བྱས་ཏེ་༸གོང་ས་མཆོག་གི་༸སྐུ་པར་ཡོད་མེད་དང་། བཙན་བྱོལ་དུ་སྤུན་མཆེད་དང་ངོ་ཤེས་པ། གྲོགས་ཕོ་མོ་སོགས་ཡོད་མེད་འདྲི་རྩད་དང་ཉེས་མིང་སྣ་ཚོགས་བཏགས་པ་མ་ཟད། སྲིད་གཞུང་གི་ལས་བྱེད་དང་སློབ་ཕྲུག་རྣམས་དགོན་སྡེ་ཁག་ཏུ་མཆོད་མཇལ་དང་གསུང་ཆོས་ཞུ་ཡུལ་སོགས་སུ་འགྲོ་མི་ཆོག་པའི་བཙན་བཀའ་བཏང་ཡོད་པ་རེད། ད་རེས་རྒྱ་གཞུང་ཉེས་རྟོག་པས་འཛིན་བཟུང་བཙན་ཁྲིད་བྱས་པའི་གཡུ་སྒྲོལ་ལགས་ནི་བོད་ཆུ་ས་ཁུལ་ཨ་མདོ་རྫོང་རྩ་རིང་གྲོང་བརྡལ་ནས་ཡིན་ཞིང་། ད་ཆ་རང་ལོ་ ༢༠ ཡས་མས་ཤིག་ཡིན་པ་དང་ཁོང་གི་གཅེན་མོ་འཛུམ་དཀར་ལགས་ནི་རང་ལོ་ ༢༧ ཡིན་ཞིང་། ཆུང་དུས་ནས་ཕ་མ་གཉིས་དང་ལྷན་དུ་འབྲོག་ལས་གནང་སྟེ་འཚོ་བ་བསྐྱལ་གྱི་འདུག

བོད་པའི་བེུད་ཅིག་ལ་མེ་བརྒྱབ་པར་བརྟེན་བོད་མིའི་སྤྱི་ཚོགས་ཁྲོད་དུ་གླེང་སློང་ཤུགས་ཆེ་གནང་བཞིན་པ།

ཁེ་ན་ཌའི་ཊོ་རོན་ཊོ་གྲོང་ཁྱེར་ནང་བསྟན་འཛིན་ནོར་བུ་ཟེར་བས་རང་ལོ་ ༢༨ ལ་སོན་པའི་བུ་མོ་ཉི་མ་སྒྲོལ་མ་ལགས་ལ་མེ་བརྒྱབ་རྐྱེན་ཁོ་མོ་ཉེ་ལམ་འདས་གྲོངས་སུ་སོང་བའི་གནས་ཚུལ་བྱུང་བ་ལྟར་ད་ཆ་སྤྱི་ཚོགས་དྲྭ་ལམ་ཐོག་བོད་མི་མང་དག་ཅིག་ནས་གནས་ཚུལ་དེའི་ཐོག་བློ་འཚབ་ཤུགས་ཆེ་དང་ཁོང་གི་ཤུལ་ལུས་ནང་མི་ཚོར་གདུང་སེམས་མཉམ་བསྐྱེད་ཞུས་པ་དང་ཆབས་ཅིག བེུད་ལ་དྲག་སྤྱོད་དང་བསམ་བློའི་འཕྲོད་བསྟེན་དང་འབྲེལ་བའི་གནད་དོན་ཐོག་དོ་སྣང་དང་བགྲོ་གླེང་མང་ཙམ་དགོས་པའི་བསམ་ཚུལ་འདོན་མཁན་མང་དག་ཅིག་འདུགཉེ་ལམ་ཕྱི་ཟླ་ ༦ ཚེས་ ༡༧ ཉིན་གྱི་ཉིན་དགུང་ཕྱག་ཚོད་ ༡༢་༢༥ ཡོལ་ཙམ་ལ་ཊོ་རོན་ཊོའི་ཀིཔ་གླིང་རླངས་འཁོར་འབབ་ཚུགས་སུ་ཉི་མ་སྒྲོལ་མ་ལགས་སུ་མེ་སྐྱོན་གྱི་དོན་རྐྱེན་བྱུང་འཕྲལ་དུ་མྱུར་སྐྱོབ་པས་ཁོང་ Sunnybrook Health Sciences Centre ཞེས་པའི་སྨན་ཁང་དུ་མྱུར་ཁྲིད་ཀྱིས་སྨན་བཅོས་བྱས་ཀྱང་ཕན་འབྲས་མ་བྱུང་བར་ཟླ་བ་འདིའི་ཚེས་ ༥ ཉིན་རྐྱེན་འདས་གྲོངས་སུ་སོང་བའི་ཡིད་སྐྱོ་བའི་གནས་ཚུལ་བྱུང་ཡོད་པ་རེད།དོན་རྐྱེན་དེ་བྱུང་འཕྲལ་ས་གནས་ཉེན་རྟོག་པས་རང་ལོ་ ༣༣ ཡིན་པའི་བསྟན་འཛིན་ནོར་བུ་ཞེས་པ་དེ་འཛིན་བཟུང་གིས་ཁྲིམས་འགལ་གྱི་བྱ་སྤྱོད་དེར་ཉེས་ཆད་དང་ཡོང་འགྱུར་ཕྱི་ཟླ་ ༧ ཚེས་ ༡༨ ཉིན་ཁྲིམས་ཁང་དུ་ཁྲིམས་ཆད་གཏང་རྒྱུ་ཡིན་པ་དང་། ཊོ་རོན་ཊོ་ཉེན་རྟོག་པའི་མགྲིན་ཚབ་པས་གནས་ཚུལ་དེ་མི་གསོད་གནས་ཚུལ་རྟོག་ཞིབ་པ་ Homicide Unit ཞེས་པར་རྩིས་སྤྲོད་བྱས་ཡོད་པ་བཞིན་རིམ་པས་ཁོང་རྣམས་ཀྱིས་ཐག་གཅོད་གནང་གི་ཡོད་སྐོར་གསུངས་པ་ལས། ད་ལྟའི་ཆར་བསྟན་འཛིན་ནོར་བུ་ཞེས་པ་དེའི་རྒྱབ་ལྗོངས་ལོ་རྒྱུས་སོགས་ཀྱི་སྐོར་ལ་གནས་ཚུལ་ཁ་གསལ་གང་ཡང་བཀོད་མི་འདུགཨོན་ཊ་རོ་ས་གནས་བོད་ཀྱི་བུད་མེད་ཚོགས་པ་ནས་ཕྱི་ཟླ་ ༧ ཚེས་ ༧ ཉིན་བསྒྲགས་གཏམ་ཞིག་སྤེལ་ཡོད་པའི་ནང་། དོན་རྐྱེན་དེའི་ཁྲོད་ཤུལ་ལུས་ནང་མི་དང་དགའ་ཉེ་ཚང་མར་གདུང་སེམས་མཉམ་བསྐྱེད་ཞུས་པ་མ་ཟད། དེ་ལྟ་བུའི་རྩུབ་སྤྱོད་ནི་ཆེས་མི་འོས་པ་ཞིག་ཡིན་པ་དང་། གནད་དོན་དེའི་རྐྱེན་པས་ང་ཚོའི་སྤྱི་ཚོགས་ནང་ཕོ་མོའི་དབྱེ་འབྱེད་དང་དྲག་སྤྱོད་འགོག་ཐབས་ཐད་སློབ་སྟོན་གནང་དགོས་པའི་ཐོག་སྤྱི་ཚོགས་ནང་བུད་མེད་ལ་དྲག་སྤྱོད་དང་རྩུབ་སྤྱོད་སོགས་འགོག་པར་ནུས་པ་མཉམ་སྤུངས་ཐོག་ནས་ལས་དོན་གནང་དགོས་པར་གཞེན་སྐུལ་གནང་འདུག དེ་བཞིན་ཨོན་ཊ་རོ་ས་གནས་བོད་ཀྱི་བུད་མེད་ཚོགས་པ་ནས་ཤེས་ཡོན་དང་སྣེ་ཁྲིད། དེ་བཞིན་སྤྱི་ཚོགས་ཀྱི་བྱེད་སྒོ་སོགས་ཀྱི་བརྒྱུད་ནས་ཕོ་མོ་དབྱེ་འབྱེད་ཀྱི་གནད་དོན་འགོག་ཐབས་བྱ་རྒྱུ་ཡིན་པ་ཆོད་སེམས་བརྟན་པོ་ཡོད་ཅེས་གསུངས་འདུགཁེ་ན་ཌའི་ཨོན་ཊ་རོ་མངའ་སྡེའི་གྲོས་ཚོགས་འཐུས་མི་བུ་འཁྲིད་དཀར་པོ་ཆེ་ལགས་ཀྱིས་ཀྱང་རང་གི་ངོ་དེབ་ཐོག་བསྒྲགས་གཏམ་སྤེལ་བའི་ནང་འདས་པོ་དེ་ཉིད་ལ་བསྔོ་སྨོན་དང་ཤུལ་ལུས་ནང་མིར་གདུང་སེམས་མཉམ་བསྐྱེད་ཞུས་པ་དང་འབྲེལ། ད་ལྟའི་ཆར་ཉེན་རྟོག་པས་ཕྱིར་བསྒྲགས་བྱས་པ་ལས་གཞན་པའི་གནས་ཚུལ་ཞིབ་ཕྲ་རྟོགས་དཀའ་རུང་། ཉི་མ་སྒྲོལ་མ་ལགས་རྐྱེན་འདས་སུ་ཕྱིན་པ་དེས་བེུད་ལ་དྲག་སྤྱོད་དང་བསམ་བློའི་འཕྲོད་བསྟེན་དང་འབྲེལ་བའི་དཀའ་ངལ་ཐོག་སེམས་འཚབ་ཞིག་ཡོད་སྐོར་གསུངས་འདུག སྤྱིར་སྤྱི་ཚོགས་ནང་དབྱེ་འབྱེད་ནང་ཚུད་པའི་མི་རིགས་དང་ཕྱིའི་རྒྱལ་ཁབ་ནས་གཞིས་སྤོ་བྱས་པའི་མི་རིགས་ཁྲོད་བསམ་བློའི་འཕྲོད་བསྟེན་དང་འབྲེལ་བའི་དཀའ་ངལ་ཧ་ཅང་ཆེན་པོ་ཡོད་པས་དེ་དག་ལ་རྒྱབ་སྐྱོར་དང་ལྟ་རྟོག་བྱེད་དགོས་གལ་ཡིན་པ་དང་། ཁོང་གྲོས་ཚོགས་འཐུས་མི་ཞིག་ཡིན་པའི་ཆ་ནས་ཀྱང་གནད་དོན་དེའི་ཐོག་དོ་སྣང་མུ་མཐུད་གནང་རྒྱུ་ཡིན་སྐོར་གསུངས་འདུགགཞི་རྩའི་ཊོ་རོན་ཊོ་ཉེན་རྟོག་པའི་མགྲིན་ཚབ་པ་ Alex Li ལགས་ཀྱིས་དོན་རྐྱེན་དེ་མ་བྱུང་གོང་ཁོང་གཉིས་དབར་ལབ་གླེང་བྱུང་ཡོད་སྐོར་འགྲེལ་བརྗོད་གནང་ཡོད་ཀྱང་། ཕྱིས་སུ་རྟོག་ཞིབ་བརྒྱུད་ཁོང་གཉིས་དབར་འབྲེལ་བ་གང་ཡང་མེད་པའི་གནས་ཚུལ་ར་སྤྲོད་བྱུང་ཡོད་ཚུལ་འཁོད་འདུག གནས་ཚུལ་དེ་བཙན་བྱོལ་བོད་མིའི་ཁྲོད་དུ་ཁྱབ་བསྒྲགས་ཇེ་ཆེར་འགྲོ་བཞིན་པ་དང་བསྟུན། སྤྱི་ཚོགས་དྲྭ་རྒྱའི་ནང་བོད་མི་ཁག་གཅིག་གིས་དེ་ལྟ་བུའི་གནས་ཚུལ་དེ་ཡོང་དགོས་པའི་རྒྱབ་ལྗོངས་དང་རྒྱུ་མཚན། ལྷག་པར་བེུད་ཐོག་རྩུབ་སྤྱོད་དང་བསམ་བློའི་འཕྲོད་བསྟེན་སྐོར་ལ་ཡོངས་གྲགས་ཀྱིས་གྲོས་བསྡུར་དང་བགྲོ་གླེང་མང་ཙམ་དགོས་པའི་བསམ་ཚུལ་ཤུགས་ཆེར་འདོན་བཞིན་ཡོད་པ་མ་ཟད། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཀྱང་དོ་སྣང་དགོས་པའི་དགོས་འདུན་གནང་མཁན་ཡང་འདུག ཤེས་རྟོགས་བྱུང་བར་རེས་གཟའ་པ་སངས་ཉིན་འདས་པོ་ཁོང་གི་སྐུ་ཕུང་བཞུགས་འབུལ་གནང་གི་ཡོད་པ་དང་ཨོན་ཊ་རོ་བོད་རིགས་ཚོགས་པའི་ངོས་ནས་བོད་མི་ཡོངས་ལ་དེ་འབྲེལ་ཐུགས་སྨོན་གནང་བའི་འབོད་སྐུལ་ཞུས་འདུག

Wimbledon རྩེད་འགྲན་སྐབས་ལྕམ་ Peng Shuai ལགས་གང་དུ་ཡོད་དམ་ཞེས་ངོ་རྒོལ་གནང་འདུག

ཟླ་བ་འདིའི་ཕྱི་ཚེས་ ༤ དང་ ༡༠ བཅས་སོ་སོར་ཕྱི་ལོ་ ༢༠༢༢ ལོའི་ Wimbledon རྩེད་འགྲན་མཐའ་མ་དང་བསྟུན་ནས་བོད་དོན་དང་ཧོང་ཀོང་གི་ལས་འགུལ་བ་ཁག་ཅིག་གིས་རྒྱ་ནག་གི་ཊེ་ནི་སི་རྩེད་འགྲན་པ་གྲགས་ཅན་ལྕམ་ Peng Shuai ལགས་ཀྱི་ཆེད་དུ་ངོ་རྒོལ་གྱི་ལས་འགུལ་སྤེལ་བ་མ་ཟད་ཕྱི་ཚེས་ ༡༠ ཉིན་གྱི་ལས་འགུལ་ཁྲོད་ཨོ་སི་ཊོ་ལི་ཡ་ནས་ཡིན་པའི་ལས་འགུལ་བ་སྐུ་ཞབས་ Drew Pavlou ལགས་སྐོར་སྲུང་བས་རྩེད་འགྲན་གྱི་ར་བ་ནས་ཕྱིར་འབུད་བཏང་འདུག ཕྱི་ཚེས་ ༤ ཉིན་དབྱིན་ཡུལ་ནང་ཚོགས་པའི་ Wimbledon ཞེས་བེུད་ཀྱི་ Tennis རྩེད་འགྲན་ཆེས་མཐའ་མའི་སྐབས་དབྱིན་ཡུལ་གྱི་བོད་རང་དབང་ཚོགས་པ་དང་། Power to hongkongers ཞེས་ཧོང་ཀོང་གི་ཚོགས་པའི་ལས་འགུལ་བ་བཞིས་དེ་སྔ་རྒྱ་ནག་གི་དཔོན་རིགས་ལ་བཙན་གཡེམ་བཏང་བ་དང་འབྲེལ་བའི་སྐྱོན་འཛུགས་གནང་རྗེས་གར་སོང་ཆ་མེད་ལྟ་བུར་གྱུར་བའི་རྒྱ་ནག་གི་ Tennis  རྩེད་འགྲན་པ་གྲགས་ཅན་ལྕམ་ Peng Shuai ལགས་གང་དུ་ཡོད་དམ་ཞེས་འབོད་ཚིག་འཁོད་པའི་སྟོད་གོས་གྱོན་ཏེ་རྩེད་འགྲན་ལ་ཕེབས་སྐབས་སྐོར་སྲུང་བས་བཀག་སྡོམ་ནན་པོ་བྱས་འདུག ལས་འགུལ་བ་བཞི་པོ་དེ་དག་གི་ཁོངས་སུ་ཡོད་པ་སྐུ་ཞབས་ Jason Leith ལགས་ཀྱིས་ཁོང་ཉིད་བོད་རང་དབང་ཚོགས་པའི་ནང་ལས་ཀ་བྱེད་བཞིན་པའི་ཁྲོད་བོད་ནང་ལ་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་དང་ཁོ་པས་འགོ་ཁྲིད་པའི་དམར་ཤོག་གཞུང་ལ་ངོ་རྒོལ་གནང་མཁན་གྱི་བོད་མི་རྣམས་ལོ་དང་ཟླ་བ་མང་པོའི་རིང་གར་སོང་ཤེས་རྟོགས་མེད་པའི་གནས་ཚུལ་བསྟུད་མར་ཤེས་རྟོགས་འབྱུང་བཞིན་པ་འགྲེལ་བརྗོད་དང་འབྲེལ། དེ་ལྟ་བུའི་གནས་སྟངས་གཅིག་པོའི་ཁྲོད་ནས་ང་ཚོས་ཐེངས་འདིར་ལྕམ་ Peng Shuai ལགས་སུ་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་དུ་ལས་འགུལ་སྤེལ་བ་ཡིན་སྐོར་གསུངས་ཡོད། Wimbledon རྩེད་འགྲན་ཚོགས་ཡུལ་ All England Club གྱི་ངོས་ནས་ང་ཚོའི་ཞི་བའི་ལས་འགུལ་ལ་རྒྱབ་སྐྱོར་དང་ཊེ་ནི་སི་རྩེད་འགྲན་པ་གྲགས་ཅན་ལྕམ་ Peng Shuai ལགས་ད་ལྟའི་ཆར་གར་སོང་ཆ་མེད་དུ་གྱུར་བའི་གནད་དོན་ལ་ངོས་བཞེས་དགོས་པའི་གཞེན་སྐུལ་གནང་ཡོད།ལས་འགུལ་བ་རྣམ་པས་ཉེ་ལམ་ཕྱི་ཚེས་ ༡༠ སྟེ་རེས་གཟའ་ཉི་མའི་ཉིན་Wibledon ཆེས་མཐའ་མའི་རྩེད་འགྲན་སྐབས་ངོ་རྒོལ་གནང་བར་མ་ཟད་སྐབས་དེར་ཨོ་སི་ཊོ་ལི་ཡའི་ཆབ་སྲིད་ལས་འགུལ་བ་གྲགས་ཅན་སྐུ་ཞབས་ Drew Pavlou ལགས་ཀྱང་ལས་འགུལ་དེའི་ཐོག་ཆེད་ཕེབས་གནང་སྟེ། རྩེད་འགྲན་གྱི་བར་སེང་སྐབས་ལྕམ་ Peng Shuai ལགས་གང་དུ་ཡོད་དམ་ཞེས་སྐད་འབོད་གནང་འདུག ལས་འགུལ་དེ་སྤེལ་མ་ཐག་ཉེན་རྟོག་པས་ཁོང་རྩེད་ར་ནས་ཕྱིར་འབུད་བཏང་བ་དང་རྗེས་སུ་ཁོང་གིས་རྒྱ་ནག་གིས་ལྕམ་ Peng Shuai ལགས་བཙན་བཟུང་བྱས་པར་དབྱིན་ཡུལ་རྩེད་རིགས་ཚོགས་པས་གོ་སྒྲིག་ཞུས་པའི་ Wimbledon ངོས་ནས་ཁ་ཁུ་སིམ་པོར་བཞུགས་དོན་གང་ཡིན་ནམ་ཞེས་འདྲི་རྩད་གནང་འདུགགཞི་རྩའི་རང་ལོ་ ༣༦ སོན་པའི་ལྕམ་ Peng Shuai ལགས་ནི་དེ་སྔ་འཛམ་གླིང་ནང་ཆེས་སྙན་གྲགས་ཅན་གྱི་ Tennis རྩེད་འགྲན་པ་ཞིག་ཡིན་པ་དང་། ཁོང་གིས་དེ་སྔ་ཕྱི་ལོ་ ༢༠༢༡ ལོར་རྒྱ་ནག་སྲིད་བློན་གཞོན་པ་ཟུར་པ་ Zhang Gaoli ཡིས་ཁོ་མོར་བཙན་གཡེམ་བཏང་བའི་སྐྱོན་འཛུགས་གནང་འཕྲལ་ཁོང་ཟླ་བ་གཅིག་ལྷག་ཙམ་རིང་གར་སོང་ཆ་མེད་དུ་གྱུར་བའི་གནས་ཚུལ་ཐོན་ཡོད་པའི་ཁྲོད་རྒྱལ་སྤྱིའི་བེུད་ཊེ་ནི་སི་མཐུན་ཚོགས་ནས་རྒྱ་ནག་ནང་དུ་དེ་ལྟར་མཉམ་ཞུགས་གནང་དགོས་པ་གི་མེད་པ་རེད།

༸གོང་ས་མཆོག་ལ་༸དཔལ་ལྡན་རྒྱུད་གྲྭ་སྟོད་སྨད་གཉིས་ཀྱིས་བརྟན་བཞུགས་བསྟར་འབུལ་ཞུས་སོང་།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བདེ་མཆོག་ལཱུ་ཨི་པའི་བཀའ་དབང་མཇུག་སྒྲིལ་དང་འབྲེལ། དེ་རིང་༸དཔལ་ལྡན་རྒྱུད་གྲྭ་སྟོད་སྨད་གཉིས་ནས་མགོན་པོ་༸གང་ཉིད་མཆོག་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་སླད་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ་དང་། ༸གོང་ས་མཆོག་གིས་སྐབས་དེར་༸གང་ཉིད་ལོ་བཅུ་ཕྲག་གཅིག་གཉིས་བཞུགས་རྒྱུའི་བཀའ་བཞེས་སྨིན་སྩལ་དང་འབྲེལ། ཆོས་ཁས་ལེན་མིན་ལ་མ་ལྟོས་པར་རྒྱུན་དུ་ནས་སེམས་པ་བཟང་པོ་དང་གཞན་ཕན་བསྒྲུབ་དགོས་པའི་ལམ་སྟོན་མཛད་པ་མ་ཟད། དེ་རིང་གི་གོ་སྐབས་འདིའི་བརྒྱུད་ནས་ཉེ་ལམ་༸སྐུའི་འཁྲུངས་སྐར་སྐབས་སུ་ཕྱོགས་མཐའ་ཁག་མང་པོ་ཞིག་ནས་འཚམས་འདྲི་ཞུ་མཁན་ཚང་མར་ཐུགས་རྗེ་ཆེ་ཞེས་བཀའ་སྩལ་མཛད་སོང་། དེ་རིང་ཟླ་ ༧ ཚེས་ ༡༠ ཉིན་གྱི་ཞོགས་པ་ཕྱག་ཚོད་ ༨་༣༠ ཡོལ་ཙམ་ལ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་བཞུགས་ཁྲིར་༸ཞབས་སོར་འཁོད་གནང་མཛད་དེ་༸དཔལ་ལྡན་རྒྱུད་གྲྭ་སྟོད་སྨད་ཐུན་མོང་ནས་མཎྜལ་འདེགས་འབུལ་དང་མགོན་པོ་༸གང་ཉིད་མཆོག་བསྟན་འགྲོའི་མགོན་དུ་༸སྐུ་ཚེ་ཞབས་པད་མི་ཤིགས་རྡོ་རྗེ་ཁམས་ལྟར་བརྟན་པའི་བརྟན་བཞུགས་བསྟར་འབུལ་ཞུས་ཡོད། བརྟན་བཞུགས་གྲུབ་མཚམས་སུ་མགོན་པོ་༸གང་ཉིད་མཆོག་གིས་༸དཔལ་ལྡན་རྒྱུད་གྲྭ་སྟོད་སྨད་ཐུན་མོང་ནས་བརྟན་བཞུགས་བསྟར་འབུལ་ཞུས་པར་ཐུགས་རྗེ་ཆེ་ཞུས་དང་འབྲེལ། མགོན་པོ་༸གང་ཉིད་མཆོག་ད་དུང་དགུང་ལོ་ལོ་བཅུ་ཕྲག་གཅིག་གཉིས་བཞུགས་རྒྱུའི་བཀའ་བཞེས་བཟང་པོ་སྨིན་སྩལ་མཛད་སོང་།༸གོང་ས་མཆོག་གིས་སྐབས་དེར་ད་དུང་༸དཔལ་ལྡན་རྒྱུད་གྲྭ་སྟོད་སྨད་གཉིས་ནས་རྒྱུད་གཞུང་ཙམ་མ་ཡིན་པར་གཞུང་ཆེན་དག་ལ་སློབ་གཉེར་གནང་གལ་ཡིན་པའི་ལམ་སྟོན་སྩལ་སོང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཉེ་ལམ་མགོན་པོ་༸གང་ཉིད་མཆོག་གི་༸སྐུའི་འཁྲུངས་སྐར་སྐབས་ཕྱོགས་མཐའ་ཁག་མང་པོ་ཞིག་ནས་ངོས་ལ་རྒྱབ་སྐྱོར་གྱི་འཚམས་འདྲི་ཞུ་བར་ཐུགས་རྗེ་ཆེ་ཞེས་བཀའ་སྩལ་བ་དང་སྦྲགས། དེ་ནི་ངོས་ཀྱིས་ད་ལྟའི་བར་དུ་ཧུར་ཐག་བྱས་པ་ལ་ངོས་ལེན་ཡོད་པའི་ཐོག་ནས་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་རེད། དེས་ན་གོ་སྐབས་འདི་བཟུང་ནས་བཀྲ་ཤིས་བདེ་ལེགས་ཞུ་མཁན་ཚང་མར་ཐུགས་རྗེ་ཆེ་ཞེས་བཀའ་སྩལ་དང་སྦྲགས། ཆོས་ཁས་ལེན་མིན་ལ་མ་ལྟོས་པར་རྒྱུན་དུ་སེམས་པ་བཟང་པོ་དང་གཞན་ཕན་བསྒྲུབ་དགོས་པའི་ལམ་སྟོན་མཛད་པ་དང་ཆབས་ཅིག དེའི་བརྒྱུད་ནས་འཛམ་གླིང་སྤྱི་ལ་དངོས་གནས་དྲང་གནས་སེམས་ཀྱི་ཞི་བདེ་ཡོད་པ་དང་ཞི་བདེ་ཡོང་བའི་གོ་སྐབས་ཡོད་པ་རེད་ཅེས་ལམ་སྟོན་བཀྲིན་ཆེ་བ་མཛད་ཡོད། གཞི་རྩའི་༸དཔལ་ལྡན་རྒྱུད་གྲྭ་སྟོད་སྨད་གཉིས་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཟླ་བ་འདིའི་ཕྱི་ཚེས་ ༨ དང་ ༩ བཅས་ཉིན་གཉིས་ཀྱི་རིང་བདེ་མཆོག་ལཱུ་ཨི་པའི་བཀའ་དབང་གི་སྟ་གོན་དང་དངོས་གཞི་རིམ་པར་བཀའ་དྲིན་སྩལ་བའི་སྐལ་བཟང་དགའ་སྟོན་གྱི་རྗེས་འབྲེལ། དེ་རིང་ཕྱི་ཚེས་ ༡༠ ཉིན་༸དཔལ་ལྡན་རྒྱུད་གྲྭ་སྟོད་སྨད་ཐུན་མོང་ནས་བརྟན་བཞུགས་བསྟར་འབུལ་ཞུས་སྐབས་༸སྐྱབས་རྗེ་དགའ་ལྡན་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་གིས་དབུས་པའི་བླ་ཆེན་དང་མཁན་པོ་རྣམ་པ། དེ་བཞིན་མི་མང་སྟོང་ཚོ་དུ་མ་དྷརྨ་སཱ་ལཱའི་ཆར་ཤོད་ཆེན་པོ་ཡོད་མེད་ལ་མ་ལྟོད་པར་༸རྒྱལ་བའི་བརྟན་བཞུགས་སྐབས་བཅར་ཡོད་པ་རེད།

བླ་བྲང་འཇིགས་མེད་རྒྱ་མཚོ་ལགས་སུ་མནར་གཅོད་གཏོང་མཁན་ཚོར་ཁྲིམས་ཐག་གཅོད་དགོས་ཞེས་གསུངས་པ།

ཆབ་སྲིད་བཙོན་ཟུར་གྲགས་ཅན་བླ་བྲང་འཇིགས་མེད་རྒྱ་མཚོ་ལགས་རྒྱ་ནག་གིས་སྔ་རྗེས་སུ་མནར་གཅོད་བཏང་རྐྱེན་ཟླ་བ་འདིའི་ཚེས་ ༢ ཉིན་སྐུ་འདས་གྲོངས་སུ་གྱུར་བའི་ཡིད་སྐྱོའི་གནས་ཚུལ་ཐོན་མ་ཐག་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཆེས་བློ་ཕམ་དང་བཅས་མྱ་ངན་གུས་འདུད་ཞུ་མཁན་མང་དག་ཅིག་ཡོད་པ་མ་ཟད། བཞུགས་སྒར་དུ་རྟེན་གཞིས་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་རྒྱ་གཞུང་ལ་སྐྱོན་བརྗོད་ཤུགས་ཆེ་དང་འབྲེལ་གནད་དོན་དེའི་ཐད་ཞིབ་འཇུག་མཐིལ་ཕྱིན་པ་ཞིག་བྱས་ནས་དམ་པ་དེ་ཉིད་ལ་མནར་གཅོད་གཏོང་མཁན་ཚོར་ཁྲིམས་ལྟར་ཐག་གཅོད་བྱེད་དགོས་ཞེས་གསུངས་འདུགཁ་སང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་གསར་འགོད་གསལ་སྒྲགས་ཤིག་འདོན་སྤེལ་གནང་བར་འགན་འཛིན་ཚེ་རིང་མཚོ་མོ་ལགས་ཀྱིས་བླ་བྲང་འཇིགས་མེད་རྒྱ་མཚོ་ལགས་ནི་བོད་ནང་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་གོང་སྤེལ་དང་སྲུང་སྐྱོབ་སླད་རང་ཉིད་ཀྱི་ཡོད་ཚད་བློས་བཏང་གནང་མཁན་གྱི་ཆེས་སྙིང་སྟོབས་དང་སྙིང་རྗེ་རང་བཞིན་ལྡན་པའི་གང་ཟག་ཞིག་ཡིན་སྐོར་གསུངས་ཡོད་པ་དང་། ཁོང་སྐུ་འདས་གྲོངས་སུ་ཕྱིན་པ་དེ་ནི་རྒྱ་དམར་གཞུང་གིས་ལོ་མང་རིང་བཙོན་འཇུག་གིས་སྡུག་སྦྱོང་མནར་གཅོད་ཚད་ལས་འདས་པ་བཏང་སྟེ་དུས་ཐོག་ཏུ་སྨད་བཅོས་ལྟ་སྐྱོང་སོགས་ཀྱི་མཐུན་རྐྱེན་ཞན་པའི་ཁྲོད་ནས་དེ་ལྟར་བྱུང་བ་ཞིག་ཡིན་པར་ཐེར་འདོན་གནང་འདུག དེ་བཞིན་དུས་ཡུན་རིང་པོ་ཞིག་ནས་རྒྱ་ནག་གིས་རྒྱལ་སྤྱིའི་སྡིངས་ཆའི་སྟེང་དུ་བཙོན་ཁང་གི་གནས་སྟངས་དང་མནར་གཅོད་ལྡོག་ཐབས་སོགས་ཀྱི་ཐད་གཡོ་རྫུན་གྱི་དམ་བཅའ་འམ་ཁས་ལེན་མང་པོ་བྱས་ཡོད་ཀྱང་ད་ལྟའི་ཆར་འཇིགས་མེད་རྒྱ་མཚོ་ལགས་དེ་ལྟ་བུའི་གནས་སྟངས་ཤིག་གི་ཁྲོད་ནས་མནར་གཅོད་ཚད་མེད་མྱངས་ཏེ་དུས་མིན་འཆི་རྐྱེན་བྱུང་དོན་གང་ཡིན་ཐད་ལ་འཕྲལ་མར་ཞིབ་འཇུག་ནན་པོ་གནང་དགོས་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ནས་ཀྱང་དེ་འབྲེལ་གནད་དོན་ཐོག་དགོངས་བཞེས་ངེས་གནང་དགོས་པ་དང་རྒྱ་དམར་ལ་ཉེས་འཛུགས་ཀྱིས་ཞིབ་འཇུག་ནན་པོ་དགོས་པའི་དགོས་འདུན་བཏོན་པ་དང་འབྲེལ། ཁོང་གིས་བློས་བཏང་དེ་ནམ་ཡང་ཆུད་ཟོས་སུ་མི་འགྲོ་བ་གནང་གལ་ཡིན་པ་གསུངས་འདུག རྩ་བའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་དྲ་ཚིགས་ཐོག་བླ་བྲང་འཇིགས་མེད་རྒྱ་མཚོ་ལགས་དེ་སྔོན་འཛིན་བཟུང་མ་བྱས་པའི་གོང་དུ་སྐུ་ལུས་བདེ་ཐང་ཡིན་པ་དང་འཛིན་བཟུང་བྱས་པའི་རྗེས་སུ་མནར་གཅོད་ཀྱིས་གཟུགས་གཞི་གནས་སྟངས་ཧ་ཅང་ཛ་དྲག་ཏུ་གྱུར་ཡོད་པར་མ་ཟད། བཙན་གྲོལ་ཐོབ་པའི་རྗེས་སུ་གཅིན་སྙི་དང་སྙིང་ནད། མཆིན་ནད། དེ་བཞིན་མིག་ནད་དང་ཁྲག་ཤེད་སོགས་ཀྱི་ནད་གཞི་ཕོག་ཡོད་པ་དང་། ལུས་པོ་ནད་གཅོང་དུ་གྱུར་མཐར་སྨན་བཅོས་གནང་ཐབས་དཀའ་བའི་ཁྲོད་འདས་གྲོངས་སུ་གྱུར་བའི་གནས་ཚུལ་རྣམས་ཞིབ་ཕྲ་བཀོད་པ་དང་ཆབས་ཅིག དེ་འབྲེལ་ཁོང་གི་ཉེ་འབྲེལ་ཞིག་གིས་གནས་ཚུལ་མཁོ་སྤྲོད་གནང་བར་ཆབ་སྲིད་བཙོན་ཟུར་ཁོང་འདས་གྲོངས་སུ་གྱུར་སོང་ཞེས་དང་། དེ་བཞིན་རྒྱ་དམར་དཔོན་རིགས་ཚོས་བཀག་རྒྱ་དམ་པར་བརྟེན་ཁོང་གི་ནང་མི་ཚོའི་ངོས་ནས་དུས་ཐོག་ལ་སྨན་བཅོས་ཞུ་ཐུབ་མེད། གལ་ཏེ་དུས་ཐོག་ལ་སྨན་བཅོས་ཞུ་ཐུབ་ཡོད་ཚེ་ཁོང་ད་ལྟ་སྐུ་འཚོ་ཐུབ་ངེས་རེད་ཅེས་འགྲེལ་བརྗོད་གནང་འདུག གཞི་རྩའི་གྲྭ་འཇིགས་མེད་རྒྱ་མཚོ་ལགས་ཐོག་མ་ཕྱི་ལོ་ ༢༠༠༦ ལོར་རྒྱ་གར་ལྷོ་ཕྱོགས་ཨམྲ་བཱ་ཏིར་༸གོང་ས་མཆོག་གི་སྩལ་གནང་པའི་དུས་འཁོར་དབང་ཆེན་ཞུས་པའི་ཉེས་མིང་འོག་འཛིན་བཟུང་བྱས་འདུག་པ་དང་། དེ་རྗེས་ཕྱི་ལོ་ ༢༠༠༨ ལོར་དགེ་འདུན་པའི་སྒེར་ལངས་བརྒྱུད་བསྐུལ་བྱས་པའི་ཉེས་མིང་འོག་སླར་འཛིན་བཟུང་བྱས་འདུག དེ་རྗེས་ཁོང་གིས་རྒྱ་གཞུང་གི་བཙོན་ནང་མི་སྤྱོད་ལས་འདས་པའི་མནར་གཅོད་ཚད་མེད་ཕོག་པའི་བརྙན་ཐུང་ཞིག་ཀྱང་འདོན་སྤེལ་གནང་པའི་ཉེས་མིང་འོག་འཛིན་བཟུང་གིས་ཟླ་བ་དྲུག་ཙམ་བཀག་ཉར་བྱས་ཡོད་པ་རེད། ད་རེས་སླར་ཡང་ཁོང་བཙོན་འཇུག་བྱས་པ་ཐེངས་བཞི་པ་དེ་ཆགས་ཀྱི་ཡོད་འདུག དེ་རྗེས་ཕྱི་ལོ་ ༢༠༡༠ ལོར་ཁོང་རྒྱ་ནག་གི་བཀག་ཉར་འོག་བཞུགས་སྐབས་མི་སྤྱོད་ལས་འདས་པའི་མནར་གཅོད་ཚད་མེད་ཕོག་པའི་བརྙན་པར་ཞིག་འདོན་སྤེལ་བྱས་པའི་ཉེས་མིང་འོག་འཛིན་བཟུང་གིས་ཟླ་བ་ ༦ ཙམ་བཀག་ཉར་བྱས་ཡོད་པ་དང་། མཐར་ཕྱི་ལོ་ ༢༠༡༡ ལོར་ཁོང་བསྐྱར་དུ་འཛིན་བཟུང་བྱས་ཏེ་ལོ་གཉིས་ཙམ་རིང་བཀག་ཉར་འོག་བཞག་རྗེས་ཁྲིམས་རྩོད་པའི་ཐོབ་ཐང་སོགས་གང་ཡང་མེད་པར་ཁྲིམས་ར་ཚོགས་ནས་རྒྱལ་ཁབ་ཁ་བྲལ་གྱི་ཉེས་མིང་འོག་ཁོང་ལ་ལོ་ ༥ ཡི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དང་། བཙོན་ཁང་ནང་དུ་ཁོང་གི་སྐུ་གཟིགས་གནས་སྟངས་སྐྱོ་པོ་ཆགས་པར་བརྟེན་སྨན་པ་བསྟེན་གཏུག་སླད་རེ་འབོད་ག་ཚོད་ཞུས་ཀྱང་ཟླ་བ་མང་པོའི་རིང་སྨན་ཁང་དུ་བསྐྱོད་རྒྱུར་དམ་དྲག་བྱས་ཡོད་པ་རེད། མཐར་ཕྱི་ལོ་ ༢༠༡༦ ལོར་ཁོང་བཙོན་ཁང་དུ་ཡོད་པའི་སྐབས་དེར་ལན་ཀྲིག་ཊཱ་ཞ་ཕིན་བཙོན་ཁང་གི་སྨན་ཁང་ལ་ཁྲིད་ཡོད་པའི་གནས་ཚུལ་ཐོན་ཡོད་ཅིང་། ཕྱི་ལོ་ ༢༠༡༦ ཟླ་ ༡༠ ཚེས་ ༢༦ ཉིན་བཙོན་གྲོལ་ཐོབ་རྗེས་གཅིན་སྙི་དང་སྙིང་ནད། མཆིན་ནད། དེ་བཞིན་མིག་ནད་དང་ཁྲག་ཤེད་སོགས་ཀྱི་ནད་གཞི་ཕོག་འདུག ལོ་དེའི་ཕྱི་ཟླ་ ༡༢ ནང་དུ་ཁོང་གི་སྤྱན་ནས་ཁྲག་ལྷུང་ཞིང་ དམར་པོ་གྱུར་བ་དང་དབུ་སྙུན་བ་སོགས་སྐུ་གཟུགས་ཧ་ཅང་མི་བདེ་བའི་རྐྱེན་གྱིས་བླ་བྲང་བསང་ཆུ་རྫོང་མི་དམངས་སྨན་ཁང་དུ་བསྟེན་གཏུག་གནང་སྟབས། སྨན་པས་གྲྭ་འཇིགས་མེད་ལགས་ལ་ནད་གཞི་ཛ་དྲག་ཕོག་ཡོད་སྐོར་དང་འབྲེལ་ནས་སྨན་ཁང་ནང་དུ་བཞུགས་དགོས་པ་བྱུང་ཡོད་པ་རེད། བཙོན་ཁང་ནས་གློད་བཀྲོལ་རྗེས་གྲྭ་འཇིགས་མེད་རྒྱ་མཚོ་ལགས་ལ་དགོན་པར་བཞུགས་མི་ཆོག་པ་དང་། གཟན་ཤམ་ཡང་གྱོན་མི་ཆོག་པ། དེ་བཞིན་ས་གནས་གཞན་དུ་འགྲོ་མི་ཆོག་པ་སོགས་དམ་དྲག་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད་པའི་ཁྲོད་ཁོང་ས་ཁུལ་གཞན་གྱི་སྨན་ཁང་ཆེ་བར་ཕེབས་མ་ཐུབ་པའི་གནས་སྟངས་བྱུང་ཡོད་པ་རེད།

རྒྱ་གཞུང་གིས་མནར་གཅོད་རྐྱེན་ནད་གཅོང་དུ་གྱུར་བའི་ཆབ་སྲིད་བཙོན་ཟུར་འཇིགས་མེད་རྒྱ་མཚོ་ལགས་འདས་གྲོངས།

རྒྱ་གཞུང་གི་བཙོན་ཁང་ནང་དུ་སྡུག་སྦྱོང་མནར་གཅོད་ཚད་མེད་མྱངས་མྱོང་མཁན་བོད་མིའི་ཆབ་སྲིད་བཙོན་ཟུར་བླ་བྲང་འཇིགས་མེད་རྒྱ་མཚོ་ལགས་སམ་ཡོངས་གྲགས་སུ་འཇིགས་མེད་མགོ་རིལ་ཞུ་བ་ཁོང་ཕྱི་ལོ་ ༢༠༡༦ ལོར་བཙོན་གྲོལ་བཏང་བའི་རྗེས་སུ་ལུས་པོ་ནད་གཅོང་དུ་གྱུར་ནས་ཡུན་རིང་པོར་ནད་ཀྱིས་མནར་རྗེས་ཁ་ཉིན་ཚེས་ ༢ ཉིན་གྱི་བོད་ནང་གི་ཉིན་གུང་ཆུ་ཚོད་ ༡༢། ༡༥ ཡས་མས་སུ་སྐུ་གྲོངས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུགའབྲེལ་ཡོད་ཅིག་གིས་གནས་ཚུལ་མཁོ་སྤྲོད་གནང་བར་གཞིགས་ན། བོད་མདོ་སྨད་ཀན་ལྷོ་ཁུལ་བླ་བྲང་རྒྱུད་སྟོད་གྲྭ་ཚང་གི་དགེ་འདུན་པ་ཆབ་སྲིད་བཙོན་ཟུར་འཇིགས་མེད་རྒྱ་མཚོ་ལགས་དེ་སྔ་བཙོན་འཇུག་སྐབས་ལུས་པོར་ནད་གཞི་གང་ཡང་མེད་པར་བཙོན་གྲོལ་བཏང་བའི་རྗེས་སུ་གཅིན་སྙི་དང་སྙིང་ནད། མཆིན་ནད། དེ་བཞིན་མིག་ནད་དང་ཁྲག་ཤེད་སོགས་ཀྱི་ནད་གཞི་ཕོག་ཡོད་པ་དང་། ལུས་པོ་ནད་གཅོང་དུ་གྱུར་མཐར་ཟླ་བ་ཁ་ཤས་གོང་ལ་ཁོང་གི་གཟུགས་གཞིའི་གནས་སྟངས་ཛ་དྲག་ཆགས་སྟབས་སྨན་ཁང་དུ་བསྟེན་གཏུག་བྱེད་བཞིན་པའི་ཁྲོད། ཉེ་ཆར་ཟི་ལིང་སྨན་ཁང་དུ་བསྟེན་གཏུག་གནང་སྐབས་སྨན་པས་བཅོས་ཐབས་དཀའ་བའི་སྐོར་ཞུས་ཡོད་སྟབས། རང་ཁྱིམ་དུ་ཚུད་ཁྲིད་ནས་ཉིན་གཅིག་ཙམ་སོང་རྗེས་སུ་སྐུ་གྲོངས་ཡོད་འདུག ད་ལྟའི་ཆར་སྐུ་ཕུང་རང་ཁྱིམ་དུ་ཡོད་ཅིང་། ཕལ་ཆེར་བོད་ཚེ་ ༩ ལ་སྐུ་ཕུང་བཞུགས་འབུལ་གནང་སྲིད་པ་གསུངས་འདུག གཞི་རྩའི་གྲྭ་འཇིགས་མེད་རྒྱ་མཚོ་ལགས་ཐོག་མ་ཕྱི་ལོ་ ༢༠༠༦ ལོར་རྒྱ་གར་ལྷོ་ཕྱོགས་ཨམྲ་བཱ་ཏིར་༸གོང་ས་མཆོག་གི་སྩལ་གནང་པའི་དུས་འཁོར་དབང་ཆེན་ཞུས་པའི་ཉེས་མིང་འོག་འཛིན་བཟུང་བྱས་འདུག་པ་དང་། དེ་རྗེས་ཕྱི་ལོ་ ༢༠༠༨ ལོར་དགེ་འདུན་པའི་སྒེར་ལངས་བརྒྱུད་བསྐུལ་བྱས་པའི་ཉེས་མིང་འོག་སླར་འཛིན་བཟུང་བྱས་འདུག དེ་རྗེས་ཁོང་གིས་རྒྱ་གཞུང་གི་བཙོན་ནང་མི་སྤྱོད་ལས་འདས་པའི་མནར་གཅོད་ཚད་མེད་ཕོག་པའི་བརྙན་ཐུང་ཞིག་ཀྱང་འདོན་སྤེལ་གནང་པའི་ཉེས་མིང་འོག་འཛིན་བཟུང་གིས་ཟླ་བ་དྲུག་ཙམ་བཀག་ཉར་བྱས་ཡོད་པ་རེད། ད་རེས་སླར་ཡང་ཁོང་བཙོན་འཇུག་བྱས་པ་ཐེངས་བཞི་པ་དེ་ཆགས་ཀྱི་ཡོད་འདུག དེ་རྗེས་ཕྱི་ལོ་ ༢༠༡༠ ལོར་ཁོང་རྒྱ་ནག་གི་བཀག་ཉར་འོག་བཞུགས་སྐབས་མི་སྤྱོད་ལས་འདས་པའི་མནར་གཅོད་ཚད་མེད་ཕོག་པའི་བརྙན་པར་ཞིག་འདོན་སྤེལ་བྱས་པའི་ཉེས་མིང་འོག་འཛིན་བཟུང་གིས་ཟླ་བ་ ༦ ཙམ་བཀག་ཉར་བྱས་ཡོད་པ་དང་། མཐར་ཕྱི་ལོ་ ༢༠༡༡ ལོར་ཁོང་བསྐྱར་དུ་འཛིན་བཟུང་བྱས་ཏེ་ལོ་གཉིས་ཙམ་རིང་བཀག་ཉར་འོག་བཞག་རྗེས་ཁྲིམས་རྩོད་པའི་ཐོབ་ཐང་སོགས་གང་ཡང་མེད་པར་ཁྲིམས་ར་ཚོགས་ནས་རྒྱལ་ཁབ་ཁ་བྲལ་གྱི་ཉེས་མིང་འོག་ཁོང་ལ་ལོ་ ༥ ཡི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དང་། བཙོན་ཁང་ནང་དུ་ཁོང་གི་སྐུ་གཟིགས་གནས་སྟངས་སྐྱོ་པོ་ཆགས་པར་བརྟེན་སྨན་པ་བསྟེན་གཏུག་སླད་རེ་འབོད་ག་ཚོད་ཞུས་ཀྱང་ཟླ་བ་མང་པོའི་རིང་སྨན་ཁང་དུ་བསྐྱོད་རྒྱུར་དམ་དྲག་བྱས་ཡོད་པ་རེད། མཐར་ཕྱི་ལོ་ ༢༠༡༦ ལོར་ཁོང་བཙོན་ཁང་དུ་ཡོད་པའི་སྐབས་དེར་ལན་ཀྲིག་ཊཱ་ཞ་ཕིན་བཙོན་ཁང་གི་སྨན་ཁང་ལ་ཁྲིད་ཡོད་པའི་གནས་ཚུལ་ཐོན་ཡོད་ཅིང་། ཕྱི་ལོ་ ༢༠༡༦ ཟླ་ ༡༠ ཚེས་ ༢༦ ཉིན་བཙོན་གྲོལ་ཐོབ་རྗེས་གཅིན་སྙི་དང་སྙིང་ནད། མཆིན་ནད། དེ་བཞིན་མིག་ནད་དང་ཁྲག་ཤེད་སོགས་ཀྱི་ནད་གཞི་ཕོག་འདུག ལོ་དེའི་ཕྱི་ཟླ་ ༡༢ ནང་དུ་ཁོང་གི་སྤྱན་ནས་ཁྲག་ལྷུང་ཞིང་ དམར་པོ་གྱུར་བ་དང་དབུ་སྙུན་བ་སོགས་སྐུ་གཟུགས་ཧ་ཅང་མི་བདེ་བའི་རྐྱེན་གྱིས་བླ་བྲང་བསང་ཆུ་རྫོང་མི་དམངས་སྨན་ཁང་དུ་བསྟེན་གཏུག་གནང་སྟབས། སྨན་པས་གྲྭ་འཇིགས་མེད་ལགས་ལ་ནད་གཞི་ཛ་དྲག་ཕོག་ཡོད་སྐོར་དང་འབྲེལ་ནས་སྨན་ཁང་ནང་དུ་བཞུགས་དགོས་པ་བྱུང་ཡོད་པ་རེད། བཙོན་ཁང་ནས་གློད་བཀྲོལ་རྗེས་གྲྭ་འཇིགས་མེད་རྒྱ་མཚོ་ལགས་ལ་དགོན་པར་བཞུགས་མི་ཆོག་པ་དང་། གཟན་ཤམ་ཡང་གྱོན་མི་ཆོག་པ། དེ་བཞིན་ས་གནས་གཞན་དུ་འགྲོ་མི་ཆོག་པ་སོགས་དམ་དྲག་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད་པའི་ཁྲོད་ཁོང་ས་ཁུལ་གཞན་གྱི་སྨན་ཁང་ཆེ་བར་ཕེབས་མ་ཐུབ་པའི་གནས་སྟངས་བྱུང་ཡོད་པ་རེད། ཁ་སང་གྲྭ་འཇིགས་མེད་རྒྱ་མཚོ་ལགས་སྐུ་གྲོངས་པའི་གནས་ཚུལ་ཐོན་མ་ཐག་འཛམ་གླིང་ཡུལ་གྲུ་གང་སར་གནས་པའི་བོད་མི་རྣམས་ནས་སྤྱི་ཚོགས་དྲ་ལམ་སོགས་བརྒྱུད་ནས་དེ་སྔ་གྲྭ་འཇིགས་མེད་རྒྱ་མཚོ་ལགས་ཀྱི་བྲིས་པའི་རྩོམ་ཡིག་རྣམས་ལུང་འདྲེན་གྱིས་ཁོང་ལ་རྗེས་རྗེས་དང་མྱ་ངན་ཞུ་བཞིན་འདུག

Latest news