འོས་བསྡུ་ཆེན་མོ་ ༢༠༢༦

ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་བལ་ཡུལ་དགོན་པ་གཉིས་ཀྱི་འོས་བསྡུའི་ཐོབ་ཐང་བཀག་སྐྱིལ་དང་འབྲེལ་བདེ་སྙན་ངོས་བཞེས་བརྩི་མེད་བཏང་སོང་།

དེ་རིང་ཕྱི་ཟླ་ ༦ ཚེས་ ༡༢ ཉིན་གྱི་སྔ་དྲོ་ཚོུད་ ༡༠།༣༠ ཐོག་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་བལ་ཡུལ་དགོན་པ་གཉིས་ཀྱི་འོས་བསྡུའི་ཐོབ་ཐང་བཀག་སྐྱིལ་དང་འབྲེལ་བདེ་སྙན་དེ་བཞིན་ཁ་མཆུ་ཞུ་སྦྱོར་དེབ་འགོད་ཨང་ ༢༢ ཀྱི་ངོ་བོ་དང་། རྐྱེན་རྩ། དགོས་འདུན་བཅས་པ་གཅིག་པ་ཆགས་ཀྱི་འདུག་པས། སྤྱི་མང་ཁྲིམས་ཡིག་དོན་ཚན་ ༨༨ དགོངས་དོན་བདེ་སྙན་དེབ་འགོད་ཨང་ ༡ དེ་བཞིན་ངོས་བཞེས་བརྩི་མེད་ཀྱི་ཐག་གཅོད་གནང་སོང་། དེ་ཡང་ཟླ་འདིའི་ཚེས་ ༩ ཉིན་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་བལ་ཡུལ་གྱི་ཤྲཱི་སེང་གེ་བྲག་ངེས་དོན་བདེ་ཆེན་འོད་གསལ་གླིང་དགོན་པ་དང་ཤྲཱི་སེངྒེ་བྲག་ཤར་སྦག་ཁང་དོན་གྲུབ་ལྡིང་དགོན་པ་གཉིས་ཀྱི་སྐུ་ཚབ་གྲྭ་ཤེས་རབ་སེངྒེ་ལགས་ཀྱིས་དབུས་འོས་བསྡུ་ལས་ཁང་གིས་དགོན་པ་གཉིས་ཀྱི་གྲྭ་བཙུན་རྣམས་ལ་ ༢༠༢༦ ལོའི་བཙན་བྱོལ་བོད་མིའི་དངོས་གཞིའི་འོས་བསྡུའི་ཐོབ་ཐང་བཀག་སྐྱིལ་བྱས་ཡོད་པས་ཁྲིམས་ཞིབ་ཁང་ལ་བདེ་སྙན་ཕུལ་ཡོད་པའི་གནད་དོན་དང་འབྲེལ་སྔོན་འགྲོའི་ཉན་ཞིབ་འཚོགས་ཡོད་པ་དང་། དེ་རིང་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་གཏུག་བཤེར་ཁང་དུ་གཞི་རྩའི་ཐོབ་ཐང་སྲུང་སྐྱོབ་ཀྱི་གྱོད་གཞིའི་ཐོག་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་ཡེ་ཤེས་དབང་མོ་མཆོག་གིས། བལ་ཡུལ་དགོན་པ་གཉིས་ཀྱི་འོས་བསྡུའི་ཐོབ་ཐང་བཀག་སྐྱིལ་དང་འབྲེལ་བདེ་སྙན་དེ་བཞིན་ཁ་མཆུ་ཞུ་སྦྱོར་དེབ་འགོད་ཨང་ ༢༢ ཀྱི་ངོ་བོ་དང་། རྐྱེན་རྩ། དགོས་འདུན་བཅས་པ་གཅིག་པ་ཆགས་ཀྱི་འདུག་པས། བདེ་སྙན་པ་ཐུན་མོང་གི་ཞུ་གཏུག་ཐོབ་ཐང་སྲུང་སྐྱོབ་ཆེད་སྤྱི་མང་ཁྲིམས་ཡིག་དོན་ཚན་ ༡༩ པའི་དགོངས་དོན་ཁ་མཆུ་ཞུ་སྦྱོར་དེབ་འགོད་ཨང་ ༢༢ ནང་གྱོད་ཡ་སྣོན་མའི་ངོ་བོ་ཐོག་ནས་ཞུ་གཏུག་བྱེད་ན་འཐུས་རྒྱུ་དང་། རྐྱེན་རྩ་གཅིག་ལ་ཞུ་རྩོད་གཅིག་ལས་མང་བ་ཆགས་པ་ཡིན་ན། ཁྲིམས་ཡིག་གི་བྱ་རིམ་ཚུལ་མིན་དུ་ཆགས་ཉེན་ལ་སོང་བས། སྤྱི་མང་ཁྲིམས་ཡིག་དོན་ཚན་ ༨༨ དགོངས་དོན་བདེ་སྙན་དེབ་འགོད་ཨང་ ༡ དེ་བཞིན་ངོས་བཞེས་བརྩི་མེད་ཀྱི་ཐག་གཅོད་གནང་ཡོད་པ་གསུངས་སོང་། མ་ཟད། དབུས་འོས་བསྡུ་ལས་ཁང་གིས་ཕྱི་ལོ་ ༢༠༢༦།༤།༢༣ འཁོད་བལ་ཡུལ་མཆོད་འཇོར་མི་མང་ལ་སྐྱོན་གནད་དོན་ཚན་ ༨ ཅན་དང་འབྲེལ་བའི་ཐག་གཅོད་གནང་བའི་ཁོངས་བདེ་སྙན་པ་སེང་གེ་ཤེས་རབ་དང་། ཤར་སྦག་ཁང་དོན་འགྲུབ་ལྡིང༌། ཤྲཱི་སེང་གེ་བྲག་ངེས་དོན་བདེ་ཆེན་འོད་གསལ་གླིང་དགོན་པ་བཅས་པར་བལ་ཡུལ་མཆོད་འཇོར་ཁྱབ་ཁོངས་སུ་ཚུད་ཀྱི་ཡོད་པ་དང་། བལ་ཡུལ་མཆོད་འཇོར་མི་མང་ ༢༠༠༠ ལྷག་ཕྱི་ལོ་ ༢༠༢༦ སྲིད་སྤྱི་གཉིས་ཀྱི་འོས་བསྡུའི་ཆེད་དེབ་བསྐྱེལ་བགྱིས་པའི་ནང་། གོང་གསལ་བདེ་སྙན་པ་ཐུན་མོང་ཡང་ཚུད་ཡོད་པ་ར་འཕྲོད་བྱུང་ཡོད་པར་བརྟེན། ད་རེས་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་བལ་ཡུལ་དགོན་པ་གཉིས་ཀྱི་འོས་བསྡུའི་ཐོབ་ཐང་བཀག་སྐྱིལ་དང་འབྲེལ་བདེ་སྙན་ངོས་བཞེས་བརྩི་མེད་བཏང་ཡོད་པ་གསུངས་སོང་། ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་དེ་འབྲེལ་ཐག་གཅོད་གྲུབ་མཚམས་འདི་ག་རླུང་འཕྲིན་ཁང་གིས་བདེ་སྙན་ཞུ་སྦྱོར་བའི་ཁྲིམས་རྩོད་པ་རིན་ཆེན་དབང་རྒྱལ་ལགས་སུ་བཀའ་འདྲི་ཞུ་སྐབས་ཁོང་གིས། དེ་རིང་བལ་ཡུལ་གྱི་དགོན་སྡེ་ཁག་གཉིས་ཀྱི་གཞི་རྩའི་ཐོབ་ཐང་འཕྲོག་པའི་གནད་དོན་དང་འབྲེལ་ནས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཐག་གཅོད་དེར་ངོས་ལེན་ཐུབ་ཐབས་བྲལ་བ་ཡིན་སྐོར་དང་། ལྷག་པར་དེའང་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་སྤྱི་མང་གཏུག་བཤེར་གྱི་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་གི་དོན་ཚན་ ༦༩ ནང་གསེས་ཁ་པ་(ཁྲིམས་ཞིབ་ཁང་ནས་གཏན་འབེབས་བྱས་པའི་དུས་ཚོད་ཐོག་བདེ་སྙན་པར་སྔོན་འགྲོའི་ཉན་ཞིབ་སྐབས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དགོངས་དོན་བོད་ཀྱི་ཡུལ་མིའི་གཞི་རྩའི་ཐོབ་ཐང་དང་ཕྱོགས་འགལ་ལམ། ཐོབ་ཐང་འཕྲོག་པ་བྱུང་མེད་པ་འམ། བདེ་སྙན་གྱི་ནང་གསལ་ཞུ་དོན་ཁུངས་མ་འཁྱོལ་ན་བདེ་སྙན་ངོས་བཞེས་བརྩི་མེད་གཏོང་རྒྱུ།) ཞེས་གསལ་ཡོད་ཀྱང་། ད་རེས་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བདེ་སྙན་ངོས་བཞེས་བརྩི་མེད་བཏང་བ་དེ་ནི་གོང་ཞུས་ཆ་རྐྱེན་གསུམ་གྱི་ནང་ཚུད་གྱི་མེད་སྟབས། ཐག་གཅོད་དེ་ནི་སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་དང་འགལ་གྱི་ཡོད་པ་གསུངས་སོང་། མ་ཟད། ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་བལ་ཡུལ་དགོན་པ་གཉིས་ཀྱི་འོས་བསྡུའི་ཐོབ་ཐང་བཀག་སྐྱིལ་དང་འབྲེལ། བདེ་སྙན་ངོས་བཞེས་བརྩི་མེད་བཏང་བའི་བཅད་ཁྲ་དེའི་ནང་། (བདེ་སྙན་དེ་དང་ཁ་མཆུ་ཞུ་སྦྱོར་དེབ་འགོད་ཨང་ ༢༢ ཀྱི་ངོ་བོ་དང་། རྐྱེན་རྩ། དགོས་འདུན་བཅས་པ་གཅིག་པ་ཆགས་ཀྱི་འདུག་པས། བདེ་སྙན་པ་ཐུན་མོང་གི་ཞུ་གཏུག་ཐོབ་ཐང་སྲུང་སྐྱོབ་ཆེད་སྤྱི་མང་ཁྲིམས་ཡིག་དོན་ཚན་ ༡༩ པའི་དགོངས་དོན་ཁ་མཆུ་ཞུ་སྦྱོར་དེབ་འགོད་ཨང་ ༢༢ ནང་གྱོད་ཡ་སྣོན་མའི་ངོ་བོ་ཐོག་ནས་ཞུ་གཏུག་བྱེད་ན་འཐུས་རྒྱུ།) ཞེས་གསལ་ཡོད་པ་དེའང་ཁྲིམས་ལུགས་ཀྱི་ཐོག་ནས་འགྲིག་གི་མེད་སྐོར་གསུངས་ཏེ། དེ་འབྲེལ་མུ་མཐུད་ཁྲིམས་གཏུག་གནང་རྒྱུ་ཡིན་པ་གསུངས་སོང་། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཐག་གཅོད་དང་འབྲེལ་འདི་གའི་གསར་འགོད་པས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་སྤྱི་ཁྱབ་ཁྲིམས་དྲུང་ལྷ་འབྲུག་ལགས་སུ་བཀའ་འདྲི་ཞུ་ཐབས་བྱས་ཀྱང་བཅར་འདྲི་དང་ལེན་གནང་མ་སོང་།

མཆོད་འཇོར་མང་ཚོགས་ཀྱི་འོས་བསྡུའི་ཐོབ་ཐང་བཀག་སྐྱིལ་དང་འབྲེལ་བའི་གནད་དོན་ཐོག་ཞིབ་འཇུག་ཚོགས་ཆུང་ཆེད་འཛུགས་དགོས་པའི་ཞུ་སྙན་ཕུལ་འདུག

དེ་ཪིང་ཁ་མཆུ་ཨང་ ༢༢ པའི་ཞུ་སྦྱོར་བ་བློ་བཟང་ཚེ་རིང་ལགས་དང་། ཁོང་གི་ཁྲིམས་རྩོད་པ་བཅས་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཁ་མཆུ་དེ་དང་འབྲེལ་བའི་བར་བརྒལ་བཀའ་ཁྱབ་སླད་བཅར་བ་དང་འབྲེལ། ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཕྱི་ཚེས་ ༣༡ ཉིན་སྐབས་ ༡༨ པའི་བར་བརྒལ་ཚོགས་གཙོའི་དམ་འབུལ་བཞེས་གཏན་ཁེལ་བ་དེ་གནས་སྐབས་ཕར་འགྱངས་ཀྱིས། མཆོད་འཇོར་མང་ཚོགས་ཀྱི་འོས་བསྡུའི་ཐོབ་ཐང་བཀག་སྐྱིལ་དང་འབྲེལ་བའི་གནད་དོན་ཐོག་ཞིབ་འཇུག་ཚོགས་ཆུང་ཆེད་འཛུགས་དགོས་པའི་ཞུ་སྙན་ཕུལ་འདུག https://www.youtube.com/watch?v=q-52SSj4fkY རྩ་བའི་འགྲོ་ལུགས་ལྟར། ཕྱི་ཚེས་ ༣༡ ཉིན་གྱི་སྔ་དྲོ་སྐབས་ ༡༨ པའི་བར་བརྒལ་ཚོགས་གཙོ་ནས་ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་ཁྲིམས་ཞིབ་པ་ཆེ་བའི་དྲུང་ནས་དམ་འབུལ་ཞུས་པའི་རྗེས་སུ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་སྐབས་ ༡༨ པའི་འདམས་ཐོན་སྤྱི་འཐུས་རྣམས་ནས་བར་བརྒལ་ཚོགས་གཙོའི་དྲུང་ནས་དམ་འབུལ་ཞུས་ཏེ། ཕྱི་ཚེས་ ༣༡ གི་ཉིན་རྒྱབ་ཏུ་ཚོགས་གཙོ་དང་ཚོགས་གཞོན་གསར་པ་འདེམས་རྒྱུའི་འོས་བསྡུའི་ལས་རིམ་བསྐྱང་གནང་གི་ཡོད་པ་རེད། དེ་རིང་ཁ་ཆུ་ཨང་ ༢༢ པའི་ཞུ་སྦྱོར་བའི་ཞུ་སྙན་ཕུལ་བ་བཞིན། ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བར་བརྒལ་ཚོགས་གཙོའི་དམ་འབུལ་མཛད་སྒོ་ཕྱིར་འགྱངས་གནང་བ་ཡིན་ན། དེའི་རྗེས་ཀྱི་སྤྱི་འཐུས་རྣམ་པའི་དམ་འབུལ་དང་ཚོགས་གཙོ་ཚོགས་གཞོན་འདེམས་རྒྱུ་སོགས་ཀྱི་ལས་རིམ་ཡོངས་རྫོགས་འགྲོ་ཐུབ་ཀྱི་མེད་པ་རེད། དེ་ཡང་འདི་ག་རླུང་འཕྲིན་ཁང་གིས་ཞུ་སྦྱོར་བ་བློ་བཟང་ཚེ་རིང་ལགས་ཀྱི་ཁྲིམས་རྩོད་པ་རིན་ཆེན་དབང་རྒྱལ་ལགས་སུ་དེའི་སྐོར་བཀའ་འདྲི་ཞུ་སྐབས་ཁོང་གིས། གནངས་ཕྱི་ཚེས་ ༣༡ ཉིན་བར་བརྒལ་ཚོགས་གཙོ་མཆོག་གིས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་ཡི་ཤེས་དབང་མོ་མཆོག་གི་དྲུང་དུ་ལས་ཁུར་དམ་བཅའ་འབུལ་བཞེས་གནང་གཏན་ཁེལ་ཡོད་པ་དང་བསྟུན། ཁོང་རྣམས་ནས་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་གི་ནང་གསེས་དོན་ཚན་ ༧༦ བར་བརྒལ་གྱི་བཀའ་ཁྱབ། ནང་གསེས་ཀ་པའི་ ༣ པ། (བྱ་བ་གང་ཞིག་དེ་འཕྲལ་བྱས་པའམ་མ་བྱས་པའི་རྐྱེན་གྱིས་གྱོད་ཡ་གཞན་དེར་གནོད་སྐྱོན་ཕོག་གཞི་ཆགས་པ། བཅས་གང་རུང་ར་འཕྲོད་བྱུང་ན་ཁྲིམས་ཞིབ་ཁང་ནས་ཁ་མཆུ་ཐག་ཆོད་མ་བྱུང་བར་རམ། བཀའ་ཁྱབ་གཞན་ཞིག་མ་བྱུང་བར་དུ་བདེ་སྡུག་ཞུ་མཁན་གྱོད་ཡ་དེར་གུན་གསབ་ཐོབ་སླད་ཁ་གཏད་གྱོད་ཡ་དེར་བྱ་བ་གང་ཞིག་བྱེད་དུ་འཇུག་པའམ་མི་འཇུག་པ་དང་། བཀག་འགོག་མཚམས་འཇོག་བཅས་གང་རུང་གི་བར་བརྒལ་བཀའ་ཁྱབ་གཏོང་ཆོག་པ་ཡིན།) ཞེས་གསལ་བ་ལྟར། ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཕྱི་ཚེས་ ༣༡ ཉིན་སྐབས་ ༡༨ པའི་བར་བརྒལ་ཚོགས་གཙོའི་དམ་འབུལ་བཞེས་གཏན་ཁེལ་བ་དེ་གནས་སྐབས་ཕར་འགྱངས་དང༌། ལྷག་པར་སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་གི་ནང་གསེས་དོན་ཚན་ ༨༠ ཞིབ་འཇུག་ལས་དོན་པ། ནང་གསེས་ཀ་པ། (ས་གནས་ས་ཐོག་གི་དངོས་ཡོད་གནས་ཚུལ་ལ་ཞིབ་འཇུག་དང་། དཔང་པོའམ་སྐྱེ་བོ་སུ་རུང་ལ་འདྲི་རྩད་ཞིབ་འཇུག རྩིས་ཀྱི་གནས་སྟངས་ལ་ཞིབ་འཇུག ཚན་རིག་གི་ལམ་ནས་ཞིབ་འཇུག་བཅས་ཀྱིས་མཚོན་དོན་གནད་གང་ཞིག་ལ་བརྟག་ཞིབ་ཅི་རིགས་དགོས་གལ་བྱུང་ཚེ་བརྟག་ཞིབ་བྱ་རྒྱུའི་ལས་རིགས་གང་དེར་མཁས་པ་དང་། འོས་པ་ཇི་དགོས་ཀྱི་ཞིབ་འཇུག་ལས་དོན་པ་སྐབས་མཚམས་ཁྲིམས་ཞིབ་ཁང་ནས་བསྐོ་འཛུགས་ཆོག་པ་ཡིན།) ཞེས་གསལ་བ་ལྟར། ཁ་མཆུ་ཨང་ ༢༢ པ་དང་འབྲེལ་བའི་གནད་དོན་ཐོག་ཞིབ་འཇུག་ཚོགས་ཆུང་ཆེད་འཛུགས་དགོས་པའི་ཞུ་སྙན་ཕུལ་ཡོད་པ་གསུངས་སོང༌། མ་ཟད། ཉེ་ལམ་དབུས་འོས་བསྡུ་འགན་འཛིན་མཆོག་གིས་བལ་ཡུལ་མཆོད་འཇོར་ས་གནས་སུ་ཀཐ་མན་ཌུ་ས་གནས་འོས་བསྡུའི་འགན་འཛིན་གྱི་ཐད་ཀར་སྟངས་འཛིན་འོག་དངོས་གཞིའི་འོས་བསྡུ་གནང་རྒྱུའི་གསལ་བསྒྲགས་སྤེལ་ཡོད་ཀྱང༌། ས་གནས་སུ་འབྲེལ་ཡོད་རྣམས་ནས་འོས་བསྡུའི་ལས་རིམ་གྲ་སྒྲིག་གནང་ཐུབ་ཀྱི་མེད་སྐོར་གསུངས་ཏེ་སླར་ཡང་བལ་ཡུལ་མཆོད་འཇོར་ས་གནས་མི་མང་དང་དགོན་སྡེ་ཁག་དྲུག་བཅས་ཀྱི་འོས་བསྡུའི་ཐོབ་ཐང་ཕུལ་མ་ཐུབ་པའི་གནས་སྟངས་བྱུང་ཡོད་པ་འགྲེལ་བརྗོད་གནང་ཡོད་པ་ལུང་འདྲེན་དང་སྦྲགས། དེ་ལྟར་ཡང་གྱོད་གཞི་དང་འབྲེལ་ནས་འབྲེལ་ཡོད་ཁྲིམས་རྩོད་པ་གསུམ་ནས་འདི་ཚེས་ ༡༧ ནས་ ༢༧ བཅས་ཉིན་གྲངས་ ༡༠ ཙམ་རིང་ས་གནས་ས་ཐོག་ལ་ཕེབས་ཏེ་གནད་ཡོད་མི་སྣ་དང་མི་མང་ཁག་གཅིག་ལ་འདྲི་རྩད་དང་ཞིབ་འཇུག་གནང་བའི་སྐབས་སུ། དབུས་འོས་བསྡུ་འགན་འཛིན་གྱི་གསལ་བསྒྲགས་དེ་དང་མང་ཚོགས་ཀྱི་གསུང་བབ་གཉིས་དབར་ཏན་ཏན་སྟོང་ཆ་ཆེན་པོ་ཡོད་པ་ར་འཕྲོད་བྱུང་ཡོད་པ་གསུངས་བྱུང༌། དེ་བཞིན་ཁོང་རྣམས་ནས་དེ་རིང་ཁ་མཆུ་ཨང་ ༢༢ པ་དང་འབྲེལ། བར་བརྒལ་གྱི་བཀོད་ཁྱབ་ཐེངས་ ༤ གཏོང་གནང་ཡོང་བའི་ཞུ་སྙན་ཕུལ་ཡོད་ཀྱང་། ཁྲིམས་ཞིབ་ཁང་ནས་དེའི་ཐོག་ཞིབ་འཇུག་གིས་ལྗགས་ལན་གནང་རྒྱུ་ཡིན་པའི་བཀའ་ལན་ཕེབས་ཡོད་པ་གསུངས་སོང་། དེ་རིང་མཆོད་འཇོར་མང་ཚོགས་ཀྱི་འོས་བསྡུའི་ཐོབ་ཐང་བཀག་སྐྱིལ་དང་འབྲེལ་བའི་གནད་དོན་ཐོག་ཞིབ་འཇུག་ཚོགས་ཆུང་ཆེད་འཛུགས་དགོས་པའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཞུ་སྙན་ཕུལ་ཡོད་མེད་ལ་ལྟོས་མེད། བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱིས་སྐབས་ ༡༨ པའི་སྤྱི་འཐུས་རྣམ་པས་དམ་འབུལ་དང་འབྲེལ་གསལ་བསྒྲགས་སྤེལ་ཡོད་པའི་ནང་། ཕྱི་ཚེས་ ༣༡ ཉིན་གྱི་སྔ་དྲོ་སྐབས་ ༡༨ པའི་བར་བརྒལ་ཚོགས་གཙོ་ནས་ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་ཁྲིམས་ཞིབ་པ་ཆེ་བའི་དྲུང་ནས་དམ་འབུལ་གནང་རྒྱུའི་གསལ་བསྒྲགས་སྤེལ་ཡོད་པ་རེད།

༢༠༢༦ ལོའི་དངོས་གཞིའི་འོས་བསྡུའི་ནང་བརྒྱ་ཆ་ ༤༥ ལྷག་ཙམ་གྱི་མ་གཏོགས་མཉམ་ཞུགས་གནང་མི་འདུག

ཉེ་བའི་ཆར་བལ་ཡུལ་མཆོད་འཇོར་ས་གནས་མི་མང་གནད་དོན་དང་འབྲེལ་ཁྲིམས་རྩོད་པའི་ངོས་ནས་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་དངོས་གཞིའི་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་དེ་གནས་སྐབས་ཕར་འགྱངས་ཀྱིས་བར་བརྒལ་བཀའ་ཁྱབ་ཀྱི་ཞུ་སྙན་ཐེངས་གཉིས་ཕུལ་ཡོད་མེད་ལ་མ་ལྟོས་པར་དེ་རིང་ཕྱི་ཟླ་ ༥ ཚེས་ ༡༣ ཉིན་དབུས་འོས་བསྡུ་ལས་ཁང་གི་ ༢༠༢༦ ལོའི་སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞི་འོས་བསྡུ་གྲུབ་འབྲས་གསལ་བསྒྲགས་བསྐྱངས་སོང་བ་དང་། དངོས་གཞིའི་འོས་བསྡུ་ནང་བོད་མི་བརྒྱ་ཆ་ ༤༥་༧༡ ཡིས་མ་གཏོགས་ཆ་ཤས་བླངས་མི་འདུག རྩ་བའི་ཟླ་བ་འདིའི་ཚེས་ ༥ ཉིན་བལ་ཡུལ་མཆོད་འཇོར་ས་གནས་མི་མང་གི་འཐུས་ཚབ་བློ་བཟང་ཚེ་རིང་ལགས་ཀྱིས་བལ་ཡུལ་མཆོད་འཇོར་ས་གནས་མི་མང་དང་དགོན་སྡེ་ཁག་དྲུག་བཅས་ཀྱི་ཐོབ་ཐང་བཀག་སྐྱིལ་བྱས་པར་དབུས་འོས་བསྡུ་ལས་ཁང་ལ་ཁྲིམས་གཏུགས་བྱ་རྒྱུའི་ཆེད་དུ་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཞུ་སྙན་ཕུལ་ཡོད་པ་དང་འབྲེལ། ད་ལྟའི་ཆར་ཁྲིམས་གཏུག་ཀྱི་གནས་སྟངས་འགྲོ་མུས་ཡིན་པར་བརྟེན། དེ་རིང་གསར་འགོད་ལྷན་ཚོགས་ཐོག་དབུས་འོས་བསྡུའི་ལས་ཁང་གི་འགན་འཛིན་རྣམ་པས་བལ་ཡུལ་མཆོད་འཇོར་གྱི་འོས་བསྡུའི་གནས་སྟངས་དང་འབྲེལ་བའི་དྲི་བ་ཁག་ལ་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་བཀོད་ཁྱབ་གཞིར་བཟུང་གསལ་བཤད་གནང་མ་སོང་། ༢༠༢༦ ལོའི་འོས་བསྡུ་ཆེན་མོའི་ཁྲོད་རྒྱལ་ཁབ་ ༢༧ ནང་དེབ་སྐྱེལ་བྱེད་མཁན་ཁྱོན་མི་གྲངས་ ༩༡༠༧༣ བྱུང་ཡོད་པ་དང་། དངོས་གཞིའི་འོས་བསྡུའི་ནང་འོས་འཕེན་པ་གྲངས་ ༤༡༦༣༨ སྟེ། བརྒྱ་ཆ་ ༤༥་༧༡ ཡིས་ཆ་ཤས་བླངས་འདུག དེ་ནི་སྔོན་འགྲོའི་སྐབས་ཀྱི་འོས་འཕེན་པའི་གྲངས་འབོར་ལས་བརྒྱ་ཆ་ ༡༡ ཙམ་གྱི་ཉུང་བ་ཆགས་ཀྱི་ཡོད་སྟབས། གནད་དོན་དེ་དང་འབྲེལ་ནས་འདི་ག་གསར་འགོད་པས་བཙན་བྱོལ་བོད་མིའི་མང་གཙོའི་གནས་སྟངས་ལ་བློ་འཚབ་ཀྱི་རྣམ་པ་ཡོང་གི་ཡོད་སྐོར་བཀའ་འདྲི་ཞུས་པར། དབུས་འོས་བསྡུ་འགན་འཛིན་མཆོག་གིས་གནད་དོན་དེ་བློ་ཕམ་གྱི་རང་བཞིན་ཞིག་ཆགས་ཀྱི་ཡོད་པ་སོགས་གསུངས་སོང་། དེ་བཞིན་བལ་ཡུལ་ནང་གི་འོས་བསྡུའི་གནད་ཚུལ་དེ་རྒྱ་ཁྱབ་ཆེན་པོ་ཕྱིན་ཡོད་སྟབས། མ་འོངས་པའི་བལ་ཡུལ་ནང་འོས་བསྡུ་བྱེད་ཕྱོགས་ཐོག་དཀའ་ངལ་བྱུང་ཚེ་དེའི་འགན་ལེན་སུས་འཁུར་གྱི་རེད་དམ་ཞེས་དྲི་པར། དེའི་འགན་དེ་དབུས་འོས་བསྡུ་ལས་ཁང་མེད་པ་གསུངས་སོང་། གཞན་ཡང་ད་རེས་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་ཐོག་དབུས་འོས་བསྡུའི་འགན་འཛིན་རྣམ་པས་འོས་བསྡུའི་ལས་དོན་ཡོངས་རྫོགས་ལྷག་བསམ་རྣམ་དག་གིས་གནང་ཡོད་སྐོར་དང་། དངོས་གཞིའི་འོས་གཞི་གཏན་འབེབས་སྐབས། མདོ་སྨད་ཆོལ་ཁ་དང་དགེ་ལུགས། ས་སྐྱ་བཅས་ཀྱི་ཐོབ་ཁུངས་ནས་ནས་འོས་གཞིར་མི་འགྲོ་མ་འདང་བའི་གནད་དོན་བྱུང་སྐབས། འོས་མི་ཁག་གཅིག་ནས་དངོས་གཞི་འོས་གཞིར་བཞེངས་རྒྱུར་ཁས་ལན་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞེས་ཞུས་པ་མ་ཟད། འོས་བསྡུའི་ལས་རིམ་ཁྲོད་སྤྱི་འཐུས་འོས་མི་གཉིས་ཀྱི་ཡོང་ཁུངས་ས་གནས་གཅིག་ཡིན་ཡང་ཆོལ་ཁ་ལོགས་སུ་ནས་བཞེངས་བའི་གནད་དོན་དང་འབྲེལ་བའི་རྩོད་རྙོག་དང་། གཞན་ཡང་གང་ཟག་ཁག་གཅིག་གིས་དངོས་གཞི་འོས་བསྡུའི་ལས་རིམ་ཁྲོད་མང་ཚོགས་ལ་སྡིགས་ར་སྐུལ་ཡོད་མེད་སོགས་ཀྱི་གནད་དོན་མང་དག་ཅིག་གསལ་བཤད་གནང་སོང་། དེ་རིང་བཙན་བྱོལ་བོད་མིའི་དངོས་གཞིའི་འོས་བསྡུའི་གསལ་བསྒྲགས་དང་འབྲེལ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་གསལ་ལྟར། འོས་བསྡུ་འགན་འཛིན་ལས་འཕར་གཉིས་ཀྱི་ལས་ཡུན་དེ་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་ཆེན་མོའི་ལས་རིམ་གསལ་བསྒྲགས་གནང་བ་ནས་བཟུང་དངོས་གཞིའི་གྲུབ་འབྲས་གསལ་བསྒྲགས་མ་ཟིན་གྱི་བར་དུ་ཆགས་ཀྱི་ཡོད་སྟབས། ད་རིང་ནས་བཟུང་འོས་བསྡུའི་འགན་འཛིན་ལས་འཕར་གཉིས་ཀྱི་ལས་ཡུན་ཟིན་གྱི་ཡོད་པ་རེད། གཞི་རྩའི་བཙན་བྱོལ་བོད་མིའི་འོས་བསྡུའི་ནང་ཆ་ཤས་ལེན་མཁན་དེ་སྔོན་ཕྱི་ལོ་ ༢༠༡༡ ལོར་བརྒྱ་ཆ་ ༥༩ དང་། ཕྱི་ལོ་ ༢༠༡༦ ལོར་བརྒྱ་ཆ་ ༦༥་༦༧ དེ་བཞིན་ཕྱི་ལོ་ ༢༠༢༡ ལོར་བརྒྱ་ཆ་ ༧༧་༠༢ བཅས་རིམ་པས་མང་དུ་འགྲོ་ཡོད་པ་དེ་ལྟར་ཡང་། ད་རེས་བརྒྱ་ཆ་ ༤༥་༧༡ ལ་མར་ཟག་འདུག དེ་བཞིན་ད་རེས་ཀྱི་འོས་བསྡུའི་ཁྲོད་འོས་ཤོག་ ༥༧༠ རྩིས་མེད་བཏང་ཡོད་པ་རེད་འདུག མ་ཟད་སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ཁྲོད་གསར་པ་ ༡༧ ཆགས་ཀྱི་ཡོད་པ་དང་། ཁྱོན་ཡོང་ནས་བུད་མེད་ ༩ མ་གཏོགས་མི་འདུག དེ་ནི་དེ་སྔོན་དང་བསྡུར་ན་སྐབས་ ༡༧ པའི་འོས་བསྡུའི་ནང་བུད་མེད་ ༡༡ དང་སྐབས་ ༡༦ པའི་འོས་བསྡུའི་ནང་བུད་མེད་ ༡༣ བཅས་ཆགས་ཀྱི་འདུག

དངོས་གཞིའི་འོས་བསྡུའི་གྲུབ་འབྲས་ཕར་འགྱངས་ལ་ངོས་བཞེས་གནང་མི་འདུག

བལ་ཡུལ་ཆོས་འབྱོར་མི་མང་གི་འོས་འཕེན་ཐོབ་ཐང་དང་འབྲེལ་བའི་ཁ་མཆུ་ཨང་ ༢༢ པའི་གྱོད་ཡ་ཞུ་སྦྱོར་བ་བློ་བཟང་ཚེ་རིང་ལགས་ཀྱི་ཁྲིམས་རྩོད་པས་སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་གི་ནང་གསེས་དབུས་འོས་བསྡུ་ལས་ཁང་ནས་ཕྱི་ལོ་ ༢༠༢༦ ལོའི་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་དེ་གནས་སྐབས་ཕར་འགྱངས་ཀྱི་བར་བརྒལ་བཀོད་ཁྱབ་གཏོང་གནང་ཡོང་བའི་ཞུ་སྙན་ཕུལ་ཡང་། ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་དེར་ངོས་བཞེས་གནང་མེད་པར་བརྟེན། དེ་རིང་སླར་ཡང་བར་བརྒལ་བཀོད་ཁྱབ་ཀྱི་ཞུ་སྙན་ཕུལ་སོང་། https://youtu.be/yVcMniFATG8?si=wV9l-E727rChCjgu དེ་ཡང་འདི་ཚེས་ ༨ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བལ་ཡུལ་མཆོད་འཇོར་ས་གནས་མི་མང་དང་དགོན་སྡེ་ཁག་དྲུག་བཅས་ཀྱི་འོས་འཕེན་ཐོབ་ཐང་བཀག་སྐྱིལ་དང་འབྲེལ་བའི་གྱོད་གཞིར་ཁྲིམས་ཐོག་ནས་ངོས་བཞེས་གནང་ཡོད་ཀྱང་། གནངས་ཕྱི་ཚེས་ ༡༣ ཉིན་དབུས་འོས་བསྡུ་ལས་ཁང་ནས་ཕྱི་ལོ་ ༢༠༢༦ ལོའི་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་གནང་རྒྱུ་ཡིན་པ་དང་བསྟུན། གྱོད་ཡ་ཞུ་སྦྱོར་བའི་ཁྲིམས་རྩོད་པས་ཁྲིམས་ཞིབ་ཁང་ལ་སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་གི་ནང་གསེས་དངོས་གཞིའི་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་དེ་གནས་སྐབས་ཕར་འགྱངས་ཀྱི་བར་བརྒལ་བཀོད་ཁྱབ་གཏོང་གནང་ཡོང་བའི་ཞུ་སྙན་ཕུལ་ཡོད་པ་རེད། འོན་ཀྱང་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཉིན་དེ་རང་ཞུ་སྙན་དེར་ངོས་ལེན་གནང་མེད་སྟབས། དེ་རིང་ཆུ་ཚོད་ ༡༢ ཡོལ་ཙམ་ལ་བལ་ཡུལ་མཆོད་འཇོར་ས་གནས་མི་མང་གི་འཐུས་ཚབ་བློ་བཟང་ཚེ་རིང་ལགས་ཀྱི་ཁྲིམས་གཏུག་རྩོད་ལེན་པ་བཙན་བྱོལ་བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་བསྟན་འཛིན་སྒྲོལ་དཀར་ལགས་དང་། ཁྲིམས་མཐུན་ལས་བྱེད་རིན་ཆེན་དབང་རྒྱལ་ལགས། དེ་བཞིན་ཁྲིམས་རྩོད་པ་གཞན་གཉིས་བཅས་ནས་བཞུགས་སྒར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་སླར་ཡང་ཆེད་བཅར་གནང་སོང་། སྐབས་དེར་འདི་གའི་གསར་འགོད་པས་བཙན་བྱོལ་བོད་མིའི་ཁྲིམས་ལུགས་རིག་པ་བ་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་བསྟན་འཛིན་སྒྲོལ་དཀར་ལགས་སུ་བཀའ་འདྲི་ཞུ་སྐབས་ཁོང་གིས། བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཕྱི་ལོ་ ༢༠༢༦ ལོའི་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་དེ་གནས་སྐབས་ཕར་འགྱངས་ཀྱིས་བར་བརྒལ་བཀོད་ཁྱབ་གཏོང་དགོས་པའི་ཞུ་སྙན་དེར་ངོས་བཞེས་གནང་མེད་པ་འགྲེལ་བརྗོད་དང་འབྲེལ། དེ་རིང་སླར་ཡང་བར་བརྒལ་གྱི་བཀའ་ཁྱབ་གཏོང་གནང་ཡོང་བའི་ཞུ་སྙན་ཕུལ་ཡོད་པ་འགྲེལ་བརྗོད་གནང་བྱུང་། མ་ཟད་བཙན་བྱོལ་བོད་མིའི་ཁྲིམས་ལུགས་རིག་པའི་ཁྲིམས་མཐུན་ལས་བྱེད་རིན་ཆེན་དབང་རྒྱལ་ལགས་སུ་དེའི་སྐོར་བཀའ་འདྲི་ཞུ་སྐབས། ཁོང་རྣམས་ནས་དེ་རིང་སླར་ཡང་བར་བརྒལ་གྱི་བཀོད་ཁྱབ་གཏོང་གནང་ཡོང་བའི་ཞུ་སྙན་ཕུལ་ཡོད་ཀྱང་། ཁྲིམས་ཞིབ་ཁང་ནས་དེའི་ཐོག་ཞིབ་འཇུག་གིས་ལྗགས་ལན་གནང་རྒྱུ་ཡིན་པའི་བཀའ་ལན་ཕེབས་ཡོད་པ་གསུངས་སོང་། གཞི་རྩའི་འོས་བསྡུའི་ལས་རིམ་ལྟར་ན། ཟླ་འདིའི་ཚེས་ ༢༧ ཉིན་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་སྐབས་ ༡༧ ཉིན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་སླར་ཡང་ལས་འཁུར་དམ་བཅའ་འབུལ་བཞེས་ཀྱི་མཛད་སྒོ་འཚོགས་རྒྱུ་དང་། དེ་ནས་ཕྱི་ཚེས་ ༣༡ ཉིན་སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་བདམས་ཐོན་སྤྱི་འཐུས་རྣམ་པས་དམ་བཅའ་འབུལ་བཞེས་གནང་གི་ཡོད་པ་རེད།

སྐབས་ ༡༨ པའི་སྤྱི་འཐུས་ཀྱི་འོས་བསྡུའི་ད་བར་གྱི་གྲུབ་འབྲས།

ཉེ་ལམ་ཕྱི་ཚེས་ ༢༦ ཉིན་བོད་མི་གནས་ཡུལ་རྒྱ་གར་གཙོས་རྒྱལ་སྤྱིའི་རྒྱལ་ཁབ་ ༢༧ ནང་ཕྱི་ལོ་ ༢༠༢༦ ལོའི་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུ་ཆེན་མོའི་ལས་རིམ་བསྐྱངས་ཡོད་པ་དང་། ད་ལྟའི་ཆར་དབུས་འོས་བསྡུ་ལས་ཁང་ནས་གཞུང་འབྲེལ་ཐོག་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུ་ཆེན་མོའི་མཐའ་མའི་གྲུབ་འབྲས་ཇི་སོན་གསལ་བསྒྲགས་བསྐྱང་རྒྱུ་ཡིན་པ་དེ་ལྟར་ཡང་། ས་གནས་སོ་སོའི་འོས་བསྡུ་འགན་འཛིན་གྱི་ཐུགས་འགན་བཞེས་ཏེ་འོས་ཤོག་གྲངས་བཤེར་གནང་ཟིན་ཁག་རིམ་བཞིན་ཡོངས་གྲངས་སུ་གསལ་བསྒྲགས་གནང་མུས་ཡིན་པ་ལྟར། ད་ལྟའི་ཆར་སྐབས་ ༡༨ པའི་སྤྱི་འཐུས་རྩེ་ཐོག་རྣམ་པ་སུ་ཡིན་གཏན་འཁེལ་གནང་ཟིན་པ་ལྟ་བུར་གྱུར་འདུག རྩ་བའི་དབུས་འོས་བསྡུ་ལས་ཁང་གིས་དངོས་གཞིའི་འོས་གཞི་གསལ་བསྒྲགས་ཕྱི་ཟླ་ ༥ ཚེས་ ༡༣ ལ་མ་གཏོགས་གནང་གི་མེད་པ་དེ་ལྟར་ཡང་། འདི་ག་རླུང་འཕྲིན་ཁང་གིས་ད་བར་རྒྱུས་ལོན་ཞུས་པའི་གྲངས་ཐོར་གཞིགས་ན། རྒྱ་བལ་འབྲུག་གསུམ་ཕུད་པའི་ཨེ་ཤི་ཡ་དང་ཨོསྟྲེ་ལི་ཡའི་རྒྱལ་ཁབ་ཁག་གི་ཁོངས་ནས་སྐལ་བཟང་ཚེ་རིང་ལགས་སུ་འོས་གྲངས་ ༡༠༡༠ ཐོབ་སྟེ་ཨང་དང་པོར་སོན་པ་དང་། ལྷོ་བྱང་ཨ་མི་རི་ཀའི་སྤྱི་འཐུས་དངོས་གཞིའི་འོས་བསྡུའི་ཁྲོད་འོས་གྲངས་ ༥༠༣༥ ཐོག་ཨང་དང་པོར་སྒོ་དྲུག་སྐལ་བཟང་ཕུན་ཚོགས་ལགས་དང་འོས་གྲངས་ ༤༨༠༠ ཐོག་ཨང་གཉིས་པར་ཚེ་བརྟན་ཕུན་ཚོགས་ལགས་གཏན་འཁེལ་བྱུང་འདུག མ་ཟད་ཡོ་རོབ་ཁོངས་ནས་བསྟན་འཛིན་དབྱངས་དཀར་ལགས་སུ་འོས་གྲངས་ ༢༧༦༠ ཐོག་ཨང་དང་པོ་དང་ཐུབ་བསྟན་རྒྱ་མཚོ་ལགས་སུ་འོས་གྲངས་ ༢༤༤༥ ཐོག་ཨང་གཉིས་པ་བཅས་གཏན་འཁེལ་བྱུང་འདུག ཕྱོགས་མཚུངས་དབུས་གཙང་ཆོལ་ཁའི་སྤྱི་འཐུས་སུ་དེ་རིང་བར་རྩེ་ཕུད་བཅུ་པོ་ནི་འོས་གྲངས་ ༡༡༣༥༣ ཐོག་ཨང་དང་པོ་སྒྲོལ་མ་ཚེ་རིང་ལགས་དང་། གཉིས་པ་རིག་འཛིན་ལྷུན་གྲུབ་ལགས། གསུམ་པ་བསྟན་འཛིན་ཆོས་འཛིན་ལགས། དེ་ནས་ཟླ་བ་ཚེ་རིང་ལགས། བློ་བཟང་རྒྱ་མཚོ་སྲི་ཐར་ལགས། མི་འགྱུར་རྡོ་རྗེ་ལགས། ཀོང་རྩ་ལྷ་མོ་ཚེ་རིང་ལགས། དངོས་གྲུབ་རྡོ་རྗེ་ལགས། ལྷག་པ་ཚེ་རིང་ལགས་དང་། བཅུ་པར་འོས་གྲངས་ ༥༧༠༠ ཙམ་བྱས་ཏེ་ལྷ་རྩེ་ཟླ་བ་ཚེ་རིང་ལགས་སླེབས་ཡོད་པ་བཅས། དབུས་གཙང་གི་སྤྱི་འཐུས་རྩེ་ཕུད་བཅུ་པོའི་ནང་དེ་རིང་བར་སྤྱི་འཐུས་གསར་པ་ ༤ ཆགས་ཀྱི་འདུག ཡང་མདོ་སྟོད་ཆོལ་ཁའི་སྤྱི་འཐུས་རྩེ་ཕུད་བཅུའི་ནང་འོས་གྲངས་ ༤༦༥༧ ཐོག་ཨང་དང་པོ་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན་ལགས་དང་། གཉིས་པ་རྒྱལ་མཚན་ཆོས་སྐྱིད་ལགས། གསུམ་པ་གསེར་རྟ་ཚུལ་ཁྲིམས་ལགས། དེ་ནས་ཀོན་མཆོག་ཡར་འཕེལ་ལགས་དང་། ཆོས་འཕེལ་ཐུབ་བསྟན་ལགས།དབང་འདུས་རྡོ་རྗེ་ལགས། ཟླ་བ་ཚེ་རིང་ལགས། ངག་དབང་བློ་གྲོས་ལགས། དཀོན་མཆོག་རིན་ཆེན་ལགས། དེ་བཞིན་འོས་གྲངས་ ༢༨༤༠ ཐོག་བཅུ་པ་སངས་རྒྱས་རྡོ་རྗེ་ལགས་སླེབས་པ་བཅས་མདོ་སྟོད་ཆོལ་ཁའི་ཁོངས་སྤྱི་འཐུས་གསར་པ་ ༥ ཆགས་ཀྱི་འདུག དེ་བཞིན་མདོ་སྨད་ཆོལ་ཁའི་ནང་འོས་གྲངས་ ༡༢༡༡ ཐོག་ཨང་དང་པོར་འོས་མི་གསར་པ་བསྟན་འཛིན་དཔལ་མོ་ལགས་དང་། གཉིས་པ་ཡེ་ཤེས་སྒྲོལ་མ་ལགས། དེ་ནས་ལྷ་རོང་ལགས་དང་། དབྲ་རྩ་བསོད་ནམས་ནོར་བུ་ལགས། ཀརྨ་དགེ་ལེགས་ལགས། བློ་བཟང་ཐུབ་བསྟན་ལགས། ཨོ་རྒྱན་སྐྱབས་ལགས། ལྷ་མོ་སྐྱབས་ལགས། པདྨ་མཚོ་ལགས། བཅུ་པར་འོས་གྲངས་ ༨༠༥ ཐོག་བཀྲ་ཤིས་དོན་གྲུབ་ལགས་སླེབས་པ་བཅས་དེ་དག་ལས་སྤྱི་འཐུས་གསར་པ་ ༤ ཆགས་ཀྱི་འདུག གཞན་ཡང་ཆོས་བརྒྱུད་སྤྱི་འཐུས་ཁྲོད་ད་ལྟའི་ཆར་གཡུང་དྲུང་བོན་གྱི་སྤྱི་འཐུས་ཨང་གཉིས་པར་སྤྱི་ཟུར་བ་ར་ཚེ་དབང་བཀྲིས་ལགས་ཐོབ་ཡོད་པ་མ་གཏོགས་གཞན་ཆོས་བརྒྱུད་སྤྱི་འཐུས་རྩེ་ཕུད་གཉིས་ནང་ལས་ཐོག་སྤྱི་འཐུས་རྣམ་པ་རང་འཇགས་ཆགས་ཀྱི་འདུག སྤྱིར་དབུས་འོས་བསྡུ་ལས་ཁང་ནས་རིང་མིན་ཕྱི་ཚེས་ ༡༣ ཉིན་འདེམས་ཐོན་སྤྱི་འཐུས་རྣམས་ཀྱི་མཚན་གཞུང་གསར་འགོད་གསལ་བསྒྲགས་གནང་རྒྱུ་ཡིན་པ་དེ་ལྟར་ཡང་། ཉེ་ཆར་བཙན་བྱོལ་བོད་མིའི་སྔོན་འགྲོའི་འོས་བསྡུའི་སྐབས་བལ་ཡུལ་མཆོད་འཇོར་ཁུལ་ནས་འོས་བསྡུའི་སྒྲིག་གཞིར་འགལ་འཛོལ་ཚབས་ཆེ་བྱུང་བའི་ངོས་འཛིན་འོག དབུས་འོས་བསྡུ་ལས་ཁང་གིས་ས་གནས་དེར་དངོས་གཞི་འོས་བསྡུའི་ལས་རིམ་ཕྱིར་འཐེན་གནང་ཡོད་ཀྱང་། སྤྱི་ཚོགས་ནང་གནད་དོན་དེའི་ཐོག་སེམས་འཚབ་ཀྱིས་ལབ་གླེང་ཤུགས་ཆེ་བྱུང་བ་དང་ལྷག་པར་དུ་མཆོད་འཇོར་ས་གནས་མི་མང་གིས་ཡིག་ངག་གཉིས་ཐོག་ནས་རེ་སྐུལ་ནན་པོ་ཞུས་པའི་ཁྲོད། འདི་ཆེས་ ༡ ཉིན་དབུས་འོས་བསྡུ་ལས་ཁང་གིས་ཉེ་སྔོན་གྱི་ཐག་གཅོད་ཕྱིར་འཐེན་གནང་སྟེ་མཆོད་འཇོར་ས་གནས་སུ་དངོས་གཞིའི་འོས་བསྡུ་བྱ་རྒྱུའི་ཐག་གཅོད་གནང་ཡོད་པ་རེད། དེ་འབྲེལ་མང་ཚོགས་ཁྲོད་ད་ཆ་ཚ་ཚ་འུར་འུར་གྱིས་གླེང་མོལ་གནང་བཞིན་པའི་ཁྲོད། ཁག་གཅིག་གིས་ད་ཆ་ས་གནས་སོ་སོའི་འོས་ཤོག་གྲངས་བཤེར་གནང་ཟིན་པ་ཁག་རིམ་བཞིན་ཡོངས་གྲངས་སུ་གསལ་བསྒྲགས་གནང་མུས་ཁྲོད། མཆོད་འཇོར་ས་གནས་མང་ཚོགས་ལ་གཞི་ནས་དངོས་གཞིའི་འོས་བླུག་རྒྱུའི་ཐོབ་ཐང་གནང་བ་དེ་འགྲིག་མིན་བསམ་ཚུལ་སྣ་ཚོགས་དང་། དེས་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུའི་གྲུབ་འབྲས་ལ་འགྱུར་བ་ཐེབས་སྲིད་པའི་སེམས་འཚབ་གནང་བཞིན་པ་དང་། ཁག་གཅིག་གིས་ད་རེས་གསལ་བསྒྲགས་གནང་བ་དེས་ཁུལ་དེར་རྒྱ་གཞུང་གིས་གནོན་ཤུགས་སྔར་ལྷག་སླེབས་སྲིད་པ་སོགས་ཀྱི་སེམས་འཚབ་གནང་བཞིན་འདུག

བཙན་བྱོལ་བོད་མིའི་འོས་བསྡུའི་ལས་རིམ་དེ་བཞིན་རང་དབང་དང་དྲང་བདེན་ཕྱི་གསལ་ནང་གསལ་བྱུང་བ་དེ་བོད་མིའི་མང་གཙོའི་རྒྱལ་ཁ་ཡིན་པ་གསུངས་འདུག

ཨ་རིར་རྟེན་གཞི་བྱས་པའི་ International Campaign for Tibet (ICT) འམ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས།  དེ་གའི་ཚོགས་པའི་ངོས་ནས་རྒྱལ་སྤྱིའི་ཆེད་ལས་མི་སྣ་ཁག་གཅིག་དང་ལྷན་དུ་འདི་ལོའི་བཙན་བྱོལ་བོད་མིའི་འོས་བསྡུའི་ཐོག་ཞིབ་འཇུག་གིས་གྲུབ་དོན་དུ།  ཐེངས་འདིའི་བཙན་བྱོལ་བོད་མིའི་འོས་བསྡུ་ཆེན་མོ་དེ་བཞིན་རང་དབང་དང་དྲང་བདེན། ཕྱི་གསལ་ནང་གསལ་བྱུང་ཡོད་པ་དང་དེ་ནི་བཙན་བྱོལ་བོད་མིའི་མང་གཙོའི་རྒྱལ་ཁ་ཡིན་པ་གསུངས་འདུག དེ་ཡང་ཁ་ཉིན་ཕྱི་ཚེས་ ༢༩ ཉིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་དྲྭ་གནས་ཐོག་གནས་ཚུལ་ཐོན་གསལ་ལྟར་ན།  དེ་གའི་ཚོགས་པའི་ངོས་ནས་རྒྱལ་སྤྱིའི་ཆེད་ལས་མི་སྣ་ཁག་གཅིག་དང་ལྷན་དུ་འོས་བསྡུའི་ཞིབ་འཇུག་ཚོགས་ཆུང་ཞིག་གི་བརྒྱུད།  ཉིན་ཤས་གོང་གི་ཕྱི་ཚེས་ ༢༦ ཉིན་འདི་ལོའི་བཙན་བྱོལ་བོད་མིའི་འོས་བསྡུ་ཆེན་མོའི་དངོས་གཞིའི་ལས་རིམ་དབུ་འཛུགས་མ་ཞུས་གོང་དང་མཇུག་སྒྲིལ་རྗེས་སུ་རྒྱ་གར་ལྷོ་བྱང་ཁུལ་གྱི་བོད་མིའི་འདུ་སྡོད་ས་གནས་ཁག་ཏུ་ཞིབ་འཇུག་གིས་སྙན་ཐོའི་ཐོག་མའི་གྲུབ་དོན་དུ།  འཛམ་གླིང་ཁྲོད་ཀྱི་རྒྱལ་ཁབ་ ༣༠ ལྷག་གི་ནང་དུ་གྱར་ཡོད་བའི་བོད་མི་ཚོར་དབུས་འོས་བསྡུ་ལས་ཁང་ངོས་ནས་ཟླ་འདིའི་ཕྱི་ཚེས་ ༢༦ ཉིན་གསར་གཏོད་དང་ཕྱི་གསལ་ནང་གསལ་གྱི་ལམ་ལུགས་ཐོག་རང་སོ་སོའི་སྤྱི་འཐུས་ཀྱི་འོས་མིར་འོས་འཕེན་གྱི་གཞི་རྩའི་ཐོབ་ཐང་ངེས་པར་དུ་ལོངས་སུ་སྤྱོད་ཐུབ་པར་བཟོས་ཏེ་འདི་ལོའི་བཙན་བྱོལ་བོད་མིའི་འོས་བསྡུ་ཆེན་མོ་དེ་བཞིན་རྒྱལ་ཁའི་ངང་མཇུག་བསྐྱངས་ཡོད་པར་བསྔགས་བརྗོད་ཡི་རངས་ཞུས་འདུག རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་བཙན་བྱོལ་བོད་མོའི་འོས་བསྡུ་ཆེན་མོའི་ཐོག་གི་ཞིབ་འཇུག་སྙན་ཐོ་ཆ་ཚང་ཡོང་རྒྱུའི་བདུན་ཕྲག་འགའ་ཤས་ནང་འདོན་སྤེལ་གནང་འཆར་ཡོད་ཀྱང་།  ཐེངས་འདིར་སྙན་ཐོའི་ཐོག་མའི་གྲུབ་དོན་གྱི་མཚོན་དོན་ཙམ་འདིར་གླེང་བ་ཞིག་རེད་འདུག་ལ།  དེའི་ནང་། འདི་ལོའི་བཙན་བྱོལ་བོད་མིའི་འོས་བསྡུ་ཆེན་མོའི་ཐོག་རྒྱ་ནག་གཞུང་གིས་ཐེ་བྱུས་འཁྱོག་བཤད་དང་དྲྭ་ཐོག་རྫུན་གཏམ་ཁྱབ་སྤེལ་གྱི་འབད་བརྩོན་རྒྱུན་མཐུད་བྱས་ཀྱང་།  འོས་བསྡུའི་ལས་རིམ་དེ་བཞིན་དྲང་བདེན་དང་ཕྱི་གསལ་ནང་གསལ་ཐོག་མཇུག་བསྐྱངས་ཐུབ་ཡོད་པ་དང་། དེ་ནི་བཙན་བྱོལ་བོད་མིའི་མང་གཙོའི་རྒྱལ་ཁ་ཞིག་ལ་ངོས་འཛིན་གནང་འདུག རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་བསྟན་ཆོས་རྒྱ་མཚོ་ལགས་ཀྱིས།  ཕྱི་ཟླ་ ༤ ཚེས་ ༢༦ ཉིན་གྱི་དངོས་གཞིའི་འོས་བསྡུའི་ལས་རིམ་དེ་བཞིན་ཕྱི་ཟླ་ ༢ པ་ནས་དབུ་འཛུགས་གནང་ཟིན་པའི་སྔོན་འགྲོའི་ལས་རིམ་ལྟར་ལམ་ལྷོངས་ཐོག་ཕྱི་གསལ་ནང་གསལ་མུ་མཐུད་དེ་འགྲོ་ཐུབ་པ་དེ་བོད་མིའི་མང་གཙོའི་བརྟན་བརླིང་གྱི་རང་བཞིན་བསྟན་གྱི་ཡོད་པ་གསུངས་པ་དང་འབྲེལ། བོད་ཀྱི་བདག་པོ་བོད་མི་ཡིན་པ་དང་། མ་འོངས་བོད་ཀྱི་གནད་དོན་དེ་བཞིན་བོད་མི་ཚོས་ཐག་གཅོད་གནང་གི་རེད་ཅེས་གསལ་འདོན་གནང་བ་མ་ཟད།  ཁོང་རང་ཉིད་དངོས་སུ་འོས་བསྡུའི་ལས་རིམ་ནང་བརྟག་ཞིབ་བྱེད་རྒྱུའི་གོ་སྐབས་བྱུང་བར་དགའ་སྤོབས་ཆེན་པོ་བྱུང་བ་འགྲེལ་བརྗོད་ཀྱིས།  ཁོང་རྣམས་ནས་མུ་མཐུད་དེ་ཨ་རི་དང་དམིགས་ཡུལ་གཅིག་མཚུངས་ཀྱི་མཐུན་ཕྱོགས་རྒྱལ་ཁབ་ཚོར་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་། སྐད་ཡིག ཆོས་ལུགས་ཀྱི་ཤུལ་བཞག་སྲུང་སྐྱོབ་ཆེད་གྲོས་མོལ་དང་རྒྱབ་སྐྱོར་གནང་དགོས་པའི་སྐུལ་མ་གནང་བཞིན་ཡོད་པ་གསུངས་འདུག

ད་ལྟའི་ཆར་རྒྱ་བལ་འབྲུག་གསུམ་ཕུད་པའི་ཕྱི་རྒྱལ་ཁུལ་གྱི་སྤྱི་འཐུས་རྣམས་སུ་ཡིན་གཏན་འཁེལ་གནང་ཟིན་པ་ལྟ་བུར་གྱུར་འདུག

འདི་ཚེས་ ༡༦ ཉིན་བོད་མི་གནས་ཡུལ་རྒྱ་གར་གཙོས་རྒྱལ་སྤྱིའི་རྒྱལ་ཁབ་ ༢༧ ནང་ཕྱི་ལོ་ ༢༠༢༦ ལོའི་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུ་ཆེན་མོའི་ལས་རིམ་བསྐྱངས་ཟིན་ཡོད་པ་དང་། ད་ལྟའི་ཆར་དབུས་འོས་བསྡུ་ལས་ཁང་ནས་གཞུང་འབྲེལ་ཐོག་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུ་ཆེན་མོའི་མཐའ་མའི་གྲུབ་འབྲས་ཇི་སོན་གསལ་བསྒྲགས་བསྐྱང་རྒྱུ་ཡིན་པ་དེ་ལྟར་ཡང་། ས་གནས་སོ་སོའི་འོས་བསྡུ་འགན་འཛིན་གྱི་ཐུགས་འགན་བཞེས་ཏེ་འོས་ཤོག་གྲངས་བཤེར་གནང་ཟིན་ཁག་རིམ་བཞིན་ཡོངས་གྲངས་སུ་གསལ་བསྒྲགས་གནང་མུས་ཡིན་པ་ལྟར། ད་ལྟའི་ཆར་རྒྱ་བལ་འབྲུག་གསུམ་ཕུད་པའི་ཕྱི་རྒྱལ་ཁུལ་གྱི་སྤྱི་འཐུས་རྣམས་སུ་ཡིན་གཏན་འཁེལ་གནང་ཟིན་པ་ལྟ་བུར་གྱུར་འདུག རྩ་བའི་འདི་ཚེས་ ༢༦ རེས་གཟའ་ཉི་མའི་ཉིན་བོད་མིའི་འདུ་སྡོད་ས་གནས་ཡོངས་ལ་ཕྱི་ལོ་ ༢༠༢༦ ལོའི་སྲིད་སྤྱི་གཉིས་ཀྱི་དངོས་གཞིའི་འོས་བསྡུ་གནང་རྒྱུ་ཡིན་པ་དེ་ལྟར་ཡང་ ༢༠༢༦ ལོའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུའི་ཁྲོད་ལས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ལ་འོས་ཐོབ་བརྒྱ་ཆ་ ༦༡་༠༢༥ ཐོབ་སྟེ་འོས་བསྡུའི་སྒྲིག་གཞི་གཞིར་བཟུང་དངོས་གཞིའི་ལས་རིམ་འགྲོ་མི་དགོས་པར་སྲིད་སྐྱོང་ལ་འདེམས་ཐོན་བྱུང་ཡོད་སྟབས། ཉིན་དེར་བོད་མི་ཚོས་སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ཀྱི་འོས་ཤོག་འཕེན་ཡོད་པ་དང་ཆབས་ཅིག དབུས་འོས་བསྡུ་ལས་ཁང་གིས་དངོས་གཞིའི་མི་འགྲོའི་འོས་གཞི་གསལ་བསྒྲགས་ཕྱི་ཟླ་ ༥ ཚེས་ ༡༣ ལ་མ་གཏོགས་གནང་གི་མེད་པ་རེད། དེ་ལྟར་ཡང་འདི་ག་རླུང་འཕྲིན་ཁང་གིས་ད་བར་རྒྱུས་ལོན་ཞུས་པའི་གྲངས་ཐོར་གཞིགས་ན། རྒྱ་བལ་འབྲུག་གསུམ་ཕུད་པའི་ཨེ་ཤི་ཡ་དང་ཨོསྟྲེ་ལི་ཡའི་རྒྱལ་ཁབ་ཁག་གི་ཁོངས་ནས་ཨོ་གླིང་དང་ནིའུ་རྫི་ལན། ཐའེ་ཝན། དེ་བཞིན་ཉི་འོང་བཅས་ལས་སྤྱི་འཐུས་ཀྱི་ས་མིག་གཅིག་ཡོད་པ་ལྟར། ཨོ་གླིང་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་ཞབས་ཟུར་པ་སྐལ་བཟང་ཚེ་རིང་ལགས་སུ་འོས་གྲངས་ ༡༠༡༠ དང་ཨོ་གླིང་ Melbourne ནང་གནས་བཞུགས་བསོད་ནམས་རྡོ་རྗེ་ལགས་སུ་འོས་གྲངས་ ༢༩༤ བཅས་ཐོབ་འདུག་པས། ཨང་དང་པོ་སོན་པ་སྐལ་བཟང་ཚེ་རིང་ལགས་རྒྱ་བལ་འབྲུག་གསུམ་ཕུད་པའི་ཨེ་ཤི་ཡ་དང་ཨོ་སེ་ཀྲེ་ལེ་ཤི་ཡའི་ཐོབ་ཁོངས་ས་གནས་ནས་བོད་མི་མང་སྤྱི་འཐུས་སུ་བདམས་ཐོན་བྱུང་ཡོད་པ་ལྟ་བུར་གྱུར་འདུག ཡང་ལྷོ་བྱང་ཨ་རིའི་སྤྱི་འཐུས་དངོས་གཞིའི་འོས་བསྡུའི་ཁྲོད། ནེའུ་ཡོག་ནེའུ་འཇར་སི་དང་སེན་ཕ་རན་སིས་ཀོ དེ་བཞིན་མི་ནི་སོ་ཊའི་མངའ་ཁོངས་ནས་ལྷོ་བྱང་ཨ་རི་ཁུལ་གྱི་སྤྱི་འཐུས་ཀྱི་དངོས་གཞིའི་འོས་མི་ཚེ་བརྟན་ཕུན་ཚོགས་ལགས་ལ་འོས་གྲངས་ ༢༦༢༩ སྒོ་དྲུག་སྐལ་བཟང་ཕུན་ཚོགས་ལགས་ལ་འོས་གྲངས་ ༢༦༠༦ དེ་བཞིན་ཀུན་དགའ་འཕྲིན་ལས་ལགས་ལ་འོས་གྲངས་ ༡༣༣༤ བཅས་ཐོབ་འདུག་པས། དེ་དག་ཁྲོད་ནས་ཨང་དང་པོ་དང་གཉིས་པར་སོན་པ་ཚེ་བརྟན་ཕུན་ཚོགས་ལགས་དང་སྒོ་དྲུག་སྐལ་བཟང་ཕུན་ཚོགས་ལགས་གཉིས་ལྷོ་བྱང་ཨ་རི་ཁུལ་གྱི་བོད་མི་མང་སྤྱི་འཐུས་སུ་བདམས་ཐོན་བྱུང་ཡོད་པ་ལྟ་བུར་གྱུར་འདུག དེ་བཞིན་ཡུ་རོབ་དང་ཨ་ཕི་རི་ཀའི་ཆེད་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནང་ས་མིག་གཉིས་ཡོད་པ་ལྟར། སུད་སི་ཁྱབ་ཁོངས་རྒྱལ་ཁབ་བཞི་དང་། དབྱིན་ཡུལ་ཁྱབ་ཁོངས་རྒྱལ་ཁབ་དྲུག་བཅས་ལས། ཧྥ་རན་སི་རྒྱལ་སྤྱིའི་དབུ་མའི་ལམ་དང་གཞི་རིམ་མི་མང་རེ་འབོད་ཚོགས་པའི་རྒྱུན་ལས་བསྟན་འཛིན་གཡང་དཀར་ལགས་སུ་འོས་གྲངས་ ༡༤༠༦  དང་འབྲོང་པ་ཚང་དངོས་འདུན་རྒྱ་མཚོ་ལགས་སུ་འོས་གྲངས།  ༡༢༤༧ དེ་བཞིན་ཐུབ་བསྟན་རྒྱ་མཚོ་ལགས་སུ་འོས་གྲངས། ༡༡༤༦བཅས་ཐོབ་ཡོད་པས། དེ་དག་ལས་བསྟན་འཛིན་དབྱངས་དཀར་ལགད་དང་འབྲོང་པ་ཚང་དངོས་འདུན་རྒྱ་མཚོ་ལགས་གཉིས་ཡོ་རོབ་དང་ཨ་ཧྥི་རི་ཀའི་ཐོབ་ཁོངས་ས་གནས་ཀྱི་བོད་མི་མང་མང་སྤྱི་འཐུས་སུ་གཏན་འཁེལ་པ་ལྟ་བུར་གྱུར་འདུག གཞི་རྩའི་དེ་རིང་ཕྱི་ཚེས་ ༢༩ ནས་ཕྱི་ཟླ་ ༥ ཚེས་ ༥ བར་འོས་ཤོག་གྲངས་བཤེར་ཕྱོགས་བསྡོམས་དང་། འོས་ཤོག་བྱུང་སོང་བསྡད་གསུམ་གྱི་གནས་སྟངས། དེ་བཞིན་མཐའ་མའི་གྲུབ་འབྲས་དབུས་འོས་བསྡུ་ལས་ཁང་དུ་དུས་བཀག་ནང་ཚུན་འབུལ་འབྱོར་ཐུབ་པ་དགོས་ཀྱི་ཡོད་པ་དང་། དེ་ནས་ཕྱི་ཟླ་ ༥ ཚེས་ ༦ ནས་ ༡༢ བར་དབུས་འོས་བསྡུ་ལས་ཁང་ནས་དངོས་གཞིའི་འོས་ཤོག་གྲངས་བཤེར་ཕྱོགས་བསྡོམས་གནང་རྒྱུ་དང་། ཚེས་ ༡༣ ཉིན་འདེམས་ཐོན་སྤྱི་འཐུས་རྣམས་ཀྱི་མཚན་གཞུང་གསར་འགོད་གསལ་བསྒྲགས་གནང་རྗེས། ཚེས་ ༡༤ ཉིན་འདེམས་ཐོན་སྤྱི་འཐུས་སོ་སོར་བཀོད་རྒྱ་གཏོང་ནས་ཚེས་ ༣༠ ཉིན་འདེམས་ཐོན་སྤྱི་འཐུས་རྣམས་དམ་འབུལ་ཆེད་བཞུགས་སྒར་དུ་འབྱོར་གྱི་ཡོད་པ་རེད། དེ་ནས་ཚེས་ ༣༡ ཉིན་བོད་མི་མང་སྤྱི་འཐུས་སྐབས་ ༡༨ པའི་དམ་འབུལ་མཛད་སྒོ་འཚོག་རྒྱུ་རེད་འདུག

རྒྱ་ནག་གིས་བཙན་བྱོལ་བོད་མིའི་འོས་བསྡུའི་ནང་ཐེ་བྱུས་བྱས་ཀྱང་ལམ་ལྷོང་བྱུང་མིན་འདུག

ཉེ་ལམ་བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་ཆེན་མོའི་འགྲོ་བཞིན་པའི་སྐབས་རྒྱ་ནག་གཞུང་གིས་དེར་ཐེ་བྱུས་བྱེད་ཐབས་བྱས་ཀྱང་ལམ་ལྷོངས་བྱུང་མེད་པ་མངོན་གསལ་གནང་འདུག དེ་ཡང་ཁ་སང་ therecord.media གསར་ཁང་གི་དྲ་གནས་ཐོག་ Digital Forensic Research Lab ཞིབ་འཇུག་ཁང་གི་སྙན་ཐོ་ཞིག་འདོན་སྤེལ་གནང་བའི་ནང་། ཁ་ཉིན་ཚེས་ ༢༦ ཉིན་བཙན་བྱོལ་བོད་མིའི་སྤྱི་འཐུས་ཀྱི་དངོས་གཞི་འོས་བསྡུ་ཆེན་མོ་དང་བསྟུན། སྐབས་དེར་རྒྱ་ནག་གཞུང་དང་འབྲེལ་བ་ཡོད་པའི་སྤྱི་ཚོགས་དྲ་ལམ་མང་དག་ཅིག་གིས་བཙན་བྱོལ་བོད་མིའི་སྤྱི་འཐུས་ཀྱི་དངོས་གཞི་འོས་བསྡུ་ཆེན་མོའི་ནང་བཅོས་མའི་རིག་ནུས་ཀྱི་བཟོས་པའི་པར་རིས་འདྲ་མིན་བཟོས་ཏེ་འོས་བསྡུ་ལས་རིམ་ལ་གནོད་སྐྱོན་གཏོང་ཐབས་བྱས་ཀྱང་ཤུགས་རྐྱེན་ཆེན་པོ་ཐེབས་མེད་པ་མངོན་གསལ་གནང་འདུག སྙན་ཐོ་ནང་གསལ་ལྟར་ན། བཙན་བྱོལ་བོད་མིའི་འོས་བསྡུའི་ཆེན་མོའི་ནང་ཐེ་བྱུས་བྱེད་མཁན་དང་གནོད་སྐྱོན་གཏོང་ཐབས་བྱེད་མཁན་གྱི་ངོ་དེབ་ཁ་བྱང་ ༩༠ དང་ Insta ཨིནྶ་ཊ་ཁ་བྱང་ ༡༣ ར་སྤྲོད་བྱུང་ཡོད་པ་མ་ཟད། ཁ་བྱང་དེ་དག་གིས་སྲིད་སྐྱོང་སྤེན་པ་ཚེ་རིང་ལ་ཉེས་འཛུགས་དང་སྦྲགས་དབང་ཆ་ལ་འདོད་རྔམ་ཡོད་ཚུལ་བརྗོད་དེ་དམའ་འབེབས་བྱས་འདུག་པ་དང་། ཡང་ཁག་ཅིག་གིས་བོད་མིའི་སྒྲིག་འཛུགས་ཀྱི་འོས་བསྡུའི་དེ་བཞིན་ཁྲིམས་མཐུན་རང་བཞིན་ཡིན་མིན་ལ་དོགས་པ་བསླངས་ཏེ། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་རྩོད་གླེང་ཇེ་ཆེར་བཏང་བ་དང་འབྲེལ་འོས་ཤོག་དེ་བཞིན་རྫུན་མ་ཡིན་ཚུལ་བསྟན་ཐབས་བྱས་འདུག་པ་དང་སྦྲགས། ཁ་བྱང་དེ་དག་གིས་བོད་མི་སྤྱི་ཚོགས་དྲ་ལམ་གྱི་ཚོགས་པ་འདྲ་མིན་ནང་སིམ་འཛུལ་བྱས་ནས་རྫུན་གཏམ་སྤེལ་ཐབས་བྱས་ཡོད་པ་མངོན་གསལ་གནང་འདུག རྩ་བའི་རྒྱ་ནག་དང་འབྲེལ་བ་ཡོད་པའི་སྤྱི་ཚོགས་དྲ་ལམ་དེ་དག་གིས་གནས་ཚུལ་རྫུན་མ་ཁྱབ་སྤེལ་བྱེད་ཐབས་བྱས་ཀྱང་ཞིབ་འཇུག་སྙན་ཐོ་ནང་གསལ་ལྟར་ན། རྫུན་གཏམ་དང་པར་རིས་རྫུན་མ་དེ་དག་ལ་མི་མང་ཉུང་ཤས་ཤིག་གིས་ལྟ་ཀློག་བྱས་པ་ལས་དམིགས་ཡུལ་ལྟར་ལམ་ལྷོང་བྱུང་མེད་པ་ར་སྤྲོད་བྱུང་ཡོད་པ་མ་ཟད། རྒྱ་ནག་གིས་བཙན་བྱོལ་བོད་མི་རྣམས་ལ་དམིགས་པའི་རྫུན་གཏམ་རྒྱུན་མ་ཆད་པར་སྤེལ་ཡོད་པ་མངོན་གསལ་དང་། དེ་སྔ་ཕྱི་ལོ་ ༢༠༢༥ ལོར་རྒྱ་ནག་གིས་རྒྱལ་སྤྱི་བོད་དོན་འབྲེལ་འཐུད་ལས་ཁང་དང་འབྲེལ་བའི་ལྐོག་ཟ་རུལ་སུངས་ཀྱི་སྐྱོན་འཛུགས་ཤིག་ཀྱང་ཁྱབ་སྤེལ་བྱས་ཡོད་པ་མ་ཟད། སྤྱི་ཚོགས་དྲ་ལམ་ཁ་བྱང་དེ་དག་གིས་དེ་སྔ་ཕྱི་ལོ་ ༢༠༢༢ ལོའི་ནང་ལའང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཐེ་བྱུས་དང་གནས་ཚུལ་རྫུན་གཏམ་སྤེལ་ཡོད་པ་ཤེས་རྟོགས་བྱུང་འདུག གཞི་རྩའི་འདི་ལོར་བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་ཆེན་མོ་ཁེལ་ཡོད་པ་དང་བསྟུན། ཟླ་ ༢ ཚེས་ ༡ ཉིན་སྔོན་འགྲོའི་འོས་བསྡུ་དང་ཁ་ཉིན་ཚེས་ ༢༦ ཉིན་དངོས་གཞི་འོས་བསྡུ་གནང་སྐབས། འཛམ་གླིང་ས་ཕྱོགས་གང་སར་ཡོད་པའི་རྒྱལ་ཁབ་ ༢༧ ནང་བོད་མི་རྒན་གཞོན་བར་གསུམ་གྱིས་མཉམ་ཞུགས་གནང་ཡོད་ཀྱང་། རྒྱ་ནག་གཞུང་གི་གཉེར་བའི་ Global Times ནང་བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་ལས་རིམ་ལ་འཁྱོགས་བཤད་དང་ཐེ་བྱུས། དེ་བཞིན་རྫུན་གཏམ་སྤེལ་ཡོད་པ་དེ་ལྟར་ཡང་། ཁ་ཉིན་ཚེས་ ༢༦ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དབུས་འོས་བསྡུའི་ལས་ཁང་གི་འགན་འཛིན་བློ་བཟང་ཡེ་ཤེས་ལགས་ཀྱིས་རྒྱ་ནག་གཞུང་གིས་བཙན་བྱོལ་བོད་མིའི་འོས་བསྡུའི་ཆེན་མོ་ལ་ཐེ་བྱུས་བྱེད་རྒྱུའི་དབང་ཆ་རྩ་བ་ནས་མེད་པ་སོགས་གསུངས་ཡོད་པ་རེད།

ཨ་རི་གཙོས་འཛམ་གླིང་རྒྱལ་ཁབ་ ༢༧ ཙམ་གྱི་ནང་སྐབས་བཅོ་བརྒྱད་པའི་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུ་གནང་བ།

བཙན་བྱོལ་བོད་མི་གནས་ཡུལ་རྒྱ་གར་གཙོས་པའི་འཛམ་གླིང་ཤར་ནུབ་རྒྱལ་ཁབ་ཁག་ཏུ་གནས་བཞུགས་བོད་མི་རྒན་གཞོན་དར་གསུམ་གྱིས་མང་གཙོའི་ཁེ་དབང་ལོངས་སུ་སྤྱོད་དེ་ཁ་སང་ཟླ་ ༤ ཚེས་ ༢༦ ཉིན་ ༢༠༢༦ ལོའི་སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དངོས་གཞིའི་འོས་བསྡུ་ཆེན་མོ་གནང་ཡོད་པ་ལྟར། ཁ་སང་ཡུ་རོབ་རྒྱལ་ཁབ་ཁག་དང་བྱང་ཨ་རིའི་ས་གནས་ཁག་ནང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུའི་ལས་རིམ་ཚ་ཚ་འུར་འུར་གྱིས་གནང་འདུག https://www.youtube.com/watch?v=ACiEllU3WmI&t=4s དེ་ཡང་ཁ་སང་ནིའུ་ཡོག་དང་ནིའུ་འཇར་སི་གཙོས་པའི་བྱང་ཨ་རིར་གནས་སྡོད་བོད་མི་ཚོས་སྔ་དྲོ་ཆུ་ཚོད་ ༨།༠༠ ནས་ཕྱི་དྲོ་ཆུ་ཚོད་ ༨།༠༠ པའི་བར་འོས་ཤོག་འཕེན་རྒྱུའི་དུས་ཚོད་གཏན་འབེབས་ཀྱི་གསལ་བསྒྲགས་སྔོན་སོང་ལྟར། ས་ཚིགས་སོ་སོར་མང་ཚོགས་ནས་དངོས་གཞིའི་འོས་བསྡུ་ཆེན་མོའི་ནང་ཆ་ཤས་བླངས་འདུག་པའི་ཁྲོད། ནིའུ་ཡོག་ནའུ་ཇར་སི་ལྟ་བུར་མཚོན་ན་ཐེངས་འདིའི་བཙན་བྱོལ་བོད་མིའི་འོས་བསྡུ་ཆེན་མོའི་ནང་འོས་འཕེན་པའི་མིང་གཞུང་དེབ་འགོད་གནང་མཁན་བོད་མི་གྲངས་ ༦༡༣༥ ཙམ་བྱུང་བའི་ཁོངས་ནས་སྤྱི་འཐུས་ཀྱི་དངོས་གཞིའི་འོས་ཤོག་དངོས་སུ་འཕེན་མཁན་གྱི་བོད་མི་གྲངས་ ༢༥༥༠ ཙམ་ལས་བྱུང་མིན་འདུག འདི་ག་རླུང་འཕྲིན་ཁང་གིས་བྱང་ཨ་རིའི་ས་གནས་ཁྲོད་ནས་བོད་མི་མི་འབོར་མང་ཤོས་ཡོད་སའི་ས་གནས་ནིའུ་ཡོག་དང་ནིའུ་འཇར་སིའི་འོས་བསྡུ་དེབ་འཁོད་འགན་འཛིན་ཚེ་རིང་ཕུན་ཚོགས་ལགས་སུ་འོས་བསྡུའི་གནས་ཚུལ་རྒྱུས་ལོན་ཞུས་པར་ཁོང་གིས། ནིའུ་ཡོག་དང་ནིའུ་འཇར་སི་ས་གནས་ཁོ་ནར་ཆ་བཞག་ན་ད་ལན་དེབ་སྐྱེལ་གནང་བ་བཞིན་དངོས་སུ་འོས་འཕེན་མཁན་དེ་ཙམ་བྱུང་མེད་པ་དེ་ནི་ཕལ་ཆེར་དངོས་གཞིའི་འོས་བསྡུའི་ནང་སྲིད་སྐྱོང་གི་འགྲན་རྩོད་མེད་པའི་རྐྱེན་གྱིས་འོས་འཕེན་པའི་གྲངས་འབོར་ལ་ཁྱད་པར་བཟོ་ཡོད་སྲིད་པ་རེད་ཅེས་འགྲེལ་བརྗོད་གནང་བྱུང་། མ་ཟད་ཨ་རིའི་རྒྱལ་ས་གཙོས་པའི་ཡུལ་དེའི་གྲོང་ཁྱེར་ཆེ་ཁག་དང་། རྒྱལ་ས་ཨོ་ཊ་ཝས་གཙོས་པའི་ཁེ་ན་ཌའི་གྲོང་ཁྱེར་ཆེ་ཁག་སོགས་བྱང་ཨ་རིའི་ས་གནས་ཚང་མར་འོས་བསྡུའི་ལས་རིམ་ཚགས་ཚུད་ལམ་ལྷོང་བྱུང་ཡོད་པ་དང་། བཙན་བྱོལ་བོད་མིའི་འོས་བསྡུ་ཆེན་མོ་རེ་ཞིག་མཇུག་སྒྲིལ་ནས། ད་ལྟའི་ཆར་ས་གནས་ཚང་མའི་འོས་སྒམ་སྐུ་ཚབ་དོན་གཅོད་ལས་ཁུངས་སུ་འབྱོར་དང་འབྱོར་མུས་ཡིན་པ་རེད། ཕྱོགས་མཚུངས་ཁ་སང་ཡུ་རོབ་རྒྱལ་ཁབ་ཁྱོན་ ༡༥ ནང་ ༢༠༢༦ ལོའི་སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུ་གནང་ཡོད་པ་ལྟར། ཨིན་ཡུལ་བོད་ཀྱི་སྐུ་ཚབ་དོན་གཅོད་ཀྱི་ཁྱབ་ཁོངས་སུ་གཏོགས་པའི་ཨིན་ཡུལ་དང་ནོར་ཝེ། ཌན་མག སུའི་ཌན། ཨ་ཡར་ལན་ཌི། དེ་བཞིན་པོ་ལན་ཌི་བཅས་སུ་འོས་བསྡུ་ས་གནས་ ༩ ནང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུ་གནང་ཡོད་པ་དང་། སུད་སི་དོན་ཁང་ཁྱབ་ཁོངས་སུ་སུད་སི་དང་། ཨི་ཊ་ལི། འཇར་མ་ནི། ཨོ་སི་ཊི་ཡ། ལིག་ཀྲན་སི་ཀྲན་བཅས་སུ་འོས་བསྡུ་ས་གནས་ ༤༠ དེ་བཞིན་སྦར་སིལ་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གི་ཁྱབ་ཁོངས་སུ་གཏོགས་པའི་སྦེལ་ཇམ་དང་ཧྥ་རན་སི། ནེ་དྷར་ལེནཌ། དེ་བཞིན་སི་པེན་བཅས་སུ་འོས་བསྡུ་ས་གནས་ ༡༤ ནང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུ་གནང་སྟེ་འོས་བསྡུའི་ལས་རིམ་ཚགས་ཚུད་བྱུང་འདུག འདི་ག་རླུང་འཕྲིན་ཁང་གིས་གོང་ཞུས་གནས་ཚུལ་དང་འབྲེལ་དབྱིན་ཡུལ་སྐུ་ཚབ་དོན་ཁང་གི་དྲུང་ཆེ་ཀུན་དགའ་བཀྲིས་ལགས་དང་སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས། སྦར་སིལ་སྐུ་ཚབ་དོན་གཅོད་རིག་འཛིན་ལགས་བཅས་སུ་བཀའ་འདྲི་ཞུས་ཡོད།   རྩ་བའི་རྒྱ་གར་ནང་དུ་ཁ་སང་སྔ་དྲོ་འོས་བསྡུའི་ལས་རིམ་འགོ་འཛུགས་མ་གནང་གོང་དུ། ནིའུ་ཛི་ལེནྜ་དང་ཨོ་གླིང་། ཐའེ་ཝན་དང་ཉི་ཧོང་། ལྷོ་ཀོ་རི་ཡ་སོགས་རྒྱ་བལ་འབྲུག་གསུམ་ཕུད་པའི་ཨེ་ཤི་ཡ་དང་ཨོ་སྟྲེ་ལི་ཡ་ཨེ་ཤི་ཡ་རྒྱལ་ཁབ་ཁག་ཏུ་དངོས་གཞིའི་འོས་བསྡུའི་ལས་རིམ་ཚ་ཚ་འུར་འུར་གྱིས་གནང་ཡོད་པ་མ་ཟད། ལྷོ་ཀོ་རི་ཡའི་ནང་སྔ་དྲོ་ཕྱག་ཚོད་ ༡༠ ནས་དགོང་དྲོ་ཕྱག་ཚོད་ ༥ བར་འོས་བསྡུའི་ལས་རིམ་གནང་བ་དང་ཆབས་ཅིག་ ༢༠༢༦ ལོའི་ལྷོ་ཀོ་རི་ཡའི་བོད་རིགས་སྤྱི་མཐུན་ཚོགས་པའི་ལོ་འཁོར་ཚོགས་ཆེན་ཚོགས་ཏེ་སྤྱི་མཐུན་ཚོགས་པའི་དྲ་ཚིགས་དབྱེ་འབྱེད་གནང་བ་བྱུང་འདུག འོས་བསྡུའི་བརྒྱུད་རིམ་ལྟར་བྱས་པ་ཡིན་ན་ཚེས་ ༢༨ ཉིན་ས་གནས་སོ་སོའི་དངོས་གཞི་འོས་བསྡུ་མཇུག་སྒྲིལ་གྱིས་འོས་ཤོག་གྲངས་བཤེར་འགོ་འཛུགས་གནང་རྒྱུ་དང་འདི་ཚེས་ ༢༩ ནས་ཕྱི་ཟླ་ ༥ ཚེས་ ༥ བར་འོས་ཤོག་གྲངས་བཤེར་ཕྱོགས་བསྡོམས་དང་། འོས་ཤོག་བྱུང་སོང་བསྡད་གསུམ་གྱི་གནས་སྟངས། དེ་བཞིན་མཐའ་མའི་གྲུབ་འབྲས་དབུས་འོས་བསྡུ་ལས་ཁང་དུ་དུས་བཀག་ནང་ཚུན་འབུལ་འབྱོར་ཐུབ་པ་དགོས་ཀྱི་ཡོད་པ་རེད། དེ་ནས་ཕྱི་ཟླ་ ༥ ཚེས་ ༦ ནས་ ༡༢ བར་དབུས་འོས་བསྡུ་ལས་ཁང་གིས་དངོས་གཞིའི་འོས་ཤོག་གྲངས་བཤེར་ཕྱོགས་བསྡོམས་གནང་རྒྱུ་དང་། ཚེས་ ༡༣ ཉིན་འདེམས་ཐོན་སྤྱི་འཐུས་རྣམས་ཀྱི་མཚན་གཞུང་གསར་འགོད་གསལ་བསྒྲགས་གནང་གཏན་འཁེལ་ཡོད་པ་རེད།

Latest news