འོས་བསྡུ་ཆེན་མོ་ ༢༠༢༦

དབུས་འོས་བསྡུའི་འགན་འཛིན་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་ནས་རྒྱ་ནག་ལ་བརྡ་ལན།

དེ་རིང་ཕྱི་ལོ་ ༢༠༢༦ ལོའི་བཙན་བྱོལ་བོད་མིའི་འོས་བསྡུ་ཆེན་མོ་དེ་བཞིན་འཛམ་གླིང་ཁྲོད་ཀྱི་བོད་མི་འདུ་སྡོད་རྒྱལ་ཁབ་ ༢༧ ནང་བསྐྱངས་ཡོད་པའི་དུས་ཚིགས་དང་བསྟུན།  དབུས་འོས་བསྡུའི་ལས་ཁང་གི་འགན་འཛིན་བློ་བཟང་ཡེ་ཤེས་མཆོག་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་རྣམ་གཉིས་ཀྱིས་ཉེ་ལམ་རྒྱ་ནག་གཞུང་གིས་བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་ཆེན་མོ་དེ་བཞིན་རྒྱལ་ཁབ་མེད་པའི་འོས་བསྡུ་ཞིག་ཡིན་པའི་ཟུར་ཟ་བྱས་པ་དང་། བཙན་བྱོལ་བོད་མིའི་སྒྲིག་འཛུགས་དེ་བཞིན་ཁ་བྲལ་རིང་ལུགས་པའི་སྒྲིག་འཛུགས་ཤིག་ཡིན་པ་སོགས་བཙན་བྱོལ་བོད་མིའི་འོས་བསྡུའི་ལས་རིམ་ལ་སྐྱོན་བརྗོད་ཀྱིས་འཁྱོག་བཤད་བྱས་པར་བརྡ་ལན་དང་སྦྲགས། བོད་རྒྱལ་ཁབ་ཀྱི་ཁྲིམས་མཐུན་གྱི་གཞུང་དེ་བཞིན་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཡིན་པ་དང་། ཁ་བྲལ་ངོ་མ་དེ་བཞིན་རྒྱ་ནག་གཞུང་གིས་བྱེད་སྟངས་ལས་ཡོང་གི་ཡོད་པ་གསུངས་སོང་། དེའང་དབུས་འོས་བསྡུའི་ལས་ཁང་གི་འགན་འཛིན་བློ་བཟང་ཡེ་ཤེས་མཆོག་གིས།  རྒྱ་ནག་ངོས་ནས་འཁྱོག་བཤད་ག་ཚོད་བྱས་ནའང་འཛམ་གླིང་ས་ཕྱོགས་གང་སར་གནས་པའི་བོད་མི་ཡོངས་ནས་བོད་མིའི་སྒྲིག་འཛུགས་འདིར་བརྩེ་བ་དང་འབྲེལ་བ། ལྷག་བསམ་དང་རྒྱལ་ཞེན་ཡོད་པ་ཞིག་ལ་ངོས་འཛིན་གནང་གི་ཡོད་ཅེས་དང་།  ད་ལན་དངོས་གཞིའི་འོས་བསྡུའི་བརྒྱུད་རིམ་ཐོག་ནས་རྒྱ་ནག་ལ་བརྡ་ལམ་གསལ་པོ་ཞིག་འགྲོ་ཐུབ་ཀྱི་ཡོད་པ་གསུངས་སོང་།  ཁོང་གིས་ད་དུང་རྒྱ་ནག་གིས་ང་ཚོར་ཁྲིམས་མཐུན་མིན་པའི་འཁྱོག་བཤད་བྱ་རྒྱུར་ནུས་པ་དང་དབང་ཚད་གང་ཡང་མེད་པ་མ་ཟད། རྒྱ་ནག་རང་ཡུལ་དུ་མི་མང་འཐུས་མི་ཚོགས་ཆེན་སོགས་ཀྱི་ནང་དུ་ཚོགས་མི་སྟོང་ཕྲག་བརྒལ་བ་ཡོད་པ་དེ་ལྟར་ཡང་དེའི་ནང་རང་དབང་ལྡན་པའི་ཐོག་ནས་འོས་བསྡུ་བྱེད་ཐུབ་ཀྱི་མེད་སྟབས།   ད་བར་བཙན་བྱོལ་ནང་ལོ་ངོ་ ༧༠ མ་ཟིན་ཙམ་རིང་བོད་མི་ཚོས་རང་དབང་ལྡན་པའི་ཐོག་ནས་འོས་བསྡུ་གནང་ཐུབ་པ་དང་སྒྲིག་འཛུགས་ཧྲ་ཏག་ཏག་གནང་ཐུབ་པ་དེས་བོད་རྒྱལ་ཁབ་ཀྱི་ཁྲིམས་མཐུན་གྱི་གཞུང་དེ་བཞིན་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཡིན་པ་མཚོན་གྱི་ཡོད་པ་དང་།  རྒྱུ་མཚན་དེས་རྒྱ་ནག་གིས་བོད་དེ་སྔ་ཁྲིམས་འགལ་གྱིས་དྲག་པོས་བཙན་འཛུལ་བྱས་ཡོད་པའི་ཐོག་ད་དུང་བློ་མ་བདེ་བའི་ཐོག་ནས་ཡང་ནས་ཡང་དུ་རྒྱལ་སྤྱིའི་ཁྲོད་བོད་ནང་གི་བོད་མི་རྣམས་སྐྱིད་པོ་ཡོད་པའི་ཡོད་རབས་དང་། བཙན་བྱོལ་ནང་བོད་མི་ཚོས་ཆབ་སྲིད་ཀྱི་ཐོག་ནས་རང་རྒྱལ་ཁབ་སླར་གསོའི་ལས་འགུལ་སྤེལ་བ་དག་ཁྲིམས་འགལ་ཡིན་ལུགས་ཀྱི་འཁྱོག་བཤད་བྱེད་ཀྱི་ཡོད་པ་ལྟར།  ཉེ་ལམ་བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་ཆེན་མོ་དེ་བཞིན་རྒྱལ་ཁབ་མེད་པའི་འོས་བསྡུ་ཞིག་ཡིན་པའི་ཟུར་ཟ་བྱས་པ་དང་། བཙན་བྱོལ་བོད་མིའི་སྒྲིག་འཛུགས་དེ་བཞིན་ཁ་བྲལ་རིང་ལུགས་པའི་སྒྲིག་འཛུགས་ཤིག་ཡིན་པ་མ་ཟད། འདི་ལོའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུའི་ནང་ཐོ་འགོད་བྱེད་མཁན་བོད་མི་ ༩༡༠༠༠ ཙམ་བྱུང་ཡོད་ནའང་བོད་མི་ ༥༡༠༠༠ ཙམ་གྱིས་མ་གཏོགས་འོས་འཕངས་མེད་པ་དེས་མི་མང་གི་བོད་མིའི་སྒྲིག་འཛུགས་ལ་ཡིད་ཆེས་མེད་ཚུལ་སོགས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་འོས་བསྡུའི་ལས་རིམ་ལ་སྐྱོན་བརྗོད་ཀྱིས་འཁྱོག་བཤད་བྱས་པ་དེ་དག་དགོད་བྲོ་བའི་གནས་སྟངས་ཤིག་ཡིན་པས།  གལ་ཏེ་རྒྱ་ནག་གིས་དངོས་ཡོད་ཐོག་བོད་ནང་གདེང་ཚོད་མཐོ་པོའི་བརྒྱུད་བསྒྲགས་བྱེད་བཞིན་པའི་གནད་དོན་ཐོག་རང་དབང་ལྡན་པའི་ངང་ནས་གཞིས་ལུས་བོད་མི་རྒྱ་ཆེ་མང་ཚོགས་ཀྱི་དྲུང་ནས་མང་མོས་འོས་བསྡུ་ཞིག་བྱེད་ཚེ་དེ་ནས་དངོས་བདེན་གནས་ཚུལ་ར་འཕྲོད་གསལ་པོ་བྱུང་ངེས་ཡིན་པ་གསུངས་སོང་། མ་ཟད་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་དེ་རིང་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ལུགས་བསམ་གཞིས་ཆགས་སུ་འོས་བསྡུའི་ནང་ཆ་ཤས་བླངས་པ་དང་འབྲེལ། འདི་ག་རླུང་འཕྲིན་ཁང་གི་དྲི་བར་བཀའ་ལན་ཁྲོད། རྒྱལ་སྤྱིའི་ནང་བཙན་བྱོལ་སྤྱི་ཚོགས་མང་པོ་ཡོད་པའི་ནང་ནས་བོད་མིིའི་བཙན་བྱོལ་སྤྱི་ཚོགས་འདི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་ཉག་ཅིག་ལ་བརྟེན་ནས་མང་གཙོའི་ཆ་ལག་ཡོངས་སུ་ཚང་བ་ཡོད་བསྡད་པ་ཞིག་ཆགས་ཡོད་པར།  རྒྱ་ནག་རང་ལ་མང་གཙོ་མེད་པ་དང་བཙན་བྱོལ་བོད་མིར་མང་གཙོ་ཚད་དང་ལྡན་པ་ཞིག་ཡོད་སྟབས་ལྡོག་ཕྱོགས་ཀྱི་སྐད་ཆ་ཞིག་རང་བཞིན་གྱི་བཤད་བསྡད་ཀྱི་ཡོད་པ་དང་།  བཙན་བྱོལ་བོད་མིའི་སྤྱི་ཚོགས་ལ་ཁ་བྲལ་རིང་ལུགས་པ་ཞེས་རྒྱུན་ལྡན་དུ་བཤད་ཀྱིས་ཡོད་ཀྱང་།  ༸རྒྱལ་བ་རིན་པོ་ཆེ་མཆོག་ནས་དབུ་མའི་ལམ་གྱི་ཐོག་ནས་ཞི་མོལ་གཉིས་སྨན་གྱི་ཐབས་ལམ་ཞིག་སྟོན་གནང་མཛད་ཡོད་པ་དེ་ལྟར་ཡང་།  རྒྱ་ནག་གཞུང་ངོས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བཙན་བྱོལ་བོད་མི་ཚོར་ཁ་བྲལ་བ་ཞེས་བཤད་ཀྱི་ཡོད་དུས།  ཁ་བྲལ་ངོ་མ་དེ་བཞིན་རྒྱ་ནག་གཞུང་གིས་བྱེད་སྟངས་ལས་ཡོང་གི་ཡོད་པ་ལས།  ༸རྒྱལ་བ་རིན་པོ་ཆེ་མཆོག་དང་བོད་མིའི་སྤྱི་ཚོགས་ཀྱི་ཕྱོགས་ནས་ཡོང་གི་མེད་པ་གསལ་འདོན་དང་འབྲེལ།  རྒྱ་ནག་ལ་བརྡ་ལན་མཚོན་བྱེད་དུ་བཙན་བྱོལ་བོད་མི་ཚང་མས་འོས་བསྡུ་ནང་ཆ་ཤས་བླངས་རྒྱུ་དེ་ཧ་ཅང་གི་གལ་ཆེན་པོ་ཡིན་པ་དང་།  དེས་རྒྱལ་སྤྱི་ཁྱོན་ཡོངས་ནང་བོད་མི་ཚང་མས་བོད་སྤྱི་པའི་རྩ་དོན་ལ་དོ་སྣང་དང་འགན་འཁྲི་འཁུར་གྱི་ཡོད་པའི་རྟགས་སྟོན་གྱི་ཡོད་པ་གསུངས་སོང་།  རྩ་བའི་དེ་རིང་ཕྱི་ལོ་ ༢༠༢༦ ལོའི་ཕྱི་ཟླ་ ༤ པའི་ཚེས་ ༢༦ དེ་བཞིན་སྲིད་སྤྱི་གཉིས་ཀྱི་དངོས་གཞིའི་འོས་བསྡུའི་ཉིན་མོ་དེ་ཆགས་ཀྱི་ཡོད་ཀྱང་། ཐེངས་འདིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུའི་ནང་ལས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ལ་འོས་ཐོབ་བརྒྱ་ཆ་ ༦༡་༠༢༥ ཐོབ་པ་དང་འབྲེལ། འོས་བསྡུའི་སྒྲིག་གཞི་གཞིར་བཟུང་དངོས་གཞིའི་ལས་རིམ་འགྲོ་མི་དགོས་པར་སྲིད་སྐྱོང་དུ་འདེམས་ཐོན་བྱུང་བ་ལྟར། དེ་རིང་གི་དངོས་གཞིའི་འོས་བསྡུ་འདིའི་ནང་སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ཀྱི་འོས་བསྡུ་དེ་གནང་ཡོད་པ་རེད།

བལ་ཡུལ་མཆོད་འཇོར་ས་ཁུལ་མང་ཚོགས་ཀྱི་དངོས་གཞིའི་འོས་འཕེན་གྱི་ཐོབ་ཐང་འཕྲོག་པ།

དབུས་འོས་བསྡུ་ལས་ཁང་གིས་ཉིན་ཤས་གོང་ཕྱི་ཚེས་ ༢༣ ཉིན་བལ་ཡུལ་མཆོད་འཇོར་ས་གནས་འོས་བསྡུའི་འགན་འཛིན་ལས་རོགས་ཀྱི་མཚན་ཐོག་ཏུ་ཕྱག་ཡིག་ཞིག་གི་བརྒྱུད། ཁུལ་དེར་འདི་ལོའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུའི་ཁྲོད། འོས་བསྡུའི་སྒྲིག་གཞིའི་དགོངས་དོན་མང་དག་ཅིག་ལ་འགལ་འཛོལ་ཚབས་ཆེ་བྱུང་ཡོད་པ་དབུས་འོས་བསྡུའི་ལས་ཁང་གི་ཞིབ་འཇུག་ལས་ར་འཕྲོད་བྱུང་ཡོད་སྐོར་དང་འབྲེལ། བལ་ཡུལ་མཆོད་འཇོར་ས་ཁུལ་ཁྱབ་ཁོངས་སུ་ཚུད་པའི་མི་མང་ཡོངས་ལ་ཐེངས་འདིའི་དངོས་གཞིའི་འོས་བསྡུ་ནང་ཆ་ཤས་བླང་རྒྱུའི་ཐོབ་ཐང་ཕྱིར་འཐེན་གྱིས་ཉེས་ཆད་བཀལ་འདུག དེ་ཡང་དབུས་འོས་བསྡུའི་ལས་ཁང་གི་ཕྱག་ཡིག་དེའི་ནང་། བཅའ་སྒྲིག་དགོངས་ལྟར་བོད་མི་འོས་འཕེན་པ་ཞིག་ལ་སོ་སོའི་ཐོབ་ཁུངས་ནས་འོས་གཅིག་གི་ཐོབ་ཐང་ལས་མེད་ནའང་། བལ་ཡུལ་མཆོད་འཇོར་ས་གནས་སུ་འོས་འཕེན་པ་གཅིག་གིས་འོས་ཤོག་གཅིག་ལས་མང་བ་འཕེན་པའམ།ཡིག་གཟུགས་གཅིག་གི་འོས་ཤོག་མང་པོར་བྲིས་པ་མང་དག་ཅིག་མངོན་གསལ་འདུག་པ་དང་། དཔེ་མཚོན་དུ། འོས་འཕེན་པ་ཁག་ཅིག་ནས་འོས་ཤོག་ ༡༠ དང་། ༢༠། ༤༠། ༧༠། ༡༠༠ ཡན་བརྒལ་བ་འབྲི་མཁན་མང་དག་ཅིག་བྱུང་ཡོད་པ་གསུངས་འདུགདེ་བཞིན་འོས་མིའི་ཨང་རིམ་དང་མིང་གཞུང་གཅིག་གྱུར་ལེབ་བཤུས་བརྒྱབ་པའི་ཡིག་གཟུགས་གཅིག་པའི་འོས་ཤོག་མང་དག་ཁ་གསལ་མཐོང་རྒྱུ་ཡོད་པ་ཚབས་ཆེའི་སྒྲིག་འགལ་ཆགས་ཡོད་པ་གསུངས་འདུག་ལ། འོས་བསྡུའི་དུས་ཡུན་ཉིན་གཅིག་དེ་རང་ལ་ཟིན་དགོས་ཀྱང་། དེ་ནས་ཁྱིམ་ཚང་སོ་སོ་དང་ཚོགས་སྡེ་ཁག་ལ་འོས་ཤོག་འགྲེམས་སྤེལ་བྱས་པའི་ཐོག འོས་ཤོག་ཕྱིར་བསྡུ་ཉིན་འགྱངས་ཀྱིས་བསྡུ་ལེན་བྱས་པའི་སྒྲིག་འགལ་ཡང་བྱུང་ཡོད་པ་གསུངས་འདུག མ་ཟད།དེ་གའི་ས་གནས་ཁག་ཅིག་ལ་ཚོགས་ཆུང་གི་ཚོགས་མི་གཅིག་རང་བརྒྱུད་འགྱིག་ཤོག་འཁྱེར་ཏེ་འོས་ཤོག་བགོས་འགྲེམས་དང་བསྡུ་ལེན་བྱས་རིགས་བྱུང་ཡོད་ཚོད་འདུག་ཅེས་དང་། འོས་ཤོག་ཁག་ཅིག་སྟེང་འོས་མིའི་མིང་ཙམ་ལས་གཞན་འབྲུ་དོན་ཆ་ཚང་བཀོད་མེད་པར་འོས་མི་ངོ་རྟགས་ཆོད་པའི་ཁུངས་སྐྱེལ་ཁ་གསལ་མེད་པའི་ཐོག འོས་མིའི་མིང་དང་ལོ་རྒྱུས་མ་མཐུན་པ་བཀོད་རིགས་ཁག་གཅིག་རྩིས་འགྲོ་བཏང་བ་ཡང་བྱུང་ཡོད་པ་ནི། འོས་བསྡུའི་སྒྲིག་གཞི་དོན་ཚན་ ༣༤ ནང་གསེས་ ༢ པའི་ཅ་ཡི་དགོངས་དོན་དང་འགལ་འཛོལ་བྱུང་ཡོད་པའང་གསུངས་འདུག་ལ། འོས་ཤོག་གཅིག་གི་སྟེང་ཡིག་གཟུགས་མི་འདྲ་བའི་མི་གཉིས་ནས་འོས་ཤོག་བཀང་པ་གང་ཙམ་བྱུང་འདུག་ཅེས་དང་།དེ་ནས་ཨ་རི་ནས་ཡིན་པའི་འོས་འཕེན་པ་ཞིག་ནས་རྒྱ་བལ་འབྲུག་གསུམ་གྱི་ཆོལ་ཁའི་ཐོབ་ཁུངས་ལ་འོས་འཕེན་ཡོད་པས་སྒྲིག་འགལ་བྱུང་ཡོད་པ་སོགས་གསུངས་འདུག དབུས་འོས་བསྡུའི་ལས་ཁང་གི་ཕྱག་ཡིག་ནང་གསལ་ལྟར་ན།ད་ལན་བལ་ཡུལ་ནང་གི་འོས་བསྡུའི་ལས་དོན་བྱས་ཕྱོགས་ཐོག་དབུས་འོས་བསྡུའི་ལས་ཁང་གི་ཞིབ་འཇུག་གི་བརྒྱུད་རིམ་ནང་། མཆོད་འཇོར་ས་གནས་འོས་བསྡུའི་འགན་འཛིན་ལས་རོགས་ལ་ཐེངས་གསུམ་འདྲི་རྩད་བྱས་སྐབས་བལ་ཡུལ་མཆོད་འཇོར་ནང་འོས་བསྡུའི་སྐབས་སྒྲིག་འགལ་གང་ཡང་བྱུང་མེད་པའི་ཚགས་ཚུད་ངང་གྲུབ་ཡོད་ལུགས་དང་།འོས་ཤོག་གྲངས་བཤེར་སྐབས་ཚོགས་མི་དང་ཟུར་དཔང་སུ་ཐད་ནས་མི་གཅིག་གིས་འོས་ཤོག་མང་པོ་བྲིས་ཡོད་པ་ཤེས་རྟོགས་བྱུང་མེད་པ་མ་ཟད། མཆོད་འཇོར་མི་མང་བརྒྱ་ཆ་ ༦༠ གྲྭ་ཟུར་དང་བཙུན་ཟུར་ཡིན་པའི་ཐོག་བླ་མ་གཅིག་གི་སློབ་མ་ཡིན་པའི་རྒྱུ་མཚན་གྱིས་ཡིག་གཟུགས་གཅིག་པ་ཡོང་སྲིད་པའི་གསལ་བཤད་གནང་ཡོད་པ་རེད་འདུག དབུས་འོས་བསྡུ་ལས་ཁང་ནས་ད་སྐབས་བལ་ཡུལ་ནང་གི་སྔོན་འགྲོའི་འོས་བསྡུའི་ལས་དོན་ཐོག་དབུས་འོས་བསྡུའི་ལས་ཁུངས་སུ་ཞིབ་འཇུག་འགྲོ་བཞིན་པ་ཤེས་བཞིན་དུ་ཡང་ཡང་དབུས་ལ་འབྲེལ་བ་བྱས་ཏེ་གནོན་ཤུགས་ལྟ་བུའི་བསུན་གཙེར་བཟོས་ཡོད་པ་དང་། ས་གནས་འོས་བསྡུའི་འགན་འཛིན་ལས་རོགས་ཞིག་ནས་དབུས་འོས་བསྡུ་ལས་ཁང་ལ་ཞིབ་འཇུག་ཐོག་ལས་འགན་གྱི་ཆ་ཤས་སུ་མཐུན་འགྱུར་རམ་འདེགས་ཞུ་རྒྱུ་ལྟ་ཞོག དེ་ལས་ལྡོག་སྟེ་དབུས་འོས་བསྡུའི་ལས་ཁང་ལ་སྐྱོན་བརྗོད་དང་འཇིགས་བསྐུལ་ལྟ་བུའི་སྒྲིག་འགལ་གྱི་ཡིག་ཆུང་བཏང་བ་འོས་འཚམས་གཏན་ནས་མིན་པས་ཡིད་གཟབ་གནང་དགོས་གལ་ཡིན་པ་བཅས་ཕྱག་ཡིག་དེའི་ནང་དོན་ཚན་ ༨ འཁོད་འདུག སྤྱིར་བལ་ཡུལ་མཆོད་འཇོར་འོས་བསྡུ་ལས་ཁང་གི་ཁྱབ་ཁོངས་སུ་ Boudha མཆོད་རྟེན་ཁུལ་དང་འཇོར་པ་ཀྲི་ས་གནས་འཁེལ་གྱི་ཡོད་པ་དང་། དེའི་ཁྱབ་ཁོངས་དགོན་སྡེ་མང་དག་ཅིག་ཡོད་པ་མ་ཟད། ཐེངས་འདིའི་འོས་བསྡུའི་ནང་ས་གནས་དེ་དག་ལས་དེབ་སྐྱེལ་བྱེད་མཁན་གྱི་གྲངས་འབོར་ ༢༠༠༠ ཙམ་ཡོད་པ་རེད། དབུས་འོས་བསྡུ་ལས་ཁང་གི་ཐག་གཅོད་དེ་ཕྱིར་བསྒྲགས་བྱུང་མ་དག་སྤྱི་ཚོགས་དྲྭ་ལམ་ཐོག་བོད་མི་མང་དག་ཅིག་ནས་གནད་དོན་དེའི་ཐོག་ཐུགས་འཚབ་ཀྱིས་ལབ་གླེང་ཤུགས་ཆེ་ཡོང་བཞིན་ཡོད་པ་དང་། ལྷག་པར་ས་གནས་ཀྱི་མང་ཚོགས་ནས་སྤྱི་ཚོགས་དྲྭ་ལམ་ཁྲོད་དབུས་འོས་བསྡུའི་ལས་ཁང་གི་ཐག་ཆོད་དེར་ངོས་ལེན་རྕ་བ་ནས་མེད་པ་འགྲེལ་བརྗོད་ཀྱིས། འོས་ཀྱི་ཐོབ་ཐང་བཙན་འཕྲོག་བྱས་པ་དེ་ནི་བ་ཤེ་གླང་འགེལ་གྱི་ནོར་འཁྲུལ་ཚབས་ཆེན་ཞིག་ཡིན་པ་དང་། མང་གཙོའི་ཁེ་དབང་རྡོག་རོལ་ཤུགས་ཆེ་བཏང་བ་ཞིག་ཡིན་སྐོར་བརྗོད་བཞིན་པ་མ་ཟད། སྔོན་འགྲོའི་འོས་བསྡུའི་ནང་སྒྲིག་འགལ་བྱུང་ཡོད་ན་ཁུལ་དེའི་འོས་བསྡུའི་འགན་འཁུར་མི་སྣ་དང་ཟུར་དཔང་སོགས་ལ་ཁྲིམས་མཐུན་ཉེས་པ་གཏོང་དགོས་པ་ལས་ཉེས་མེད་སྐྱ་སེར་མང་པོའི་ཁེ་དབང་འཕྲོག་པ་ནི་གནད་དོན་ཆུང་ཆུང་ཞིག་རྩ་བ་མིན་པ་གསུང་མཁན་འདུག འདི་ག་རླུང་འཕྲིན་ཁང་ནས་ཁ་སང་དབུས་འོས་བསྡུའི་འགན་འཛིན་མཆོག་ལ་གནད་དོན་དེའི་ཐོག་བཅར་འདྲི་ཞུ་ཆེད་འབྲེལ་བ་བྱས་ཡིན་པ་དེ་ལྟར་ཡང་། འགན་འཛིན་མཆོག་ནས་དེའི་སྐོར་དངོས་གཞིའི་འོས་བསྡུ་གྲུབ་ཟིན་རྗེས་མ་གཏོགས་བཅར་འདྲི་དང་ལེན་གནང་གི་མིན་པ་གསུངས་སོང་། མ་ཟད་དེ་རིང་ཕྱི་ཚེས་ ༢༦ དངོས་གཞིའི་འོས་བསྡུའི་ལས་རིམ་འགོ་འཛུགས་སྐབས་གསར་འགོད་པས་བལ་ཡུལ་མཆོད་འཇོར་ས་གནས་ཀྱི་གནད་དོན་སྐོར་བཀའ་འདྲི་ཞུ་སྐབས་དབུས་འོས་བསྡུའི་འགན་འཛིན་མཆོག་ནས། དབུས་འོས་བསྡུའི་ལས་ཁང་ལ་བཅའ་ཁྲིམས་དང་འོས་བསྡུའི་སྒྲིག་གཞིའི་ཐོག་ནས་བཙན་བྱོལ་སྤྱི་ཚོགས་ནང་འོས་བསྡུ་དེ་བཞིན་རང་དབང་དང་དྲང་བདེན་ཁྲིམས་མཐུན་གྱི་སྒོ་ནས་ལག་བསྟར་ཐད་འགན་བཞེས་དགོས་པའི་ལམ་སྟོན་ཡོད་པ་ལྟར་ཐག་ཆོད་དེ་ཁྲིམས་མཐུན་གྱི་སྒོ་ནས་གནང་ཡིན་ཅེས་དང་། དེ་འབྲེལ་ལན་འདེབས་གསལ་བཤད་རིགས་དགོས་མཁོ་འབྱུང་ཚེ་དངོས་གཞིའི་འོས་བསྡུའི་ལས་རིམ་མཇུག་སྒྲིལ་རྗེས་གནང་གི་ཡིན་ཅེས་གསུངས་སོང་། འདི་ག་རླུང་འཕྲིན་ཁང་གིས་གནད་དོན་དེའི་སྐོར་འབྲེལ་ཡོད་བལ་ཡུལ་མཆོད་འཇོར་ས་གནས་འོས་བསྡུའི་འགན་འཛིན་ལས་རོགས་ཕུར་བུ་ལགས་སུ་ཞལ་པར་བརྒྱུད་བཀའ་འདྲི་ཞུ་སྐབས་ཁོང་གིས།  གནད་དོན་དེའི་བྱུང་རིམ་དང་ད་ལྟའི་གནས་སྟངས་འགྲེལ་བརྗོད་དང་འབྲེལ།  གང་ལྟར་ཡང་དབུས་འོས་བསྡུ་ལས་ཁང་ངོས་ནས་ཕྱག་ཡིག་དེའི་ནང་ཁོང་གིས་གནོན་ཤུགས་དང་སུན་གཙེར། དེ་བཞིན་འཇིགས་སྐུལ་བྱས་ཡོད་པ་སོགས་ཀྱི་ཐ་སྙད་བེད་སྤྱོད་གནང་ཡོད་པ་དེར་བློ་ཕམ་བྱུང་ཅེས་དང་།  བལ་ཡུལ་དུ་རྒྱ་ནག་གི་གནོན་ཤུགས་དང་ཡུལ་དེའི་ཆབ་སྲིད་ཀྱི་གནས་སྟངས་ཚང་མས་མཁྱེན་གསལ་ཡིན་སྐོར་གསུངས་ཏེ།  དེ་འབྲེལ་གཞུང་འབྲེལ་གྱི་ཐོག་ནས་ལན་འདེབས་གསལ་བཤད་ཀྱི་གོ་སྐབས་འབྱུང་ཚེ་དེ་ལྟར་ཞུ་ཡི་ཡིན་ཅེས་དང་། ད་ལྟ་ཁོང་གིས་བརྒྱུད་ལམ་འདིའི་བརྒྱུད་གནད་དོན་དེའི་ཐོག་གང་ཞུས་པ་དེ་དག་ཁོང་སྒེར་གྱི་སེམས་ཚོར་ཐོག་ནས་ཞུ་ཡི་ཡོད་པ་ལས་བལ་ཡུལ་མཆོད་འཇོར་ས་གནས་འོས་བསྡུའི་འགན་འཛིན་ལས་རོགས་ཡིན་པའི་ཆ་ནས་བརྗོད་ཀྱིས་མེད་ཅེས་གསུངས་སོང་། 

དབུས་འོས་བསྡུ་ལས་ཁང་ནས་སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་གཞི་གསལ་བསྒྲགས།

དེ་རིང་དབུས་འོས་བསྡུ་ལས་ཁང་ནས་སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་གཞི་ཁག་གསལ་བསྒྲགས་བསྐྱངས་བ་མ་ཟད། མཐོ་སློབ་ཏུ་བསྐྱོད་བཞིན་པའི་གཞོན་སྐྱེས་མང་དག་ཅིག་གིས་སྔོན་འགྲོའི་འོས་བསྡུའི་ནང་ཆ་ཤས་བཞེས་ཐུབ་མེད་པར་བློ་འཚབ་དང་བཅས། དངོས་གཞིའི་འོས་བསྡུའི་ནང་ངེས་པར་ཆ་ཤས་བཞེས་དགོས་པ་སོགས་ཀྱི་ལམ་སྟོན་ཁག་གཅིག་གནང་སོང་། https://youtu.be/dIssX9fqJ68?si=ls3IPojKFw1J4xof རྩ་བའི་ཐེངས་འདིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུའི་ཁྲོད་ལས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ལ་འོས་ཐོབ་བརྒྱ་ཆ་ ༦༡་༠༢༥ ཐོབ་པ་དང་འབྲེལ། འོས་བསྡུའི་སྒྲིག་གཞི་གཞིར་བཟུང་དངོས་གཞིའི་ལས་རིམ་འགྲོ་མི་དགོས་པར་སྲིད་སྐྱོང་དུ་འདེམས་ཐོན་བྱུང་ཟིན་པ་ལྟར། དབུས་འོས་བསྡུ་ལས་ཁང་གིས་དེ་རིང་སྐབས་ ༡༨ པའི་སྤྱི་འཐུས་ཀྱི་འོས་གཞིའི་ནང་ཁྱོན་འོས་མི་ ༩༣ གསལ་བསྒྲགས་གནང་བ་དང་། དེ་དག་ཁོངས་སུ་མདོ་སྟོད་ཆོལ་ཁ་དང་ཨ་རི་ཡུ་རོབ་བཅས་ནས་དྭང་བླངས་ཀྱི་འོས་མི་ ༣ འདུག་པ་མ་ཟད། ད་ལྟ་སྤྱི་འཐུས་གནང་བཞིན་པ་ ༣༢ དང་གསར་པ་བཞེངས་མཁན་ ༦༡ འདུག དེ་ཡང་དེ་རིང་སྔ་དྲོ་ཕྱག་ཚོད་ ༡༡ ཐོག་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་ནང་དུ། དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་བློ་བཟང་ཡེ་ཤེས་ལགས་དང་། འགན་འཛིན་ལས་འཕར་ཚེ་རིང་གཡུ་སྒྲོན་ལགས་དང་སྣང་ས་ཆོས་སྒྲོན་ལགས་གསུམ་ནས་གསར་འགོད་ལྷན་ཚོགས་ཞིག་སྐོང་འཚོགས་ཐོག སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་མི་གསལ་བསྒྲགས་བསྐྱངས་སོང་བའི་ནང་དུ། ཆོལ་ཁ་དང་ཆོས་བརྒྱུད་སོགས་ཐོབ་ཁུངས་སོ་སོའི་ཐོབ་བྱའི་གྲངས་ཚད་ཀྱི་ཉིས་ལྡབ་སྟེ་ཆོལ་ཁ་སོ་སོར་འོས་མི་ ༢༠ རེ་དང་། ཆོས་བརྒྱུད་ཁག་ལྔར་འོས་མི་བཞི་རེ། ཡུ་རོབ་དང་ཨ་ཕི་རི་ཀ་དང་ལྷོ་བྱང་ཨ་རི་སོ་སོར་འོས་མི་ ༤ རེ། དེ་བཞིན་རྒྱ་བལ་འབྲུག་གསུམ་ཕུད་པའི་ཨེ་ཤི་དང་ཨོ་སྟྲེ་ལི་ཡ་ཨེ་ཤི་ཡ་འོས་མི་ ༢ བཅས་ཆེད་བཏོན་གནང་བའི་ཐོག  དྭང་བླངས་འོས་མི་ ༣ གསལ་བསྒྲགས་གནང་བ་ནི་མདོ་སྟོད་ཆོལ་ཁའི་ཁོངས་ནས་ཚང་བྲག་བཀྲིས་ཕུན་ཚོགས་དང་། ལྷོ་བྱང་ཨ་རི་ཁོངས་སུ་ནུབ་པ་བསྟན་འཛིན་འཆི་མེད། དེ་བཞིན་ཡུ་རོབ་དང་ཨ་ཕི་རི་ཀའི་ཁོངས་སུ་ཀརྨ་ཆོས་སྐྱིད་བཅས་རེད་འདུག དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་བློ་བཟང་ཡེ་ཤེས་ལགས་ཀྱིས་གསར་འགོད་ལྷན་ཚོགས་ཐོག་དོན་ཚན་བཅུ་ཅན་གྱི་གསལ་བསྒྲགས་དང་ལམ་སྟོན་ཁག་གཅིག་གནང་བའི་ནང་དུ། དེ་རིང་ཕྱི་ཚེས་ ༡༨ ནས་དངོས་གཞིའི་འོས་བསྡུ་ཆེན་མོའི་ལས་རིམ་དབུ་འཛུགས་དང་འབྲེལ། དེ་རིང་ནས་འགོ་བཙུགས་ཏེ་ཕྱི་ཟླ་ ༤ པའི་ཚེས་ ༢༣ བར་དངོས་གཞིའི་འོས་བསྡུ་དང་འབྲེལ་བའི་ལུགས་མཐུན་དྲིལ་བསྒྲགས་གནང་ཆོག་པ་ཡིན་ཡང་། འོས་གཞིར་བཞེངས་མཁན་དང་རྒྱབ་སྐྱོར་བ་རྣམས་ནས་བཟང་སྤྱོད་མ་འགལ་བ་དང་འོས་བསྡུའི་རྩ་འཛིན་ལམ་སྟོན་སྒྲིག་གཞི་དང་མི་འགལ་བའི་ཐོག་ནས་གནང་དགོས་པ་གསུངས་སོང་ལ། སྔོན་འགྲོའི་འོས་བསྡུའི་ནང་མཐོ་སློབ་ཏུ་བསྐྱོད་བཞིན་པའི་གཞོན་སྐྱེས་མང་དག་ཅིག་གིས་ཆ་ཤས་བཞེས་ཐུབ་མེད་པ་ནི་བློ་འཚབ་ཀྱི་རང་བཞིན་ལ་སོང་། དངོས་གཞིའི་འོས་བསྡུའི་ནང་ངེས་པར་ཆ་ཤས་བཞེས་དགོས་པའི་སྐུལ་མ་གནང་སོང་། དེ་བཞིན་གསར་འགོད་པའི་དྲི་བ་ཁག་ལ་ལན་འདེབས་ཁྲོད། འོས་བསྡུ་འགན་འཛིན་མཆོག་གིས་ད་ལན་བལ་ཡུལ་ནང་དུ་སྔོན་འགྲོའི་འོས་བསྡུའི་ཁྲོད་ས་གནས་ཁག་གཅིག་ལ་འོས་བསྡུའི་སྒྲིག་གཞི་གཞིར་བཟུང་གནང་ཐུབ་མེད་པ་གསལ་པོ་ཡིན་པ་ལྟར། དབུས་འོས་བསྡུ་ལས་ཁང་གི་ངོས་ནས་གནད་དོན་དེའི་ཐོག་ཞིབ་འཇུག་མཐིལ་ཕྱིན་གནང་མུས་ཡིན་པ་དང་། ཐེངས་འདིའི་སྔོན་འགྲོའི་འོས་བསྡུའི་ནང་དུ་འོས་ ༡༨༠༠ ཙམ་རྩིས་མེད་ཕྱིན་ཡོད་པ་མངོན་གསལ་གནང་སོང་། སྤྱིར་འོས་བསྡུ་ལས་ཁང་གིས་དེ་རིང་གི་གསར་འགོད་ལྷན་ཚོགས་དེའི་ཐོག་སྤེལ་བའི་ལམ་སྟོན་ནང་། རྒྱ་ཆེ་འོས་འཕེན་པ་ཡོངས་ནས་དངོས་གཞི་འོས་འཕེན་སྐབས་འོས་ཤོག་ནང་འོས་འདེམས་སུར་བྱེད་རེའུ་མིག་ནང་གསལ་ཨང་རིམ་སྟེང་འོས་ཐམ་མ་ནོར་བ་རྒྱག་དགོས་པ་དང་། སྒྲིག་རྟགས་དང་ནོར་རྟགས་སོགས་རྒྱག་མི་ཆོག་པ། འོས་འཕེན་སྐབས་འོས་འདེམས་སུར་བྱས་ཀྱི་པར་བཤུས་སྤྱི་ཚོགས་དྲྭ་ལམ་ཁག་གི་ཁྱབ་སྤེལ་བྱས་པ་དང་འོས་ཐམ་གང་ཡང་མི་གསལ་བ། གྲངས་ཚད་ལས་བརྒལ་བའི་འོས་ཐམ་བརྒྱབ་པ། འོས་འདེམས་སུར་བྱས་ངོས་འཛིན་མི་བདེ་བའི་འོས་ཐམ་བརྒྱབ་པ། འོས་ཤོག་ནང་མི་གསལ་བའི་རང་མོས་འོས་གཞིའི་མིང་བཀོད་པ། འོས་ཤོག་ངོ་མ་མིན་པའི་དོགས་གནས་ཅན་བཅས་འཐོན་ཚེ་འོས་ཤོག་རྩིས་མེད་གཏོང་རྒྱུ་ཡིན་པ་གསུངས་སོང་། དེ་བཞིན་ད་ལན་སྔོན་འགྲོའི་འོས་བསྡུའི་སྐབས་ས་གནས་རེ་བཟུང་ལ་འོས་བསྡུའི་སྒྲིག་གཞི་དགོངས་དོན་འོས་བསྡུའི་ཉིན་གཉིས་གོང་འོས་བསྡུའི་དྲིལ་བསྒྲགས་མཚམས་འཇོག་མ་བྱུང་བའི་གནད་དོན་སོགས་སྒྲིག་གཞི་དང་རྩ་འཛིན་ལམ་སྟོན་ཁག་གཅིག་ལ་འགལ་འཛོལ་བྱུང་ཡོད་སྐོར་དབུས་འོས་བསྡུ་ལས་ཁུངས་ལ་སྙན་སེང་ཞུ་མཁན་བྱུང་འདུག་པ་རྣམས་སྒྲིག་འགལ་ཚབས་ཆེ་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད་སྐོར་དང་འབྲེལ། དངོས་གཞིའི་འོས་བསྡུའི་སྐབས་སྒྲིག་འགལ་འདིའི་རིགས་མི་ཡོང་བ་སོགས་མང་ཚོགས་ཀྱི་ངོས་ནས་ཐུགས་གཟབ་གནང་དགོས་པ་གསུངས་སོང་། འོས་བསྡུ་འགན་འཛིན་མཆོག་གིས་ད་དུང་། དེ་སྔ་དབུས་འོས་བསྡུ་ལས་ཁང་ནས་འོས་བསྡུ་དང་འབྲེལ་བའི་ཐག་གཅོད་ཁག་གཅིག་གནང་ཡོད་པ་བཞིན་མང་ཚོགས་ནས་འོས་བསྡུ་ལས་ཁང་གིས་ཇི་བཞིན་གསུངས་པ་ལས་འགྲེལ་ལོག་རིགས་མི་རྒྱག་པ་དང་། དབུས་འོས་བསྡུ་ལས་ཁུངས་ལ་ཞུ་ཡིག་ཕུལ་མཁན་མང་དག་ཅིག་འབྱུང་བཞིན་པའི་ཁོངས་ནས་ཁག་གཅིག་གིས་སྒྲིག་མཐུན་གནད་དོན་སྐོར་ཞུ་ཡིག་ཕུལ་བ་རྣམས་ལ་དབུས་འོས་བསྡུ་ལས་ཁུངས་ནས་ཞིབ་འཇུག་ལག་ལེན་བསྟར་བཞིན་ཡོད་པ་ཡིན་ནའང། ཁག་གཅིག་གིས་འོས་བསྡུའི་ལས་རིམ་དང་འབྲེལ་བ་གང་ཡང་མེད་པ་དང་། ཞུ་ཡིག་ནང་དུ་མིང་དང་ཁ་པར་ཨང་གྲངས་སོགས་གསལ་པོ་མེད་པ། མི་གཅིག་ལས་ལྷག་པ་ཡིན་ཁུལ་གྱི་ཞུ་ཡིག་ཕུལ་མཁན་རིགས་འབྱུང་བཞིན་ཡོད་པ་སོགས་ལ་ཡིད་གཟབ་གནང་དགོས་པ་གསུངས་སོང་།

ལས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དངོས་གཞིའི་འོས་བསྡུ་མི་དགོས་པར་སྲིད་སྐྱོང་གི་རྒྱལ་ཁ་ཐོབ་འདུག

ལས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དངོས་གཞིའི་འོས་བསྡུ་མི་དགོས་པར་་སྲིད་སྐྱོང་གི་རྒྱལ་ཁ་ཐོབ་འདུག

ཡུ་རོབ་དང་ཨོསྟྲེ་ལི་ཡ་ཨེ་ཤི་ཡ་ཁུལ་གྱི་ད་བར་སྔོན་འགྲོ་འོས་བསྡུའི་གྲུབ་འབྲས།

བཙན་བྱོལ་བོད་མི་རྣམས་ཀྱིས་ཟླ་བ་འདིའི་ཚེས་ ༡ ཉིན་རྒྱལ་ཁབ་ ༢༧ ནང་། ༢༠༢༦ ལོའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུ་ཆེན་མོ་གནང་བ་དང་འབྲེལ། ད་ཆ་ས་གནས་འོས་བསྡུ་ལས་ཁང་མང་ཆེ་བས་ཁུལ་སོ་སོའི་འོས་བསྡུའི་གྲུབ་འབྲས་མང་ཚོགས་ལ་གསལ་བསྒྲགས་ཟིན་པ་ཁག་ལ་གཞིགས་ན། རྒྱ་བལ་འབྲུག་གསུམ་ཕུད་པའི་ཨེ་ཤི་ཡ་དང་ཨོསྟྲེ་ལི་ཡའི་ནང་ནས་སྤྱི་འཐུས་ཀྱི་འོས་གྲངས་མང་ཤོས་ཐོབ་མཁན་ནི་སྐལ་བཟང་ཚེ་རིང་ལགས་དང་། དེ་བཞིན་ཡུ་རོབ་མངའ་ཁུལ་ནས་སྤྱི་འཐུས་ཀྱི་འོས་གྲངས་མང་ཤོས་ཐོབ་མཁན་བསྟན་འཛིན་གཡང་དཀར་ལགས་དང་གཉིས་པ་ཐུབ་བསྟན་རྒྱ་མཚོ་ལགས་ཡིན་པ་རེད་འདུག རྩ་བའི་དབུས་འོས་བསྡུ་ལས་ཁང་གིས་སྔོན་འགྲོའི་འོས་གཞི་གསལ་བསྒྲགས་ཕྱི་ཟླ་ ༢ ཚེས་ ༢༥ ལ་མ་གཏོགས་གནང་གི་མེད་པ་དང་། འདི་ག་རླུང་འཕྲིན་ཁང་གིས་ཉིན་རེ་བཞིན་འདོན་སྤེལ་གནང་བའི་འོས་བསྡུའི་གྲངས་ཐོ་དེ་ཉིད་གཞུང་འབྲེལ་མིན་པ་རེད།  འདི་ག་རླུང་འཕྲིན་ཁང་གིས་ད་བར་རྒྱུས་ལོན་ཞུས་པའི་གྲངས་ཐོར་གཞིགས་ན། རྒྱ་བལ་འབྲུག་གསུམ་ཕུད་པའི་ཨེ་ཤི་ཡ་དང་ཨོསྟྲེ་ལི་ཡའི་རྒྱལ་ཁབ་ཁག་གི་ཁོངས་ནས་ཨོ་གླིང་དང་། ནིའུ་རྫི་ལན། ཐའེ་ཝན་བཅས་ལས་སྲིད་སྐྱོང་ཀྱི་འོས་བསྡུའི་ནང་ད་ལྟའི་སྲིད་སྐྱོང་ལས་ཐོག་སྤེན་པ་ཚེ་རིང་མཆོག་ལ་འོས་གྲངས་མང་ཤོས་དང་། དེ་བཞིན་མངའ་ཁུལ་དེའི་ཁོངས་སྤྱི་འཐུས་ཀྱི་ས་མིག་གཅིག་ཡོད་པ་ལྟར། ཨང་དང་པོར་ཨོ་གླིང་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་ཞབས་ཟུར་པ་སྐལ་བཟང་ཚེ་རིང་ལགས་དང་། གཉིས་པ་ཨོ་གླིང་ New Castle ནང་གནས་སྡོད་རྒྱལ་ཡོངས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་བློ་བཟང་ལུང་རྟོགས་ལགས། གསུམ་པ་ཨོ་གླིང་ Melbourne ནང་གནས་བཞུགས་བསོད་ནམས་རྡོ་རྗེ་ལགས་དང་། བཞི་པ་སྤྱི་འཐུས་ལས་ཐོག་རྡོ་རིང་བསྟན་འཛིན་ཕུན་ཚོགས་ལགས་བཅས་ཆགས་ཀྱི་འདུག འོན་ཀྱང་དེའི་ནང་ཉི་ཧོང་དང་ལྷོ་ཀོ་རི་ཡའི་གྲངས་འབོར་ཚུད་མེད། ཡང་ཡུ་རོབ་དང་ཨ་ཕི་རི་ཀའི་ཆེད་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནང་ས་མིག་གཉིས་ཡོད་པ་ལྟར། སུད་སི་ཁྱབ་ཁོངས་རྒྱལ་ཁབ་བཞི་དང་། དབྱིན་ཡུལ་ཁྱབ་ཁོངས་རྒྱལ་ཁབ་དྲུག དེ་བཞིན་ Brussels ཁྱབ་ཁོངས་རྒྱལ་ཁབ་བཞི་བཅས་ལས། ཨང་དང་པོར་ཧྥ་རན་སི་རྒྱལ་སྤྱིའི་དབུ་མའི་ལམ་དང་གཞི་རིམ་མི་མང་རེ་འབོད་ཚོགས་པའི་རྒྱུན་ལས་བསྟན་འཛིན་གཡང་དཀར་ལགས་དང་། གཉིས་པ་སྤྱི་འཐུས་ལས་ཐོག་ཐུབ་བསྟན་རྒྱ་མཚོ་ལགས། གསུམ་པ་ཧྥ་རན་སི་བོད་རིགས་ཚོགས་པའི་ཚོགས་གཙོ་ཟུར་པ་ངག་དབང་བསྟན་པ་ལགས་དང་། བཞི་པ་སུད་སི་དང་ལེཀ་ཊིན་སི་ཊེན་བོད་རིགས་མི་མང་གི་ཚོགས་གཙོ་འབྲོང་པ་ཚང་དངོས་འདུན་རྒྱ་མཚོ་ལགས་བཅས་ཆགས་ཀྱི་འདུག ཡུ་རོབ་ཀྱི་རྒྱལ་ཁབ་དེ་དག་ཁྲོད་དུའང་སྲིད་སྐྱོང་ཀྱི་འོས་བསྡུའི་ནང་ཨང་དང་པོར་ལས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་གཉིས་པར་དབུ་དཀར་ཚང་སྐལ་རྡོར་ལགས་ཆགས་ཀྱི་འདུག གཞི་རྩའི་དེ་རིང་བར་འདི་ག་རླུང་འཕྲིན་ཁང་གི་ས་གནས་ཁག་ནས་རྒྱུས་ལོན་བྱས་པའི་འོས་བསྡུའི་གྲངས་ཐོའི་ནང་། སྲིད་སྐྱོང་ལས་ཐོག་སྤེན་པ་ཚེ་རིང་མཆོག་ལ་འོས་གྲངས་ ༢༤༠༠༠ ལྷག་ཙམ་དང་། དབུ་དཀར་ཚང་སྐལ་རྡོར་ལགས་སུ་འོས་གྲངས་ ༡༤༠༠༠ ལྷག་ཆགས་ཀྱི་འདུག  འདི་ག་རླུང་འཕྲིན་ཁང་གིས་ད་དུང་ས་གནས་གཞན་ནས་གནས་ཚུལ་རྒྱུས་ལོན་ཞུས་དང་ཞུ་མུས་ཡིན། སྤྱིར་དབུས་འོས་བསྡུ་ལས་ཁང་ངོས་ནས་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོ་འོས་བསྡུའི་གསལ་བསྒྲགས་ཟླ་བ་འདིའི་ཚེས་ ༢༥ ཉིན་དང་དངོས་གཞིའི་འོས་གཞིའི་གསལ་བསྒྲགས་ཕྱི་ཟླ་ ༤  ཚེས་ ༣ ཉིན་དངོས་གཞིའི་འོས་གཞི་གསལ་བསྒྲགས་གནང་གི་ཡོད་པ་རེད།

སྔོན་འགྲོའི་འོས་བསྡུའི་གོང་ནས་འོས་གཞིར་བཞེངས་མཁན་རྣམས་དེབ་འགོད་ཀྱིས་ཨང་གྲངས་སྤྲོད་དགོས་པའི་ཞུ་འབོད།

ཟླ་བ་འདིའི་ཚེས་ ༡ ཉིན་རྒྱལ་སྤྱིའི་ཡུལ་གྲུ་འདྲ་མིན་ ༢༧ ནང་གི་བཙན་བྱོལ་བོད་མི་རྣམས་ཀྱིས་ ༢༠༢༦ ལོའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུའི་ནང་ཆ་ཤས་བླངས་ཡོད་པ་དང་། དེ་རིང་ནས་ས་གནས་འོས་བསྡུ་ལས་ཁང་སོ་སོས་འོས་བསྡུའི་གྲངས་བཤེར་ཕྱོགས་བསྡོམས་གནང་འགོ་ཚུགས་ཀྱི་ཡོད་པ་རེད། འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པ་རྣམ་པས་སྔོན་འགྲོའི་འོས་བསྡུའི་ཉིན་འོས་འཕེན་པ་མང་དག་ཅིག་ལ་བཅར་འདྲི་ཞུ་སྐབས། དཀའ་ངལ་མང་དག་ཅིག་གླེང་མཁན་བྱུང་བའི་ཁོངས་ནས་མང་ཆེ་བས་སྤྱི་འཐུས་ཀྱི་འགེངས་ཤོག་ནང་སྤྱི་འཐུས་བཅུ་མ་ཟད། དེ་དག་གི་སྡོད་གནས་དང་ལས་གནས་སོགས་ཞིབ་ཕྲ་མང་དག་ཅིག་དགང་དགོས་པ་དེ་དཀའ་ངལ་ཆེན་པོ་ཞིག་ལ་ངོས་འཛིན་དང་བཅས་མ་འོངས་འགེངས་ཤོག་སྟབས་བདེ་པོ་བཟོ་དགོས་པ་གསུང་མཁན་བྱུང་ཡོད། དེའི་ཁྲོད་ད་ཆ་རྒྱ་གར་ལྷོ་ཕྱོགས་ནང་སྐུ་བཞུགས་གནང་བཞིན་པ་དང་། དེ་སྔ་ལོ་མང་རིང་གཞུང་ཞབས་དང་གསར་འགོད་པ་བཅས་གནང་སྟེ་རྒས་ཡོལ་ལ་ཕེབས་པའི་གཡུ་རྒྱལ་ལགས་ཀྱིས་སེམས་འཚབ་དང་བཅས། དེ་རིང་ཆེད་དུ་མངགས་ནས་འདི་ག་གསར་འགོད་པར་འབྲེལ་བ་གནང་སྟེ་དཀའ་ངལ་དེ་དག་གླེང་གནང་བ་མ་ཟད། འོས་འཕེན་པའི་གྲངས་འབོར་མང་བའི་རྒྱ་གར་ལྷོ་ཕྱོགས་ལྟ་བུར་མཚོན་ན།  སྤྱི་འཐུས་ཀྱི་འགེངས་ཤོག་ནང་མི་བཅུ་པོའི་མིང་ཙམ་མ་ཟད། དོན་ཚན་གཞན་མང་དག་ཅིག་དགང་དགོས་པ་དེ་དཀའ་ངལ་ཆེན་པོར་གྱུར་སྟེ་འོས་འཕེན་པ་ཁག་གཅིག་གིས་རང་ཉིད་ལ་འོས་གཞི་བཅུ་ཡོད་ཀྱང་ཉུང་ཤས་ལས་བཀང་མ་ཐུབ་པ་དང་། དེ་ལྟ་བུའི་དཀའ་ངལ་འཕྲོད་བྲིས་བསུབ་དེ་འདྲ་ཡོང་སྲིད་ཀྱང་འོས་བསྡུའི་སྒྲིག་གཞིའི་ནང་བྲིས་བསུབ་བཏང་ན་རྩིས་མེད་གཏོང་རྒྱུ་ཞེས་པ་ནི་དཀའ་ངལ་ཆེན་པོ་ཡིན་པ་གསུངས་སོང་། དེ་འབྲེལ་ཁོང་གིས་མ་འོངས་པར་སྔོན་འགྲོའི་འོས་བསྡུ་ཆེན་མོའི་སྐབས་འོས་གཞིར་བཞེངས་མཁན་རྣམས་ཀྱིས་སྔོན་ཚུད་ནས་དབུས་འོས་བསྡུ་ལས་ཁང་ལ་དེབ་སྐྱེལ་གནང་བ་དང་འབྲེལ་འོས་བསྡུ་ལས་ཁང་ནས་དོ་དག་སོ་སོར་ཨང་གྲངས་བགོས་ཐུབ་པ་ཡིན་ན། འོས་ཤོག་སྟབས་བདེ་རུ་འགྲོ་རྒྱུ་དང་། སྤྱི་འཐུས་ཀྱི་མིང་འབྲི་སྐབས་བྲིས་བསུབ་བྱུང་ན་འབྲེལ་ཡོད་འོས་གཞི་གཅིག་མ་གཏོགས་འོས་ཤོག་ཡོངས་རྫོགས་རྩིས་མེད་གཏང་རྒྱུ་མེད་པའི་འབོད་སྐུལ་གནང་གི་འདུག རྩ་བའི་རླུང་འཕྲིན་ཁང་གིས་ཐེངས་འདིའི་སྔོན་འགྲོའི་འོས་བསྡུ་ཆེན་མོ་དང་འབྲེལ་ནས་གནས་ཚུལ་རྒྱུས་ལོན་བྱེད་སྐབས། ཁག་ཅིག་གིས་སྲིད་སྐྱོང་དང་དབུས་གཙང་ཆོལ་ཁའི་འགེངས་ཤོག་གི་ཚོན་གཅིག་པར་སོང་འོས་སྒམ་ནང་བླུགས་སྐབས་འཁྲུག་ཉེན་ཆེ་བས་མ་འོངས་པར་ཚོན་མི་འདྲ་བ་དགོས་པ་དང་། དེ་བཞིན་འོས་ཤོག་ནང་དགང་དགོས་པའི་དོན་ཚན་བཞི་པོ་རྣམས་སྟབས་བདེ་པོ་བཟོ་དགོས་པ།  ཡིག་རྨོངས་དང་དམིགས་བསལ་དགོས་མཁོ་ཅན། དེ་བཞིན་ལོ་ན་བགྲེས་པ་རྣམས་ཀྱིས་འོས་འཕེན་སྐབས་སྡོད་གཅིག་ནང་མི་དང་ཡང་ན་ཡིད་ཆེས་བྱེད་སའི་མི་གཅིག་གི་རོགས་རམ་ལེན་ཆོག་གི་ཡོད་པ་ཁོ་ན་མ་ཡིན་པར་དོ་བདག་དཀའ་ངལ་ཡོད་རིགས་ལ་འོས་བསྡུ་ལས་ཁང་ནས་ཟུར་དུ་ཕྱག་རོགས་གནང་མཁན་ཞིག་དགོས་ངེས་ཡིན་པའི་གཞེན་སྐུལ་གནང་མཁན་བྱུང་སོང་བ་མ་ཟད། འོས་བསྡུའི་ས་ཚིགས་གཅིག་གི་ནང་མི་སྐྱ་ཞིག་གིས་རང་ཉིད་སྔགས་པ་ཡིན་སྐོར་བརྗོད་དེ་ཆོས་ལུགས་སྤྱི་འཐུས་ཀྱི་འགེངས་ཤོག་དགོས་པ་བཤད་སྟབས་དེ་འབྲེལ་དཀའ་ངལ་འཕྲད་པའང་བྱུང་ཡོད།

ཡུ་རོབ་དང་བྱང་ཨ་རིའི་ས་གནས་ཁག་ནང་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུ་གནང་བ།

བཙན་བྱོལ་བོད་མིའི་གནས་ཡུལ་རྒྱ་གར་གཙོས་པའི་འཛམ་གླིང་ཤར་ནུབ་རྒྱལ་ཁབ་ཁག་ཏུ་གནས་བཞུགས་བོད་མི་རྒན་གཞོན་དར་གསུམ་གྱིས། མང་གཙོའི་ཁེ་དབང་ལོངས་སུ་སྤྱོད་དེ་ཁ་སང་ཕྱི་ཟླ་ ༢ ཚེས་ ༡ ཉིན་ ༢༠༢༦ ལོའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུ་ཆེན་མོ་གནང་ཡོད་པ་ལྟར། ཁ་སང་ཡུ་རོབ་རྒྱལ་ཁབ་ཁྱོན་ ༡༥ དང་བྱང་ཨ་རིའི་ས་གནས་ཁག་ ༣༤ ནང་ ༢༠༢༦ ལོའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུ་གནང་ཡོད་པ་རེད། དེ་ཡང་ཁ་སང་ནིའུ་ཡོཀ་དང་ནིའུ་འཇར་སིས་གཙོས་པའི་བྱང་ཨ་རིར་གནས་སྡོད་བོད་མི་ཚོས་སྔ་དྲོ་ཆུ་ཚོད་ ༨།༠༠ ནས་ཕྱི་དྲོ་ཆུ་ཚོད་ ༨།༠༠ བར་འོས་ཤོག་འཕེན་རྒྱུའི་དུས་ཚོད་གཏན་འབེབས་ཀྱི་གསལ་བསྒྲགས་སྔོན་སོང་ལྟར། ས་ཚིགས་སོ་སོར་མང་ཚོགས་ནས་ཚ་ཚ་འུར་འུར་ངང་སྔོན་འགྲོའི་འོས་བསྡུ་ཆེན་མོའི་ནང་ཆ་ཤས་བླངས་འདུག །འདི་ག་རླུང་འཕྲིན་ཁང་གིས་བྱང་ཨ་རིའི་ས་གནས་ཁྲོད་ནས་བོད་མི་མི་འབོར་མང་ཤོས་ཡོད་སའི་ས་གནས་ནིའུ་ཡོཀ་དང་ནིའུ་འཇར་སིའི་འོས་བསྡུ་དེབ་འཁོད་འགན་འཛིན་ཚེ་རིང་ཕུན་ཚོགས་ལགས་སུ་འོས་བསྡུའི་གནས་ཚུལ་རྒྱུས་ལོན་ཞུས་པར་ཁོང་གིས། ནིའུ་ཡོཀ་དང་ནིའུ་འཇར་སི་ས་གནས་ཁོ་ནར་ཆ་བཞག་ན་དེབ་སྐྱེལ་བྱེད་མཁན་ ༦༠༦༥ བྱུང་ཡོད་པ་དང་། དེ་དག་ཁྲོད་ནས་དངོས་སུ་འོས་འཕེན་པར་ཡོང་མཁན་ ༣༥༠༠ ལྷག་བྱུང་ཡོད་པ་འགྲེལ་བརྗོད་གནང་བྱུང་། མ་ཟད་ཤེས་རྟོགས་བྱུང་བར་གཞིགས་ན། ཨ་རིའི་རྒྱལ་ས་གཙོས་པའི་ཡུལ་དེའི་གྲོང་ཁྱེར་ཆེ་ཁག་དང་། དེ་བཞིན་རྒྱལ་ས་ Ottawa ཨོ་ཊ་ཝས་གཙོས་པའི་ Canada ཁེ་ན་ཌའི་གྲོང་ཁྱེར་ཆེ་ཁག་སོགས་བྱང་ཨ་རིའི་ས་གནས་ཚང་མར་འོས་བསྡུའི་ལས་རིམ་ཚགས་ཚུད་ལམ་ལྷོང་བྱུང་ཡོད་པ་དང་། བཙན་བྱོལ་བོད་མིའི་འོས་བསྡུ་ཆེན་མོ་རེ་ཞིག་མཇུག་སྒྲིལ་ནས། ད་ལྟའི་ཆར་ས་གནས་ཚང་མའི་འོས་སྒམ་སྐུ་ཚབ་དོན་གཅོད་ལས་ཁུངས་སུ་འབྱོར་དང་འབྱོར་མུས་ཡིན་པ་དང་ཆབས་ཅིག ཚེས་ ༣ ཉིན་བྱང་ཨ་རིའི་ས་གནས་འོས་བསྡུའི་ཚོགས་མི་ལྷན་འཛོམས་ཐོག་འོས་ཤོག་གྲངས་བཤེར་གནང་རྒྱུ་མ་ཟད། དེ་ནས་གྲངས་བཤེར་བྱས་པའི་ཕྱོགས་བསྡོམས་ཐོ་གཞུང་རྣམས་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་དོན་ལྟར་བཞུགས་སྒར་དུ་དབུས་འོས་བསྡུ་ལས་ཁང་དུ་གཏོང་རྒྱུ་ཡིན་པ་རེད་འདུག ཕྱོགས་མཚུངས་ཁ་སང་ཡུ་རོབ་རྒྱལ་ཁབ་ཁྱོན་ ༡༥ ནང་ ༢༠༢༦ ལོའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུ་གནང་ཡོད་པ་ལྟར། ཨིན་ཡུལ་དོན་གཅོད་ཀྱི་ཁྱབ་ཁོངས་སུ་གཏོགས་པའི་ཨིན་ཡུལ་དང་ནོར་ཝེ། ཌན་མག སུའི་ཌན། ཨ་ཡར་ལན་ཌི། དེ་བཞིན་པོ་ལན་ཌི་བཅས་སུ་འོས་བསྡུ་ས་གནས་ ༨ ནང་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོ་འོས་བསྡུ་གནང་ཡོད་པ་དང་། སུད་སི་དོན་ཁང་ཁྱབ་ཁོངས་སུ་སུད་སི་དང་། ཨི་ཊ་ལི། འཇར་མ་ནི། ཨོ་སི་ཊི་ཡ། ལིག་ཀྲན་སི་ཀྲན་བཅས་སུ་འོས་བསྡུ་ས་གནས་ ༤༠ དེ་བཞིན་ Brussel སྦར་སིལ་སྐུ་ཚབ་དོན་གཅོད་ཁང་གི་ཁྱབ་ཁོངས་སུ་གཏོགས་པའི་སྦེལ་ཇམ་དང་ཧྥ་རན་སི། ནེ་དྷར་ལེནཌ། དེ་བཞིན་སི་པེན་བཅས་སུ་འོས་བསྡུ་ས་གནས་ ༡༥ ནང་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོ་འོས་བསྡུ་གནང་སྟེ་འོས་བསྡུའི་ལས་རིམ་ཚགས་ཚུད་བྱུང་འདུག དེ་འབྲེལ་འདི་ག་རླུང་འཕྲིན་ཁང་གི་ཡུ་རོབ་ཁུལ་གྱི་ས་གནས་གསར་འགོད་པ་བསྟན་འཛིན་ཉི་གཞོན་ལགས་ཀྱིས་གསུངས་དོན་དུ། སུད་སི་ལྟ་བུར་མཚོན་ན་ཁུལ་དེར་ཁྱོན་འོས་བསྡུ་ས་ཚིགས་ ༢༥ གྲ་སྒྲིག་གནང་ཡོད་པ་དང་། ས་གནས་བོད་མི་ཚོས་ཐེངས་འདིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུ་ལས་རིམ་ནང་མཉམ་ཞུགས་ཀྱིས། སྔོན་འགྲོའི་འོས་བསྡུའི་ལས་རིམ་ཁག་ཚགས་ཚུད་བྱུང་ཡོད་པ་གསུངས་སོང་། གཞི་རྩའི་ཕྱི་ལོ་ ༢༠༢༦ ལོའི་བཙན་བྱོལ་བོད་མིའི་འོས་བསྡུ་ཆེན་མོ་འདི་བཞིན་འཛམ་གླིང་རྒྱལ་ཁབ་ ༢༧ གྱི་ས་གནས་འོས་བསྡུ་ལས་ཁང་ ༨༧ འོག འོས་བསྡུ་བྱ་ཡུལ་གྱི་སྡེ་ཚན་གྲངས་ ༣༠༩ དང་། ཚོགས་ཆུང་དང་ལས་བྱེད་ཁྱོན་ ༡༧༣༧། སུད་ཚོང་ས་གནས་ཁག་ ༣༡ བཅས་ནས་འོས་བླུག་གི་ཡོད་པ་དང་། ཕྱི་ཟླ་ ༢ ཚེས་ ༢༥ ཉིན་སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་གནང་རྒྱུ་ཡིན་པ་མ་ཟད། ཕྱི་ཟླ་ ༤ ཚེས་ ༢༦ ཉིན་དངོས་གཞིའི་འོས་འཕང་རྒྱུ་དང་།  ཕྱི་ལོ་ ༢༠༢༦ ཟླ་ ༥ ཚེས་ ༡༣ ཉིན་སྲིད་སྤྱི་གཉིས་ཀྱི་དངོས་གཞིའི་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་གནང་གཏན་འཁེལ་ཡོད་པ་རེད།

བཙན་བྱོལ་བོད་མི་རྣམས་ཀྱིས་རྒྱལ་ཁབ་ ༢༧ ནང་ ༢༠༢༦ ལོའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་འཕེན་པ།

དེ་རིང་སྟེ། ཕྱི་ལོ་ ༢༠༢༦ ཟླ་ ༢ ཚེས་ ༡ ཉིན་ནི། ཕྱི་ལོ་ ༢༠༢༦ ལོའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུ་ཉིན་མོ་ཡིན་པ་རེད། ཐེངས་འདིའི་འོས་བསྡུའི་ནང་རྒྱལ་སྤྱིའི་ཁྱོན་དུ་གནས་སྡོད་བཙན་བྱོལ་བོད་མི་སྡོམས་ ༩༡༠༤༢ ནས་དེབ་སྐྱེལ་གནང་ཡོད་པ་དང་།  འོས་བསྡུའི་ནང་དུ་སྲིད་སྐྱོང་གི་འོས་གཞིར་བཞེངས་མཁན་མི་གྲངས་ ༤ དང་སྤྱི་འཐུས་ཀྱི་འོས་གཞིར་བཞེངས་མཁན་མི་གྲངས་ ༡༠༠ ཙམ་ཡོད་པ་རེད། དེ་རིང་འཛམ་གླིང་རྒྱལ་ཁབ་ ༢༧ ནང་གི་ས་ཚིགས་ཁག་ ༣༠༩ ནང་དུ་བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུ་གནང་དང་གནང་མུས་མ་ཟད།  ལྷག་པར་ད་ཆ་བོད་མི་མང་དག་ཞིག་དགུན་དུས་སུད་ཚོང་གཉེར་བཞིན་པའི་དུས་སྐབས་དང་བསྟུན། དབུས་འོས་བསྡུ་ལས་ཁང་གི་ངོས་ནས་བོད་མི་སུད་ཚོང་བ་རྣམས་ཀྱི་ཆེད་དུ་རྒྱ་གར་གྱི་གྲོང་ཁྱེར་འདྲ་མིན་ ༣༡ ཙམ་གྱི་ནང་དུ་འོས་བསྡུའི་ས་ཚིགས་གོ་སྒྲིག་གནང་ཡོད་པ་རེད། རྒྱ་གར་ནང་དུ་དེ་རིང་སྔ་དྲོ་འོས་བསྡུའི་ལས་རིམ་འགོ་འཛུགས་མ་གནང་གོང་དུ། ནིའུ་ཛི་ལེནྜ་དང་ཨོ་གླིང་། ཐའེ་ཝན་དང་ཉི་ཧོང་། ལྷོ་ཀོ་རི་ཡ་སོགས་རྒྱ་བལ་འབྲུག་གསུམ་ཕུད་པའི་ཨེ་ཤི་ཡ་དང་ཨོ་སྟྲེ་ལི་ཡ་ཨེ་ཤི་ཡ་རྒྱལ་ཁབ་ཁག་ཏུ་སྔོན་འགྲོའི་འོས་བསྡུའི་ལས་རིམ་ཚ་ཚ་འུར་འུར་གྱིས་གནང་ཡོད་པ་མ་ཟད། ཤེས་རྟོགས་བྱུང་བར་གཞིགས་ན། ལྷོ་ཀོ་རི་ཡའི་ནང་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་ཆེན་མོ་གནང་བ་ཆེས་ཐོག་མ་དེ་ཆགས་ཀྱི་ཡོད་པ་རེད་འདུག རྒྱ་གར་ལ་མཚོན་ན་བཞུགས་སྒར་དྷ་རམ་ལ་གཙོས་བོད་མི་གནས་སྡོད་ས་གནས་ཁག་ཅིག་ཏུ་འོས་བསྡུའི་གནས་ཚུལ་རྒྱུས་ལོན་གནང་ཆེད། འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པ་བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་གངས་ཅན་སྐྱིད་གཤོངས་དང་། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་། རྒྱ་གར་རྒྱལ་ས་ལྡི་ལིའི་བསམ་ཡས་གླིང་བོད་མིའི་གཞིས་སྒར། དེ་བཞིན་ལ་དྭགས་དང་གཞན་ཡང་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་སྒར་བཅས་སུ་ཆེད་བསྐྱོད་གནང་ཡོད།  བོད་མིའི་སྒྲིག་འཛུགས་དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་བློ་བཟང་ཡེ་ཤེས་མཆོག་དང་།  བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་འདི་ག་གསར་འགོད་པའི་བཅར་འདྲི་སྐབས། རྒྱ་ནག་གི་དབང་འགྱུར་འོག་བོད་ནང་གི་བོད་མི་རྣམས་ལ་སྨྲ་བརྗོད་རང་དབང་ཙམ་ཡང་མེད་པའི་ཁྲོད།  བཙན་བྱོལ་ནང་དུ་བོད་མི་རྣམས་ནས་ལོ་ངོ་ ༦༠ ལྷག་གི་རིང་བོད་དོན་འཐབ་རྩོད་དང་བོད་མིའི་སྒྲིག་འཛུགས་རྒྱུན་སྐྱོང་གནང་བཞིན་པ་མ་ཟད།  ཚང་མས་ཕྱར་གྲུ་མཉམ་འདེགས་ཐོག་འོས་བསྡུའི་ནང་དེ་ལྟ་བུའི་ཆ་ཤས་ལེན་རྒྱུ་ཡོད་པ་ནི་རྒྱ་ནག་ལ་བརྡ་ལན་གསལ་པོ་ཞིག་ཡིན་པ་གསུངས་སོང་། རྩ་བའི་རྒྱ་གར་གི་ས་གནས་མང་ཆེ་བའི་ནང་དུ་དེ་རིང་ཕྱི་དྲོ་ཚོུད་ ༥ པ་ནས་འོས་བསྡུ་ཆེན་མོ་གྲུབ་ཟིན་པ་དང་།  དེ་བཞིན་ཡུ་རོབ་རྒྱལ་ཁབ་ཁག་ཏུ་གནང་མུས་ཡིན་ཡང་།  ཨ་མི་རི་ཀའི་ནང་མཚོན་ན་འོས་བསྡུའི་ལས་རིམ་འགོ་བཙུགས་ལ་རན་པ་ཞིག་ཆགས་ཀྱི་ཡོད། འདི་ག་རླུང་འཕྲིན་ཁང་གིས་དེ་རིང་སྔོན་འགྲོའི་འོས་བསྡུ་ཆེན་མོ་དང་འབྲེལ་ནས་གནས་ཚུལ་རྒྱུས་ལོན་གནང་སྐབས། མང་ཚོགས་ཕལ་ཆེ་བས་འོས་བསྡུའི་ས་ཚིགས་ཚང་མར་མཐུན་རྐྱེན་གྱི་གྲ་སྒྲིག་ཡག་པོ་གནང་ཡོད་སྐོར་གསུངས་སོང་བ་དེ་ལྟར་ཡང་། ཁག་ཅིག་གིས་སྲིད་སྐྱོང་དང་དབུས་གཙང་ཆོལ་ཁའི་འགེངས་ཤོག་གི་ཚོན་གཅིག་པར་སོང་འོས་སྒམ་ནང་བླུགས་སྐབས་འཁྲུག་ཉེན་ཆེ་བས་མ་འོངས་པར་ཚོན་མི་འདྲ་བ་དགོས་པ་དང་། དེ་བཞིན་འོས་ཤོག་ནང་དགང་དགོས་པའི་དོན་ཚན་བཞི་པོ་རྣམས་སྟབས་བདེ་པོ་བཟོ་དགོས་པ།  ཡང་འོས་བསྡུའི་སྒྲིག་གཞིའི་ནང་ཡིག་རྨོངས་དང་དམིགས་བསལ་དགོས་མཁོ་ཅན། དེ་བཞིན་ལོ་ན་བགྲེས་པ་རྣམས་ཀྱིས་འོས་འཕེན་སྐབས་སྡོད་གཅིག་ནང་མི་དང་ཡང་ན་ཡིད་ཆེས་བྱེད་སའི་མི་གཅིག་གི་རོགས་རམ་ལེན་ཆོག་གི་ཡོད་སྐོར་འཁོད་ཡོད་ཀྱང་།  མི་གཅིག་གིས་རོགས་གཅིག་ལ་མ་གཏོགས་བྱེད་ཆོག་གི་མེད་སྟབས། ཕྱག་རོགས་མེད་པར་ཕེབས་མཁན་གྱི་ལོ་ན་བགྲེས་པ་ཁག་ཅིག་ལ་རོགས་པ་མ་ཐོབ་པའི་དཀའ་ངལ་དང་།  རོགས་པ་ཐོབ་ཀྱང་ཡིད་ཆེས་བྱེད་བདེ་མེད་པར་སོང་མ་འོངས་པར་འོས་འཕེན་པའི་སྐབས་དོ་བདག་དཀའ་ངལ་ཡོད་རིགས་ལ་འོས་བསྡུ་ལས་ཁང་ནས་ཟུར་དུ་ཕྱག་རོགས་གནང་མཁན་ཞིག་དགོས་ངེས་ཡིན་པའི་གཞེན་སྐུལ་གནང་མཁན་བྱུང་སོང་།

འོས་བསྡུ་དེབ་འགོད་གནང་མཁན་གྲངས་ ༩༡,༠༤༢  བྱུང་བ་དང་སྲིད་སྐྱོང་འོས་མིར་བཞེངས་མཁན་ཞིག་གི་གདམ་བྱ་འདེམས་བྱེད་ཀྱི་ཐོབ་ཐང་འཕྲོག་པ།

བདེ་སྲུང་བཀའ་བློན་མཆོག་གིས་ཀར་ནཱ་ཊ་ཀ་མངའ་སྡེའི་ནང་སྲིད་བློན་ཆེན་མཆོག་དང་མཇལ་འཕྲད་གནང་འདུག

Latest news