བཙན་བྱོལ་བོད་མིའི་གནས་ཡུལ་རྒྱ་གར་གཙོས་པའི་འཛམ་གླིང་ཤར་ནུབ་རྒྱལ་ཁབ་ཁག་ཏུ་གནས་བཞུགས་བོད་མི་རྒན་གཞོན་དར་གསུམ་གྱིས། མང་གཙོའི་ཁེ་དབང་ལོངས་སུ་སྤྱོད་དེ་ཁ་སང་ཕྱི་ཟླ་ ༢ ཚེས་ ༡ ཉིན་ ༢༠༢༦ ལོའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུ་ཆེན་མོ་གནང་ཡོད་པ་ལྟར། ཁ་སང་ཡུ་རོབ་རྒྱལ་ཁབ་ཁྱོན་ ༡༥ དང་བྱང་ཨ་རིའི་ས་གནས་ཁག་ ༣༤ ནང་ ༢༠༢༦ ལོའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུ་གནང་ཡོད་པ་རེད།

དེ་ཡང་ཁ་སང་ནིའུ་ཡོཀ་དང་ནིའུ་འཇར་སིས་གཙོས་པའི་བྱང་ཨ་རིར་གནས་སྡོད་བོད་མི་ཚོས་སྔ་དྲོ་ཆུ་ཚོད་ ༨།༠༠ ནས་ཕྱི་དྲོ་ཆུ་ཚོད་ ༨།༠༠ བར་འོས་ཤོག་འཕེན་རྒྱུའི་དུས་ཚོད་གཏན་འབེབས་ཀྱི་གསལ་བསྒྲགས་སྔོན་སོང་ལྟར། ས་ཚིགས་སོ་སོར་མང་ཚོགས་ནས་ཚ་ཚ་འུར་འུར་ངང་སྔོན་འགྲོའི་འོས་བསྡུ་ཆེན་མོའི་ནང་ཆ་ཤས་བླངས་འདུག །འདི་ག་རླུང་འཕྲིན་ཁང་གིས་བྱང་ཨ་རིའི་ས་གནས་ཁྲོད་ནས་བོད་མི་མི་འབོར་མང་ཤོས་ཡོད་སའི་ས་གནས་ནིའུ་ཡོཀ་དང་ནིའུ་འཇར་སིའི་འོས་བསྡུ་དེབ་འཁོད་འགན་འཛིན་ཚེ་རིང་ཕུན་ཚོགས་ལགས་སུ་འོས་བསྡུའི་གནས་ཚུལ་རྒྱུས་ལོན་ཞུས་པར་ཁོང་གིས། ནིའུ་ཡོཀ་དང་ནིའུ་འཇར་སི་ས་གནས་ཁོ་ནར་ཆ་བཞག་ན་དེབ་སྐྱེལ་བྱེད་མཁན་ ༦༠༦༥ བྱུང་ཡོད་པ་དང་། དེ་དག་ཁྲོད་ནས་དངོས་སུ་འོས་འཕེན་པར་ཡོང་མཁན་ ༣༥༠༠ ལྷག་བྱུང་ཡོད་པ་འགྲེལ་བརྗོད་གནང་བྱུང་།

མ་ཟད་ཤེས་རྟོགས་བྱུང་བར་གཞིགས་ན། ཨ་རིའི་རྒྱལ་ས་གཙོས་པའི་ཡུལ་དེའི་གྲོང་ཁྱེར་ཆེ་ཁག་དང་། དེ་བཞིན་རྒྱལ་ས་ Ottawa ཨོ་ཊ་ཝས་གཙོས་པའི་ Canada ཁེ་ན་ཌའི་གྲོང་ཁྱེར་ཆེ་ཁག་སོགས་བྱང་ཨ་རིའི་ས་གནས་ཚང་མར་འོས་བསྡུའི་ལས་རིམ་ཚགས་ཚུད་ལམ་ལྷོང་བྱུང་ཡོད་པ་དང་། བཙན་བྱོལ་བོད་མིའི་འོས་བསྡུ་ཆེན་མོ་རེ་ཞིག་མཇུག་སྒྲིལ་ནས། ད་ལྟའི་ཆར་ས་གནས་ཚང་མའི་འོས་སྒམ་སྐུ་ཚབ་དོན་གཅོད་ལས་ཁུངས་སུ་འབྱོར་དང་འབྱོར་མུས་ཡིན་པ་དང་ཆབས་ཅིག ཚེས་ ༣ ཉིན་བྱང་ཨ་རིའི་ས་གནས་འོས་བསྡུའི་ཚོགས་མི་ལྷན་འཛོམས་ཐོག་འོས་ཤོག་གྲངས་བཤེར་གནང་རྒྱུ་མ་ཟད། དེ་ནས་གྲངས་བཤེར་བྱས་པའི་ཕྱོགས་བསྡོམས་ཐོ་གཞུང་རྣམས་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་དོན་ལྟར་བཞུགས་སྒར་དུ་དབུས་འོས་བསྡུ་ལས་ཁང་དུ་གཏོང་རྒྱུ་ཡིན་པ་རེད་འདུག
ཕྱོགས་མཚུངས་ཁ་སང་ཡུ་རོབ་རྒྱལ་ཁབ་ཁྱོན་ ༡༥ ནང་ ༢༠༢༦ ལོའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུ་གནང་ཡོད་པ་ལྟར། ཨིན་ཡུལ་དོན་གཅོད་ཀྱི་ཁྱབ་ཁོངས་སུ་གཏོགས་པའི་ཨིན་ཡུལ་དང་ནོར་ཝེ། ཌན་མག སུའི་ཌན། ཨ་ཡར་ལན་ཌི། དེ་བཞིན་པོ་ལན་ཌི་བཅས་སུ་འོས་བསྡུ་ས་གནས་ ༨ ནང་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོ་འོས་བསྡུ་གནང་ཡོད་པ་དང་། སུད་སི་དོན་ཁང་ཁྱབ་ཁོངས་སུ་སུད་སི་དང་། ཨི་ཊ་ལི། འཇར་མ་ནི། ཨོ་སི་ཊི་ཡ། ལིག་ཀྲན་སི་ཀྲན་བཅས་སུ་འོས་བསྡུ་ས་གནས་ ༤༠ དེ་བཞིན་ Brussel སྦར་སིལ་སྐུ་ཚབ་དོན་གཅོད་ཁང་གི་ཁྱབ་ཁོངས་སུ་གཏོགས་པའི་སྦེལ་ཇམ་དང་ཧྥ་རན་སི། ནེ་དྷར་ལེནཌ། དེ་བཞིན་སི་པེན་བཅས་སུ་འོས་བསྡུ་ས་གནས་ ༡༥ ནང་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོ་འོས་བསྡུ་གནང་སྟེ་འོས་བསྡུའི་ལས་རིམ་ཚགས་ཚུད་བྱུང་འདུག

དེ་འབྲེལ་འདི་ག་རླུང་འཕྲིན་ཁང་གི་ཡུ་རོབ་ཁུལ་གྱི་ས་གནས་གསར་འགོད་པ་བསྟན་འཛིན་ཉི་གཞོན་ལགས་ཀྱིས་གསུངས་དོན་དུ། སུད་སི་ལྟ་བུར་མཚོན་ན་ཁུལ་དེར་ཁྱོན་འོས་བསྡུ་ས་ཚིགས་ ༢༥ གྲ་སྒྲིག་གནང་ཡོད་པ་དང་། ས་གནས་བོད་མི་ཚོས་ཐེངས་འདིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུ་ལས་རིམ་ནང་མཉམ་ཞུགས་ཀྱིས། སྔོན་འགྲོའི་འོས་བསྡུའི་ལས་རིམ་ཁག་ཚགས་ཚུད་བྱུང་ཡོད་པ་གསུངས་སོང་།
གཞི་རྩའི་ཕྱི་ལོ་ ༢༠༢༦ ལོའི་བཙན་བྱོལ་བོད་མིའི་འོས་བསྡུ་ཆེན་མོ་འདི་བཞིན་འཛམ་གླིང་རྒྱལ་ཁབ་ ༢༧ གྱི་ས་གནས་འོས་བསྡུ་ལས་ཁང་ ༨༧ འོག འོས་བསྡུ་བྱ་ཡུལ་གྱི་སྡེ་ཚན་གྲངས་ ༣༠༩ དང་། ཚོགས་ཆུང་དང་ལས་བྱེད་ཁྱོན་ ༡༧༣༧། སུད་ཚོང་ས་གནས་ཁག་ ༣༡ བཅས་ནས་འོས་བླུག་གི་ཡོད་པ་དང་། ཕྱི་ཟླ་ ༢ ཚེས་ ༢༥ ཉིན་སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་གནང་རྒྱུ་ཡིན་པ་མ་ཟད། ཕྱི་ཟླ་ ༤ ཚེས་ ༢༦ ཉིན་དངོས་གཞིའི་འོས་འཕང་རྒྱུ་དང་། ཕྱི་ལོ་ ༢༠༢༦ ཟླ་ ༥ ཚེས་ ༡༣ ཉིན་སྲིད་སྤྱི་གཉིས་ཀྱི་དངོས་གཞིའི་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་གནང་གཏན་འཁེལ་ཡོད་པ་རེད།



