ཟླ་བ་འདིའི་ཚེས་ ༡ ཉིན་རྒྱལ་སྤྱིའི་ཡུལ་གྲུ་འདྲ་མིན་ ༢༧ ནང་གི་བཙན་བྱོལ་བོད་མི་རྣམས་ཀྱིས་ ༢༠༢༦ ལོའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུའི་ནང་ཆ་ཤས་བླངས་ཡོད་པ་དང་། དེ་རིང་ནས་ས་གནས་འོས་བསྡུ་ལས་ཁང་སོ་སོས་འོས་བསྡུའི་གྲངས་བཤེར་ཕྱོགས་བསྡོམས་གནང་འགོ་ཚུགས་ཀྱི་ཡོད་པ་རེད།
འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པ་རྣམ་པས་སྔོན་འགྲོའི་འོས་བསྡུའི་ཉིན་འོས་འཕེན་པ་མང་དག་ཅིག་ལ་བཅར་འདྲི་ཞུ་སྐབས། དཀའ་ངལ་མང་དག་ཅིག་གླེང་མཁན་བྱུང་བའི་ཁོངས་ནས་མང་ཆེ་བས་སྤྱི་འཐུས་ཀྱི་འགེངས་ཤོག་ནང་སྤྱི་འཐུས་བཅུ་མ་ཟད། དེ་དག་གི་སྡོད་གནས་དང་ལས་གནས་སོགས་ཞིབ་ཕྲ་མང་དག་ཅིག་དགང་དགོས་པ་དེ་དཀའ་ངལ་ཆེན་པོ་ཞིག་ལ་ངོས་འཛིན་དང་བཅས་མ་འོངས་འགེངས་ཤོག་སྟབས་བདེ་པོ་བཟོ་དགོས་པ་གསུང་མཁན་བྱུང་ཡོད།

དེའི་ཁྲོད་ད་ཆ་རྒྱ་གར་ལྷོ་ཕྱོགས་ནང་སྐུ་བཞུགས་གནང་བཞིན་པ་དང་། དེ་སྔ་ལོ་མང་རིང་གཞུང་ཞབས་དང་གསར་འགོད་པ་བཅས་གནང་སྟེ་རྒས་ཡོལ་ལ་ཕེབས་པའི་གཡུ་རྒྱལ་ལགས་ཀྱིས་སེམས་འཚབ་དང་བཅས། དེ་རིང་ཆེད་དུ་མངགས་ནས་འདི་ག་གསར་འགོད་པར་འབྲེལ་བ་གནང་སྟེ་དཀའ་ངལ་དེ་དག་གླེང་གནང་བ་མ་ཟད། འོས་འཕེན་པའི་གྲངས་འབོར་མང་བའི་རྒྱ་གར་ལྷོ་ཕྱོགས་ལྟ་བུར་མཚོན་ན། སྤྱི་འཐུས་ཀྱི་འགེངས་ཤོག་ནང་མི་བཅུ་པོའི་མིང་ཙམ་མ་ཟད། དོན་ཚན་གཞན་མང་དག་ཅིག་དགང་དགོས་པ་དེ་དཀའ་ངལ་ཆེན་པོར་གྱུར་སྟེ་འོས་འཕེན་པ་ཁག་གཅིག་གིས་རང་ཉིད་ལ་འོས་གཞི་བཅུ་ཡོད་ཀྱང་ཉུང་ཤས་ལས་བཀང་མ་ཐུབ་པ་དང་། དེ་ལྟ་བུའི་དཀའ་ངལ་འཕྲོད་བྲིས་བསུབ་དེ་འདྲ་ཡོང་སྲིད་ཀྱང་འོས་བསྡུའི་སྒྲིག་གཞིའི་ནང་བྲིས་བསུབ་བཏང་ན་རྩིས་མེད་གཏོང་རྒྱུ་ཞེས་པ་ནི་དཀའ་ངལ་ཆེན་པོ་ཡིན་པ་གསུངས་སོང་།
དེ་འབྲེལ་ཁོང་གིས་མ་འོངས་པར་སྔོན་འགྲོའི་འོས་བསྡུ་ཆེན་མོའི་སྐབས་འོས་གཞིར་བཞེངས་མཁན་རྣམས་ཀྱིས་སྔོན་ཚུད་ནས་དབུས་འོས་བསྡུ་ལས་ཁང་ལ་དེབ་སྐྱེལ་གནང་བ་དང་འབྲེལ་འོས་བསྡུ་ལས་ཁང་ནས་དོ་དག་སོ་སོར་ཨང་གྲངས་བགོས་ཐུབ་པ་ཡིན་ན། འོས་ཤོག་སྟབས་བདེ་རུ་འགྲོ་རྒྱུ་དང་། སྤྱི་འཐུས་ཀྱི་མིང་འབྲི་སྐབས་བྲིས་བསུབ་བྱུང་ན་འབྲེལ་ཡོད་འོས་གཞི་གཅིག་མ་གཏོགས་འོས་ཤོག་ཡོངས་རྫོགས་རྩིས་མེད་གཏང་རྒྱུ་མེད་པའི་འབོད་སྐུལ་གནང་གི་འདུག

རྩ་བའི་རླུང་འཕྲིན་ཁང་གིས་ཐེངས་འདིའི་སྔོན་འགྲོའི་འོས་བསྡུ་ཆེན་མོ་དང་འབྲེལ་ནས་གནས་ཚུལ་རྒྱུས་ལོན་བྱེད་སྐབས། ཁག་ཅིག་གིས་སྲིད་སྐྱོང་དང་དབུས་གཙང་ཆོལ་ཁའི་འགེངས་ཤོག་གི་ཚོན་གཅིག་པར་སོང་འོས་སྒམ་ནང་བླུགས་སྐབས་འཁྲུག་ཉེན་ཆེ་བས་མ་འོངས་པར་ཚོན་མི་འདྲ་བ་དགོས་པ་དང་། དེ་བཞིན་འོས་ཤོག་ནང་དགང་དགོས་པའི་དོན་ཚན་བཞི་པོ་རྣམས་སྟབས་བདེ་པོ་བཟོ་དགོས་པ། ཡིག་རྨོངས་དང་དམིགས་བསལ་དགོས་མཁོ་ཅན། དེ་བཞིན་ལོ་ན་བགྲེས་པ་རྣམས་ཀྱིས་འོས་འཕེན་སྐབས་སྡོད་གཅིག་ནང་མི་དང་ཡང་ན་ཡིད་ཆེས་བྱེད་སའི་མི་གཅིག་གི་རོགས་རམ་ལེན་ཆོག་གི་ཡོད་པ་ཁོ་ན་མ་ཡིན་པར་དོ་བདག་དཀའ་ངལ་ཡོད་རིགས་ལ་འོས་བསྡུ་ལས་ཁང་ནས་ཟུར་དུ་ཕྱག་རོགས་གནང་མཁན་ཞིག་དགོས་ངེས་ཡིན་པའི་གཞེན་སྐུལ་གནང་མཁན་བྱུང་སོང་བ་མ་ཟད། འོས་བསྡུའི་ས་ཚིགས་གཅིག་གི་ནང་མི་སྐྱ་ཞིག་གིས་རང་ཉིད་སྔགས་པ་ཡིན་སྐོར་བརྗོད་དེ་ཆོས་ལུགས་སྤྱི་འཐུས་ཀྱི་འགེངས་ཤོག་དགོས་པ་བཤད་སྟབས་དེ་འབྲེལ་དཀའ་ངལ་འཕྲད་པའང་བྱུང་ཡོད།



