Tibetan Royal Year of 2151 | Year of the Wood Dragon

འོས་བསྡུ་ཆེན་མོ། ༢༠༡༦

དབུས་འོས་བསྡུ་ལས་ཁང་ནས་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་དངོས་གཞི་འོས་དམིགས་གསལ་བསྒྲགས་གནང་སོང་།

དེ་རིང་ཕྱི་ཟླ་ ༢ ཚེས་ ༣ གྱི་སྔ་དྲོ་ཚོུད་ ༡༠་༣༠ འི་ཐོག་སྤྱི་ཁྱབ་དབུས་འོས་བསྡུ་ལས་ཁང་ནས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་དམིགས་ཁག་གསལ་བསྒྲགས་བསྐྱངས་པ་དང་ཆབས་ཅིག འོས་འཕེན་པ་ཡོངས་ནས་དངོས་གཞི་སྐབས་འོས་མིའི་མཚན་དང་མཚོན་རྟགས་གང་རུང་སྟེང་དུ་རྟགས་རྒྱག་དགོས་པའི་རེ་བསྐུལ་གནང་སོང་། ཡོངས་ཁྱབ་གསལ་བསྒྲགས་དེ་ནི་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལྷག་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་སྤྱི་ཁྱབ་འོས་བསྡུའི་འགན་འཛིན་ཤོ་ཟུར་བསོད་ནམས་ཆོས་འཕེལ་ལགས་ཀྱིས་དབུས་པའི། འོས་བསྡུའི་འགན་འཛིན་ལས་འཕར་གཉིས་བཅས་ནས་བསྐྱངས་གནང་སོང་བ་དང། དེ་ཡང་ཐོག་མར་འོས་བསྡུའི་སྒྲིག་གཞི་ལྟར། སྲིད་སྐྱོང་གི་དངོས་གཞིའི་འོས་དམིགས་སུ་ད་ལྟའི་སྲིད་སྐྱོང་ལས་ཐོག་བློ་བཟང་སེང་གེ་མཆོག་དང་ད་ལྟའི་སྤྱི་འཐུས་ཚོགས་གཙོ་ལས་ཐོག་སྤེན་པ་ཚེ་མཆོག་རྣམ་གཉིས་བཏོན་གནང་འདུག་པ་དང། སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞི་འོས་དམིགས་སུ་ཆོལ་ཁ་དང་ཆོས་བརྒྱུད་སོགས། ཐོབ་ཁོངས་སོ་སོའི་ཐོབ་ཆའི་གྲངས་ཚད་ཀྱི་ཉིས་ལྡབ་སྟེ། ཆོལ་ཁ་སོ་སོར་འོས་དམིགས་ཉི་ཤུ་རེ་དང་ཆོས་བརྒྱུད་ཁག་ལྔར་འོས་དམིགས་བཞི་རེ། ཡོ་རོབ་དང་ཨཕི་རི་ཀ་དང་བྱང་ཨ་རི་སོ་སོར་འོས་དམིགས་བཞི་རེ་དང་། རྒྱ་བལ་འབྲུག་གསུམ་ཕུད་པའི་ཨེ་ཤི་ཡ་དང་ཨོ་སེ་ཀྲེ་ལེ་ཤི་ཡར་འོས་དམིགས་བསལ་གཉིས་བཅས་བཏོན་གནང་འདུག ཐེངས་འདིའི་དངོས་གཞི་འོས་དམིགས་ཀྱི་གསལ་བསྒྲགས་ཁྲོད། དང་བླངས་ཞུགས་གནང་མཁན་བསྡོམས་ ༤ འདུག་པ་དེ་ལྟར་ཡང། དབུས་གཙང་ཚོལ་ཁའི་ཁོངས་སུ་གཅིག་ཡོད་པ་ཁོང་གི་མཚན་ལ་དཔལ་འབྱོར་རེད་འདུག་པ་དང། ལྷོ་བྱང་ཨ་རིའི་ཁུལ་ནས་དང་བླངས་གཉིས་ཡོད་པ་མཚན་ལ་སྐལ་བཟང་རྒྱས་རྒྱས་ཁྲི་དང་། བསྟན་འཛིན་རང་གྲོལ་བཅས་དང། རྒྱ་བལ་འབྲུག་གསུམ་ཕུད་པའི་ཨོསེ་ཀྲེ་ལེ་ཤི་ཡའི་ཁུལ་ནས་དང་བླངས་གཅིག་ཡོད་པ་ཁོང་གི་མཚན་ལ་ཐུབ་བསྟན་དོན་གྲུབ་བཅས་རེད་འདུག སྐབས་དེར་སྤྱི་ཁྱབ་འོས་བསྡུའི་འགན་འཛིན་ཤོ་ཟུར་བསོད་ནམས་ཆོས་འཕེལ་ལགས་ནས། སྲིད་སྐྱོང་དང་སྤྱི་འཐུས་གཉིས་ཀྱི་འོས་གཞི་རྣམ་པས་དངོས་གཞི་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་མ་ཟིན་གོང་དུ་ས་གནས་སོ་སོའི་འོས་བསྡུ་ལས་ཁང་ལ་རང་གི་རྩིས་སྙན་འབུལ་དགོས་པ་དང་། ལྷག་པར་དུ་རྒྱ་ཆེའི་འོས་འཕེན་པ་ཡོངས་ནས། དངོས་གཞི་འོས་འཕེན་སྐབས་དཔེར་ན་ཆོལ་ཁ་སོ་སོར་འོས་མི་ཉི་ཤུ་དང་དེའི་སྟེང་དང་བླངས་བསྣན་ཡོད་པ་བཅས་ཀྱི་ནང་ནས་ཁྱོན་འོས་མི་བཅུའི་མཚན་དང་མཚོན་རྟགས་གང་རུང་གི་སྟེང་དུ་འོས་རྟགས་རྒྱག་དགོས་པ་ལས། བཅུ་ལས་བརྒལ་མི་ཆོག་པ་དང། ཕོ་མོ་ཁྱད་མེད་བཅུ་རེའི་ནང་དུ་བུད་མེད་གཉིས་ལ་ངེས་པར་འོས་འཕེན་དགོས་པ་སྔོན་འགྲོ་དང་གཅིག་མཚུངས་ཡིན་པ་སོགས་མང་ཚོགས་ནས་ཐུགས་སྣང་དགོས་པའི་རེ་བསྐུལ་དོན་ཚན་དྲུག་ཅན་ཞིག་ཀྱང་གནང་སོང་། སྤྱི་ཁྱབ་འོས་བསྡུ་ལས་ཁང་ནས་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་དངོས་གཞི་འོས་དམིགས་ཀྱི་གསལ་བསྒྲགས་གཤམ་དུ་གཟིགས་རྒྱུ་ཡོད།། སྲིད་སྐྱོང་དང་ཆོས་བརྒྱུད་ཁག བྱང་ཨ་རི། ཨོ་སེ་ཀྲི་ལེ་ཤ་ཡའི་འོས་དམིགས།    Final-Candidates-2016-1 སྲིད་སྐྱོང་དང་། ཆོས་བརྒྱུད། དབུས་གཙང་ཆོལ་ཁའི་འོས་དམིགས།            Final-Candidates-2016-1 དབུས་གཙང་། མདོ་སྟོད་ཆོལ་ཁའི་འོས་དམིགས།               Final-Candidates-2016-1 མདོ་སྟོད། མདོ་སྨན་ཆོལ་ཁའི་འོས་དམིགས།               Final-Candidates-2016-1 མདོ་སྨད།

༢༠༡༦ ལོའི་སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་བསྐྱངས་པ།

དབུས་འོས་བསྡུ་ལས་ཁང་ནས་དེ་རིང་ཕྱི་ཟླ་ ༡༢ ཚེས་ ༤ ཉིན་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ་ཕྱི་ལོ་ ༢༠༡༦ ལོའི་བཀའ་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་གནང་ཡོད་པ་དང། ད་ལོ་བཙན་བྱོལ་བོད་མིའི་ཁྲོད་ནས་འོས་འཕེན་པའི་མིང་གཞུང་དེབ་སྐྱེལ་གནང་བ་ཁྱོན་མི་གྲངས་ ༨༨༣༢༦ བྱུང་ཡོད་པའི་ཁོངས་ནས་དངོས་སུ་འོས་འཕེན་མཁན་གྱི་གྲངས་འབོར་རྒྱ་ཆ་ ༥༣ ལྷག་ཙམ་བྱུང་འདུག དེ་བཞིན་ཐེངས་འདིའི་འོས་བསྡུ་ཆེན་མོའི་ནང་འབྲུག་ཡུལ་བོད་མི་རྣམས་ནས་མཉམ་ཞུགས་གནང་མེད་པ་མ་ཟད། འོས་ཤོག་གྲངས་བཤེར་བྱས་པ་ལས། སྤྱི་འཐུས་འོས་གྲངས་ ༢༣༨༣ དང་སྲིད་སྐྱོང་འོས་གྲངས་ ༤༩༩ རྩིས་མེད་དུ་ཕྱིན་འདུག དབུས་འོས་བསྡུ་ལས་ཁང་ནས་སྲིད་སྐྱོང་གི་སྔོན་འགྲོའི་འོས་གཞིར་མི་ ༦ གི་མཚན་སྟོན་གནང་པའི་ཁོངས་ནས་སྲིད་སྐྱོང་ལས་ཐོག་བློ་བཟང་སེང་གེ་མཆོག་ལ་འོས་གྲངས་ ༣༠༥༠༨ དང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ལ་འོས་གྲངས་ ༡༠༧༣༢ ཨ་ཚོགས་ཀླུ་མཁར་བྱམས་ལགས་ལ་འོས་གྲངས་ ༢༥༥༧ དང་བཀྲིས་དབང་འདུས་ལགས་ལ་འོས་གྲངས་ ༡༨༨༠ བཀྲིས་སྟོབས་རྒྱལ་ལགས་ལ་ ༣༨ དེ་བཞིན་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་ལ་འོས་གྲངས་ ༡༨ བཅས་ཐོབ་འདུག སྲིད་སྐྱོང་དང་སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་གཞི་ཁག་རྒྱས་གཟིགས་ཞུ་ཕྱིར་གཤམ་གྱི་ཁ་བྱང་ལ་སྣོན་གནང་རོགས།     སྲིད་སྐྱོང་། རྙིང་མ། བཀའ་བརྒྱུད། ས་སྐྱ། དགེ་ལུགས། བོན། དབུས་གཙང་། མདོ་སྟོད། མདོ་སྨད། ལྷོ་བྱང་ཨ་རི། ཡོ་རོབ། ཨོ་སི་ཀྲི་ལེ་ཤ་ཡ།

སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་ཤོག་གྲངས་བཤེར་གནང་འགོ་བཙུགས་འདུག

དབུས་འོས་བསྡུ་ལས་ཁང་གིས་བཀའ་ཤག་སྐབས་བཅུ་དྲུག་གི་སྲིད་སྐྱོང་དང་སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་གྲངས་ཇི་ཐོབ་བཤེར་གནང་འགོ་བཙུགས་ཡོད་པ་རེད། ཕྱི་ལོ་༢༠༡༦ལོའི་སྲིད་སྐྱོང་དང་སྤྱི་འཐུས་རྣམ་པའི་སྔོན་འགྲོ་འོས་བསྡུ་ཆེན་མོའི་ལས་རིམ་དེ་ཟླ་༡༠ཕྱི་ཚེས་༡༨ཉིན་ཡོངས་སུ་གྲུབ་ཟིན་ཡོད་པ་དང་། དབུས་འོས་བསྡུ་ལས་ཁང་ནས་བོད་མིའི་གཞིས་ཁག་ཚོར་ཇི་ལྟར་ཡོངས་ཁྱབ་ཀྱི་བཀོད་ཁྱབ་གནང་དོན་བཞིན།  ཟླ་བ་འདིའི་ཕྱི་ཚེས་༡༩ནང་ཚུལ་ལ་བོད་མིའི་གཞིས་ཁག་སོ་སོའི་ས་གནས་ཀྱི་སྔོན་འགྲོ་འོས་བསྡུའི་ལས་རིམ་ནང་སྲིད་སྐྱོང་དང་སྤྱི་འཐུས་རྣམ་པའི་འོས་གྲངས་ཇི་ཐོབ་ཀྱི་ཕྱོགས་བསྡོམས་གྲངས་འབོར་རྣམས་དབུས་འོས་བསྡུ་ལས་ཁང་དུ་ཕུལ་ཟིན་ཡོད་པ་རེད།  དེ་རིང་བོད་མིའི་སྒྲིག་འཛུགས་བཀའ་ཤག་ཡང་སྟེང་ཚོགས་ཁང་དུ་དབུས་འོས་བསྡུའི་ལས་ཁང་གི་འགན་འཛིན་ཤོ་ཟུར་བསོད་ནམ་ཆོས་འཕེལ་ལགས་གཙོས་པའི་འོས་བསྡུའི་ལས་འཕར་དྲུང་ཆེ་རྣམ་གཉིས་དང་།  དེ་བཞིན་ཆོལ་ཁ་དང་ཆོས་བརྒྱུད་རེ་ནས་སྤྱི་འཐུས་རྒྱུན་ལས་རེ་བཅས་ལྷན་འཛོམས་ཐོག་བོད་མིའི་གཞིས་ཁག་སོ་སོ་ནས་སྔོན་འགྲོ་འོས་བསྡུའི་སྐབས་འོས་གྲངས་ཇི་ཐོབ་ཀྱི་ཕྱོགས་བསྡོམས་འོས་གྲངས་ཁག་གྲངས་བཤེར་གནང་འགོ་བཙུགས་སོང་།  སྐབས་དེར་འོས་བསྡུའི་འགན་འཛིན་ཤོར་ཟུར་བསོད་ནམས་ཆོས་འཕེལ་ལགས་ཀྱིས་གསུངས་དོན་ལ།  དབུ་འོས་བསྡུ་ལས་ཁང་གི་ངོས་ནས་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་དེ་དག་ཕྱི་ཟླ་༡༢ཚེས་༤ཉིན་ཡོངས་ཁྱབ་ཀྱི་གསལ་བསྒྲགས་གནང་རྒྱུ་ཡིན་གསུངས་པ་དང་སྦྲགས། ལྷག་དོན་ཁོང་གིས་བོད་པའི་སྤྱི་ཚོགས་སྤྱི་ཡོངས་ཀྱི་ཁྲོད་ལ་འོས་བསྡུའི་ལས་རིམ་དང་འབྲེལ་བའི་གནད་དོན་ཁག་གི་ཐོག་ལ་ལབ་གླེང་ཡོང་གི་ཡོད་ཀྱང་། དབུས་འོས་བསྡུ་ལས་ཁང་དང་ས་གནས་གཉིས་ལ་མང་ཚོགས་ཀྱི་ཁྲོད་ལས་འོས་བསྡུའི་ལས་རིམ་དང་འབྲེལ་བའི་གནད་དོན་ཐད་ལ་མ་འགྲིག་པའི་ཞུ་གཏུགས་དཔང་རྟགས་དང་བཅས་ངོས་བཅར་གནང་མཁན་སུ་གང་ཡང་བྱུང་མ་སོང་ཅེས་གསུངས་སོ་།

Latest news