Tibetan Royal Year of 2151 | Year of the Wood Dragon

རྒྱ་ནག

པར་རིས་འགྲེམས་སྟོན་དང་རི་མོ་འགྲན་བསྡུར་བརྒྱུད་རྒྱལ་སྤྱིའི་མནར་གཅོད་འགོག་རྒོལ་ཉིན་མོ་སྲུང་བརྩི།

དེ་རིང་ཕྱི་ཟླ་ ༦ ཚེས་ ༢༦ ཉིན་རྒྱལ་ཚོགས་ནས་ International Day in Support of Victims of Torture འམ་རྒྱལ་སྤྱིའི་མནར་གཅོད་འགོག་རྒོལ་ཉིན་མོ་ཞེས་གཏན་འབེབས་གནང་བ་ལྟར། བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་དང་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་གཉིས་ཟུང་འབྲེལ་གྱིས་པར་རིས་འགྲེམས་སྟོན་དང་རི་མོ་འགྲན་བསྡུར་གནང་ཐོག་ཉིན་མོ་དེ་སྲུང་བརྩི་ཞུས་སོང་།བཞུགས་སྒར་དུ་རྟེན་གཞི་བྱས་པའི་དྷ་ཤོད་བོད་ཁྱིམ་སློབ་གྲྭའི་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་དང་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་གཉིས་ཟུང་འབྲེལ་གྱིས་གོ་སྒྲིག་འོག་བོད་རང་དབང་རང་བཙན་ གནས་བབ་མཚོན་པའི་ལོ་རྒྱུས་ཀྱི་དཔང་རྟགས་དང་རྒྱ་ནག་གིས་བོད་ལ་དབང་སྒྱུར་བྱེད་སྐབས། བོད་མིའི་ངོས་ནས་དེར་འགོག་རྒོལ་གནང་སྟངས། མ་ཟད།  རིག་གནས་གསར་བརྗེའི་གནས་སྟངས། ས་བྱི་ཞི་རྒོལ་ཆེན་མོ། རིམ་པས་ཉེ་བའི་ལོ་རབས་ནང་རང་ལུས་མེར་བསྲེགས་གནང་བའི་གནད་དོན་བཅས་ལོ་རྒྱུས་ཀྱི་འཕེལ་རིམ་ཕྱོགས་སྒྲིག་གནང་བའི་པར་རིས་འགྲེམས་སྟོན་དང་། དེ་རྗེས་དྷ་ཤོད་བོད་ཁྱིམ་སློབ་གྲྭའི་འཛིན་རིམ་དྲུག་པ་ནས་བཅུ་པ་བར་གྱི་སློབ་མ་ཁྱོན་ ༣༥ ཙམ་མཉམ་ཞུགས་ཀྱིས་ཉིན་མོ་དེ་འབྲེལ་རི་མོ་འགྲན་བསྡུར་བཅས་གནང་སྟེ་ཉིན་མོ་དེ་སྲུང་བརྩི་ཞུས་ཡོད་པ་རེད།སྐབས་དེར་གསར་འགོད་པས་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཞོན་ཟླ་བ་བཀྲ་ཤིས་ལགས་སུ་དུས་ཚིགས་དེ་འབྲེལ་བཅར་འདྲི་ཞུས་པར་སློབ་ཕྲུག་ཚོར་བོད་ནང་གི་བོད་མི་ཚོས་རྒྱ་གཞུང་གིས་དབང་སྒྱུར་འོག་མནར་གཅོད་དང་སྡུག་རྩུབ་ཧ་ཅང་མྱོང་བཞིན་པའི་ལོ་རྒྱུས་རིམ་པ་ངོ་སྤྲོད་དང་། སློབ་ཕྲུག་ཚོར་མཚོན་ན་མ་འོངས་པའི་རེ་བ་བཅོལ་ས་ཞིག་ཆགས་སྟབས། འདས་པའི་བོད་ཀྱི་ལོ་རྒྱུས་དེ་དག་མི་རབས་གསར་པར་འགྲེལ་བརྗོང་གནང་རྒྱུ་དེ་རིན་ཐང་ཆེན་པོ་ཞིག་ལ་ངོས་འཛིན་གནང་ནས་ལས་འགུལ་དེ་སློབ་གྲྭར་སྤེལ་སྐོར་གསུངས་སོང་། བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ཆབ་བཙོན་འབྲེལ་ཡོད་ལས་བྱེད་བསྟན་འཛིན་དབང་གྲགས་ལགས་ཀྱིས་རྒྱ་གཞུང་གིས་ཆེས་སྡུག་རྩུབ་འོག་བོད་མི་ཆབ་སྲིད་བཙོན་པ་དང་བཙོན་ཟུར་ནས་མནར་གཅོད་མྱངས་བ་དང་མྱོང་བཞིན་པའི་གནས་སྟངས་དེ་དག་གོ་རྟོགས་སྤེལ་རྒྱུ་དང་། དེ་བཞིན་མནར་གཅོད་མྱང་བའི་བོད་མི་དེ་དག་དྲན་གསོ་དང་།  ཁོང་རྣམས་ཀྱི་སྙིང་སྟོབས་ལ་གུས་བརྩི་དང་གདུང་སེམས་མཉམ་བསྐྱེད་ཞུ་ཕྱིར་ཡིན་པ་མ་ཟད། ལྷག་དོན་འཕྲོད་བསྟེན་ལས་ཁུངས་ནས་བཙན་བྱོལ་དུ་ཡོད་པའི་ཆབ་སྲིད་བཙོན་ཟུར་དང་འབྲེལ་ཡོད་ལ་འཚོ་སྣོན་དང་རིན་མེད་ཀྱི་གསོལ་སྨན་འབུལ་བཞིན་སྐོར་འགྲེལ་བརྗོད་གནང་ཡོད།གཞི་རྩའི་ཨ་རི་ཕྱི་སྲིད་ལས་ཁུངས་གཙོས་པའི་རྒྱལ་སྤྱིའི་ཚོགས་སྐྱིད་ཁག་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ཐད་སྙན་ཐོ་རིམ་པ་སྤེལ་བའི་ནང་རྒྱ་གཞུང་གིས་བོད་མིར་བསམ་ཡུལ་ལས་འདས་པའི་མནར་གཅོད་དང་དམ་དྲག་བྱེད་མུས་ཡིན་པ་སོགས་ཐེར་འདོན་གནང་ཡོད། སྙན་ཐོ་དེ་དག་ལ་གཞིགས་ཚེ་རྒྱ་གཞུང་གིས་ཆབ་སྲིད་བཙོན་པ་དེ་དག་ལ་ལུས་པོར་མནར་གཅོད་གཏོང་བ་ཙམ་མིན་པར་བཙོན་ནས་གློད་བཀྲོལ་ཐོབ་རྗེས་འདུ་འཛོམས་རང་དབང་། ཆོས་དད་རང་དབང་།  སྨྲ་བརྗོད་རང་དབང་སོགས་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་འགྲོ་འདུག་ཀུན་སྤྱོད་ལ་ལྟ་སྲུང་ནན་པོས་སེམས་ཁམས་ལ་བརྗོད་དཀའ་བའི་རྨ་ཁ་བཟོ་མུས་ཡིན་པ་དང་། ཆབ་སྲིད་བཙོན་ཟུར་ཁག་གཅིག་བཙོན་ནང་མནར་གཅོད་ཚད་མེད་མྱངས་རྐྱེན་བཙོན་ཁང་རང་དུ་འདས་གྲོངས་སུ་གྱུར་བའི་གནས་ཚུལ་མི་ཉུང་བ་བྱུང་ཡོད་པ་རེད།

སུད་སི་གྲོས་ཚོགས་འཐུས་མིས་སུད་སི་གཞུང་ལ་བོད་དོན་དང་འབྲེལ་བའི་དྲི་བ་གནང་བ།  

སུད་སི་གྲོས་ཚོགས་འཐུས་མིས་སུད་སི་གཞུང་ལ་བོད་དོན་དང་དེ་བཞིན་སུད་སི་དང་རྒྱ་ནག་ཕྱོགས་གཉིས་ཀྱི་དབར་འགྲོ་བ་མིའི་ཐོབ་ཐང་གི་གྲོས་མོལ་དེར་ནུས་པ་ག་ཚོད་ཐོན་ཡོད་མེད་སོགས་ཀྱི་སྐོར་དྲི་བ་གནང་འདུག ཁ་སང་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་གནས་ཐོག་སྤེལ་བར་སུད་སི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཞོན་ལྕམ་སྐུ་ Maya Graf ལགས་དང་གྲོས་ཚོགས་འཐུས་མི་སྐུ་ཞབས་ Fabian Molina ལགས། དེ་བཞིན་སྐུ་ཞབས་ Niklaus Gugger ལགས། གྲོས་ཚོགས་འཐུས་མི་ཁག་གཅིག་ནས་ཉེ་ལམ་ཟླ་བ་འདིའི་ཕྱི་ཚེས་ ༣ ནས་ཕྱི་ཚེས་ ༢༡ བར་ཚོགས་པའི་སུད་སི་དབྱར་དུས་གྲོས་ཚོགས་སུ་སུད་སི་གཞུང་ལ་བོད་དོན་དང་འབྲེལ་བའི་དྲི་བ་ཁག་གཅིག་བཏང་འདུགསྐབས་དེར་གྲོས་ཚོགས་འཐུས་མི་རྣམ་པས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གི་འགོ་ཁྲིད་འོག་བོད་གཙོས་པའི་ཤར་ཏུར་ཀི་སི་ཐན་གྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཆེས་ཇེ་སྡུག་ཏུ་འགྲོ་བཞིན་པ་དང་། ཆོས་ལུགས་དང་འདུ་འཛོམས་རང་དབང་ལ་དམ་དྲག་བྱེད་བཞིན་པའི་གནད་དོན་གླེང་སློང་གནང་འདུག ལྕམ་སྐུ་ Maya Graf ལགས་ཀྱིས་སུད་སི་གཞུང་ནས་བོད་གཙོས་པའི་ཤར་ཏུར་ཀི་སི་ཐན་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་དཔྱད་ཞིབ་གནང་རྒྱུའི་བསྐྱར་དུ་བསམ་ཞིབ་གནང་མིན་དང་སུད་སི་ནས་རྒྱ་ནག་ཐོག་འཛིན་པའི་སྲིད་བྱུས་ལ་བསྒྱུར་བཅོས་གནང་མིན་དང་འབྲེལ།  སུད་སི་དང་རྒྱ་ནག་ཕྱོགས་གཉིས་དབར་འགྲོ་བ་མིའི་ཐོབ་ཐང་གི་གྲོས་མོལ་ཐད་ནུས་པ་ཇི་ཙམ་ཐོན་མིན་སྐོར་ལ་དྲི་བ་བཏང་འདུག གཞི་རྩའི་དེ་སྔོན་པེ་ཅིན་དུ་སུད་སི་དང་རྒྱ་ནག་གཉིས་དབར་འགྲོ་བ་མིའི་ཐོབ་ཐང་གི་གྲོས་མོལ་ཐེངས་ ༡༦ པ་ཚོགས་པ་དང་འབྲེལ། སུད་སི་གཞུང་གིས་སྤྱི་བསྒྲགས་ཤིག་སྤེལ་ནས་གྲོས་མོལ་ཐོག་བོད་ཀྱི་གནད་དོན་གླེང་ཡོད་སྐོར་བརྗོད་པ་དེ་ལྟར་ཡང་། སྐུ་ཞབས་ Niklaus Gugger ལགས་ཀྱིས་སུད་སི་དང་རྒྱ་ནག་གཉིས་དབར་འགྲོ་བ་མིའི་ཐོབ་ཐང་གི་གྲོས་མོལ་ཐད་ད་ཆ་གྲུབ་འབྲས་གང་ཡང་སོན་མེད་པ་དང་སྒོས་སུ་སུད་སི་གཞུང་ནས་འགྲོ་བ་མིའི་ཐོབ་ཐང་གི་སྡེ་ཚན་ཐད་གྲུབ་འབྲས་ཇེ་བཟང་དུ་གནང་ཕྱིར་འབད་བརྩོན་སྔར་ལྷག་གནང་རྒྱུ་ཡིན་མིན་དང་། སྐུ་ཞབས་ Fabian Molina ལགས་ཀྱིས་ཡུ་རོབ་མཐུན་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་བོད་ནང་འཚམས་གཟིགས་སུ་ཕེབས་སྐོར་གྱི་གནད་དོན་སོགས་ཀྱི་ཐད་དྲི་བ་བཏང་འདུག རྩ་བའི་ད་རེས་ཀྱི་གྲོས་ཚོགས་ཚོགས་འདུ་མ་འཚོགས་གོང་དུ་ཉེ་སྔོན་ཕྱི་ཚེས་ ༡༧ ཉིན་སུད་སི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ལོ་འཁོར་ཚོགས་འདུ་ཚོགས་པ་དང་། ཚོགས་འདུ་ནང་མཉམ་ཞུགས་པས་བོད་དོན་དང་འབྲེལ་བའི་ནང་མོལ་གནད་དོན་དང་། སུད་སི་གྲོས་ཚོགས་ནང་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་སྐོར་གླེང་སློང་གནང་ཕྱོགས་སོགས་ཀྱི་ཐོག་གྲོས་བསྡུར་གནང་བ་དང་བསྟུན་ཚོགས་འདུའི་སྐབས་ཀྱི་དྲི་བ་ཁག་གཅིག་དབྱར་དུས་གྲོས་ཚོགས་སུ་སྙན་གསེང་ཞུས་པ་ཡོད་པ་རེད། སུད་སི་གཞུང་ནས་གྲོས་ཚོགས་འཐུས་མིའི་དྲི་བ་ཁག་ལ་ཟླ་བ་དགུ་པའི་ནང་སྟོན་དུས་གྲོས་ཚོགས་ཐོག་ལན་འདེབས་གནང་རྒྱུ་རེད་འདུག

པཎ་ཆེན་རྒྱལ་མཚན་ནོར་བུ་སྐབས་བཅིུག་པའི་རྒྱ་ནག་ནང་བསྟན་མཐུན་ཚོགས་ཀྱི་བོད་རང་སྐྱོང་ལྗོངས་ཡན་ལག་ཚོགས་པའི་ཚོགས་གཙོར་བསྐོ་གཞག

རྒྱ་གཞུང་གིས་ངོས་འཛིན་བྱས་པའི་པཎ་ཆེན་རྒྱལ་མཚན་ནོར་བུ་ཉེ་ཆར་རྒྱ་ནག་ནང་བསྟན་མཐུན་ཚོགས་ཀྱི་བོད་རང་སྐྱོང་ལྗོངས་ཡན་ལག་ཚོགས་པའི་ཚོགས་གཙོར་བསྐོ་གཞག་བྱས་འདུགཁ་སང་རྒྱ་ནག་གཞུང་འབྲེལ་གྱི་གསར་ཁང་ Xinhua ཐོག་གནས་ཚུལ་སྤེལ་བར་ཉེ་ཆར་བདུན་ཕྲག་སྔོན་མའི་ཚེས་ ༢༢ ཉིན་བོད་ཀྱི་རྒྱལ་ས་ལྷ་སར་བོད་རང་སྐྱོང་ལྗོངས་སྲིད་གྲོས་ཚོམས་ཆེན་དུ་རྒྱ་ནག་ནང་བསྟན་མཐུན་ཚོགས་ཀྱི་བོད་ལྗོངས་ཡན་ལག་ཚོགས་པའི་སྐབས་བཅུ་གཅིག་པའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་དང་པོ་བསྐོང་ཚོགས་བརྒྱུད་ད་ཆ་མཐུན་ཚོགས་དེའི་ཚོགས་གཞོན་གྱི་འགན་ཁུར་བཞིན་པ་རྒྱལ་མཚན་ནོར་བུ་སྐབས་བཅིུག་པའི་རྒྱ་ནག་ནང་བསྟན་མཐུན་ཚོགས་ཀྱི་བོད་རང་སྐྱོང་ལྗོངས་ས་གནས་ཡན་ལག་གི་ཚོགས་གཙོར་བསྐོ་གཞག་བྱས་པ་དང་། རྒྱ་ནག་ནང་བསྟན་མཐུན་ཚོགས་ཀྱི་བོད་ལྗོངས་ཡན་ལག་ཚོགས་པའི་སྐབས་བཅུ་གཅིག་པའི་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་ལས་ཚོགས་གཙོ་གཞོན་པར་སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་དང་བསོད་ནམས་རིག་འཛིན་གཉིས་བསྐོ་གཞག་བྱས་འདུག་པ་མ་ཟད། འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་སླར་ཡང་མཐུན་ཚོགས་དེའི་མཚན་འཛིན་ཚོགས་གཙོར་གདན་ཞུས་བྱས་འདུགཚོགས་འདུ་དེའི་ཐོག་གཞན་ཡང་སྟག་བྲག་བསྟན་འཛིན་དགེ་ལེགས་སོགས་མི་ ༡༨ རྒྱ་ནག་ནང་བསྟན་མཐུན་ཚོགས་ཀྱི་བོད་རང་སྐྱོང་ལྗོངས་ཡན་ལག་ཚོགས་པའི་སྐབས་བཅིུག་པའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཞོན་དུ་བདམས་ཐོན་བྱུང་འདུག་པ་དང་། དེའི་ནང་ནས་ ༡༦ བསྐྱར་དུ་བསྐོ་གཞག་བྱས་པ་དང་། གཞན་ཚོགས་མི་ ༥ གསར་འདེབས་བྱས་པ་ཆགས་ཀྱི་འདུག བདམས་ཐོན་ཚོགས་མི་རྣམས་བོད་བརྒྱུད་ནང་བསྟན་གྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་པའི་སྐུ་ཚབ་མཚོན་གྱི་ཡོད་ཚུལ་བཤད་འདུགརྩ་བའི་རྒྱ་ནག་གཞུང་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ངོས་འཛིན་མཛད་པའི་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ཡབ་ཡུམ་འཁོར་དང་བཅས་པ་བཙན་ཁྲིད་ཀྱིས་གར་སོང་ཆ་མེད་དུ་གྱུར་ནས་ལོ་ངོ་  ༢༤ འགྲོ་བཞིན་ཡོད་ཀྱང་། རྒྱ་གཞུང་གི་ངོས་ནས་མ་འོངས་པར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸སྐུ་འཚོ་བཞུགས་མེད་པའི་དུས་སྐབས་ཀྱི་སྟ་གོན་ཚུལ་དུ་མགོན་པོ་༸གང་ཉིད་མཆོག་གི་༸སྐུ་ཚབ་ཏུ་པཎ་ཆེན་རྒྱལ་མཚན་ནོར་བུ་ལ་བོད་མི་མང་ཚོགས་ནས་ངོས་ལེན་ཐོབ་ཐབས་ཀྱི་ལས་དོན་ཤུགས་ཆེ་རུ་གཏོང་བཞིན་པ་དང་། དེར་བོད་མིའི་ངོས་ནས་༸གོང་ས་མཆོག་༸སྐུ་འཚོ་བཞུགས་མེད་པའི་དུས་སྐབས་སུའང་རྒྱལ་མཚན་ནོར་བུ་པཎ་ཆེན་ལ་ངོས་ལེན་ཡོང་བ་ཆེས་དཀའ་བའི་གནས་ཡིན་པ་ཐེར་འདོན་གནང་འདུགའདི་ག་རླུང་འཕྲིན་ཁང་ནས་ཉེ་སྔོན་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་བསྟན་འཛིན་ཚེ་བརྟན་ལགས་སུ་པཎ་ཆེན་རྒྱལ་མཚན་ནོར་བུ་དང་འབྲེལ་ནས་བཅར་འདྲི་ཁག་གཅིག་ཞུས་པར་ཁོང་གིས་ད་རེས་པཎ་ཆེན་རྒྱལ་མཚན་ནོར་བུ་རྒྱ་ནག་གི་ཕྱི་ཕྱོགས་ཐེ་ལན་ཌིའི་ནང་གཞུང་འབྲེལ་སྐོར་སྐྱོད་གནང་ཡོད་པ་དེ་ནི་གཙོ་བོ་རྒྱལ་མཚན་ནོར་བུའི་ཆོས་ཕྱོགས་ཀྱི་མཛད་འཕྲིན་ཁག་རྒྱལ་སྤྱིའི་ཁྲོད་ཁྱབ་སྤེལ་ཡོང་རྒྱུའི་གོམ་པ་དང་པོ་ཆགས་ཀྱི་ཡོད་པ་དང་དེ་ཆབ་སྲིད་ཀྱི་ཐོག་ནས་གནད་འགག་ཆེན་པོ་ཞིག་ཆགས་ཀྱི་ཡོད་སྐོར་གསུངས་ཡོད།

རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༤༡ པ་དབུ་འཛུགས།

ཁ་སང་ཕྱི་ཟླ་ ༦ ཚེས་ ༢༤ ཉིན་སུད་སི་གྲོང་ཁྱེར་ཇི་ནི་ལྦ་ནང་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༤༡ པ་དབུ་འཛུགས་གནང་ཡོད་པ་དང་།  རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་གཙོ་འཛིན་ལྕམ་སྐུ་ Michelle Bachelet མཆོག་ལྷན་ཚོགས་ཀྱི་དབུ་འབྱེད་གསུང་བཤད་གནང་སྐབས་ཡུ་གུར་དང་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་གནད་དོན་གཞན་གྱི་ཐོག་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཁང་གི་ངོས་ནས་རྒྱ་ནག་གཞུང་དང་ལྷན་དུ་གླེང་མོལ་གནང་བཞིན་ཡོད་པ་མ་ཟད། དེ་བཞིན་རྒྱ་ནག་ཁྱབ་ཁོངས་ས་གནས་ཁག་ཏུ་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་འབྲེལ་ཡོད་མི་སྣ་དག་ལ་བཀག་འགོག་མེད་པར་རྟོག་ཞིབ་གནང་ཕྱིར་འགྲོ་སྐྱོད་ཡོང་རྒྱུར་རྒྱ་ནག་དང་ལྷན་དུ་གླེང་མོལ་མུ་མཐུད་ནས་གནང་བཞིན་ཡོད་པ་གསུངས་འདུགདབུ་འབྱེད་ཀྱི་གསུང་བཤད་གནང་སྐབས་གཙོ་འཛིན་མཆོག་གིས་སིརྱ་དང་ Suadi Arabia དེ་བཞིན་ Sudan དང་ Sri Lanka དང་ Myanmar སོགས་ཀྱི་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ལ་སེམས་ཚབས་ཆེན་པོ་ཡོད་པའི་རྣམ་པ་བསྟན་པ་དང་། དེ་བཞིན་ཉེ་ཆར་ཧོང་ཀོང་ནང་མི་མང་ས་ཡ་མང་པོས་ཞི་རྒོལ་དང་འབྲེལ་ཏེ་ཧོང་ཀོང་གཞུང་གིས་དོགས་ཡོད་ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་འཆར་ཐོག་འབྲེལ་ཡོད་མང་ཚོགས་གང་མང་གི་བསམ་ཚུལ་མཉམ་སྤུངས་དགོས་གལ་ཡིན་སྐོར་གསུངས་པ་མ་ཟད། ལྷག་པར་དུ་གཙོ་འཛིན་མཆོག་གིས་དེང་གི་འཕྲུལ་རིགས་དང་སྤྱི་ཚོགས་ཀྱི་དྲྭ་རྒྱའི་དུས་སྐབས་འདིར་འབྲེལ་ཡོད་རྒྱལ་ཁབ་ཚོས་སྤྱི་ཚོགས་ཀྱི་དྲྭ་རྒྱར་དོ་དམ་བཏང་འཛིན་གནང་སྐབས་མང་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་དཔ་ཕོག་མེད་པར་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་སྒྲོམ་གཞིར་གཞི་བཅོལ་ཐོག་དམ་འཛིན་གནང་དགོས་པ་གསུངས་འདུག རྩ་བའི་ད་རེས་ལྷན་ཚོགས་ཐེངས་ ༤༡ པ་དེ་ཟླ་ ༦ ཚེས་ ༢༤ ནས་ཟླ་ ༧ ཚེས་ ༡༢ བར་བདུན་ཕྲག་གསུམ་གྱི་རིང་ཚོགས་ཡོད་པ་རེད།ཤེས་རྟོགས་བྱུང་བར་ལྷན་ཚོགས་དང་བསྟུན་རེས་གཟའ་པ་སངས་ཉིན་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་ཚོས་རྒྱལ་ཚོགས་ཀྱི་མདུན་དུ་ཞི་རྒོལ་གྱི་ལས་འགུལ་སྤེལ་འཆར་ཡོད་པ་མ་ཟད། གཟའ་འཁོར་རྗེས་མའི་རེས་གཟའ་མིག་དམར་ཉིན་སུད་སི་སྐུ་ཚབ་དོན་གཅོད་ཁང་གི་གོ་སྒྲིག་འོག་རྒྱལ་ཚོགས་ཀྱི་ཆེད་ལས་མི་སྣ་གདན་ཞུས་ཀྱིས་བོད་ནང་གི་ཆོས་དད་རང་དབང་དང་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་སྐོར་ཟུར་ཚོགས་ཤིག་ཀྱང་གནང་རྒྱུ་རེད་འདུག སྤྱིར་ཚོགས་མི་རྒྱལ་ཁབ་ ༤༧ ལས་གྲུབ་པའི་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཁང་གི་ལྷན་ཁང་གིས་ལོ་རེའི་ཕྱི་ཟླ་གསུམ་དང་དྲུག་པ་། དེ་བཞིན་ཕྱི་ཟླ་བཅིུག་བཅས་ཁག་སོ་སོར་ལྷན་ཚོགས་ཐེངས་གསུམ་རེ་ཚོགས་ཀྱི་ཡོད་པ་དང་། ལྷན་ཚོགས་སོ་སོའི་ནང་གཙོ་བོ་རྒྱལ་ཁབ་ཁག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་གླེང་སློང་དང་བགྲོ་གླེང་བཅས་གནང་གི་ཡོད་པ་རེད། ད་རེས་ཕྱི་ཟླ་ ༦ པའི་ལྷན་ཚོགས་ཐོག་འཛམ་གླིང་རྒྱལ་ཁབ་ཁག་སོ་སོའི་ནང་གི་སྨྲ་བརྗོད་རང་དབང་དང་། འདུ་འཛོམས་རང་དབང་། ཤེས་ཡོན་རང་དབང་། སྲོག་ཁྲིམས། དབུལ་ཕོངས་དང་བེུད་ཀྱི་ཐོབ་ཐང་སོགས་ཀྱི་ཐོག་རྒྱལ་ཚོགས་ཀྱི་ཁྱད་ལས་མི་སྣ་ཞིབ་འཇུག་གནང་བའི་སྙན་ཐོ་འདོན་སྤེལ་དང་བགྲོ་གླེང་སོགས་གནང་གི་ཡོད་པ་རེད།

ཤག་རོང་པོ་དགོན་གྱི་གྲྭ་ངག་དབང་རྒྱལ་མཚན་ལགས་གློད་བཀྲོལ་ཐོབ་པ།

འདི་ལོ་ཕྱི་ཟླ་ ༣ ཚེས་ ༧ ཉིན་བོད་རང་སྐྱོང་ལྗོངས་ཀྱི་ཁོངས་ནག་ཆུ་ས་ཁུལ་དུ་ཡོད་པའི་ཤག་རོང་པོ་དགོན་གྱི་གྲྭ་ཆབ་སྲིད་བཙོན་པ་ངག་དབང་རྒྱལ་མཚན་ལགས་ལྷ་ས་ཉེ་ཁུལ་གྲྭ་བཞི་བཙོན་ཁང་ནས་ལོ་གསུམ་གྱི་བཙོན་འཇུག་དུས་ཡུན་རྫོགས་ཡོད་པ་ལྟར་ཁོང་བཙོན་གྲོལ་བཏང་འདུག རྒྱ་གཞུང་ཉེན་རྟོག་པས་ཁོང་གི་ནང་མིར་བརྡ་ལན་གང་ཡང་མ་སྤྲད་པར་ཁོང་དང་མཉམ་དུ་ཉེན་རྟོག་པ་ཡོང་ནས་གསང་བའི་ངང་ཁོང་གི་ཁྱིིམ་དུ་བསྐྱལ་འདུག་པ་དང་། ཡུལ་མི་ཚོས་ཁོང་གློད་བཀྲོལ་བཏང་བ་ཤེས་རྗེས་རིམ་བཞིན་ཉེ་འབྲེལ་དང་གྲོགས་པོ། དེ་བཞིན་ཡུལ་མི་མང་པོས་ཁོང་ལ་གདུང་སེམས་བསྐྱེད་དང་དགའ་བསུ་ཞུ་ཕྱིར་ཁྱིམ་དུ་ཆེད་བཅར་གྱིས་མཇལ་དར་ཕུལ་བ་ཙམ་ལས་ཁོང་གི་སྐུ་གཟུགས་ཀྱི་གནས་སྟངས་དང་། བཙོན་ལ་བཞུགས་ཚེ་མནར་གཅོད་ཇི་ལྟར་གཏང་ཡོད་མེད་སྐོར་ཁ་གསལ་གང་ཡང་ཤེས་རྟོགས་ཐུབ་མེད་པ་རེད། ཁོང་གློད་བཀྲོལ་ཐོབ་ནས་ཟླ་བ་གསུམ་ལྷག་སོང་ཡོད་ཀྱང་ཕྱི་ལ་གནས་ཚུལ་འབྱོར་མི་ཐོབ་པའི་རྒྱུ་མཚན་ནི་ཡུལ་དེར་རྒྱ་གཞུང་གིས་དམ་བསྒྲགས་ཆེ་བ་དང་འཕྲིན་ལམ་ཡང་བཀག་སྡོམ་ཤུགས་ཆེན་པོ་བྱེད་བཞིན་ཡོད་པ་མ་ཟད། ལྷག་པར་དུ་རྒྱ་གཞུང་གིས་ཆེད་གཏོང་བྱས་པའི་ནག་ཚོགས་གཙང་སེལ་ཟེར་བའི་ལས་འགུལ་འོག་ཡུལ་མི་ཀུན་གྱི་འཕྲིན་ལམ་དང་ཁ་པར་སྔོག་གཤེར་དང་། ཉེས་མིང་སྣ་ཚོགས་བཀལ་ནས་དཀའ་ངལ་ཧ་ཅང་སྤྲོད་བཞིན་ཡོད་རྐྱེན་ སྐབས་འཕྲལ་ཕྱི་ཕྱོགས་ལ་ཁོང་གློད་བཀྲོལ་བཏང་བའི་གནས་ཚུལ་ཐོན་ཐུབ་མེད་པ་རེད་འདུགགྲྭ་ངག་དབང་རྒྱལ་མཚན་ལགས་ནི་ནག་ཆུ་རྫོང་རྟར་ཆེན་ཡུལ་ཚོའི་གོང་གསུམ་ཟེར་བའི་གྲོང་པ་ཞིག་ནང་ ༡༩༧༥ ལོར་སྐྱེས་ཡོད་པ་དང་། ཆུང་དུས་ནས་ཤག་རོང་པོ་དགོན་དགའ་ལྡན་དར་རྒྱས་གླིང་དུ་ཆོས་ཞུགས་གནང་ནས་དགོན་པའི་འདོན་རྟ་དབྱངས་ཐིག་རྡུལ་མཚོན་གར་འཆམ་སོགས་ལ་སློབ་གཉེར་ཡག་པོ་གནང་བ་དང་། དགོན་པའི་དགེ་སྐོས་གནང་མྱོང་ཡོད་པ་དང་། རྗེས་སུ་དགོན་པའི་ལམ་སྟོན་འོག་གྲྭ་རྒྱུན་ཁ་ཤས་མཉམ་དུ་བོད་ཀྱི་རྒྱལ་ས་ལྷ་ས་རུ་ལོ་མང་རིང་ལྷ་བྲིས་སྦྱང་བརྩོན་མཐར་ཕྱིན་གནང་པ་མ་ཟད་ཁོང་གིས་རོང་པོ་དགོན་པའི་འདུ་ཁང་གསར་ཞིང་གི་མཚོན་རིས་དང་ལྡེབས་རིས་བྲིས་པ་སོགས་ཕྱག་ལས་མང་པོ་གནང་མྱོང་འདུག དགོན་པའི་སྒྲིག་ཁོངས་སུ་ཡོད་དུས་རྒྱ་གཞུང་གིས་དགོན་པར་ཆབ་སྲིད་སློབ་གསོ་སྤྲོད་སྐབས་ཁོང་དང་རྒྱ་གཞུང་ལས་བྱེད་དབར་ཁ་རྩོད་ཐེངས་མང་ཤོར་ཡོད་སྟབས། ཤག་རོང་པོ་དགོན་ལ་ ༢༠༡༠ ལོ་ལྔ་ཉི་ཤུའི་དོན་རྐྱེན་ཟེར་བར་བསྙད་ནས་དགོན་པའི་གྲྭ་པ་ཀུན་ཉེས་མིང་སྣ་ཚོགས་དང་། ལྷག་པར་དུ་༸གོང་ས་མཆོག་དང་དགོན་པའི་བླ་མ་རྣམས་ལ་དགག་པ་གནང་དགོས་པ་དང་། ཁོ་ཚོ་དང་འབྲེལ་བ་བྱེད་མི་ཆོག་ཟེར་ནས་བསུན་གཙེར་ཚད་མེད་པར་བཟོས་པར་བརྟེན་གྲྭ་པ་མང་པོ་ཞིག་དགོན་པ་དང་ཁ་བྲལ་དགོས་བྱུང་བའི་ཁོངས་སུ་ངག་དབང་རྒྱལ་མཚན་ལགས་ཀྱང་ཚུད་ཡོད་པ་རེད། ཁོང་དེ་སྔོན་ ༢༠༡༥ ཟླ་ ༢ ཚེས་ ༢༤ ཉིན་གློ་བུར་དུ་འཛིན་བཟུང་བཙན་ཁྲིད་བྱས་ཏེ་ཡུན་རིང་བར་གར་སོང་ཆ་མེད་དུ་གྱུར་ཡོད་པ་དང་། མཐར་ལྷ་ས་གྲྭ་བཞི་བཙོན་ཁང་དུ་ལོ་གསུམ་གྱི་ཁྲིམས་ཐག་བཅད་ཡོད་པ་རེད། ཁོང་བཙོན་ལ་བཞུགས་རིང་ལ་ཁོང་གི་ཕ་ཚེ་རིང་མི་འགྱུར་ལགས་འདས་གྲོངས་སུ་གྱུར་བར་བརྟེན་ཐུག་འཕྲད་བྱུང་མེད་པ་རེད།

རྒྱ་གཞུང་གིས་བོད་མིའི་ཆོས་དད་རང་དབང་ཐོག་སྔར་ལྷག་དམ་དྲག་བྱེད་བཞིན་པ་ཐེར་འདོན།

ཨ་རི་ཕྱི་སྲིད་ལས་ཁུངས་ཀྱི་ཕྱི་ལོ་ ༢༠༡༨ ལོའི་རྒྱལ་སྤྱིའི་ཆོས་དད་རང་དབང་གནས་བབས་ཀྱི་ལོ་འཁོར་སྙན་ཐོའི་ནང་འདས་པའི་ལོ་ངོ་གཅིག་གི་ནང་ཚུད་ལ་ཨ་རི་གཞུང་ནས་རྒྱ་ནག་གི་མཐོ་རིམ་འགོ་ཁྲིད་ཚོ་དང་མཇལ་འཕྲད་གནང་སྐབས་བོད་ནང་གི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཙམ་མིན་པར་བོད་མིའི་ཆོས་དད་རང་དབང་ལ་བརྩི་བཀུར་དགོས་པའི་སྐུལ་མ་ལན་མང་གནང་ཡོད་ཀྱང་། རྒྱ་ནག་ཕྱོགས་ནས་བཟང་ཕྱོགས་ཀྱི་འགྱུར་བ་མེད་པའི་ཁར་བོད་མིའི་ཆོས་དད་རང་དབང་ཐོག་སྔར་ལྷག་དམ་དྲག་བྱེད་བཞིན་ཡོད་པ་ཐེར་འདོན་གྱིས་གསུངས་འདུགཟླ་བ་འདིའི་ཕྱི་ཚེས་ ༢༡ ཉིན་ཨ་རིའི་གཞུང་འབྲེལ་ལས་བྱེད་དང་དང་གནད་ཡོད་མི་སྣ་སོགས་འདུ་འཛོམས་སར་ཨ་རི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ Mike Pompeo ལགས་ཀྱིས་ཡོངས་གྲགས་སུ་འདོན་སྤེལ་གནང་བའི་ ༢༠༡༨ ལོའི་རྒྱལ་སྤྱིའི་ཆོས་དད་རང་དབང་གནས་བབས་ཀྱི་ལོ་འཁོར་སྙན་ཐོ་དེར་ཁྱོན་ཤོག་གྲངས་ ༨༧ ལྷག་འདུག དེའི་ནང་ནས་རྒྱ་ནག་སྡེ་ཚན་ཁོངས་སུ་རྒྱ་ནག་དང་། བོད། ཤིན་ཅང་། ཧོང་ཀོང་། མ་ཁའོ་བཅས་སྡེ་ཚན་ལྔ་སོ་སོའི་ནང་གི་ཆོས་དད་རང་དབང་སྐོར་ཆེད་བཀོད་གནང་ཡོད།བོད་དང་འབྲེལ་བའི་སྡེ་ཚན་ཁོངས་སུ་ཨ་རི་ཕྱི་སྲིད་ལས་ཁུངས་ནས་རྒྱ་གཞུང་གི་རྩ་ཁྲིམས་དོན་ཚན་ ༣༠ པར་ས་གནས་མི་ཚོར་ཆོས་དད་ཀྱི་རང་དབང་ཡོད་པ་ཁ་གསལ་འཁོད་ཡོད་ཀྱང་། འདས་ལོ་ ༢༠༡༨ ལོར་རྒྱ་ནག་གཞུང་ནས་ཆོས་ཕྱོགས་ཀྱི་ལས་དོན་རྣམས་རྒྱལ་ཁབ་ཀྱི་བདེ་འཇགས་དང་མཐུན་པ་དགོས་སྐོར་སོགས་ཀྱི་ཁྲིམས་གཞི་གསར་པ་གཏན་འབེབས་ཀྱིས་རྒྱ་གཞུང་གིས་དབྱེད་བའི་བོད་རང་སྐྱོང་ལྗོངས་གཙོ་བོར་གྱུར་པའི་བོད་ཀྱི་ས་གནས་ཁག་ཏུ་ཡོད་པའི་དགོན་སྡེ་གྲྭ་ཚང་གི་དཔེ་ཁྲིད་ལས་དོན་ལ་དམ་དྲག་དང་། ཉིན་རེའི་ཆོས་ཕྱོགས་ཀྱི་བྱ་བ་ལ་ཐེ་བྱུས་སོགས་བྱས་པ་མ་ཟད་འདས་ལོའི་ནང་རྒྱ་གཞུང་གི་དམ་དྲག་སྲིད་བྱུས་འོག་གྲྭ་བཙུན་ཁག་གཅིག་ལ་སྡུག་སྦྱོང་མནར་གཅོད་དང་ཁག་གཅིག་ལ་ངེས་མེད་འཛིན་བཟུང་སོགས་བྱས་སྟབས། བོད་པའི་གྲྭ་བཙུན་ཁག་གཅིག་ད་ལྟའི་ཆར་གར་སོང་ཆ་མེད་དུ་གྱུར་ཡོད་ཅེས་གསུངས་འདུགལྷག་པར་དུ་སྙན་ཐོའི་ནང་འདས་ལོ་ ༢༠༡༨ ལོར་རྒྱ་གཞུང་གི་དྲག་པོའི་སྲིད་བྱུས་ལ་མ་བཟོད་པར་རང་ལུས་མེར་བསྲེགས་གནང་མཁན་རྒྱལ་གཅེས་པ་ཚེ་ཁོ་ལགས་ཀྱིས་གཙོས་པའི་གཞན་གསུམ་གྱི་ལོ་རྒྱུས་དང་། རྒྱ་ནག་གཞུང་ནས་བོད་དཀར་མཛེས་གསེར་རྟ་བླ་རུང་སྒར་དང་ཡ་ཆེན་སྒར་བཅས་སུ་གྲྭ་ཤག་ ༡༥༠༠ གཏོར་བཤིག་བཏང་བ་མ་ཟད། གྲྭ་བཙུན་ ༣༠༠༠ ཕྱིར་འབུད་བཏང་བའི་གནས་ཚུལ་སོགས་འབུར་འདོན་དང་སྦྲགས། རྒྱ་གཞུང་ནས་བོད་མིའི་ཆོས་ཕྱོགས་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དུས་ནས་དུས་སུ་མཚན་སྨད་ཞུས་པ་དང་མགོན་པོ་༸གང་ཉིད་མཆོག་དབུས་བོད་ཀྱི་བླ་སྤྲུལ་རྣམ་པའི་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐོག་མུ་མཐུད་ཐེ་བྱུས་བྱེད་བཞིན་པ་སོགས་ཐེར་འདོན་གནང་འདུགས་གནས་བོད་མི་ཚོར་སྲོལ་རྒྱུན་གྱི་ཆོས་ཕྱོགས་ལས་དོན་བྱེད་རྒྱུར་བཀག་སྡོམ་དང་གནས་སྐོར་སྐྱོད་མཁན་ཚོར་མཐོང་མཆན་མ་སྤྲད་པ་དང་། ལྷག་པར་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ཞུ་རྒྱུ་གཙོས་ཆོས་ཕྱོགས་མཛད་སྒོ་ཁག་ལ་དམ་དྲག་བྱེད་བཞིན་ཡོད་པ་སོགས་ཐེར་འདོན་དང་འབྲེལ། ཨ་རིའི་གཞུང་ནས་བོད་ནང་གི་གནས་སྟངས་ལ་ཐུགས་ཚབས་ཆེན་པོ་ཡོད་པ་མ་ཟད་བོད་མི་ཚོར་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་སྔ་ལོར་ཨ་རིའི་རྒྱལ་སར་ཚོགས་པའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་ཆེས་མཐོའི་ལྷན་ཚོགས་སྐབས་ཨ་རིའི་སྲིད་འཛིན་གཞོན་པ་སྐུ་ཞབས་ Mike Pence མཆོག་དང་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ Mike Pompeo ལགས་རྣམ་གཉིས་ནས་བོད་མིའི་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས་དང་མཇལ་མོལ་གནང་ཡོད་པ་སོགས་གསུངས་འདུགགཞི་རྩའི་ཨ་རི་ཕྱི་སྲིད་ལས་ཁུངས་ནས་ལོ་ལྟར་རྒྱལ་སྤྱིའི་ཐོག་ཆོས་དད་རང་དབང་གི་གནས་བབས་གོང་མཐོར་ཡོང་སླད་རྒྱལ་ཁབ་སོ་སོའི་ནང་གི་ཆོས་དད་རང་དབང་གི་གནས་བབས་ཐོག་སྙན་ཐོ་འདོན་སྤེལ་གནང་བཞིན་ཡོད་པ་དང་། ཐེངས་འདིའི་སྙན་ཐོའི་ནང་རྒྱལ་ཁབ་ ༢༠༠ འི་ཆོས་དད་རང་དབང་སྐོར་བཀོད་ཡོད་པ་དང་། སྙན་ཐོ་དེ་འདོན་སྤེལ་གནང་སྐབས་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ Mike Pompeo ལགས་ནས་ཆོས་དད་རང་དབང་གི་སྙན་ཐོ་འདི་ནི་སྲིད་འཛིན་སྐུ་ཞབས་ Donald Trump མཆོག་གི་སྲིད་གཞུང་ཙམ་མ་ཟད་ཁོང་སྐུ་སྒེར་གྱི་ངོས་ནས་གནད་འགག་ཆེན་པོ་ཞིག་ཏུ་ངོས་འཛིན་གནང་གི་ཡོད་པ་གསུངས་ཡོད།

རྒྱ་ནག་ཉེན་རྟོག་པས་གང་བྱུང་དུ་མི་མང་གི་ཁ་པར་ལ་ཞིབ་བཤེར་བྱེད་བཞིན་པ།

དེ་རིང་གསར་ལམ་ཁག་ཏུ་གནས་ཚུལ་ཐོན་པར་ཧྲང་ཧེ་ས་འོག་འགྲུལ་ལམ་ས་ཚིགས་ཤིག་ཏུ་རྒྱ་ནག་གི་ཉེན་རྟོག་པས་གང་བྱུང་དུ་མི་མང་བཀག་འགོག་གིས་ཐོབ་ཐང་ལག་འཁྱེར་དང་མཛུབ་རུས་སོགས་ཐོ་འགོད་བྱས་པ་མ་ཟད། མི་མང་གི་ལག་ནས་ཁ་པར་བླངས་ཏེ་ཁ་པར་ནང་དུ་ཝི་པི་ཨེན་  VPN ཡོད་མེད་གང་བྱུང་དུ་ཞིབ་བཤེར་བྱས་པའི་བརྙན་པར་དང་བཅས་ཏེ་སྤྱི་ཚོགས་དྲྭ་ལམ་དུ་ཐོན་འདུག རྒྱ་ཡིག་གི་ལམ་ནས་གནས་ཚུལ་བྲིས་པའི་པར་ཞིག་གི་ནང་འགྲེལ་བརྗོད་བྱེད་དོན་མི་འགའ་ལམ་བུར་དུ་འགྲོ་སྐབས་རྒྱ་ནག་གི་ཉེར་རྟོག་པས་བཀག་འགོག་བྱས་ནས་དེབ་སྐྱེལ་བྱེད་དུ་བཅུག་པ་དང་། ཁ་པར་ཞིབ་བཤེར་དགོས་ལུགས་བཤད་པར་བརྟེན་མི་དེས་གང་མགྱོགས་རང་གི་ཁ་པར་ནང་ VPN  ནག་གསུབ་བཏང་ནས་ཕར་སྤྲད་དུས་ཉེན་རྟོག་པས་ཁ་པར་ནང་དུ་གང་བྱུང་དུ་ཞིབ་བཤེར་བྱས་ཏེ་ཁོང་གི་ཁ་པར་གྱི་ནང་དུ་མཉེན་ཆས་ MFscoke ཞེས་པ་ཞིག་བླུགས་ནས་ཞིབ་བཤེར་བྱས་འདུགགོང་གི་མཉེན་ཆས་དེ་བླུགས་པ་ཡིན་ན་སྔོན་ཆད་ཁྱེད་ཀྱིས་ཁ་པར་གྱི་ནང་དུ་མཉེན་ཆས་ཀྱི་མ་ལག་ཅི་ཞིག་བླུགས་ཡོད་མེད་གསལ་པོར་མངོན་གྱི་འདུག་ཅེས་བྲིས་ཏེ། ཉེན་རྟོག་པས་གང་བྱུང་དུ་མི་མང་སྔོག་བཤེར་བྱས་ནས་བཙོན་པ་ལྟ་བུར་ངོས་འཛིན་བྱེད་ཀྱི་འདུག་ཅེས་བཀོད་འདུག ཁ་པར་གྱི་ནང་དུ་གྷོ་གྷལ་ཡོད་སྟབས་ཉེན་རྟོག་པས་ཁོང་ལ་གྷོ་གྷལ་བླུགས་ནས་ཝི་པི་ཨེན་དང་མཐུད་ཀྱི་ཡོད་མེད་སྐད་ཆ་དྲིས་སྐབས་ཁོང་ཞེ་སྣང་དང་བཅས་མ་རེད་ཅེས་ལན་འདེབས་བྱས་པར་ཁ་པར་ཉེན་རྟོག་པ་གཞན་ཞིག་ལ་སྤྲད་འདུག སྟབས་ལེགས་པ་ཞིག་ལ་ཉེན་རྟོག་པའི་མཉེན་ཆས་ MFscoke ཞེས་པ་དེ་ཁོང་གི་ཁ་པར་དུ་བླུག་མ་ཐུབ་པར་བརྟེན་དོན་དག་ཆེན་པོ་བྱུང་མེད་པ་བྲིས་འདུག གནས་ཚུལ་དེ་དང་འབྲེལ་ནས་གོང་གི་ཡི་གེ་འབྲི་མཁན་དེས་མི་སྒེར་གྱི་བདེ་འཇགས་དགོས་ན་ཀུ་ཤུ་རྟགས་ཅན་གྱི་ཁ་པར་ཡག་པོ་ཡོད་པ་དང་། རབས་བྱུང་ན་རྒྱ་ནག་གི་ཁ་པར་བེད་སྤྱོད་མ་གནང་ན་བཟང་ཞེས་བྲིས་ཏེ་ཕྱི་ལོག་གི་ཁ་པར་ཉོ་བ་ཡིན་ན་མི་སྒེར་གྱི་བདེ་འཇགས་ལ་ཕན་ཐོགས་ཆེན་པོ་ཡོད་པ་ཆེད་བཀོད་གནང་འདུག Twitter སྟེང་དུ་གནས་ཚུལ་འདིའི་བརྙན་དང་བཅས་པ་ཁྱབ་བརྡལ་དུ་སོང་ཡོད་སྟབས། མི་མང་པོ་ཞིག་གིས་རྒྱ་ནག་གི་ཉེན་རྟོག་པའི་བྱེད་སྟངས་དེར་ཁ་རྡུང་གཏོང་མཁན་མང་པོ་བྱུང་བཞིན་པ་ལྟར། མི་ཁ་ཤས་ཀྱིས་རྒྱ་ནག་གི་གཉེན་རྟོག་པས་གང་བྱུང་དུ་མི་མང་གི་ཁ་པར་ལ་ཞིབ་བཤེར་བྱེད་དོན་ནི་ཧོང་ཀོང་དང་འབྲེལ་བའི་གནས་ཚུལ་ལ་རྟོག་དཔྱོད་བྱེད་བཞིན་ཡོད་པའི་དོགས་སློང་སོགས་མང་དག་ཅིག་གནང་ཡོད། རྩ་བའི་ VPN ཞེས་པ་ནི་བཀག་འགོག་བྱས་ཡོད་པའི་དྲྭ་རྒྱ་ཁག་ལ་གསང་བའི་སྒོ་ནས་ལྟ་བྱེད་ཀྱི་མཉེན་ཆས་མ་ལག་ཞིག་ཡིན་པ་རེད། རྒྱ་ནག་གི་ནང་དུ་ཕྱི་ཕྱོགས་ཀྱི་གནས་ཚུལ་ཡོད་ཚད་བཀག་ནས་ཡོད་སྟབས་མི་མང་པོ་ཞིག་གིས་ལྐོག་ནས་ཝི་པི་ཨེན་བརྒྱུད་ནས་གནས་ཚུལ་འཚོལ་ཞིབ་དང་རྒྱུས་ལོན་བྱེད་བཞིན་ཡོད་པ་རེད།

      དབུལ་ཐར་མཁྲེགས་གཏོར་གྱིས་བོད་མིའི་འབྲོག་ལས་ཉམས་རྒུད་དུ་གཏོང་བཞིན་པ།

བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་རྒྱ་གཞུང་ནས་མཚོ་ལྷོ་ཁུལ་གྱི་འབའ་རྫོང་དུ་དབུར་ཐར་མཁྲེགས་གཏོར་གྱི་མིང་བྱང་འདྲ་མིན་འོག་ས་ཁུལ་དེའི་མི་མང་གི་ཉིན་རེའི་འཚོ་བའི་ཁྲོད་དཀའ་ངལ་མང་དག་ཅིག་འཕྲད་བཞིན་ཡོད་པ་མ་ཟད། ལས་གཞི་དེའི་འོག་འབའ་རྫོང་གཙོས་པའི་བོད་ཁུལ་གྱི་འབྲོག་ཁྱིམ་གནས་སྤོར་གྱི་གནས་བབ་ཛ་དྲག་ཅན་ཏུ་འགྱུར་བཞིན་པའི་སྙན་ཐོ་ཞིག་ཆེད་བཏོན་གནང་འདུག སྙན་ཐོའི་ནང་ཟླ་བ་སྔོན་མར་རྒྱ་གཞུང་གིས་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་འབའ་རྫོང་ནང་ཆ་སྒྲིག་རོགས་སྐྱོར་ཞེས་པའི་ལས་གཞི་ཇེ་མགྱོགས་སུ་གཏོང་དགོས་རབས་བརྗོད་པ་དང་ལས་གཞི་དེའི་ཆ་ཤས་ཤིག་དབུལ་ཐར་གཏོང་བའི་དམིགས་ཡུལ་ཡིན་ལུགས་བཤད་ཀྱང་། ལས་གཞི་དེའི་འོག་རྒྱ་ནག་ས་གནས་སྲིད་གཞུང་གི་ལས་བྱེད་དང་ཏང་ཡོན་འབོར་ཆེན་གྲོང་ཁུལ་དང་འབྲོག་ཁུལ་དུ་ཆེད་གཏོང་བྱས་ཏེ་ས་གནས་མང་ཚོགས་ཀྱི་གནས་སྟངས་ལ་མྱུལ་ཞིབ་རྒྱུས་ལོན། ལྷག་པར་དུ་ཆབ་སྲིད་དང་འབྲེལ་བའི་དཀའ་རྙོག་རིགས་ལ་དམ་དྲག་བྱེད་བཞིན་ཡོད་སྐོར་གསུངས་འདུགལྟེ་གནས་ཁང་གིས་དམིགས་ཡུལ་དང་ལྡན་པའི་ལས་གཞི་དེ་ནི་དོན་དངོས་ཐོག་དབུལ་ཐར་མཁྲེགས་གཏོར་གྱི་མིང་བྱང་འོག་ཏུ་ས་གནས་བོད་མིའི་བསམ་སྤྱོད་ལ་མྱུལ་ཞིབ་དང་དམ་དྲག་བྱ་ཐབས་ཤིག་ཡིན་པ་དང་། རྒྱ་གཞུང་གི་ལས་བྱེད་དང་ཏང་ཡོན་ཚོས་ཞིང་འབྲོག་ས་ཁུལ་གྱི་ཁྱིམ་ཚང་ནང་ལ་སོང་སྟེ་གཟའ་འཁོར་མང་པོར་བསྡད་ནས་མང་ཚོགས་ལ་ཆབ་སྲིད་ཀྱི་སློབ་གསོ་སྤེལ་བའི་ཞོར་དུ་ཚོར་ཤུགས་ལྡན་པའི་གནས་ཚུལ་འཚོལ་བསྡུ་བྱེད་བཞིན་ཡོད་པ་རེད་ཅེས་བཀོད་འདུག དེ་ནི་ཕྱི་ལོ་ ༢༠༡༢ ལོ་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་དབུལ་ཐར་མཁྲེགས་གཏོར་གྱི་ལས་གཞི་ཁག་དང་མཉམ་དུ་སྤེལ་བ་ཞིག་ཡིན་ཞིང་། ལས་གཞི་དེ་དང་མཉམ་དུ་བོད་ཁུལ་ལ་གཞི་རྒྱ་ཆེ་བའི་དོགས་ཟོན་མྱུལ་ཞིབ་དང་བོད་མིའི་བསམ་བློར་བཏང་འཛིན་བྱ་ཐབས་ཀྱི་ཆབ་སྲིད་སློབ་གསོའི་ལས་གཞི་སྣ་ཚོགས་སྤེལ་མུས་ཡིན་པ་ཆེད་བཀོད་གནང་ཡོད། གསར་འགོད་པས་བོད་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་་པདྨ་རྒྱལ་ལགས་སུ་རྒྱ་ནག་གི་དབུལ་ཐར་མཁྲེགས་གཏོར་ཟེར་བའི་མིང་བྱང་གི་འོག་ནས་བོད་མི་དག་ལ་དཀའ་ངལ་ཅི་ཞིག་སྤྲོད་བཞིན་པའི་སྐོར་ལ་བཅར་འདྲི་ཞུས་པར་རྒྱ་ནག་གིས་ལོ་རབས་དགུ་བཅུ་ནས་བཟུང་འབྲོག་པ་གྲོང་སྙེགས་དང་ནུབ་རྒྱུད་གསར་གཏོད། དེང་སང་གི་ཕྱུག་སྐྱུར་རྩ་འདེབས་དང་དབུལ་ཐར་མཁྲེགས་གཏོར་སོགས་ཀྱི་མིང་འདྲ་མིན་འོག་ནས་བོད་ཁུལ་གྱི་འབྲོག་རི་མང་པོ་གནས་སྤོར་བྱས་ནས་རང་བྱུང་གི་ཐོན་ཁུངས་བདག་གཉེར་བྱེད་པ་དང་། འབྲོག་པ་མང་ཚོགས་དམར་ཕྱོགས་ཀྱི་བཏང་འཛིན་དོན་གྱི་འོག་ཏུ་འཇུག་རྒྱུའི་དམིགས་ཡུལ་གཅིག་པ་ཡིན་པ་ངོ་སྤྲོད་གནང་སོང་། རྩ་བའི་ལས་གཞི་དེའི་ཆ་ཤས་རྒྱ་ཆེ་བ་ཞིག་ནི་གཞི་རིམ་མང་ཚོགས་ནང་ཆབ་སྲིད་ཀྱི་སློབ་གསོ་སྤེལ་ནས་དམར་ཤོག་ཚོགས་པའི་དབང་ཆ་དང་ཆབ་སྲིད་ཤུགས་ཆེར་གཏོང་རྒྱུ་དེ་རེད། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་དབུལ་ཐར་མཁྲེགས་གཏོར་ནི་ཕྱི་ལོ་ ༢༠༡༧ ནས་ ༢༠༢༠ བར་གྱི་དམག་འཐབ་ཆེན་པོ་གསུམ་གྱི་ནང་གི་གཅིག་ཡིན་རབས་དང་། དམག་ཐབས་གཞན་གཉིས་ནི་ཉེན་ཁ་སྔོན་འགོག་དང་དུག་རླངས་ཚོད་འཛིན་བྱ་རྒྱུ་དེ་ཡིན་པར་ངོས་འཛིན་བྱས་ཤིང་། ཕྱི་ལོ་ ༢༠༡༩ ལོར་དམར་ཤོག་ཚོགས་པའི་སྲིད་གཞུང་རིམ་ཁག་གིས་མི་དམངས་ས་ཡ་ ༡༠ དབུལ་ཐར་གཏོང་བའི་འགན་སྤྲད་ཡོད་པ་དང་། ཕྱི་ལོ་༢༠༢༠ ལོའི་དམིགས་འབེན་མངོན་འགྱུར་བྱ་བར་རྒྱ་གཞུང་གིས་ཟླ་རེར་མི་དམངས་ས་ཡ་ ༡ ཙམ་དང་སྐར་མ་རེ་རེར་ཁྱིམ་ཚང་ ༢༠ དབུལ་ཐར་གཏོང་དགོས་ཆགས་ཡོད་པ་རེད། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་དབུལ་ཐར་མཁྲེགས་གཏོར་ཁྲོད་དུ་ད་ལྟ་ལག་ལེན་བསྟར་བཞིན་པའི་གནས་སྤོར་ལས་གཞི་ཁག་གིས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་ཚད་མི་འདྲ་བའི་བརྡལ་བཤིག་བཏང་ཡོད་སྐོར་གསུངས་འདུག

ཊམ་སྲིད་གཞུང་གིས་བོད་རྒྱ་གྲོས་མོལ་ཡོང་བར་ཕྱག་ལས་གནང་ཐུབ་མི་འདུག

ཨ་རིའི་བོད་ཐོག་འཛིན་པའི་སྲིད་བྱུས་ཀྱི་དགོངས་དོན་འོག་ཨ་རི་སྲིད་གཞུང་ནས་ལོ་ལྟར་ཡུལ་དེའི་གྲོས་ཚོགས་སུ་བོད་རྒྱ་འབྲེལ་མོལ་དང་འབྲེལ་བའི་ཕྱག་ལས་གང་དང་གང་གནང་ཡོད་མེད་ཀྱི་སྙན་ཐོ་ཕུལ་དགོས་པ་ལྟར། ཟླ་བ་སྔོན་མའི་ཟླ་མཇུག་ཏུ་སྲིད་འཛིན་སྐུ་ཞབས་ Donald Trump མཆོག་གིས་སྣེ་ཁྲིད་པའི་ཨ་རི་སྲིད་གཞུང་ནས་འདས་ལོའི་ནང་བོད་དོན་ཐོག་ཕྱག་ལས་གནང་བའི་སྙན་ཐོ་ཤོག་གྲངས་དྲུག་ཅན་ཞིག་ཡུལ་དེའི་གྲོས་ཚོགས་སུ་སྤྱན་འབུལ་ཞུས་ཡོད་པ་རེད།སྙན་ཐོའི་ནང་ཨ་རི་གཞུང་ནས་བོད་འདི་རྒྱ་ནག་གི་ཆ་ཤས་ཡིན་པའི་སྲིད་བྱུས་ལ་འགྱུར་བ་མེད་ཀྱང་བོད་རྒྱ་གཉིས་ཀྱི་དཀའ་རྙོག་ཞི་འགྲིག་ཡོང་ཐབས་སུ་ཕྱོགས་གཉིས་དབར་ཆ་རྐྱེན་གང་ཡང་མེད་པར་མིང་དོན་མཚུངས་པའི་གྲོས་མོལ་ཡོང་རྒྱུར་རྒྱབ་སྐྱོར་དང་སྐུལ་མ་མུ་མཐུད་གནང་བཞིན་པར་འགྲེལ་བརྗོད་དང་སྦྲགས། འདས་ལོའི་ནང་ཨ་མི་རི་ཀའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ Sam Brownback ལགས་ནས་རྒྱ་ནག་གི་འགོ་ཁྲིད་ཚོས་༸གོང་ས་མཆོག་གི་སྐུ་ཚབ་ལྷན་དུ་གྲོལ་མོལ་བསྐྱར་གསོ་གནང་དགོས་པ་ཡོངས་གྲགས་གནང་ཡོད་ཅེས་བཀོད་འདུགའདས་ལོའི་ནང་ཨ་རིའི་སྲིད་འཛིན་གཞོན་པ་སྐུ་ཞབས་ Mike Pence ལགས་དང་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ Mike Pompeo ལགས་གཉིས་གཙོས་གཞུང་འབྲེལ་མི་སྣ་ཁག་གཅིག་ནས་རྒྱ་གཞུང་གི་བོད་ཐོག་འཛིན་པའི་དྲག་པོའི་སྲིད་བྱུས་ལ་འགྱུར་བ་དགོས་པ་དང་ལྷག་པར་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་གཙོ་བོར་གྱུར་པའི་བོད་མིའི་ཆོས་ཕྱོགས་ཀྱི་ལས་དོན་དང་། གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་སེམས་ཚབས་ཆེན་པོས་གླེང་སློང་གནང་ཡོད་པ་མ་ཟད་རྒྱ་ནག་གཞུང་ནས་བོད་མིའི་རང་དབང་ཁག་ལ་གུས་བརྩི་ཞུ་དགོས་པའི་སྤྱི་བསྒྲགས་ཡང་སྤེལ་ཡོད་པ་གསུངས་འདུགཁ་སང་ཨ་རིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ནས་ཐེངས་འདིའི་སྲིད་འཛིན་ Trump སྲིད་གཞུང་གིས་བོད་ཐོག་གནང་པའི་ཕྱག་ལས་གྱི་སྙན་ཐོ་དང་འབྲེལ་བའི་གནས་ཚུལ་སྤེལ་བར་འདས་ལོའི་ནང་སྐུ་ཞབས་ Trump སྲིད་གཞུང་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་ལ་སེམས་ཚབས་ཆེན་པོ་ཡོད་པའི་རྣམ་པ་བསྟན་འདུག་ཀྱང་། འདས་པའི་ལོ་ངོ་གཅོག་གི་ནང་ སྲིད་འཛིན་ Trump མཆོག་ནས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་དང་མཇལ་མོལ་གནང་སྐབས་དང་། ཨ་རིའི་ཕྱི་སྲིད་དྲུང་ཆེ་ཟུར་པ་སྐུ་ཞབས་ Rex Tillerson ལགས་དང་ཕྱི་སྲིད་དྲུང་ཆེ་ལས་ཐོག་སྐུ་ཞབས་ Mike Pompeo ལགས་གཉིས་ནས་རྒྱ་ནག་གི་འགོ་འཁྲིད་དང་མཇལ་མོལ་གནང་སྐབས་བཅས་སུ་བོད་རྒྱ་འབྲེལ་མོལ་བསྐྱར་མཐུད་དགོས་གལ་སྐོར་ལ་གླེང་སློང་ཙམ་ཡང་གནང་མེད་པར་འགྲེལ་བརྗོད་དང་སྦྲགས། ཊམ་སྲིད་གཞུང་ནས་འདས་པའི་ལོ་དུས་ནང་བོད་རྒྱ་གྲོས་མོལ་ཡོང་ཐབས་སུ་ནུས་པ་ལྡན་པའི་ཕྱག་ལས་གནང་ཐུབ་མི་འདུག་ཅེས་གསུངས་འདུགལྷག་པར་དུ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་གཙོ་སྐུ་ཞབས་ Matteo Mecacci ལགས་ནས་བོད་ཀྱི་དཀའ་ངལ་སེལ་ཐབས་སུ་སྐུ་ཞབས་ Trump སྲིད་གཞུང་ནས་ཕྱི་ལོ་ ༢༠༠༢ ལོར་གཏན་འབེབས་གནང་བའི་ Tibet Policy Act 2002 འམ་ཨ་རིའི་བོད་ཐོག་འཛིན་པའི་སྲིད་བྱུས་ཀྱི་ནང་གསལ་དོན་ཚན་ཁག་ངེས་པར་དུ་ལག་བསྟར་གནང་དགོས་པ་དང་། སྲིད་བྱུས་དེའི་དགོངས་དོན་གཙོ་བོ་དེ་ཨ་རིའི་ཕྱི་སྲིད་ལས་ཁུངས་སུ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ཞིག་བསྐོ་གཞག་གནང་སྟེ་རྒྱ་ནག་གཞུང་དང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གམ་༸གང་ཉིད་མཆོག་གི་སྐུ་ཚབ་དང་ལྷན་དུ་དོན་དམ་གྱི་གྲོས་མོལ་ཡོང་ཐབས་གནང་རྒྱུ་དེ་ཡིན་པ་འགྲེལ་བརྗོད་དང་སྦྲགས། སྐུ་ཞབས་ཌོ་ནལ་ཊམ་སྲིད་གཞུང་ནས་ད་ལྟ་ཡང་བསྐོ་གཞག་མ་གནང་པར་དེ་མུས་ལྷག་པའི་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་དེ་ངེས་པར་དུ་བསྐོ་གཞག་གནང་དགོས་ཞེས་གསུངས་འདུགསྐུ་ཞབས་ Matteo Mecacci ལགས་ནས་རྒྱ་གཞུང་གིས་འདས་པའི་ལོ་ངོ་བཅུ་ཕྲག་མང་པོའི་རིང་བོད་ཐོག་ལག་བསྟར་བྱེད་བཞིན་པའི་སྡུག་རྩུབ་ཅན་གྱི་སྲིད་བྱུས་དེ་དག་ད་ཆ་བོད་ཙམ་མ་ཟད་ཕྱིའི་རྒྱལ་ཁབ་ཁག་ཏུ་ཡང་དར་སྤེལ་གཏོང་བཞིན་ཡོད་སྟབས། ཨ་རི་གཞུང་ནས་རྒྱ་ནག་གི་འགོ་ཁྲིད་ཚོ་དང་མཇལ་འཕྲད་གནང་སྐབས་སྐད་གསང་མཐོ་པོའི་ཐོག་ནས་རྒྱ་གཞུང་གི་སྲིད་བྱུས་དེ་དག་ལ་ཁ་གཏད་གཅོག་དགོས་པ་སོགས་ཀྱང་གསུངས་འདུག གཞི་རྩའི་སྲིད་འཛིན་ Donald Trump སྲིད་གཞུང་གིས་ཡུལ་དེའི་གྲོས་ཚོགས་སུ་ཕུལ་བའི་བོད་ཐོག་གི་ལོ་འཁོར་སྙན་ཐོ་ནང་ཨ་རི་གཞུང་ནས་བོད་ནང་གི་གནས་སྟངས་སྤྱི་ཡོངས་ཐོག་སེམས་ཚབས་ཆེན་པོ་གནང་བཞིན་པ་དང་། བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་སྤྱི་དང་བོད་མིའི་ངོ་བོ་སྲུང་སྐྱོབ་སོགས་ཀྱི་ཐད་ལ་མུ་མཐུད་དཔལ་འབྱོར་གྱི་རོགས་རམ་དང་ཨ་རི་གཞུང་འབྲེལ་མི་སྣ་ཚོས་གོ་སྐབས་ནམ་བྱུང་ལ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་ཨ་རི་སྐུ་ཚབ་དོན་གཅོད་དབུས་པའི་བོད་མི་ཚོ་དང་ཐུག་འཕྲད་ཀྱིས་བོད་དོན་རྒྱུས་ལོན་གནང་བཞིན་ཡོད་པ་སོགས་ཀྱང་བཀོད་འདུག

Latest news