Tibetan Royal Year of 2151 | Year of the Wood Dragon

རྒྱ་ནག

བོད་ཀྱི་རྒྱལ་ས་ལྷ་སར་བོད་རིགས་རླངས་འཁོར་ལས་རྒྱ་རིགས་རླངས་འཁོར་ལྡབ་ལྔ་ལྷག་མང་བ།

བོད་ཀྱི་རྒྱལ་ས་ལྷ་ས་ནང་དེང་སྐབས་བོད་རིགས་ཧ་ཅང་གྲངས་ཉུང་འགྱུར་བཞིན་ཡོད་པ་མ་ཟད་བོད་རིགས་རླངས་འཁོར་ལས་རྒྱ་རིགས་རླངས་འཁོར་ལྡབ་ལྔ་ལྷག་མང་བ་ཆགས་འདུག བོད་རིགས་རླངས་འཁོར་གཏོང་མཁན་དེ་དག་ལ་འགྲིམ་འགྲུལ་གྱི་ནོར་འཁྲུལ་ཕྲན་བུ་ཙམ་ཤོར་ཚེ་རྒྱ་སྒོར་ ༢༠༠ ནས་ ༣༠༠ བར་གྱི་ཉེས་ཆད་བཏང་བ་དང་། ལག་འཁྱེར་ནས་སྐར་གྲངས་གཅོག་པ་མ་ཟད། དེ་འབྲེལ་སློབ་གཉེར་བྱེད་པར་འགྲོ་དགོས་པ་སོགས་ཀྱི་ཉེས་ཆད་འདྲ་མིན་གཏོང་བཞིན་ཡོད་ཀྱང་རྒྱ་རིགས་རླངས་འཁོར་གཏོང་མཁན་ལ་དམིགས་བསལ་ཡོད་པ་རེད་འདུག རྒྱ་རིགས་རླངས་འཁོར་གྱི་ཨང་གྲངས་ཚང་མ་རྒྱ་ནག་ནང་ཁུལ་ནས་བཟོས་པ་ཤ་སྟག་ཡིན་སྟབས་ཁོང་ཚོར་ཆད་པ་ཕོག་གི་མེད་པ་རེད་འདུག དེང་སྐབས་བོད་ནང་སྔར་ལྷག་དམ་དྲག་ཇེ་ཆེར་འགྲོ་བཞིན་ཡོད་པ་མ་ཟད་སྔ་ལམ་ཡོད་ཚད་ལ་དམག་གི་རླངས་འཁོར་དང་དམག་མི་རུ་སྒྲིག་གིས་མང་ཚོགས་ལ་འཇིགས་སྐུལ་དཔུང་ངོམས་བྱེད་བཞིན་ཡོད་པ་མ་ཟད། འདི་གར་གནས་ཚུལ་མཁོ་སྤྲོད་གནང་མཁན་ཁོང་རང་ཉིད་ལའང་རྒྱ་གཞུང་གིས་དོགས་པའི་འོག་ལྟ་སྲུང་བྱེད་མུས་ཡིན་སྟབས་གནས་ཚུལ་མང་པོ་ངོ་སྤྲོད་གནང་ཐབས་མི་འདུག་ཅེས་འགྲེལ་བརྗོད་གནང་སོང་།

གྲྭ་སངས་རྒྱས་རྒྱ་མཚོ་ལགས་ཀྱིས་རང་བསྲེགས་གནང་བ་མིན་པར་ཞི་རྒོལ་གནང་འདུག

རྔ་པ་ཀིརྟི་དགོན་གྱི་གྲྭ་གཞོན་སངས་རྒྱས་རྒྱ་མཚོ་ལགས་ཀྱིས་རྒྱ་གཞུང་གི་དྲག་སྤྱོད་ལ་ངོ་རྒོལ་གྱིས་སྲང་ལམ་དུ་ཞི་བའི་སྐད་འབོད་གནང་བར་བརྟེན་རྒྱ་གཞུང་གིས་ཁོང་འཕྲལ་མར་འཛིན་བཟུང་བྱས་འདུག ཀིརྟི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་གྲྭ་བློ་བཟང་ཡེ་ཤེས་ལགས་དང་གྲྭ་ཀ་ཉག་ཚེ་རིང་ལགས་རྣམ་གཉིས་ཀྱིས་དེ་རིང་འདིར་གནང་བའི་གནས་ཚུལ་ལྟར་ན། ཁ་སང་བོད་ནང་གྲྭ་གཞོན་སངས་རྒྱས་རྒྱ་མཚོ་ལགས་ཀྱིས་རང་བསྲེགས་གནང་ཡོད་པའི་གནས་ཚུལ་ཞིག་ཁྱབ་སྤེལ་གནང་བཞིན་ཡོད་ཀྱང་། ཁོང་གིས་རང་བསྲེགས་གནང་བ་མིན་པར་ཞི་བའི་སྐད་འབོད་གནང་རྐྱེན་རྒྱ་གཞུང་གིས་བཙན་ཁྲིད་བྱས་ཡོད་པ་གསུངས་སོང་། འདི་རླུང་འཕྲིན་ཁང་གིས་གྲྭ་ཀ་ཉག་ཚེ་རིང་ལགས་སུ་གྲྭ་སངས་རྒྱ་མཚོ་ལགས་ཀྱི་གནད་དོན་དང་འབྲེལ་བཅའ་འདྲི་ཞུས་པར་ཁོང་གིས་ཕྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༡༠ ཉིན་ཨ་མདོ་རྔ་པ་ཀིརྟི་དགོན་གྱི་གྲྭ་གཞོན་སངས་རྒྱས་རྒྱ་མཚོ་ལགས་ཀྱིས་རྔ་པའི་རྫོང་མཁར་གྱི་གཞུང་ལམ་དུ་བོད་ལ་རང་དབང་དགོས་པའི་སྐད་འབོད་གནང་བཞིན་གོམ་བགྲོད་གནང་སྟབས་དེ་མ་ཐག་ཏུ་རྒྱ་གཞུང་གི་ཉེན་རྟོག་མི་སྣ་སོགས་ཀྱིས་མི་མང་གི་མཐོང་སར་ཁོང་ལ་གཅར་རྡུང་གཏོང་བཞིན་བཙན་ཁྲིད་བྱས་ཡོད་ཀྱང་། ད་ཏཱི་ཆར་ཁོང་གང་དུ་བཀག་བསྐྱིལ་བྱས་ཡོད་མེད་སོགས་ཞིབ་ཕྲའི་གནས་སྟངས་གང་ཡང་ཤེས་རྟོགས་ཐུབ་མེད་པ་རེད་འདུག གྲྭ་སངས་རྒྱས་རྒྱ་མཚོ་ལགས་ནི་དགུང་ལོ་ ༡༧ ཡིན་ཞིང་ཕ་ཡུལ་ཆོས་རྗེ་མ་ཡུལ་ཚོ་སོ་རུ་མ་སྡེ་བ་ནས་ཡིན་པ་དང་། ཆུང་ཆུང་སྐབས་ནས་རྔ་པ་ཀིརྟི་དགོན་པར་ཆོས་ཞུགས་གནང་བ་མ་ཟད་དེང་སྐབས་སྔོན་འགྲོའི་འཛིན་གྲྭ་དགུ་པ་རེད་འདུག ཕ་མིང་ལ་རྗེས་དཀར་བཟོད་པ་དང་མ་མིང་ལ་དབང་ཁོ་ཡིན་པར་འགྲེལ་བརྗོད་གནང་ཡོད། གྲྭ་སངས་རྒྱས་རྒྱ་མཚོ་ལགས་ཀྱི་ཞི་རྒོལ་གྱི་གནས་ཚུལ་ཙམ་མ་ཡིན་པར་ཨ་མདོ་རྔ་པའི་ནང་གནས་ཚུལ་གཞན་པ་རེ་བྱུང་ཡོད་ཚུལ་འདུག་ཀྱང་། ད་ལྟའི་ཆར་རྒྱ་གཞུང་གི་དྲག་གནོན་རྐྱེན་པས་ཇི་བཞིན་གསལ་རྟོགས་གནང་ཐབས་མི་འདུག་ཅེས་འཁོད་འདུག རྩ་བའི་འདི་ག་རླུང་འཕྲིན་ཁང་ལ་ཁ་སང་གནས་ཚུལ་ཡོང་ཁུངས་ཤིག་གིས་བོད་རྔ་པའི་ནང་ཉིན་ཤས་གོང་དུ་དགེ་འདུན་རྒྱ་མཚོ་ལགས་དང་ཆོས་ཀྱི་རྒྱ་མཚོ་ལགས་གཉིས་ཀྱིས་རང་ལུས་མེར་བསྲེགས་གནང་ཡོད་སྐོར་འགྲེལ་བརྗོད་གནང་བ་མ་ཟད། བརྒྱུད་ལམ་གཞན་ཁག་གཅིག་ཏུའང་གནས་ཚུལ་དེ་ལྟར་ཕྱིར་བསྒྲགས་བྱས་ཡོད་ཀྱང་། ཆོས་ཀྱི་རྒྱ་མཚོ་ལགས་ནི་ཉེ་སྔོན་ཟླ་བ་འདིའི་ཟླ་སྟོད་དུ་རང་ལུས་མེར་བསྲེགས་གནང་བའི་སྐྱ་བོ་འབྲུག་ཁོ་ལགས་ཀྱི་ཆོས་མིང་ཡིན་སྟབས་མི་གཅིག་ཡིན་པར་འཁྲུལ་ཡོད་པ་རེད་འདུག  

ཨ་རིའི་སྲིད་འཛིན་མཆོག་ལ་འདྲ་མཉམ་འགྲུལ་བཞུད་ཀྱི་ཁྲིམས་འཆར་ཐོག་མཚན་རྟགས་བསྐྱོན་རྒྱུ་མེད་པའི་འབོད་སྐུལ།

ཉེ་སྔོན་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ནས་བོད་ནང་འདྲ་མཉམ་ཐོག་འགྲུལ་བསྐྱོད་ཆོག་པའི་ཁྲིམས་འཆར་དེ་སྤྱི་མོས་ཀྱིས་གཏན་འབེབས་གནང་བ་དང་འབྲེལ། རྒྱ་གཞུང་གིས་ཨ་རིའི་སྲིད་འཛིན་མཆོག་ལ་ཁྲིམས་འཆར་དེའི་ཐོག་རྒྱབ་སྐྱོར་གྱི་མཚན་རྟགས་བསྐྱོན་རྒྱུ་མེད་པའི་འབོད་སྐུལ་ཞུས་འདུག ཁ་སང་རྒྱ་ནག་གི་ Xinhua གསར་ཁང་གིས་གནས་ཚུལ་སྤེལ་བར་ཁ་སང་ཚེས་ ༡༤ ཉིན་རྒྱ་ནག་གི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ LuKang ཡིས་འཆར་ཅན་གྱི་གསར་འགོད་ལྷན་ཚོགས་ཐོག་ཁྲིམས་འཆར་དེ་དངོས་ཡོད་གནས་སྟངས་དང་མ་འཚམས་པ་མ་ཟད། རྒྱ་ནག་ནང་སྲིད་ཀྱི་གནད་དོན་ལ་ཐེ་བྱུས་དང་རྒྱལ་སྤྱིའི་འབྲེལ་ལམ་གྱི་སྒྲོམ་གཞི་དང་མི་མཐུན་པ་ཞིག་ཡིན་སྟབས། རྒྱ་གཞུང་ནས་བོད་ནང་རང་དབང་འདྲ་མཉམ་འགྲུལ་བཞུད་ཆོག་པའི་ཁྲིམས་འཆར་དེར་མཐའ་གཅིག་ཏུ་ངོ་རྒོལ་ཡོད་པ་ལྟར་ཨ་རིའི་འབྲེལ་ཡོད་ཚོར་བརྡ་ལན་ཁ་གསལ་ཞིག་སྤྲད་ཡོད་པར་བརྗོད་འདུགལྷག་པར་དུ་ LuKang ཡིས་བོད་དང་འབྲེལ་བའི་གནད་དོན་རྣམས་ཐད་ཀར་རྒྱ་ནག་རྒྱལ་ནང་གི་གནད་དོན་དང་འབྲེལ་བ་ཆགས་ཀྱི་ཡོད་སྟབས། དེའི་ཐད་རྒྱལ་ཁབ་སུ་གང་ལའང་ཐེ་བྱུས་བྱ་རྒྱུའི་དབང་ཆ་མེད་པའི་ཉེན་བརྡ་བཏང་བ་མ་ཟད། ཁྲིམས་འཆར་དེ་བརྒྱུད་ནས་རྒྱ་གཞུང་ལ་གཞི་མེད་སྐྱོན་འཛུགས་བྱས་པ་ནི་རྒྱ་ནག་གཞུང་མང་གཉིས་ཀས་ཁས་ལེན་བྱ་ཐབས་བྲལ་སྐོར་བཤད་འདུག དེ་བཞིན་ལུ་ཁང་གིས་ཕྱི་ལོ་ ༢༠༡༥ ལོ་ནས་བཟུང་ད་བར་བོད་ནང་ཨ་རིའི་ཆབ་སྲིད་མི་སྣས་གཙོས་པའི་ཨ་རིའི་མི་སེར་དང་ཕྱི་རྒྱལ་མི་རིགས་བཞི་ཁྲི་ཙམ་ལྟ་སྐོར་དུ་སླེབས་ཡོད་པ་ནི་དངོས་ཡོད་གནས་སྟངས་ཡིན་པ་དང་། ལྷག་དོན་ཕྱི་རྒྱལ་མི་རིགས་རྣམས་ནས་བོད་རང་སྐྱོང་ལྗོངས་ཁུལ་དུ་འགྲོ་རྒྱུའི་འདུན་པ་ཡོད་ཚེ་རྒྱུན་ལྡན་གྱི་ལམ་སྲོལ་ཐོག་ནས་ཆོག་མཆན་ཞུས་ན་འགྲིག་གི་ཡོད་པ་རེད། ཨ་རིའི་གཞུང་ལ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་དོ་ཕོག་མི་འགྲོ་བའི་སླད་གོང་གི་ཁྲིམས་འཆར་དེ་དངོས་སུ་ཁྲིམས་ལ་གཏན་འབེབས་གནང་རྒྱུ་མེད་པར་འབོད་སྐུལ་ནན་པོ་ཞུས་འདུག ད་ལན་ཨ་མི་རི་ཀའི་གྲོས་ཚོགས་གོང་འོག་གཉིས་ནས་བོད་ནང་ཕར་འགྲོ་ཚུར་འོང་གི་ཁྲིམས་འཆར་དེར་འགག་བྱ་གང་ཡང་མེད་པར་སྤྱི་མོས་ཀྱིས་གཏན་འབེབས་གནང་བར་རྒྱ་ནག་གཞུང་གིས་མི་འདོད་པའི་རྣམ་འགྱུར་སྟོན་ཐོག་ཨ་རིའི་གཞུང་ལ་སྐྱོན་བརྗོད་ཤུགས་ཆེ་བྱས་ཡོད་རེད། རྩ་བའི་ཟླ་ ༡༢ ཚེས་ ༡༡ ཉིན་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ཚོས་སྤྱི་མོས་ཀྱིས་བོད་དུ་རང་དབང་ཐོག་འགྲུལ་བསྐྱོད་ཆོག་པའི་ཁྲིམས་འཆར་གཏན་འབེབས་གནང་ཡོད་པ་དང་། ད་ཆ་ཨ་རིའི་སྲིད་འཛིན་སྐུ་ཞབས་ཌོ་ནལ་ཊམ་མཆོག་ནས་ཁྲིམས་འཆར་དེར་མཚན་རྟགས་བསྐྱོན་བསྒྲུབས་ཚེ་དངོས་སུ་ཕྱག་བསྟར་གནང་ཆོག་གི་ཡོད་པ་རེད།

རྒྱ་གཞུང་གིས་བོད་ཐོག་མཁྲེགས་འཛིན་དང་གཡོ་ཐལ་གྱི་ལངས་ཕྱོགས་སྔར་ལྷག་ཆེ་རུ་གཏང་རྒྱུའི་ཉེན་ཁ།

རྒྱ་གཞུང་གི་བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་ཟླ་བ་འདིའི་ཚེས་ ༡༢ ནས་ ༡༤ བར་བཅས་ཉིན་གྲངས་གསུམ་བསྟུད་མར་ ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཏཱ་ལའི་བླ་མ་༸སྐུ་ཕྲེང་བཅུ་བཞི་པའི་ཆབ་སྲིད་ཐད་ཀྱི་ལོག་སྤྱོད་རང་བཞིན་གསལ་རྟོགས་མཐར་ཕྱིན་པ་བྱེད་དགོས་ཞེས་པའི་དཔྱད་རྩོམ་ཞིག་སྤེལ་ནས་ཆོས་ལུགས་དང་ཆབ་སྲིད། བྱེད་ཐབས་བཅས་ཀྱི་ཐོག་ནས་སླར་མཚན་སྨད་ཤུགས་ཆེ་ཞུས་འདུག དེའང་༸གོང་ས་མཆོག་ལ་མཚན་སྨད་ཞུས་པའི་དཔྱད་རྩོམ་དེའི་ནང་གཙོ་བོ་ཆོས་ལུགས་ཀྱི་ཆ་ནས་བཅོས་མའི་རང་བཞིན་དང་བྱེད་ཐབས་ཀྱི་ཆ་ནས་མགོ་སྐོར་རང་བཞིན། ཆབ་སྲིད་ཀྱི་ཆ་ནས་ངོ་ལོག་རང་བཞིན་བཅས་སྡེ་ཚན་གསུམ་དབྱེ་བའི་ཐོག་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སྒྲོ་སྐུར་མཚན་སྨད་ཞུས་འདུག་པ་མ་ཟད། ༸གང་ཉིད་མཆོག་ནི་བོད་རང་བཙན་གྱི་ལྐོག་གཡོ་བྱེད་མཁན་ཁ་བྲལ་རིང་ལུགས་ཀྱི་ཆབ་སྲིད་ཤོག་ཁའི་འགོ་གཙོ་དང་རྒྱ་གཞུང་ལ་ངོ་རྒོལ་བྱེད་མཁན་རྒྱལ་སྤྱིའི་ཕྱོགས་གཏོགས་ཀྱི་ལག་ཆ་འཁྲུལ་མེད། དེ་བཞིན་བོད་དུ་སྤྱི་ཚོགས་ཟང་ཟིང་བཟོ་མཁན་སྤྱིའི་གཞི་རྩ་དང་བོད་བརྒྱུད་ནང་བསྟན་གྱི་རྒྱུན་གཏན་སྒྲིག་སྲོལ་འཛུགས་རྒྱུར་བཀག་འགོག་བྱེད་མཁན་གྱི་འགོག་རྐྱེན་ཆེ་ཤོས་ཡིན་པ་ཙམ་མ་ཟད། ཆོས་ལུགས་ཀྱི་ཕྱི་གོས་གྱོན་པའི་བོད་ཕུང་ཆོས་གནོད་ཀྱི་སྲིད་འཚོང་བ་རེད་ཅེས་བརྗོད་འདུག ལྷག་པར་དུ་ཏཱ་ལའི་བླ་མས་ད་བར་དབུ་མའི་ལམ་དང་ཚད་མཐོའི་རང་སྐྱོང་ཟེར་བ་དེ་བརྒྱུད་ནས་དོན་ངོ་མར་རང་བཙན་ཐོབ་ཐབས་བྱས་ཏེ་རྒྱ་གཞུང་གི་འགོ་ཁྲིད་དང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས། དེ་བཞིན་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་བཅས་ལ་ངོ་རྒོལ་བྱས་ཡོད་པ་མ་ཟད། བོད་དུ་བཀས་བཀོད་རྒྱུན་འཛིན་དང་གྲལ་རིམ་གྱི་དབང་སྒྱུར་གནས་བབ་སླར་གསོ་བྱེད་བཞིན་པ་སོགས་བརྗོད་ནས་མགོན་པོ་༸གང་ཉིད་མཆོག་ལ་མཚན་སྨད་མིའི་བསམ་སྤྱོད་ལས་འདས་པ་ཞུས་ཡོད་པ་རེད། རྒྱ་ནག་ཐོག་ཉམས་ཞིབ་གནང་མཁན་བོད་མིའི་སྒྲིག་འཛུགས་ཀྱི་རྒྱ་རིགས་འབྲེལ་མཐུད་པ་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་ཉེ་བའི་ཆར་རྒྱ་གཞུང་དང་ནུབ་ཕྱོགས་ཀྱི་རང་དབང་མང་གཙོ་རྒྱལ་ཁབ་དབར་འགལ་ཟླ་ཤུགས་ཆེ་འབྱུང་བཞིན་པ་དང་ལྷག་དོན་རྒྱ་ནག་རྒྱལ་ནང་དུ་མི་རིགས་རིང་ལུགས་ཀྱི་གནད་དོན་དེའང་ཚ་ཚ་འུར་འུར་ངང་སློང་བཞིན་པའི་དུས་མཚམས་འདིར་རྒྱ་གཞུང་གིས་ད་རེས་སླར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གཞུང་ལ་ངོ་རྒོལ་གནང་མཁན་ནུབ་ཕྱོགས་ཕྱོགས་གཏོགས་ཀྱི་ལག་ཆ་འཁྲུལ་མེད་ཡིན་ཚུལ་བརྗོད་ནས་མཚན་སྨད་ཞུས་ཐབས་བྱེད་བཞིན་པ་དེ་ནི་གཙོ་བོ་༸གང་ཉིད་མཆོག་རྒྱ་རིགས་མང་ཚོགས་ཁྲོད་ནག་པོ་བཟོ་ཐབས་དང་རྒྱ་ནག་གི་འབྲེལ་ཡོད་དཔོན་རིགས་རྣམས་ནས་རང་ཉིད་ཀྱི་མ་འོངས་མདུན་ལམ་དང་གོ་གནས་བཅས་ཀྱི་སླད་ཡུལ་དེའི་ནང་མར་ཁེ་སི་རིང་ལུགས་ཀྱི་ལྟ་བའི་སློབ་གསོ་གཏིང་ཟབ་སྤེལ་ཕྱིར་ཡིན་པར་ནན་བརྗོད་དང་ཆབ་ཅིག ད་ཆ་ཞི་ཅིན་ཕིང་གིས་འགོ་ཁྲིད་པའི་རྒྱ་ནག་གཞུང་ནས་བོད་ཐོག་མཁྲེགས་འཛིན་དང་གཡོ་ཐལ་གྱི་ལངས་ཕྱོགས་སྔར་ལྷག་ཆེ་རུ་གཏང་རྒྱུའི་ཉེན་ཁ་ཆེན་པོ་ཆགས་སྐོར་གསུངས་སོང་། སྤྱིར་གནད་དོན་དེའི་ཐད་དེ་རིང་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུའང་། ད་རེས་རྒྱ་གཞུང་གིས་༸གོང་ས་མཆོག་ལ་སླར་ཡང་མཚན་སྨད་ཞུས་པའི་ཆེད་རྩོམ་སྤེལ་བ་དེ་ནི་ཡོང་ལ་ཉེ་བའི་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུ་དུས་དྲན་དང་བསྟུན་ནས་བོད་ནང་གི་བོད་མི་ཚོར་ཉེན་བརྡ་གཏང་ཕྱིར་ཡིན་པར་འགྲེལ་བརྗོད་གནང་བཞིན་འདུག རྩ་བའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་ Mumbai གྲོང་ཁྱེར་ནང་མཛད་འཕྲིན་སྐྱོང་བཞིན་པའི་ཁྲོད་ཁ་སང་གུ་རུ་ནཱ་ནཱཀ་མཐོ་སློབ་ཀྱི་ཚན་རིག་དང་སྒྱུ་རྩལ། ཚོང་འབྲེལ་ཚན་པའི་གསུང་བཤད་ལས་རིམ་ཐོག་དབུ་བཞུགས་མཛད་ནས་༸གང་ཉིད་མཆོག་གིས་མི་ལོ་ ༧༠ རྗེས་སུའང་བོད་ཀྱི་གནད་དོན་དེ་གསོན་པོར་གནས་ཡོད་པ་བཀའ་བསྩལ་བ་དང་སྦྲགས་ཏེ། དེ་སྔ་བོད་དེ་ལོ་རྒྱུས་ཀྱི་ཐོག་ནས་རང་བཙན་གཙང་མའི་རྒྱལ་ཁབ་ཡིན་པར་འདོད་ཀྱི་ཡོད་ཀྱང་ད་ཆ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྒྲོམ་གཞིའི་འོག་ནས་བོད་མིར་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་རྩོད་བཞིན་ཡོད་པར་བསྐྱར་ནན་མཛད་འདུག

རྒྱ་ནག་ནས་འགྲོ་བ་མིའི་ཐོབ་ཐང་གི་ཡིག་ཆ་དཀར་པོ་འདོན་སྤེལ།

རྒྱ་ནག་གི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་འགྲོ་བ་མིའི་ཐོབ་ཐང་ཐད་ཀྱི་ཡིག་ཆ་དཀར་པོ་ཞིག་འདོན་སྤེལ་བྱས་ཏེ། བོད་དང་ཤིན་ཅང་གཉིས་ཀྱིས་གཙོས་པའི་གྲངས་ཉུང་མི་རིགས་ཁག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབས་དེ་སྔ་ལས་ཡར་རྒྱས་ཆེན་པོ་ཕྱིན་ཡོད་པར་བརྗོད་འདུག ཤིན་ཧཱ་གསར་ཁང་གིས་གནས་ཚུལ་སྤེལ་བར་རྒྱ་ནག་གི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲིལ་བསྒྲགས་ཚན་པས་ཁ་སང་ཚེས་ ༡༢ ཉིན་འདོན་སྤེལ་བྱས་པའི་ཡིག་ཆ་དཀར་པོའི་ནང་ཡུལ་དེའི་གྲངས་ཉུང་མི་རིགས་རྣམས་ལ་ཆོས་ལུགས་ཀྱི་ཐོབ་ཐང་ཆ་ཚང་ཡོད་སྐོར་བརྗོད་པ་དང་འབྲེལ། བོད་ནང་ལ་ཆ་མཚོན་ན་ནང་ཆོས་ཀྱི་བྱེད་སྒོ་སྤེལ་སའི་དགོན་སྡེ་ཁག་ ༡༧༧༨ ཡོད་པ་མ་ཟད་མང་ཚོགས་ཀྱི་ཆོས་ལུགས་དད་མོས་ཀྱི་ཡིད་ཆེས་དང་བྱེད་སྒོ་ཡོད་ཚད་ཁྲིམས་མཐུན་ཐོག་ནས་སྲུང་སྐྱོབ་བྱེད་བཞིན་ཡོད་པར་བཀོད་འདུག བོད་ཀྱི་ནང་བསྟན་ཆོས་བརྒྱུད་ཁག་གི་བླ་སྤྲུལ་ངོས་འཛིན་གྱི་ལམ་ལུགས་ལ་རོགས་རམ་བྱས་པའི་བརྒྱུད་ད་ལྟའི་ཆར་བོད་དུ་གཞུང་འབྲེལ་ངོས་འཛིན་གནང་བའི་བླ་སྤྲུལ ༣༨༥ ཡོད་པ་དང་། དེ་དག་ལས་ ༦༠ ལྷག་ནི་བོད་རང་གི་ལོ་རྒྱུས་རང་བཞིན་ལྡན་པའི་སྲོལ་རྒྱུན་གྱི་ལམ་ལུགས་གཞིར་བཞག་ཐོག་འདེམས་ཐོན་བྱུང་ཡོད་པར་བརྗོད་འདུག ཤིན་ཅང་ལ་ཆ་མཚོན་ན་རྒྱ་ནག་གཞུང་གི་ཆོས་དོན་ལྷན་ཁང་གིས་ཕྱི་ལོ་ ༢༠༡༡ ལོ་ནས་བཟུང་ཁ་ཆེ་གསུང་རབ་དང་འབྲེལ་བའི་ལས་གཞི་མང་པོ་སྤེལ་ཡོད་པ་ལྟར། ཤིན་ཅང་ཁུལ་ནས་སེར་མོ་བ་མང་པོར་དམིགས་བསལ་གྱི་སྦྱོང་བརྡར་སྤྲད་ཡོད་པ་མ་ཟད། ཁ་ཆེ་ཆོས་ལུགས་སློབ་སྦྱོང་གི་ལྟེ་གནས་ཁག་རྒྱ་སྐྱེད་བྱས་པ་དང་། སློབ་ཁྲིད་ཀྱི་གནས་སྟངས་གོང་མཐོར་བཏང་བ། ལྟེ་གནས་དེ་དག་ཏུ་སློབ་གཉེར་བ་མང་པོ་གསར་འཇུག་བྱ་རྒྱུའི་ཐད་རོགས་འདེགས་རྒྱ་ཆེ་བྱས་ཡོད་པ་གསལ་འདུགརྒྱ་ནག་གིས་ཕྱིའི་རྒྱལ་ཁབ་ ༢༦ ལྷག་དང་ལྷན་དུ་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་ཡིག་གཏན་འབེབས་བྱས་ནས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་ཡིག་ཁག་གི་འགན་དབང་ཡོངས་རྫོགས་ལག་བསྟར་བྱེད་བཞིན་ཡོད་པ་མ་ཟད། ཕྱིའི་རྒྱལ་ཁབ་ ༢༠ ལྷག་དང་མཉམ་དུ་འགྲོ་བ་མིའི་ཐོབ་ཐང་ཐད་མཉམ་ལས་དང་གྲོས་མོལ་བྱས་ཡོད་སྐོར་བཀོད་ཡོད་པ་རེད། འོན་ཀྱང་ཁ་སང་ Breitbart  ཞེས་པའི་དྲྭ་རྒྱར་ཐེངས་འདིའི་རྒྱ་ནག་གི་ཡིག་ཆ་དཀར་པོའི་ནང་གསལ་བའི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབས་དེ་ཚད་བརྒལ་རང་བཞིན་གྱི་འུར་གཏམ་ཁོ་ན་ཡིན་པར་བསྒྲགས་ཏེ། རྒྱ་ནག་གིས་སྲིད་གཞུང་གི་ཆབ་སྲིད་ལ་ལྟ་བ་མི་མཐུན་པའི་མི་ལ་རྡུང་རྡེག་གཏོང་བཞིན་པ་དང་། ཆོས་ལུགས་དད་མོས་ལ་བཙན་གནོན་བྱེད་བཞིན་པ། ལྷག་དོན་ཤིན་ཅང་གིས་མཚོན་པའི་གྲངས་ཉུང་མི་རིགས་བཀག་བསྐྱིལ་བྱེད་བཞིན་པ་སོགས་གསལ་འདོན་བྱས་པ་དང་ཆབས་ཅིག རྒྱ་ནག་ལ་དེ་ལྟར་བརྗོད་རྒྱུའི་བདེན་དབང་གང་ཡང་མེད་སྐོར་བཀོད་འདུག རྒྱ་ནག་གི་ཡིག་ཆ་དཀར་པོར་དོན་གནད་ཆེ་བའི་གནས་ཚུལ་གང་མང་མེད་པ་མ་ཟད་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ངོས་ནས་རྒྱ་ནག་ལ་ཞུ་སྐུལ་རིམ་པ་བྱས་ནས་ཆེས་ཡ་ང་བའི་ཡུ་གུར་མི་རིགས་བཀག་སྡོམ་གྱི་གནས་སྟངས་དེ་མཚམས་འཇོག་བྱེད་དགོས་པར་བརྗོད་བཞིན་པའི་དུས་འདིར་རྒྱ་ནག་གིས་ཡིག་ཆ་དཀར་པོའི་བརྒྱུད་ཁོང་ཚོ་ནི་མི་ཆོས་རིང་ལུགས་ཀྱི་ཡང་རྩེར་བསླེབས་ཡོད་པར་བརྗོད་བཞིན་པ་དེ་དགོད་བྲོ་བའི་གནས་བབས་ཤིག་རེད་ཅེས་གསལ་ཡོད་པ་རེད། རྒྱ་ནག་གིས་རྒྱལ་སྤྱིའི་དཔྱད་ཞིབ་པ་རྣམས་རྒྱ་ནག་ཏུ་འགྲོ་རྒྱུར་བཀག་སྡོམ་བྱེད་བཞིན་པ་མ་ཟད། ཡི་ཤུ་རྣམ་དག་ཆོས་ལུགས་ཀྱི་ལྷ་ཁང་དག་རྩ་གཏོར་གཏོང་བཞིན་ཡོད་པ་དང་རྒྱ་ནག་གི་ཡིག་ཆ་དཀར་པོའི་ནང་ཤིན་ཅང་གི་གནས་བབས་ལ་གཞི་བཞག་ས་ནི་ས་གནས་དེའི་དཔལ་འབྱོར་འཕེལ་རྒྱས་དང་སློབ་གྲྭའི་ལམ་ལུགས་དེ་ཡག་པོ་ཡོད་ཟེར་བ་ཙམ་ལས་མེད་པ་རེད་ཅེས་བརྗོད་འདུག དེ་བཞིན་ Nikkei Asian review ཞེས་པའི་གསར་ཁང་ནས་རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་ཡིག་ཆ་དཀར་པོ་དེ་འདོན་སྤེལ་བྱས་པའི་ཉིན་དེ་རང་དུ་ཡུལ་དེའི་ནང་གི་དཔལ་འབྱོར་འཕེལ་རྒྱས་སོང་བ་དང་མཉམ་དུ་འགྲོ་བ་མིའི་ཐོབ་ཐང་གི་གནས་བབས་དེ་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པའི་སྙན་ཐོ་ཞིག་འདོན་སྤེལ་གནང་སྟེ། ནུབ་ཕྱོགས་ཀྱི་འགོ་ཁྲིད་དག་གི་བསམ་གཞིགས་ནང་དཔལ་འབྱོར་འཕེལ་རྒྱས་སོང་བ་དང་མཉམ་དུ་རང་དབང་གི་གནས་སྟངས་དེ་ཇེ་ལེགས་སུ་འགྲོ་བར་དགོངས་བཞིན་པ་དེ་ནོར་འཁྲུལ་ཡིན་པར་མངོན་གསལ་གནང་འདུག རྒྱ་རིགས་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པའི་རྒྱལ་སྤྱིའི་འབྲེལ་མཐུད་ཁང་གི་འགོ་ཁྲིད་ལྕམ་ Renee Xia ལགས་ཀྱིས་སྙན་ཐོ་དེའི་ནང་རྒྱ་ནག་གི་བཅོས་སྒྱུར་སྒོ་འབྱེད་ཆེན་མོ་ཞེས་པ་དེ་དམར་ཤོག་གཞུང་ཁོ་ནའི་འཚོ་གནས་དང་སྟོབས་ཤུགས་རྒྱ་སྐྱེད་གཏང་རྒྱུའི་ལས་དོན་ཞིག་རེད་ཅེས་པ་དང་། རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ཀྱི་མིང་བྱང་ཁྲོད་དོན་དངོས་རྒྱལ་ནང་དྲག་གནོན་དང་རྒྱལ་སྤྱིའི་ཐོག་བཙན་ཤུགས་ཀྱིས་ཁུངས་སྐྱེལ་བྱེད་བཞིན་པ་ཞིག་རེད་ཅེས་བརྗོད་འདུག འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་རྒྱ་ནག་ལྟ་ཞིབ་ཁང་གི་འགན་འཛིན་ Sophie Richardson ལགས་ཀྱིས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གི་འགོ་ཁྲིད་འོག་དྲག་ཤུགས་རང་བཞིན་དང་རྩུབ་སྤྱོད་རང་བཞིན་དེ་རྒྱལ་སྤྱིའི་ཐོག་ངེས་པར་དུ་ཤེས་དགོས་པ་རེད་ཅེས་བརྗོད་འདུག

བོད་ཀྱི་ནང་ཆོས་དགེ་རྒན་ཚོས་སྤྱི་ཚོགས་རིང་ལུགས་ཀྱི་ལྟ་བ་འཛིན་དགོས།

རེས་གཟའ་ཟླ་བའི་ཉིན་བོད་རང་ལྗོངས་ཀྱི་ལྷོ་ཤར་དུ་རྒྱ་ནག་གིས་ནང་ཆོས་དགེ་རྒན་དག་གིས་ལོ་ལྔའི་རིང་ལ་སྤྱི་ཚོགས་རིང་ལུགས་ཀྱི་ལྟ་སྤྱོད་ལ་སློབ་སྦྱོང་དང་སྦྱོང་བརྡར་བྱེད་དགོས་པའི་ལས་གཞི་གསར་པ་ཞིག་འགོ་འཛུགས་འདུག དེ་ཡང་ Global times ཞེས་པའི་དྲྭ་ཚིགས་ཐོག་གསར་འགྱུར་སྤེལ་བར་རྒྱ་ནག་གིས་བོད་ཀྱི་ནང་ཆོས་དགེ་རྒན་རྣམས་ནས་ལོ་ལྔའི་རིང་ལ་སྤྱི་ཚོགས་རིང་ལུགས་ཀྱི་སློབ་སྦྱོང་དང་སྦྱོང་བརྡར་གནང་དགོས་པའི་ལས་གཞི་འགོ་འཛུགས་བྱས་ཡོད་པ་ལྟར། གཟའ་ཟླ་བའི་ཉིན་ལྷ་ས་ཁུལ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་སློབ་ཆེན་ནང་དུ་གྲྭ་བཙུན་མང་པོ་ཞིག་ནས་མཛད་སྒོར་མཉམ་ཞུགས་བྱས་འདུག རྒྱ་ནག་དམར་ཤོག་གཞུང་གི་བོད་རང་སྐྱོང་ལྗོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་ཁང་གི་འགོ་གཙོ་ Danke ཟེར་བས་རྒྱ་ནག་གིས་དམིགས་བསལ་དུ་ལོ་ལྔའི་རིང་གི་བསླབ་གཞིའི་རྩ་འཛིན་གསར་པ་ཞིག་ཆེད་བཟོ་བྱས་ཏེ་གྲྭ་བཙུན་ཚོས་རྒྱ་ནག་གི་སྲིད་བྱུས་དང་ཁྲིམས་ལུགས། ལོ་རྒྱུས། རིག་གཞུང་། དེང་རབས་ཀྱི་ཤེས་བྱ་སོགས་ལ་སློབ་གཉེར་བྱེད་བཅུག་ནས་སྲིད་གཞུང་གི་དབང་ཆ་ནི་ནང་ཆོས་ཀྱི་དབང་ཆ་ལས་མཐོ་བ་ཡོད་པའི་བསམ་བློ་སྐྲུན་རྒྱུ་དང་། རྒྱལ་ཁབ་ཀྱི་ཁྲིམས་ལུགས་ནི་ཆོས་ལུགས་ཀྱི་སྒྲིག་ཡིག་ལས་མཐོ་བ་ཡོད་པ་ར་སྤྲོད་བྱེད་དགོས་ཞེས་བརྗོད་ཡོད་པའང་བཀོད་འདུག གྲྭ་བཙུན་ཚོས་དམར་ཤོག་གཞུང་གི་སྲིད་བྱུས་ལ་སློབ་སྦྱོང་བྱེད་དགོས་པའི་ལས་འགུལ་དེ་སྤེལ་བ་དང་ལྷན་དུ་ཉིན་དེར་བོད་ཀྱི་དགོན་སྡེ་ཁག་ཏུ་ཆེད་གཏོང་གི་ལས་བྱེད་ཚོས་བོད་ཀྱི་དགོན་པ་ཁག་ལ་དོ་དམ་ནན་པོ་ཡོང་བར་དམིགས་པའི་ལོ་ ༣ རིང་གི་སྦྱོང་བརྡར་གྱི་ལས་གཞི་ཞིག་ཀྱང་དུས་མཉམ་དུ་སྤེལ་ཏེ། སྲིད་གཞུང་གི་ལས་བྱེད་དག་གི་སྟངས་འཛིན་འོག་ནས་གྲྭ་བཙུན་ཚོས་རྒྱ་ནག་གི་ཁྲིམས་སྒྲིག་དང་མཐུན་པའི་ཉིན་རིའི་ཆོས་སྤྱོད་ཀྱི་བྱ་བར་ཞུགས་ཏུ་འཇུག་བཞིན་ཡོད་པ་རེད་འདུག རྒྱ་ནག་གི་འཕྲུལ་ལས་ཞིབ་འཇུག་ལྟེ་གནས་ཁང་གི་ཉམས་ཞིབ་པས་རྒྱ་ནག་ནས་བོད་ཀྱི་ནང་ཆོས་ཀྱི་དགེ་རྒན་དག་ལ་སྤྱི་ཚོགས་རིང་ལུགས་ཀྱི་ལྟ་སྤྱོད་སྦྱོང་བརྡར་སྤྲད་པ་ཡིན་ན། དགེ་རྒན་དེ་དག་ནི་རྒྱ་ནག་གི་ལས་བྱེད་དག་ལས་མང་ཚོགས་ལ་སེམས་ཐག་ཉེ་བ་ཡོད་སྟབས་སྲིད་གཞུང་གི་བཀའ་རྒྱ་དེ་དག་ཁྱབ་སྤེལ་བྱེད་སླ་བ་ཡོད་པར་བརྗོད་འདུག རླུང་འཕྲིན་ཁང་གིས་སྤྱི་ཚོགས་རིང་ལུགས་ལྟ་གྲུབ་གཞིར་བཞག་པའི་ཆོས་ལུགས་ཞེས་པའི་གནད་དོན་དང་འབྲེལ་ནས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་ལགས་སུ་བཅར་འདྲི་ཞུས་པར་རྒྱ་ནག་གིས་རྒྱལ་གཅེས་ཆོས་གཅེས་དང་ཁྲིམས་ལུགས་སློབ་གསོ། སྤྱི་ཚོགས་རིང་ལུགས་སོགས་ཀྱི་མིང་འདྲ་མིན་འོག་ནས་བོད་ནང་གི་དགོན་སྡེ་ཁག་ལ་བཀག་སྡོམ་བྱེད་བཞིན་པ་ལས། ལས་འགུལ་དེ་གསར་པ་གང་ཡང་མ་རེད་ཅེས་ངོ་སྤྲོད་གནང་ཡོད། རྩ་བའི་རྒྱ་ནག་གིས་ ༢༠༡༧ ལོར་བཀོད་པའི་གྲངས་ཐོ་ལྟར་ན་བོད་ཁུལ་དུ་དགོན་ཁག་ ༡༧༠༠ ལྷག་ཡོད་པ་དང་། དེར་ཆོས་ཞུགས་བྱས་ཡོད་པའི་གྲྭ་བཙུན་གྲངས་ ༤༦༠༠༠ ལྷག་ཡོད་པ་རེད། རྒྱ་གཞུང་གིས་དུས་རྒྱུན་ནས་བོད་ཀྱི་དགོན་སྡེ་ཁག་ལ་དམ་དྲག་གི་ལས་འགུལ་ཤུགས་ཆེ་སྤེལ་བཞིན་ཡོད་པ་ལྟར། གྲྭར་ཞུགས་བྱེད་པར་ལོ་ཚད་གཏན་འབེབས་བྱས་ནས་ལོ་ ༡༨ ལ་མ་སོན་པར་གྲྭ་བ་གནང་མི་ཆོག་པ་དང་། སྔོན་ཆད་གྲྭ་བ་གནང་ཟིན་པ་དག་ཀྱང་སྲིད་གཞུང་གི་བཀོད་འདོམས་ལྟར་སློབ་གྲྭར་ཞུགས་རྒྱུ་སོགས་ཀྱི་ལས་གཞི་སྣ་མང་ཞིག་སྤེལ་ཏེ། བོད་ཀྱི་དགོན་སྡེ་ཡོད་ཚད་དམར་ཤོག་གཞུང་གི་སྲིད་བྱུས་འོག་དོ་དམ་དང་སྟངས་འཛིན་གནང་རྒྱུའི་ལས་གཞི་རྒྱ་ཆེར་སྤེལ་ཡོད་པ་རེད།

རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་ཁག་མུ་མཐུད་ཉམས་རྒུད་འགྲོ་བཞིན་པ་གསུངས་འདུག

ཁ་སང་ཟླ་ ༡༢ ཚེས་ ༡༠ ཉིན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་དང་། ལྷག་པར་དུ་རྒྱལ་ཚོགས་ནས་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་སྤེལ་ཏེ་ལོ་ངོ་ ༧༠ འཁོར་བའི་དུས་ཁྱད་དང་སྟབས་བསྟུན་ཡུ་རོབ་མཐུན་ཚོགས་རྒྱ་ནག་ཐོག་གི་སྐུ་ཚབ་ནས་རྒྱ་ནག་སྤྱི་དང་བོད། ཤིན་ཅང་སོགས་གྲངས་མི་རིགས་ཀྱི་ས་གནས་ཁག་ཏུ་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་འབྲེལ་ཡོངས་ཁྱབ་བསྒྲགས་གཏམ་ཞིག་སྤེལ་འདུག བསྒྲགས་གཏམ་དེའི་ནང་འདས་པའི་ལོ་དུས་ནང་རྒྱ་ནག་གཞུང་ནས་ཡུལ་དེའི་ནང་གི་དབུལ་ཕོངས་ཉུང་དུ་གཏང་རྒྱུ་དང་མི་མང་གི་འཚོ་གནས། དཔལ་འབྱོར་དང་འབྲེལ་བའི་ལས་གཞིའི་ཐོག་ཕྲན་བུ་ཡར་རྒྱས་ཕྱིན་པའི་རྣམ་པ་ཞིག་ཆེད་བཏོན་ཐུབ་ཡོད་ཀྱང་། རྒྱ་གཞུང་ནས་རང་ཉིད་ཀྱི་རྩ་ཁྲིམས་ནང་གསལ་བའི་འགྲོ་བ་མིའི་ཐོབ་ཐང་དང་། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་ནང་འཁོད་པའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཁག་གཞི་རིམ་མང་ཚོགས་ནས་ལོངས་སུ་སྤྱོད་རྒྱུར་བཀག་སྡོམ་བྱེད་བཞིན་ཡོད་སྟབས། གཞི་རིམ་མང་ཚོགས་ཀྱི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དེ་མུ་མཐུད་ཉམས་རྒུད་འགྲོ་བཞིན་འདུག་ཅེས་ཆེས་མངོན་གསལ་གནང་འདུགལོ་རེ་ནས་ལོ་རེ་བཞིན་རྒྱ་གཞུང་གི་བཙོན་ཁང་དུ་ཚེ་བཙོན་དང་སྲོག་ཁྲིམས་ཕོག་པ་སོགས་ཀྱི་ཉེས་ཆད་མྱོང་མཁན་གྱི་གྲངས་འབོར་མང་དུ་འགྲོ་བཞིན་པར་འགྲེལ་བརྗོད་གནང་བ་དང་འབྲེལ་ཏེ། རྒྱ་གཞུང་གིས་ཁྲིམས་ཐོག་གི་གནད་དོན་དེ་དག་ཕྱི་གསལ་ནང་གསལ་བྱེད་དགོས་པ་མ་ཟད། སྲོག་ཁྲིམས་གཅོད་རྒྱུའི་ཉེས་ཆད་དེ་ངེས་པར་དུ་རྩ་མེད་བཟོ་དགོས་སྐོར་གསུངས་འདུག རྒྱ་ནག་གཞུང་གིས་བོད་དང་ཤིན་ཅང་ནང་གི་མང་ཚོགས་ཀྱི་སྨྲ་བརྗོད་དང་ཆོས་དད་རང་དབང་། འདུ་འཛོམས། དེ་བཞིན་འགྲོ་འདུག་སྤྱོད་གསུམ་གྱི་ཐད་མུ་མཐུད་དམ་དྲག་ཤུགས་ཆེ་བྱེད་བཞིན་ཡོད་པ་མ་ཟད་ས་གནས་དེ་དག་ནང་དམིགས་བསལ་གྱི་ལྟ་སྲུང་ལས་གཞི་རྒྱ་སྐྱེད་བརྒྱུད་གཞི་རིམ་མི་མང་དོན་མེད་འཛིན་བཟུང་བཀག་ཉར་བྱས་པའི་གྲངས་འབོར་དེའང་ཇེ་མང་དུ་འགྲོ་བཞིན་པ་སོགས་མངོན་གསལ་གནང་ཡོད་པ་རེད། རྒྱ་ནག་གཞུང་གིས་རྒྱ་ནག་སྤྱི་དང་བོད། ཤིན་ཅང་སོགས་ཀྱི་ནང་འགྲོ་བ་མིའི་ཐོབ་ཐང་ལས་འགུལ་བ་དང་ཁྲིམས་རྩོད་པ། གཞི་རིམ་མང་ཚོགས་བཙོན་འཇུག་མཚམས་འཇོག་དགོས་པ་དང་། རྒྱ་གཞུང་གི་བཙོན་འཇུག་འོག་ཡོད་པ་བོད་ཀྱི་སྐད་ཡིག་ལས་འགུལ་བ་བཀྲ་ཤིས་དབང་ཕྱུག་ལགས་དང་། ཡུ་གུར་མི་རིགས་ཀྱི་རང་དབང་འཐབ་རྩོད་པ་ Ilham Tohti ལགས། རྒྱ་རིགས་འགྲོ་བ་མིའི་ཐོབ་ཐང་ཁྲིམས་རྩོད་པ་ Wang Quanzhang ལགས་བཅས་ཀྱིས་གཙོས་པའི་ཆབ་སྲིད་བཙོན་པ་རྣམས་གློག་བཀྲོལ་དགོས་པ། ཁོང་རྣམ་པའི་ནང་མི་སྤུན་མཆེད་ཚོར་སུན་གཙེར་རིགས་བཟོ་རྒྱུ་མཚམས་འཇོག་དགོས་སྐོར་གསུངས་འདུག རྒྱ་ནག་གཞུང་ནས་རྒྱལ་སྤྱིའི་གསར་འགོད་པ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་རྣམས་རྒྱ་ནག་དང་གྲངས་ཉུང་མི་རིགས་ཀྱི་ས་གནས་ཁག་ཏུ་རང་དབང་ཐོག་འགྲོ་བསྐྱོད་གནང་སྟེ་དངོས་ཡོད་གནས་ཚུལ་མཁོ་སྒྲུབ་གནང་བཅུག་དགོས་པའི་དགོས་འདུན་དང་སྦྲགས། ཡོ་རོབ་མཐུན་ཚོགས་ནས་དུས་རྟག་ཏུ་རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་ནང་འཁོད་པའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཁག་གཙོ་བཟུང་གནང་ཐོག་རྒྱ་ནག་དང་ལྷན་དུ་ལས་དོན་ཅི་རིགས་མཉམ་ལས་གནང་རྒྱུའི་འདུན་པ་ཆེན་པོ་ཡོད་པ་ལྟར། རྒྱ་ནག་གིས་ཀྱང་རང་ཉིད་ནས་ཁས་ལེན་དང་མཚན་རྟགས་བཀོད་པའི་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་ལ་བརྩི་སྲུང་དང་དོན་འཁྱོལ་གྱི་ལག་བསྟར་བྱེད་དགོས་པ་གསུངས་འདུག དེ་བཞིན་ཁ་སང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་དང་བསྟུན་ཨ་རིའི་ནིའུ་ཡོག་དང་ནིའུ་ཇར་སི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གོ་སྒྲིག་ཐོག་གྲོང་ཁྱེར་ New York ནང་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་མཉམ་འབྲེལ་ཚོགས་ཀྱི་ལས་ཁུངས་ཨ་མའི་མདུན་སར་ས་གནས་གཞོན་ནུའི་རྒྱུན་ལས་དང་བོད་མི་ཁག་གཅིག་ཆེད་འཛོམས་ཐོག་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་འཕྱར་ཏེ། བོད་རྒྱལ་གླུ་བླངས་པ་དང་བོད་ལ་རང་དབང་དགོས། བོད་ནང་དམར་གསོད་ཀྱི་ལས་དོན་མཚམས་འཇོག་དགོས་པའི་ངོ་རྒོལ་སྐད་འབོད་གནང་འདུག

མཛོ་དགེ་རྡོ་དམར་གྲོང་རྡལ་ནང་༸གོང་ས་མཆོག་གི་༸སྐུ་པར་གཞུང་བཞེས་ཀྱི་ལས་འགུལ་སྤེལ་བཞིན་འདུག

བོད་མདོ་སྨད་མཛོད་དགེ་རྫོང་རྡོ་དམར་གྲོང་རྡལ་ནང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་པར་གཞུང་བཞེས་གཏང་རྒྱུའི་ལས་འགུལ་ཤུགས་ཆེ་སྤེལ་བཞིན་པའི་ཁྲོད། ད་བར་ཡུལ་དེའི་ནང་གི་དགོན་པ་གཉིས་མ་གཏོགས་ལྷ་ཁང་དྲུག་དང་། ལྷ་ཁང་བཞི།  དུད་ཚང་བཅས་སུ་རྒྱ་ནག་གི་མགོ་ཁྲིད་པར་སྒྲིག་གཤོམ་དང་༸གོང་ས་མཆོག་གི་༸སྐུ་པར་མེད་པ་བཟོས་འདུགཁ་ཉིན་རྡོ་དམར་གྲོང་རྡལ་གྱི་དམར་ཤོག་ཚོགས་པའི་ Weixin སྤྱི་ཚོགས་གླེང་སྟེགས་དྲ་བའི་ཐོག་གནས་ཚུལ་སྤེལ་བར་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་འདུ་ཐེངས་ ༡༩ པའི་འབྲུ་དོན་ལག་བསྟར་དང། ཞི་ཅིང་ཕིང་གི་ལམ་སྟོན་འོག་རྒྱ་ནག་གི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལྟ་གྲུབ་གོང་འཕེལ། དེ་བཞིན་དམར་ཤོག་ཚོགས་པའི་འཛིན་སྐྱོང་སྲ་བརྟན་བཟོ་རྒྱུ་དང་ཕྱི་ཕྱོགས་ཀྱི་སྟོབས་ཤུགས་ལ་གདོང་ལེན་གྱིས་སྤྱི་ཚོགས་བརྟན་ལྷིང་དང་མང་ཚོགས་ཀྱི་བདེ་འཇགས་སྲུང་སྐྱོབ་སོགས་ལ་དམིགས་ཏེ་ས་གནས་ཞིང་འབྲོག་མང་ཚོགས་རྣམས་ལ་རྒྱ་ནག་གི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དང་རྒྱལ་ཞེན། ལྷག་པར་དུ་ཏཱ་ལའི་ཁ་བྲལ་རུ་ཚོགས་ཟེར་བར་གདོང་ལེན་མཐའ་གཅིག་ཏུ་བྱེད་དགོས་པ་སོགས་ཆབ་སྲིད་ཀྱི་སློབ་གསོ་སྤེལ་བཞིན་ཡོད་པ་མ་ཟད། ད་བར་རྒྱ་གཞུང་གིས་བཀའ་བཀོད་བཞིན་ཡུལ་དེའི་དགོན་པ་གཉིས་མ་གཏོགས་ལྷ་ཁང་དྲུག་དང་། ལྷ་ཁང་བཞི། དུད་ཚང་བཅས་སུ་རྒྱ་ནག་གི་མགོ་ཁྲིད་པར་སྒྲིག་གཤོམ་དང་༸གོང་ས་མཆོག་གི་༸སྐུ་པར་མེད་པ་བཟོས་ཟིན་སྐོར་བཀོད་འདུགས་ཁུལ་དེའི་ནང་གི་གུང་ཁྲན་ཏང་ཡོན་རྣམས་དང་དགོན་སྡེ་ཁག་གི་མགོ་ཁྲིད་རྣམས་ཆེད་བསྐོང་གིས་ཏཱ་ལའི་ཁ་བྲལ་རུ་ཚོགས་ལ་གདོང་ལེན་གྱིས་ཏཱ་ལའི་བླ་མའི་༸སྐུ་པར་གཙང་བཟོ་ཞེས་པའི་བརྗོད་གཞིའི་འོག་ཚོགས་འདུ་བསྐོང་ནས་ལས་བྱེད་རྣམས་ནས་འགན་ཁུར་གང་ཐུབ་བྱེད་དགོས་པའི་སྐུལ་མ་སྤེལ་བ་དང་། གྲོང་ཚོའི་མགོ་ཁྲིད་རྣམས་ཀྱི་བརྒྱུད་མང་ཚོགས་ཁྲོད་ཏཱ་ལའི་བླ་མའི་༸སྐུ་པར་གཙང་བཟོ་དང་རྒྱ་ནག་མགོ་གི་ཁྲིད་པར་སྒྲིག་གཤོམ་གྱི་ལས་འགུལ་ནང་མཉམ་ཞུགས་བྱེད་དགོས་པའི་སྐུལ་མ་སྤེལ་བ་དང་། གཞི་རིམ་ནས་མགོ་བཙུགས་ཏེ་སྔོག་བཤེར་གྱི་ལས་འགུལ་སྤེལ་ཐོག་༸གོང་ས་མཆོག་གི་༸སྐུ་པར་ཞུང་བཞེས་དང་རྒྱ་ནག་གི་མགོ་ཁྲིད་པར་སྒྲིག་གཤོམ་བྱེད་དགོས་པ་བཅས་རིམ་པ་གསུམ་གྱི་སྒོ་ནས་ལས་འགུལ་སྤེལ་བཞིན་ཡོད་པ་རེད་འདུག རྩ་བའི་རྒྱ་གཞུང་ནས་བོད་ནང་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ཁག་ལ་བརྩི་མེད་རྡོག་རོལ་གཏོང་བཞིན་པའི་སྲིད་བྱུས་སྤེལ་བ་དང་། དེ་སྔ་ཕྱི་ལོ་ ༡༩༩༠ ནས་བོད་ནང་བོད་མི་རྣམས་ལ་༸གོང་ས་མཆོག་ལ་དད་གུས་ཞུས་པར་དམ་དྲག་དང། ༸གོང་ས་མཆོག་གི་༸སྐུ་པར་ཉར་ཚགས་གནང་བར་དམ་དྲག་གི་སྲིད་བྱུས་ལག་བསྟར་བྱེད་བཞིན་པའི་ཁྲོད། ད་བར་བོད་ཀྱི་ས་ཁུལ་གང་སར་༸གོང་ས་མཆོག་གི་༸སྐུ་པར་ཉར་ཚགས་གནང་བའི་ནག་ཉེས་འོག་བོད་མི་མང་དག་ཅིག་འཛིན་བཟུང་བཙོན་འཇུག་དང་ཁྲིམས་ཆད་བཏང་་དང་གཏོང་མུས་ཡིན་པ་རེད།

འཇར་མ་ནིའི་འགྲོ་བ་མིའི་ཐོབ་ཐང་གི་འགན་འཛིན་གྲོས་མོལ་སླད་བོད་ནང་ཕེབས་འདུག

ཡུ་རོབ་རྒྱལ་ཁབ་འཇར་མ་ནིའི་འགྲོ་བ་མིའི་ཐོབ་ཐང་གི་འགན་འཛིན་ལྕམ་སྐུ་ Barbel Kofler ལགས་བོད་དུ་ཆེད་ཕེབས་དང་འབྲེལ། དེ་རིང་དང་སང་ཉིན་བཅས་ཉིན་གཉིས་རིང་རྒྱ་ནག་དང་འཇར་མ་ནི་ཕྱོགས་གཉིས་དབར་གྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབས་སྐོར་ལ་གྲོས་མོལ་གནང་རྒྱུ་རེད་འདུག དེ་ཡང་ཁ་སང་བརྒྱུད་ལམ་ཁག་ཏུ་སྤེལ་བའི་གནས་ཚུལ་ལ་གཞིགས་ན། ལྕམ་སྐུ་ Kofler ལགས་ནས་ཐོག་མའི་འཆར་རྒྱལ་ཁབ་གཉིས་བར་གྱི་འགྲོ་བ་མིའི་ཐོབ་ཐང་གི་གྲོས་མོལ་ལས་རིམ་དེ་ཤིན་ཅང་དུ་གནང་རྒྱུ་བྱས་ཡོད་ནའང། རྒྱ་ནག་གཞུང་ནས་ཁོང་ལ་ཁུལ་དེར་བསྐྱོད་རྒྱུའི་ཆོག་མཆན་ཕུལ་མེད་སྟབས། ད་ཆ་གྲོལ་མོལ་དེ་བོད་ལ་འཚོགས་རྒྱུ་ཐུགས་གཏན་ཁེལ་བ་བཞིན་ཁོང་ཁ་སང་པེ་ཅིང་ནས་ལྷ་སར་ཆེད་ཕེབས་གནང་འདུག རྩ་བའི་རྒྱ་ནག་དང་འཇར་མ་ནི་ཕྱོགས་གཉིས་བར་ཕྱི་ལོ་ ༢༠༡༦ ལོར་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐད་གྲོས་མོལ་བྱུང་ཡོད་ཅིང། ཕྱི་ལོ་ ༢༠༡༧ ལོར་དེ་འབྲེལ་གྲོས་མོལ་དེ་རྒྱ་གཞུང་ནས་ཕྱིར་འཐེན་བྱས་ཡོད་པ་རེད། ལྕམ་སྐུ་Kofler ལགས་ཀྱིས་ཕྱི་ཚེས་ ༤ ཉིན་བསྒྲགས་གཏམ་ཞིག་སྤེལ་བའི་ནང། ཁོང་གིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྤྱིའི་ཐོག་ཐུགས་ཚབ་ཆེན་པོ་གནང་བཞིན་ཡོད་སྐོར་གསུངས་པ་མ་ཟད། རྒྱ་གཞུང་དང་ལྷན་དུ་གདོང་ཐུག་སྒོ་ནས་བསམ་ཚུལ་བརྗེ་ལེན་བྱེད་རྒྱུ་དེ་གལ་ཆེ་ཞིག་ཡིན་པར་ཡིད་ཆེས་ཡོད་སྟབས། ཕན་ཚུན་བསམ་ཚུལ་བརྗེ་ལེན་གནང་ཐོག་མི་མཐུན་པའི་གནད་དོན་སྦས་གསང་མེད་པའི་ངང་གྲོས་མོལ་གནང་ཐུབ་པ་ལྟར། ད་རེས་ལོ་གཅིག་རྗེས་སླར་རྒྱ་ནག་དང་ལྷན་དུ་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་གྲོས་མོལ་གནང་རྒྱུའི་གོ་སྐབས་བྱུང་བར་དགའ་པོ་བྱུང་སྐོར་འགྲེལ་བརྗོད་གནང་ཡོད། ཁོང་གིས་བོད་ནང་རྒྱ་གཞུང་གི་ཆེས་དམ་དྲག་འོག་ཆོས་དད་རང་དབང་མེད་པ་དང་། དེ་བཞིན་བོད་མི་རྣམས་ལ་རྒྱ་ནག་གི་རྒྱལ་ཞེན་གྱི་སློབ་གསོ་སྤྲད་པ་མ་ཟད། ནང་མི་གཅིག་གིས་ཉེས་པ་གང་བསགས་པའི་ཉེས་ཆད་དེ་སྤུན་ཉེ་འབྲེལ་ཡོངས་ལ་བཅད་རྒྱུ་སོགས་ཀྱི་ཛ་དྲག་གི་གནས་སྟངས་འོག ད་རེས་རྒྱལ་ཁབ་ཕྱོགས་གཉིས་དབར་གྱི་གྲོས་མོལ་ལས་རིམ་དེ་བོད་ནང་འཚོགས་གཏན་ཁེལ་བ་དེ་འཚམས་པོ་བྱུང་ཡོད་སྐོར་གསུང་པ་མ་ཟད། ཁོང་གི་ངོས་ནས་ད་ལྟའི་བོད་ནང་གི་ཆེས་ཛ་དྲག་གི་གནས་བབས་ཐོག་ཐུགས་ཚབ་ཆེན་པོ་གནང་བཞིན་ཡོད་པར་གསུངས་འདུག གཞི་རྩའི་འཇར་མ་ནིའི་འགྲོ་བ་མིའི་ཐོབ་ཐང་གི་འགན་འཛིན་ལྕམ་སྐུ་ Kofler མཆོག་ཡུལ་དེའི་སྲིད་འཛིན་ Frank-Walter Steinmeier མཆོག་གིས་སྣེ་ཁྲིད་པའི་སྐུ་ཚབ་ཚོགས་ཆུང་དང་ལྷན་ཟླ་བ་འདིའི་ཚེས་ ༤ ནས་རྒྱ་ནག་ཏུ་གཞུང་འབྲེལ་འཚམས་གཟིགས་ལ་ཕེབས་ཡོད་པ་དང། ཁོང་གི་ཐེངས་འདིའི་ཕྱོགས་བསྐྱོད་ཁྲོད་ཤིན་ཅང་ཁུལ་དུ་ཕེབས་འཆར་ཡོད་ཀྱང་། རྒྱ་གཞུང་ནས་དེ་འབྲེལ་ཆོག་མཆན་སྤྲད་མེད་པ་རེད། ལྕམ་སྐུ་མཆོག་གིས་རང་ཉིད་ཤིན་ཅང་ཁུལ་དུ་ཕེབས་འདོད་ཡོད་པ་དང། ཤིན་ཅང་ལ་མཚོན་ན་རྒྱ་གཞུང་གིས་ཁ་ཆེ་ཡུ་གུར་གྲངས་ཉུང་མི་རིགས་ས་ཡ་གཅིག་ཡས་མས་ཙམ་ཞིག་ལ་ཆབ་སྲིད་ཀྱི་སློབ་གསོ་སྤྲད་དེ་བཀག་བསྐྱིལ་བྱེད་བཞིན་པའི་ཁྲོད་ཁ་ཆེ་ཡུ་གུར་མི་རིགས་ཐོག་བསམ་ཡུལ་ལས་འདས་པའི་བྱ་སྤྱོད་སྤེལ་བའི་སྙན་ཐོ་མཐོང་དུས་ཧང་སང་དགོས་པའི་གནས་སྟངས་ཤིག་ཆགས་ཡོད་པ་དང་སྦྲགས། རང་ཉིད་ནས་ཤིན་ཅང་ཁུལ་དུ་འཚམས་གཟིགས་ཐད་མུ་མཐུད་ནས་ཆོག་མཆན་ཞུ་རྒྱུ་ཡིན་ཞེས་གསུངས་འདུག

Latest news