Tibetan Royal Year of 2151 | Year of the Wood Dragon

རྒྱལ་སྤྱི།

རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་ཧོང་ཀོང་གི་ཡན་ལག་ལས་ཁུངས་སྒོ་རྒྱག་འཆར།

ཧོང་ཀོང་ནང་གི་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་ཡན་ལག་ལས་ཁུངས་འདི་ལོའི་ལོ་མཇུག་ཏུ་དངོས་སུ་སྒོ་རྒྱག་རྒྱུ་ཡིན་པར་ཡོངས་གྲགས་གནང་འདུག དེ་ཡང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དང་འབྲེལ་བའི་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་ཁ་སང་ཡོང་ཁྱབ་གསལ་སྒྲགས་ཤིག་སྤེལ་བའི་ནང་། ཧོང་ཀོང་ནང་དུ་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་གཞིའི་ཤུགས་རྐྱེན་གྱི་འོག་ཚོགས་པ་དེས་ཁུལ་དེའི་ནང་ཡན་ལག་ལས་ཁུངས་གཉིས་སྒོ་རྒྱག་རྒྱུ་ཡིན་པ་གསུངས་འདུག ཚོགས་པའི་རྒྱལ་སྤྱིའི་འགན་འཛིན་ལྷན་ཚོགས་ཀྱི་གཙོ་འཛིན་ལྕམ Anjhula Mya Singh Bais ལགས་ཀྱིས་གསལ་བསྒྲགས་དེའི་ནང་དུ། རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་ངོས་ནས་ཡིད་སེམས་སྐྱོ་བའི་ངང་ནས་ཧོང་ཀོང་ཁུལ་གྱི་ཡན་ལག་ལས་ཁུངས་སྒོ་རྒྱག་རྒྱུར་ཐག་བཅད་པ་ཡིན། ཧོང་ཀོང་ནང་དུ་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་གཞིའི་འོག་ཏུ། འགྲོ་བ་མིའི་ཐོབ་ཐང་གི་ཚོགས་པ་ཞིག་གིས་རང་དབང་ལྡན་ཞིང་འཇིགས་ཞུམ་བྲལ་བའི་ཐོག་ནས་ཕྱག་ལས་གནང་ཐབས་མེད་པར་བརྟེན་ཡན་ལག་ལས་ཁུངས་དེ་ཟླ་བ་རྗེས་མའི་ཚེས་ ༣༡ ཉིན་ནས་ལས་མཚམས་བཞག་སྟེ། ཨེ་ཤ་ཡའི་ཞི་བདེ་རྒྱ་མཚོའི་ཁུལ་གྱི་ཡན་ལག་ལས་ཁུངས་གཞན་ཞིག་ལ་གནས་སྤོར་བྱེད་རྒྱུ་ཡིན་ཞེས་འགྲེལ་བརྗོད་གནང་འདུགགཞན་ཡང་གསལ་བསྒྲགས་དེའི་ནང་དུ། ད་ལྟའི་བར་དུ་ཧོང་ཀོང་ནི་གཞུང་འབྲེལ་མིན་པའི་སྤྱི་མང་གི་ཚོགས་པ་ཁག་གི་རྟེན་གཞི་ཡག་ཤོས་ཤིག་ཆགས་ཡོད་ཀྱང་། ཉེ་བའི་ལོ་འགའི་རིང་ནས་བཟུང་ཧོང་ཀོང་གི་ནང་དུ་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་པ་དང་ཚོང་ལས་སྡེ་ཁག་ལ་གོང་རིམ་དཔོན་རིགས་ཀྱིས་རྒོལ་རྡུང་གཏོང་འགོ་ཚུགས་ཡོད་སྟབས། རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་ངོས་ནས་དེ་ལྟ་བུའི་བརྟན་བརླིང་མེད་པའི་ཁོར་ཡུག་ཅིག་ཏུ་ལས་གཞི་ལག་བསྟར་བྱེད་ཐབས་མེད་པར་གྱུར་ཡོད་སྐོར་ཡང་གསལ་འགྲེལ་གནང་འདུག གཞན་ཡང་ཁོང་གིས། རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་ཧོང་ཀོང་ཁུལ་གྱི་ལས་བྱེད་རྣམས་ཀྱིས་འདས་བའི་ལོ་ངོ་བཞི་བཅུ་ལྷག་ལ་ཕྱག་ལས་རྒྱ་ཆེར་གནང་བར་བཀའ་དྲིན་ཆེན་པོ་ཡིན་པར་འགྲེལ་བརྗོད་ཀྱིས། ཧོང་ཀོང་ནང་གི་ལས་བྱེད་རྣམས་ཀྱིས་ཕྱི་ལོ་ ༡༩༩༣ ནས་བཟུང་ཁུལ་དེར་ཉེས་ཅན་སྲོག་ཁྲིམས་ཀྱི་ཁྲིམས་ཡིག་རྩ་མེད་བཟོས་ཡོད་པ་དང་། དེ་བཞིན་ཕྱི་ལོ ༢༠༡༩ ལོའི་མི་མང་གི་ཡར་ལངས་སྐབས་སུ་ཉེན་རྟོག་པས་མང་ཚོགས་ལ་དྲག་ཤུགས་སྤྱད་པའི་བདེན་དབང་འཚོལ་སྡུད་བྱས་ཡོད་པ་སོགས་ལུང་འདྲེན་གྱིས། ཉེས་ཡངས་ཚོགས་པའི་ངོས་ནས་ཧོང་ཀོང་ནང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གྱི་མུན་ནག་གི་དུས་སྐབས་སུ་གནས་ཚུལ་འབུར་འདོན་བྱེད་ཐུབ་པ་བྱུང་ཡོད་པར་བརྗོད་འདུགགཞི་རྩའི་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ་ནི་ཕྱི་ལོ་༡༩༦༡ ལོར་དབྱིན་ཡུལ་དུ་ཚུགས་པའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་ཁེ་མེད་ཚོགས་པ་ཞིག་ཡིན་པ་དང་། ད་ལྟའི་ཆར་ཚོགས་པ་དེའི་ཁྱབ་ཁོངས་སུ་རྒྱལ་སྤྱིའི་ཐོག་ཚོགས་མི་ས་ཡ་བདུན་ཙམ་ཡོད་པ་མ་ཟད། དུས་རྒྱུན་ནས་འཛམ་གླིང་གི་ས་ཕྱོགས་གང་སར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་ཀྱི་འབྲུ་དོན་ལྟར། འགྲོ་བ་མི་ཡོངས་ཀྱི་གཅིག་གྱུར་གྱི་གཞི་རྩའི་ཐོབ་ཐང་དང་ཁེ་དབང་སྲུང་སྐྱོབ་ལ་ཤུགས་སྣོན་གྱིས་ཁྲིམས་རྩོད་དང་ཞིབ་འཇུག་སོགས་ཀྱི་ཕྱག་ལས་གནང་མཁན་གྱི་གཞུང་འབྲེལ་མིན་པའི་རྒྱལ་སྤྱིའི་ཚོགས་པ་ཆེ་ཁག་ཅིག་ཆགས་ཡོད་ནའང་། ད་ཆ་ཧོང་ཀོང་གི་ནང་དུ་རྒྱ་ནག་གིས་བདེ་འཇགས་ཀྱི་ཁྲིམས་གཞི་ཟེར་བ་ལག་བསྟར་གྱིས་མང་ཚོགས་གང་བྱུང་འཛིན་བཟུང་དང་དྲག་གནོན་བྱས་དང་བྱེད་མུས་ཁྲོད། རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་ལས་བྱེད་རྣམས་ཀྱིས་ཧོང་ཀོང་གི་ནང་དུ་འགྲོ་བ་མིའི་ཐོབ་དང་འབྲེལ་བའི་ལས་དོན་གཉེར་རྒྱུར་དཀའ་ངལ་འཕྲད་བཞིན་པ་རེད་འདུག

རྒྱ་ནག་གིས་མཐའ་མཚམས་དང་འབྲེལ་བའི་ཁྲིམས་སྒྲིག་གསར་བ་ཞིག་གཏན་འབེབས།

རྒྱ་དཀར་ནག་གཉིས་དབར་འདས་པའི་ལོ་གཅིག་དང་ཕྱེད་ཀ་ཙམ་ནས་ས་མཚམས་དང་འབྲེལ་བའི་གནད་དོན་ཐད་དང་གདོང་ཐུག་རིམ་པ་བྱུང་བཞིན་པའི་ཁྲོད། ཉེ་ལམ་རྒྱ་ནག་གི་རྒྱལ་ཡོངས་མི་མང་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ལྷན་ཚོགས་ནས། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་ཁོངས་གཅིག་སྒྲིལ་དང་མཐའ་མཚམས་ཀྱི་བདག་དབང་སྲུང་སྐྱོབ་ནི་ཧ་ཅང་རྩ་ཆེན་ཡིན་ལུགས་ཀྱི་ངོས་འཛིན་གྱི་ཐོག་ནས།  དེར་འབྲེལ་གྱི་ཁྲིམས་སྒྲིག་གསར་བ་ཞིག་གཏན་འབེབས་བྱས་ཏེ་སང་ལོའི་ཟླ་བ་དང་པའི་ནང་ནས་དངོས་སུ་ལག་བསྟར་བྱེད་རྒྱུ་རེད་འདུགདེ་ཡང་དེ་རིང་རྒྱ་གར་གྱི་གསར་ཁང་ཆེ་ཁག་འདྲ་མིན་ཁག་ཅིག་གི་ཐོག་གནས་ཚུལ་ཐོན་པར་གཞིགས་ན། རྒྱ་ནག་གི་རྒྱལ་ཡོངས་མི་མང་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ལྷན་ཚོགས་ནས་ཟླ་བ་འདིའི་ཚེས་ ༢༣ ཉིན་གཏན་འབེབས་བྱས་པའི་ཁྲིམས་གཞི་དེ་ནི་རྒྱ་ནག་གི་མཐའ་མཚམས་སྲུང་སྐྱོབ་དང་འབྲེལ་བའི་ཁྲིམས་གཞི་ཐེངས་དང་པོ་དེ་ཆགས་ཀྱི་ཡོད་པ་དང་། དེ་ནི་རྒྱ་དཀར་ནག་བར་རྩོད་རྙོག་ཅན་གྱི་འཕགས་བོད་མཐའ་མཚམས་ཁག་ལ་ཡང་འབྲེལ་བ་ཆགས་ཡོད་པ་ཞིག་ཡིན་མ་ཟད། རྒྱ་གར་གྱི་དཔྱད་ཞིབ་པ་ཁག་ཅིག་གིས། རྒྱ་ནག་གི་ངོས་ནས་ཐེངས་འདིའི་ཁྲིམས་གཞི་དེ་བརྒྱུད། དེ་སྔོན་ཡུལ་དེའི་མཐའ་མཚམས་ཀྱི་དཔུག་དམག་རྣམས་ཀྱིས་རྒྱ་གར་གྱི་ས་མཚམས་ལ་སིམ་འཛུལ་སོགས་ཀྱི་བྱ་སྤྱོད་རིམ་པ་སྤེལ་བ་རྣམས་ཁྲིམས་མཐུན་བཟོ་ངེས་ཡིན་པའི་ཚོད་དཔག་གནང་བཞིན་ཡོད་པ་རེད་འདུགTimes of India གསར་ཁང་གིས། རྒྱ་ནག་གིས་མཐའ་མཚམས་དང་འབྲེལ་བའི་ཁྲིམས་སྒྲིག་དེ་ལག་བསྟར་བྱས་པ་བརྒྱུད་ནས་མཐའ་མཚམས་ཀྱི་བདེ་འཇགས་ལ་འགྱུར་བ་ཐེབས་མིན་གྱི་ངེས་བ་མེད་ནའང་། ལས་གཞི་དེ་ནས་རྒྱ་གིས་མཐའ་མཚམས་ཁག་ལ་དོ་དམ་བྱ་རྒྱུའི་གདེང་སྤོབས་རྙེད་ཡོད་པ་ཞིག་ཡིན་པ་གསལ་བོར་མཚོན་ཐུབ་ཡོད་པ་འགྲེལ་བརྗོད་གནང་འདུག་པ་དང་། ཁྲིམས་གཞི་དེའི་ནང་དུ་རྒྱ་ནག་གི་བཅིངས་གྲོལ་དམག་མི་དང་ཉེན་རྟོག་རུ་ཁག་སོགས་ཀྱིས་མཐའ་མཚམས་དང་འབྲེལ་བའི་གདོང་ཐུག་གི་རིགས་ལ་ཁ་གཏད་གཅོག་རྒྱུ་དང་།  མཐའ་སྲུང་གི་འགན་འཁྲིར་ཤུགས་སྣོན་གྱིས་དམག་སྦྱོང་གི་རིགས་སྤེལ་རྒྱུ་མ་ཟད། ཆོད་སེམས་བརྟན་པོའི་ཐོག་ནས་ཕྱིའི་སྟོབས་ཤུགས་ལ་ཁ་གཏད་གཅོག་རྒྱུ་ཡིན་ལུགས་བསྒྲགས་འདུག དོན་ཚན་ ༦༢ ཅན་གྱི་ཁྲིམས་སྒྲིག་དེའི་ནང་གཞན་ཡང་མཐའ་མཚམས་ཁག་ཏུ་འཛུགས་སྐྲུན་གྱི་ལས་གཞི་རྒྱ་བསྐྱེད་དང་གྲོང་ཚོ་གསར་རྒྱག་ལ་ཤུགས་སྣོན་སྔར་ལྷག་བྱེད་རྒྱུ་དང་།དེའི་ཐད་རྒྱ་ནག་བཅིང་འགྲོལ་དམག་དང་། ས་གནས་གཞུང་། དེ་བཞིན་དྲག་ཆས་དམག་བཅས་ཁུངས་སོ་སོའི་འབྲེལ་ཡོད་ལས་འགན་གསལ་བཀོད་བྱས་པ་མ་ཟད། མཐའ་མཚམས་ས་ཁུལ་དུ་ཚོང་གི་ཁྲོམ་རྭ་དང་། དཔལ་འབྱོར་མཉམ་ལས་ཀྱི་དམིགས་བསལ་ས་ཁུལ་འཛུགས་སྐྲུན། གཞན་ཡང་ནད་ཡམས་དང་ཆུ་ལོག མེ་སྐྱོན་སོགས་འབྱུང་བའི་རང་བཞིན་གྱི་གནོད་འཚེ་ཁག་ལ་གདོང་ལེན་གྱི་ལས་གཞི་བཅས་སྤེལ་རྒྱུ་ཡིན་སྐོར་བརྗོད་འདུགའདི་ག་རླུང་འཕྲིན་ཁང་ནས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ། འབུམ་རམས་པ་ཚེ་དབང་རྡོ་རྗེ་ལགས་སུ་ཐེངས་འདིའི་ཁྲིམས་སྒྲིག་དེའི་གལ་གནད་ཀྱི་སྐོར་ལ་བཀའ་འདྲི་ཞུས་པར་ཁོང་གིས། གཞི་རྩའི་རྒྱ་ནག་གིས་བོད་ཀྱི་མཐའ་མཚམས་ཀྱི་ཁུལ་དུ་འཛུགས་སྐྲུན་དང་སྲུང་སྐྱོབ་སོགས་ཀྱི་མཚོན་པའི་ལས་གཞི་སྣ་མང་ཞིག་སྤེལ་མུས་ཡིན་པ་དང་འབྲེལ་ནས། རྒྱ་ནག་གིས་ཐེངས་འདིར་ཁྲིམས་སྒྲིག་གཏན་འབེབས་བྱས་པ་དེ་ལག་བསྟར་བྱས་པ་ཡིན་ན་བོད་ཀྱི་མཐའ་མཚམས་ཁག་ཏུ་གནས་བའི་བོད་མི་རྣམས་ཀྱི་འགྲོ་འདུག་གི་རང་དབང་ལ་དོ་ཕོག་ཆེན་པོ་ཐེབས་ངེས་ཡིན་པ་མ་ཟད། རྒྱ་ནག་གིས་ཁྲིམས་འགལ་གྱི་བསྙད་འདོགས་འདྲ་མིན་གྱི་ཐོག་ནས་བོད་མི་རྣམས་ལ་དམ་དྲག་ཤུགས་ཆེར་བྱེད་རྒྱུར་དམིགས་པ་ཞིག་ཡིན་སྐོར་གསུངས་ཡོད། གཞི་རྩའི་ཐེངས་འདིའི་ཁྲིམས་གཞི་དེ་ནི་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཁྱིམ་མཚེས་རྒྱལ་ཁབ་ཨུ་རུ་སུ་དང་བྱང་ཀོ་རི་ཡ། སོག་ཡུལ། རྒྱ་གར། འབྲུག་ཡུལ་སོགས་ཁྱོན་རྒྱལ་ཁབ་ ༡༤ དང་ས་འབྲེལ་ཡོད་པའི་མཐའ་མཚམས་ས་ཁུལ་སྲུང་སྐྱོབ་ཀྱིས་ཁྲིམས་སྒྲིག་ཐེངས་དང་པོ་དེ་ཆགས་ཡོད་པ་དང་། སྤྱིར་རྒྱ་ནག་གཞུང་ངོས་ནས་ད་བར་ས་འབྲེལ་རྒྱལ་ཁབ་དེ་དག་ཕལ་མོ་ཆེ་དང་མཉམ་དུ་ས་མཚམས་གཏན་འབེབས་ཟིན་ཡོད་ཀྱང་། རྒྱ་གར་དང་འབྲུག་ཡུལ་གཉིས་དང་ལྷན་དུ་ས་མཚམས་ཀྱི་གནད་དོན་སེལ་མ་ཐུབ་པར་དེ་མུར་ལྷག་ཡོད་པ་རེད། རྒྱ་གར་གཞུང་གི་འགྲེལ་བརྗོད་གནང་བར་གཞིགས་ན། རྒྱ་ནག་མི་མང་བཅིང་འགྲོལ་དམག་གིས་སྔར་ལོའི་དབྱར་དུས་ཁོ་ནའི་རིང་རྒྱ་དཀར་ནག་གཉིས་དབར་གྱི་མཐའ་མཚམས་དང་འབྲེལ་བའི་དེ་སྔའི་གྲོས་མཐུན་བཞི་ཙམ་ལ་རྩིས་མེད་རྡོག་རོལ་བྱས་ཡོད་པ་མ་ཟད། རྒྱ་ནག་གི་གཞུང་འབྲེལ་ཞིན་ཧྭ་གསར་ཁང་གིས་གནས་ཚུལ་སྤེལ་བའི་ནང་གསལ་ལྟར་ན།ཕྱི་ལོ་ ༢༠༢༠ ལོའི་ལོ་མཇུག་གི་བར་དུ་རྒྱ་ནག་གིས་འཕགས་བོད་མཐའ་མཚམས་སུ་གྲོང་ཚོ་གསར་བ་ ༦༠༠ ལྷག་གསར་འཛུགས་བྱས་ཡོད་པ་དང། སྤྱི་ལེ་ ༣༠༨༠ ལྷག་གི་གཞུང་ལམ་ ༡༣༠ ཙམ་གསར་རྒྱག    གཞན་ཡང་ཉེ་བའི་ལོ་འགའི་རིང་འཕགས་བོད་མཐའ་མཚམས་དང་འབྲེལ་བའི་མེ་འཁོར་ལྕགས་ལམ་དང་གནམ་ཐང་སོགས་ཀྱང་གསར་རྒྱག་བྱས་ཡོད་པ་རེད།རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་Harsh Vardhan Shringlaམཆོག་གིས་རྒྱ་ནག་གིས་བྱང་ཕྱོགས་ལ་དྭགས་ཁུལ་གྱི་འཕགས་བོད་མཐའ་མཚམས་སུ་འཛུགས་སྐྲུན་གྱི་ལས་གཞི་གཉེར་བ་དེ་ཡིས་ཕྱོགས་གཉིས་ཀྱི་མཐའ་མཚམས་དང་འབྲེལ་བའི་ཞི་བདེ་དང་བརྟན་བརླིང་ལ་དོ་ཕོག་ཆེན་པོ་བཏང་ཡོད་པ་ཞིག་ཡིན་པར་བསྒྲགས་ཡོད་དང་། རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་jaishankar མཆོག་གིས་ཀྱང་རྒྱ་ནག་གིས་ཕྱོགས་གཉིས་ཀྱི་མངོན་འདོད་དང་ཞི་བདེ་གཞིར་བཞག་གི་ཐོག་ནས་མཐའ་མཚམས་ཀྱི་དཀའ་རྙོག་སེལ་རྒྱུར་མཉམ་ལས་བྱེད་རྒྱུར་རེ་བ་ཆེན་པོ་ཡོད་པར་གསུངས་ཡོད་པ་རེད།

རྒྱ་ནག་ནས་ Boston Celtic རུ་ཁག་གི་རྩེད་མོ་རྒྱང་སྲིང་ཕྱིར་འཐེན། 

ཨ་རིའི་ Boston Celtic རུ་ཁག་གི་སིལ་སྤོལ་རྩེད་འགྲན་པ་ Enes Kanter ལགས་ཀྱིས་ཁ་སྔོན་རྒྱ་གཞུང་ལ་སྐྱོན་བརྗོད་དང་བོད་དོན་རྒྱབ་སྐྱོར་གྱི་བརྡ་ལན་ནན་པོ་གནང་ཡོད་པ་དང་སྦྲགས། རྒྱ་ནག་ནང་ཁོང་གི་རུ་ཁག་གི་རྩེད་མོ་རྣམས་རྒྱང་སྲིང་བྱ་རྒྱུ་ཕྱིར་འཐེན་བྱས་འདུག ཁ་སང་དང་དེ་རིང་བརྒྱུད་ལམ་ཁག་ཏུ་ཐོན་པའི་གནས་ཚུལ་ལ་གཞིགས་ན། སྐུ་ཞབས་ Kanter ལགས་ཀྱིས་ཉེ་ལམ་ཨ་རིའི་ནིའུ་ཡོག་ནང་བོད་མིའི་ལས་འགུལ་བ་དང་ཐུག་འཕྲད་ཀྱིས་བོད་དོན་སྐོར་རྒྱུས་ལོན་གནང་སྟེ་རྒྱ་ནག་གཞུང་གི་དྲག་གནོན་ཅན་གྱི་སྲིད་བྱུས་འོག་འདས་པའི་མི་ལོ་ ༧༠ རིང་བོད་མི་རྣམས་ལ་གདུག་རྩུབ་ཚད་མེད་གཏོང་བཞིན་སྐོར་དང་བོད་ལ་རང་དབང་དགོས། བོད་ཀྱི་བདག་པོ་བོད་མི་ཡིན་ཞེས་རྒྱ་གཞུང་ལ་བརྡ་ལན་ནན་པོ་གནང་བའི་བསྒྲགས་གཏམ་ཞིག་སྤེལ་བ་དེ་སྤྱི་ཚོགས་དྲ་ལམ་ཐོག་ཤུགས་ཆེར་ཁྱབ་བརྡལ་བྱུང་ཡོད་སྟབས། རྒྱ་ནག་གིས་སྐུ་ཞབས་ Kanter ལགས་ཀྱི་རུ་ཁག་གི་རྩེད་མོ་རྣམས་རྒྱ་ནག་ནང་དུ་རྒྱང་སྲིང་བྱ་རྒྱུ་ཕྱིར་འཐེན་བྱས་པ་དང་སྐུ་ཞབས་ Kanter ལགས་ཀྱི་མཚན་རྒྱ་ནག་གི་སྤྱི་ཚོགས་དྲ་རྒྱ་ Weibo ནས་ནག་སུབ་བཏང་འདུགརྒྱ་ནག་གི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ Wang Wenbin ཡིས་རེས་གཟའ་ཕུར་བུ་འཆར་ཅན་སྐོང་ཚོགས་བྱེད་བཞིན་པའི་གསར་འགོད་ལྷན་ཚོགས་ཐོག་ Kanter ལགས་ཀྱིས་བསྒྲགས་གཏམ་དེ་ལྟར་སྤེལ་བ་ནི་རང་ཉིད་སྙན་གྲགས་ཆེ་རུ་འགྲོ་རྒྱུ་དང་ལྷག་པར་དུ་མང་ཚོགས་ཀྱི་དོ་སྣང་ཡོང་ཆེད་དེ་ལྟར་བྱས་པ་རེད་ཅེས་ཀྱི་སྐྱོན་འཛུགས་བྱས་འདུག བོད་དེ་རྒྱ་ནག་གི་ཆ་ཤས་ཤིག་ཡིན་པ་དང་ང་ཚོས་བོད་ཐོག་ཕྱོགས་ལྷུང་ཅན་གྱི་བསམ་བློ་མེད་མཁན་ཚོར་དགའ་བསུ་ཡོད་ཅེས་དང་། རྒྱ་གཞུང་ལ་སྐྱོན་བརྗོད་རིགས་བྱེད་མཁན་ཚོར་ངོས་ལེན་ནམ་ཡང་མེད་ཅེས་བཤད་འདུག ཀེན་ཊར་ལགས་ཀྱི་བསྒྲགས་གཏམ་དེར་ Twitter དྲ་ལམ་ཁོ་ནར་དེ་རིང་རེས་གཟའ་པ་སངས་ཉིན་གྱི་སྔ་དྲོ་བར་དུ་གཟིགས་མཁན་འབུམ་བརྒྱད་ལྷག་བྱུང་འདུག  ཁ་སྔོན་རེས་གཟའ་ལྷག་པའི་ཉིན་ Boston Celtic དང་ New York Knicks ཞེས་སིལ་སྤོལ་རུ་ཁག་གཉིས་དབར་གྱི་རྩེད་འགྲན་སྐབས་ Kanter ལགས་ཀྱིས་བོད་དོན་ལ་རྒྱབ་སྐྱོར་གྱིས་ཨོ་སི་ཀྲོ་ལི་ཡར་གནས་བཞུགས་རྒྱ་རིགས་རི་མོ་བ་ Badiucao  ཞེས་པས་བོད་ལ་རང་དབང་དགོས་ཞེས་ཚིག་བརྗོད་བཀོད་པའི་ལྷམ་བཟོ་བཀོད་གནང་བ་ཞིག་གྱོན་ཡོད་འདུག་ཀྱང་རྩེད་འགྲན་དངོས་གཞི་སྐབས་ཁོང་མཉམ་ཞུགས་གནང་རྒྱུའི་གོ་སྐབས་བྱུང་མེད་པ་རེད།   སྐུ་ཞབས་ Kanter ལགས་ཀྱིས་བོད་དོན་ཐད་བསྒྲགས་གཏམ་སྤེལ་རྐྱེན་སྤྱི་ཚོགས་དྲ་རྒྱ་སོགས་སུ་ཁག་ཅིག་གིས་ཁོང་རུ་ཁག་ནས་ཕྱིར་འབུད་དགོས་པའི་དགོས་འདུན་ཆེད་བཏོན་བྱས་འདུག་ལ། ཉེ་ལམ་ཨ་རི་ནང་ཁོང་གི་རུ་ཁག་གི་རྩེད་འགྲན་སྐབས་སུ་བོད་མི་ཁག་ཅིག་གིས་རྩེད་འགྲན་གཟིགས་པར་བཅར་བ་དང་བོད་ཀྱི་རྒྱལ་དར་དང་བོད་ལ་རང་དབང་དགོས། འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དེ་གལ་ཆེར་གྱུར་ཡོད་པ་སོགས་ཀྱི་ཚིག་བརྗོད་འཁོད་པའི་སྦྱར་པང་བསྣམས་ནས་ཁོང་ལ་རྒྱབ་སྐྱོར་གྱི་རྣམ་པ་བསྟན་པ་མ་ཟད། སྐབས་དེར་རྩེད་འགྲན་གཟིགས་པར་ཕེབས་མཁན་ཕྱི་རྒྱལ་མི་རིགས་ཁག་ཅིག་གིས་ཀྱང་སེམས་དགའ་པོའི་ཐོག་ནས་བོད་ཀྱི་རྒྱལ་དར་བསྣམས་ཏེ་བོད་མི་དང་འདྲ་པར་སྒྲོན་པའང་མཇལ་རྒྱུ་མཐོང་འདུག གཞི་རྩའི་རྒྱ་གཞུང་གིས་བོད་མིས་གཙོས་པའི་ཡུ་གུར་ཁ་ཆེ་མི་རིགས། ཧོང་ཀོང་། རྒྱ་རིགས་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཚོའི་ཐོག་ཏུ་སྤེལ་བའི་དྲག་གནོན་ཅན་གྱི་སྲིད་བྱུས་ལ་རྒྱལ་སྤྱིའི་གཞུང་དང་ཚོགས་སྡེ་ཁག་ནས་སྐྱོན་བརྗོད་དང་སྦྲགས་ངོ་རྒོལ་གྱི་རྣམ་པ་ཤུགས་ཆེ་སྟོན་མུས་རེད། ཕྱི་ལོ་ ༢༠༢༢ ལོའི་དགུན་དུས་ཨོ་ལམ་པིཀ་རྩེད་འགྲན་དེ་རིང་མིན་རྒྱ་ནག་པེ་ཅིན་ནང་འཚོགས་གཏན་ཁེལ་ཡོད་སྟབས་ཉེ་ལམ་ཨ་རིའི་ Ice dancer ཞེས་འཁྱགས་སྟེང་གཞས་འཁྲབ་མཁན་རྩེད་འགྲན་པ་ Evan Bates ལགས་ཀྱིས་གསར་འགོད་ལྷན་ཚོགས་ཤིག་ཐོག་རྒྱ་གཞུང་གིས་ཤིན་ཅང་ཡུ་གུར་མི་རིགས་ཐོག་སྤེལ་བའི་དྲག་གནོན་ཅན་གྱི་སྲིད་བྱུས་ཐད་ཐུགས་ཚབ་ཀྱི་རྣམ་པ་བསྟན་པ་དང་སྦྲགས། ཤིན་ཅང་ཁུལ་གྱི་གནས་སྟངས་ནི་འཇིགས་སྣང་ཅན་ཞིག་ཏུ་ཡིན་པས་ཁུལ་དེའི་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་འགྲོ་བཞིན་པར་མོས་མཐུན་མེད་ཅེས་གསུངས་ཡོད་པ་མ་ཟད། ཁོང་གིས་གསུངས་པ་དེར་རྩེད་འགྲན་པ་གཞན་ཁག་ཅིག་ནས་ཀྱང་རྒྱབ་སྐྱོར་གནང་ཡོད་པ་རེད།    

རྒྱལ་ཁབ་ ༤༣ གྱིས་རྒྱ་ནག་གིས་ཡུ་གུར་མི་རིགས་དྲག་གནོན་བྱེད་བཞིན་པར་སྐྱོན་བརྗོད།

ཁ་སང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་གྱི་ཐོག་ཏུ། རྒྱལ་སྤྱིའི་རྒྱལ་ཁབ་ ༤༣ ལྷག་གིས་རྒྱ་ནག་གིས་ཤིན་ཅང་གི་ནང་དུ་ཡུ་གུར་གྲངས་ཉུང་མི་རིགས་ཀྱི་མཚོན་པའི་ཁུལ་དེའི་ཆོས་ལུགས་གཞན་གྱི་ཚོགས་སྡེ་ལ་དྲག་གནོན་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པར་ཡོངས་གྲགས་ཀྱིས་སྐྱོན་བརྗོད་བྱས་འདུག སྐབས་དེའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་གྱི་ཐོག་ཏུ། ཧྥ་རན་སིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐུ་ཚབ། སྐུ་ཞབས Nicolas De Riviere ལགས་ཀྱིས་རྒྱལ་ཁབ་༤༣ གྱིས་མཉམ་འབྲེལ་གྱིས་རྒྱ་ནག་ལ་སྐྱོན་བརྗོད་ཀྱི་བསྒྲགས་གཏམ་སྒྲོག་སྦྱང་གནང་བའི་ནང་དུ། རྒྱལ་ཁབ་༤༣་དེ་དག་གིས་རྒྱ་ནག་གིས་ཡུ་གུར་མི་རིགས་ལ་དྲག་གནོན་གྱིས་བཀག་སྐྱིལ་བྱེད་བཞིན་པའི་གནད་དོན་དེར་སེམས་འཚབ་ཡོད་པ་དང་འབྲེལ་ནས། རྒྱ་ནག་གིས་ཤིན་ཅང་གི་ཁུལ་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་རྟོག་ཞིབ་རུ་ཁག་གི་གཙོ་བྱས་པའི་ཕྱི་ཕྱོགས་ཀྱི་རང་དབང་ཅན་གྱི་རྟོག་ཞིབ་རུ་ཁག་ཁུལ་དེར་འགྲོ་རྒྱུར་ཆོག་མཆན་སྤྲོད་དགོས་བའི་འབོད་སྐུལ་བྱས་འདུག གཞི་རྩའི་ཐེངས་འདིའི་རྒྱལ་ཁབ་ ༤༣ གྱི་སྐྱོན་བརྗོད་ཀྱི་བསྒྲགས་གཏམ་ནང་དུ། ཡུ་གུར་མི་མང་ས་ཡ་གཅིག་དང་འབུམ་བརྒྱད་ལྷག་གིས་ Zapya ཞེས་པའི་ཁ་པར་མཉེན་ཆས་བཀོད་སྤྱོད་བྱས་པར་བརྟེན་ནས་རྒྱ་ནག་གིས་བཀག་སྐྱིལ་བྱས་ཡོད་པར་འཁོད་ཡོད་པ་རེད། གཞན་ཡང་བདུན་ཕྲག་འདིའི་ནང་དུ་ཨོ་གླིང་གི་སྲིད་བྱུས་ཉམས་ཞིབ་ཀྱི་ལྟེ་གནས་ཁང་ཞིག་གིས་ཀྱང་རྒྱ་ནག་གིས་ཤིན་ཅང་གི་ནང་དུ་དྲག་གནོན་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པའི་སྙན་ཐོ་བཏོན་ཡོད་པ་མ་ཟད། འདི་ལོ་ནི་ཡུ་རོབ་ཀྱི་རྒྱལ་ཁབ་རྣམས་ཀྱིས་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་ཆེན་ཐོག་རྒྱ་ནག་གིས་ཡུ་གུར་མི་རིགས་ལ་དྲག་གནོན་གྱི་སྲིད་བྱུས་སྤེལ་བཞིན་པར་ལོ་ལྟར་སྐྱོན་བརྗོད་བྱས་པའི་ལོ་གསུམ་པ་དེ་ཆགས་ཡོད་པ་རེད། སྐབས་དེར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱ་ནག་གི་སྐུ་ཚབ་ Zhang Jun ཟེར་བས་རྒྱལ་ཁབ་ ༤༣ གྱི་མཉམ་འབྲེལ་གྱི་སྐྱོན་བརྗོད་དེར་དགག་གཞག་བྱས་ཏེ། ཨ་རིའི་གཙོ་བྱས་པའི་རྒྱལ་ཁབ་གཞན་ཁག་ཅིག་གིས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ལ་ཁ་གཡར་ནས་རྒྱ་ནག་ལ་འགྲན་སློང་བྱེད་བཞིན་པ་ཞིག་ཡིན་པ་མ་ཟད། རྒྱ་ནག་གིས་ཡུ་གུར་མི་རིགས་ལ་དྲག་གནོན་བྱེད་བཞིན་པར་བརྗོད་པ་དེ་ནི་གཞི་རྩ་བྲལ་བའི་བསྙོན་འཛུགས་ཤིག་ཡིན་པར་འགྲེལ་བརྗོད་ཀྱིས། ཤིན་ཅང་གི་མི་མང་གི་འཚོ་བ་ཉིན་རེ་ནས་ཉིན་རེར་ཡར་རྒྱས་ཆེན་པོ་འགྲོ་བཞིན་པ་ཞིག་ཡིན་པར་བསྒྲགས་ཡོད་པ་དང་། སྐབས་དེར་རྒྱ་ནག་གི་མཐུན་ཕྱོགས་རྒྱལ་ཁབ་ ༦༢ ཡིས་ཡུ་གུར་གྱི་གནད་དོན་དེ་ནི་རྒྱ་ནག་ནང་ཁུལ་གྱི་གནད་དོན་ཞིག་དང་། ཕྱི་ཕྱོགས་ནས་ཆབ་སྲིད་ཀྱི་དམིགས་འབེན་གྱི་ཐོག་ནས་གནད་དོན་དེ་གླེང་སློང་བྱེད་བཞིན་པ་ཞིག་ཡིན་པར་བརྗོད་འདུག རྩ་བའི་རྒྱ་ནག་གིས་ཡུ་གུར་མི་རིགས་ལ་དྲག་གནོན་གྱིས་མི་རིགས་རྩ་གཏོར་གཏོང་བཞིན་པ་དང་འབྲེལ་ནས། ཨིན་ཡུལ་དང་ཨོ་གླིང་། དེ་བཞིན་ཁེ་ན་ཌ། གཞན་ཡང་ནེའུ་ཛ་ལན་ཌི་སོགས་ཀྱི་མཚོན་པའི་རྒྱལ་ཁབ་མང་པོ་ཞིག་གིས་རྒྱལ་ཁོངས་སོ་སོའི་གྲོས་ཚོགས་ནང་དུ་ཤིན་ཅང་གི་གནད་དོན་དེ་མི་རིགས་རྩ་གཏོར་གྱི་གནད་དོན་ངོས་འཛིན་དང་། ཨིན་ཡུལ་དང་ཡུ་རོབ་མཐུན་ཚོགས་ཀྱིས་ཨ་རི་དང་ཁེ་ན་ཌ་དང་ལྷན་དུ་ཤིན་ཅང་ནང་གི་འབྲེལ་ཡོད་དཔོན་རིགས་ཁག་ཅིག་ལ་སྲིད་དོན་ཉེས་ཆད་ཡང་བཅད་ཡོད་པ་རེད།

སིལ་སྤོལ་རྩེད་འགྲན་པ་ Enes Kanter ལགས་ཀྱིས་རྒྱ་གཞུང་ལ་བོད་དོན་ཐད་རྒྱབ་སྐྱོར་གྱི་བརྡ་ལན་གནང་བ།  

Boston Celtics ཞེས་པའི་ཨ་རིའི་སིལ་སྤོལ་རུ་ཁག་གི་རྩེད་འགྲན་པ་ Enes Kanter ལགས་ཀྱིས་ཁ་སང་སྤྱི་ཚོགས་དྲ་ལམ་བརྒྱུད་ཁོང་ཉིད་ནས་བོད་དང་བོད་མིའི་གནད་དོན་ལ་རྒྱབ་སྐྱོར་དང་སྦྲགས་ཏེ་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ལ་བོད་དེ་བོད་མིར་བདག་གི་ཡོད་ཅེས་པའི་བརྡ་ལན་ནན་པོ་གནང་བའི་བརྙན་གཅིག་སྤྱི་ཚོགས་དྲ་ལམ་ཐོག་ཁྱབ་གདལ་ཤུགས་ཆེར་འགྲོ་བཞིན་འདུགEnes Kanter ལགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་པར་ཡོད་པའི་སྟོད་ཐུང་གྱོན་ནས་སྐར་མ་ ༣ མན་ཙམ་གྱི་བརྙན་དེའི་ནང་ཁོང་གིས་བོད་ནང་རྒྱ་གཞུང་གིས་དབང་བསྒྱུར་འོག་བོད་ཕྲུག་ཚོ་སློབ་གྲྭར་བོད་ཡིག་སློབ་གཉེར་གནང་རྒྱུར་བཀག་སྡོམ་དང་བོད་མི་རྣམས་རང་དབང་སྒོ་ནས་འགྲུལ་བཞུད་བྱེད་མི་ཆོག་པ། དེ་བཞིན་གནས་ཚུལ་རིགས་རང་དབང་ཐོག་ནས་མཁོ་སྤྲོད་གནང་རྒྱུ་དང་ཆོས་ལུགས་རང་དབང་ལ་རྡོག་རོལ་བཏང་བ་སོགས་གང་ལྟར་བོད་མིར་འགྲོ་བ་མིའི་ཐོབ་ཐང་མེད་སྐོར་དང་། ལྷག་པར་དུ་འདས་པའི་ལོ་ངོ་ ༧༠ ལྷག་གི་རིང་བོད་མིའི་དགེ་འདུན་པ་དང་བཙུན་མ། རྩོམ་པ་པོ། ས་གནས་ཀྱི་འགོ་ཁྲིད་དང་ལས་འགུལ་བ་སོགས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལག་བསྟར་གྱིས་འཛིན་བཟུང་བཀག་ཉར་བྱས་ཏེ་ཆབ་སྲིད་ཀྱི་སློབ་གསོ་བསྟི་གནས་ཁང་ནང་བཏང་ནས་དྲག་གནོན་མནར་གཅོད་སོགས་བྱེད་བཞིན་སྐོར་གསུངས་འདུག  རྒྱ་ནག་གཞུང་གིས་བོད་མི་རྣམས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་པར་ཉར་ཚགས་གནང་བ་ཙམ་གྱིས་འཛིན་བཟུང་བྱེད་བཞིན་པས་རྒྱ་ནག་གིས་བོད་མིའི་ངོ་བོ་རྩ་མེད་བཟོ་རྩིས་ཡོད་པས་རྒྱ་ནག་གི་བྱེད་ཕྱོགས་དེ་དག་ནི་ངོ་ཚ་ཁྲེལ་མེད་ཅིག་ཡིན་སྐོར་ཚོར་ཤུགས་དྲག་པོས་གསུངས་འདུག བོད་ནང་བོད་མི་ ༡༥༠ ལྷག་ནས་རྒྱལ་སྤྱིའི་ཁྲོད་བོད་ཀྱི་གནད་དོན་ཐད་གོ་རྟོགས་རྒྱ་ཆེ་ཡོང་ཐབས་དང་རྒྱ་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་བྱུས་ལ་ཞི་རྒོལ་སླད་སྐུ་ལུས་མེར་བསྲེགས་གནང་ཡོད་པར་འགྲེལ་བརྗོད་ཀྱིས་རང་ཉིད་ནས་བོད་ཀྱི་གནད་དོན་རྣམས་ཤེས་རྟོགས་བྱུང་སྐབས་གང་ཡང་མ་གསུངས་ནས་བཞུགས་ཐུབ་མ་སོང་གསུངས་འདུག་ལ། ཁོང་རང་ཉིད་ནས་བོད་མི་རྣམས་ཀྱི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དགོས་པའི་དགོས་འདུན་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་ཡོད་ཅེས་པ་དང་།  བོད་ལ་རང་དབང་དགོས་པ་དང་བོད་དེ་བོད་མིར་བདག་གི་ཡོད་ཅེས་ཞི་ཅིན་ཕིང་ལ་བརྡ་ལན་ནན་པོ་གནང་འདུག གཞི་རྩའི་སྐུ་ཞབས་ Kanter ལགས་རྩེད་འགྲན་པ་དང་ལྷན་ལས་འགུལ་བ་ཞིག་ཆགས་ཀྱི་ཡོད་པ་དང་། ཁོང་ Turkey ནང་གི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་དེ་གའི་སྲིད་འཛིན་ལ་འཛེམས་ཟོན་མེད་པར་སྐྱོན་བརྗོད་གནང་མཁན་ཞིག་ཀྱང་ཡིན་སྟབས། Turkey ནང་ཁོང་ wanted Man ཞེས་འཛིན་བཟུང་དགོས་པའི་ཐོ་གཞུང་ནང་ཡོད་པ་རེད། ཁ་སང་ Enes Kanter ལགས་ཀྱིས་བརྙན་དེ་སྤྱི་ཚོགས་དྲ་ལམ་དུ་མ་བཞག་གོང་ཁོང་ནས་ནིའུ་ཡོག་ནང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་དམ་པ་མཆོག་གི་ཚ་མོ་ཉི་མ་ལྷ་མོ་ལགས་གཙོས་ཨ་རིའི་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་བོད་རིགས་ཚོགས་པའི་ཚོགས་མི་དང་ཐུག་འཕྲད་གནང་སྟེ་སྐབས་དེར་ཁོང་རང་ཉིད་དང་བཙན་བྱོལ་དུ་གནས་བཞུགས་བོད་མིར་གཅིག་མཚུངས་ཀྱི་འཕྲད་པའི་སྐུ་ངལ། རང་ཡུལ་དུ་ཕྱིར་ལོག་གནང་མ་ཐུབ་པའི་གནད་དོན་སོགས་ཀྱི་ཐད་གོ་བསྡུར་གནང་ཡོད་པ་བོད་རང་བཙན་སློབ་ཕྲུག་ཚོགས་པའི་བསྒྲགས་གཏམ་སྤེལ་བའི་ནང་གསལ་འདུག Enes Kanter ལགས་དང་ཐུག་འཕྲད་དང་འབྲེལ་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་མི་བློ་བཟང་ཚེ་བརྟན་ལགས་ཀྱིས་སྐུ་ཞབས་ Kanter ལགས་ཀྱིས་བོད་དོན་ཐོག་ཤེས་འདོད་ཀྱི་རྣམ་པ་དེ་སེམས་འགུལ་ཐེབས་ཡག་ཅིག་ཡིན་པ་དང་།  སྤྱིར་རྒྱ་གཞུང་གིས་བོད་ཀྱི་གནད་དོན་དེ་ཕྱི་ཕྱོགས་སུ་མ་ཁྱབ་པའི་ཆེད་དུ་ཐབས་ཤེས་ཡོད་རྒུ་རྩལ་དྲུག་བྱེད་བཞིན་ཡོད་ཀྱང་། ད་ལན་སྐུ་ཞབས་ཁོང་གིས་ཚོར་ཤུགས་དྲག་པོས་བོད་ཀྱི་གནད་དོན་ལ་ཐུགས་ཚབ་ཀྱིས་རྒྱ་གཞུང་ལ་བརྡ་ལན་ནན་པོ་གནང་བ་དེས་བོད་རྒྱ་གཉིས་ཀྱི་རྩོད་རྙོག་དེ་བསྐྱར་དུ་མང་ཚོགས་ནས་དོ་སྣང་བྱ་ཡུལ་ཞིག་ཏུ་གྱུར་བར་རོགས་འདེགས་གནང་ངེས་དང་། ཁོང་གིས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐད་གསུངས་པ་དེས་རྩེད་འགྲན་པ་གཞན་ཚོ་ལའང་རང་ཉིད་ཀྱི་ཁེ་ཕན་གྱི་གོང་དུ་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་གཙོ་བཟུང་དགོས་གལ་ཡིན་པ་ཚོར་ཐུབ་པའི་རེ་བ་ཡོད་ཅེས་གསུངས་འདུག བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་འཆར་འགན་འཛིན་པདྨ་སྒྲོལ་མ་ལགས་ཀྱིས་སྐུ་ཞབས་ Kanter ལགས་ནས་བོད་དོན་སྐོར་གསུངས་པ་དེས་བོད་མི་ཙམ་མ་ཟད་རྒྱ་གཞུང་གི་གཉའ་གནོན་འོག་དཀའ་སྡུག་མྱོང་བཞིན་པ་ཡོངས་ལ་སེམས་འགུལ་ཐེབས་ངེས་ཡིན་པ་དང་། རྩེད་འགྲན་པ་གཞན་ཚོས་ཀྱང་རྒྱ་གཞུང་གིས་ཡུ་གུར་མི་རིགས་རྩ་མེད་གཏོང་བ་གཙོས་ཧོང་ཀོང་གི་མང་གཙོ་རྡོག་རོལ་བཏང་བ། རྒྱ་རིགས་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཚོར་མནར་གཅོད་བཏང་བའི་ཐད་གླེང་སློང་གནང་བར་བློ་ཁོག་འཕེལ་རེ་ཡོད་སྐོར་གསུངས་འདུག སྐུ་ཞབས་ Kanter ལགས་ཀྱིས་བོད་དོན་སྐོར་གླེང་བ་དེར་བོད་མི་ཚོས་ཧ་ཅང་དགའ་མོས་གནང་བའི་ཁར་ཁོང་ནས་བོད་དོན་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པར་མ་ཟད་ཁོང་གི་བརྙན་དེ་སྤྱི་ཚོགས་དྲ་ལམ་གང་སར་བརྒྱུད་སྤེལ་གནང་བཞིན་འདུག Kanter ལགས་ཀྱིས་བོད་དོན་སྐོར་ཤུགས་ཆེ་གླེང་བར་ད་ལྟའི་ཆར་ NBA ཞེས་བྱང་ཨ་མི་རི་ཀའི་རྒྱལ་ཡོངས་སིལ་སྤོལ་མཐུན་ཚོགས་དང་རྒྱ་ནག་ནས་གང་ཡང་བཤད་མི་འདུག་ཀྱང་། བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་བར་གཞིགས་ན་དེ་རིང་སྔ་དྲོ་ཧོང་ཀོང་ནང་ tencent sports ཞེས་རྩེད་འགྲན་ཐད་གཏོང་བྱེད་མཁན་ཚོང་ལས་སྡེ་ཚན་ནས་ Boston Celtics ཡི་རྩེད་མོ་ཐད་གཏོང་བྱ་རྒྱུ་ཁག་ཕྱིར་འཐེན་བྱས་ཡོད་པ་རེད།

ཨ་རིའི་རྒྱ་ནག་གཞུང་ཚབ་པའི་འོས་མིས་རྒྱ་ནག་ཐོག་བཞེངས་ཕྱོགས་མཁྲེགས་པོའི་རྣམ་པ་བསྟན་པ།

ཁ་སང་ཨ་རིའི་གྲོས་ཚོགས་གོང་མའི་ཉན་ཞིབ་ལས་རིམ་ཐོག་ཨ་རིའི་རྒྱ་ནག་གཞུང་ཚབ་པའི་འོས་མི་སྐུ་ཞབས་ Nicholas Burns ལགས་ཀྱིས་རྒྱ་གཞུང་གིས་ཤིན་ཅང་ནང་མི་རིགས་རྩ་གཏོར་དང་བོད་ནང་དྲག་གནོན། དེ་བཞིན་ཐེ་ཝན་ལ་ཐུབ་ཚོད་བཅས་ཀྱི་ལས་དོན་སྤེལ་བཞིན་ཁག་མཚམས་འཇོག་དགོས་པའི་ནན་བརྗོད་གནང་འདུགསྲིད་འཛིན་ Joe Biden མཆོག་གིས་ཨ་རིའི་རྒྱ་ནག་གཞུང་ཚབ་པ་གསར་པའི་འོས་མི་མཚན་འབོད་གནང་བའི་སྐུ་ཞབས་ Nicholas Burns ལགས་ཀྱིས་ཁ་སང་ཨ་རིའི་གྲོས་ཚོགས་སུ་གྲོས་ཚོགས་གོང་མའི་ཕྱི་དྲིལ་ལས་དོན་ཚོགས་ཆུང་གི་ཉན་ཞིབ་ལས་རིམ་ཞིག་ཐོག་མཉམ་ཞུགས་ཀྱིས་གཏམ་བཤད་གནང་སྐབས་རྒྱ་ནག་ཐོག་བཞེངས་ཕྱོགས་མཁྲེགས་པོའི་རྣམ་པ་ཆེད་བཏོན་དང་འབྲེལ། རྒྱ་ནག་དེ་ཨ་རི་གཞུང་གིས་འགྲན་བསྡུར་གནང་ཡུལ་གྱི་རྒྱལ་ཁབ་ཁོངས་ཉེན་ཚབས་ཆེ་ཤོས་ཤིག་ལ་ངོས་འཛིན་གནང་གི་ཡོད་པ་དང་རྒྱ་ནག་གི་ངོས་ནས་རྡུལ་ཕྲན་ཉར་ཚགས་ལ་ཚད་འཛིན་བྱ་རྒྱུའི་ཁས་ལེན་ལ་རྩིས་མེད་བྱེད་བཞིན་ཡོད་པར་སྐྱོན་བརྗོད་གནང་འདུག ཁོང་གིས་ད་དུང་རྒྱ་ནག་དམར་ཤོག་ཚོགས་པའི་ཤིན་ཅང་ནང་མི་རིགས་རྩ་གཏོར་དང་བོད་ནང་དྲག་གནོན། དེ་བཞིན་ཧོང་ཀོང་མང་ཚོགས་ཀྱི་རང་སྲིད་རང་སྐྱོང་ཀྱི་ཁེ་དབང་དང་རང་དབང་བཅས་ལ་རྡོག་རོལ་གཏོང་བཞིན་པར་མ་ཟད། ཐེ་ཝན་ལ་ཐུབ་ཚོད་ཀྱི་བྱ་ངན་སྤེལ་བཞིན་པ་སོགས་ནི་དྲང་བདེན་མིན་སྟབས་དེ་དག་འཕྲད་མར་མཚམས་འཇོག་དགོས་པའི་ནན་སྐུལ་གནང་འདུག རང་ལོ་ ༦༥ ཡིན་པའི་སྐུ་ཞབས་ Burns ལགས་ཀྱིས་ཨ་རིའི་ངོས་ནས་ཐེ་ཝན་གྱི་གནད་དོན་ཐད་རྒྱ་ནག་གཅིག་གི་སྲིད་བྱུས་འཛིན་བཞིན་པ་ནི་འོས་ཤིང་འཚམས་པ་ཡིན་ཀྱང་། རྒྱ་ནག་གཞུང་གིས་ཐེ་ཝན་གྱི་ད་ཡོད་གནས་བབས་ལ་གནོད་འཚེ་བྱ་རྒྱུའི་བྱ་ངན་དག་ལ་ཁ་གཏད་གཅོག་རྒྱུ་དེའང་ཡང་དག་པ་ཞིག་ཆགས་ཀྱི་ཡོད་ཅེས་གསུངས་པ་མ་ཟད། ད་ཆ་ཐེ་ཝན་ལ་རྒྱ་གཞུང་གི་དཔུང་དམག་ཐོག་ནས་ཉེན་ཁ་ཇེ་ཆེར་འཕྲད་བཞིན་པའི་འཚམས་འདིར་ཨ་རིའི་ངོས་ནས་ཐེ་ཝན་ལ་རྒྱ་ནག་གི་དྲག་ཤུགས་ལས་ལྡོག་ཐབས་སུ་ཐབས་ལམ་ཡག་ཤོས་དེ་རྒྱ་ནག་གཅིག་གི་སྲིད་བྱུས་འཛིན་རྒྱུ་དེ་ཡིན་པ་དང་། གལ་ཏེ་ང་ཚོས་སྲིད་བྱུས་དེ་ནུས་ཤུགས་ལྡན་པའི་ཚད་གཞི་ཐོག་ནས་རྒྱུན་ཆད་མེད་པར་ལག་བསྟར་གནང་ཚེ་ལམ་ལྷོང་ཡོང་རྒྱུ་ཡིན་པར་ནན་བརྗོད་གནང་ཡོད།ཁ་སང་གི་འདྲི་རྩད་ལས་རིམ་ཐོག་སྐུ་ཞབས་ Burns ལགས་ཀྱིས་ཨ་རིའི་གྲོས་ཚོགས་དང་འཛིན་སྐྱོང་སྡེ་ཚབ་ཁག་གི་ངོས་ནས་ཐེ་ཝན་ལ་གོ་མཚོན་མཁོ་སྤྲོད་བྱ་རྒྱུ་རྒྱ་སྐྱེད་གཏོང་དགོས་པའི་དགོངས་ཚུལ་ཆེད་འདོན་དང་འབྲེལ། མང་ཚོགས་ཁྲོད་རྒྱ་ནག་ལ་ཁ་གཏད་གཅོག་མཁན་ཇེ་མང་དུ་འགྲོ་བཞིན་པ་དང་། བློ་མཐུན་གྱི་གྲོགས་པོ་ཁ་ཤས་ལས་མེད་པ་མ་ཟད། དོན་དམ་གྱི་མཐུན་ཕྱོགས་རྒྱལ་ཁབ་སོགས་གཅིག་ཀྱང་མེད་པའི་འཚམས་འདིར་ཨ་རིའི་ངོས་ནས་རྒྱ་ནག་གི་སྟོབས་ཤུགས་ལ་ཚད་ལས་བརྒལ་ཏེ་ཚོད་དཔག་དང་ཡང་ན་འུར་གཏམ་སྒྲོག་དགོས་དོན་མེད་ལ། ཨ་རིའི་སྟོབས་ཤུགས་ལའང་སྣང་ཆུང་བྱ་རྒྱུ་མེད་ཅེས་གསུངས་འདུག དེ་བཞིན་ཁོང་གིས་ཨ་རིའི་ངོས་ནས་དཔལ་འབྱོར་གྱི་གནད་དོན་ཐད་ཡུ་རོབ་མཐུན་ཚོགས་དང་ཉི་ཧོང་གི་དཔུང་ཤུགས་ལྷན་མཉམ་སྦྲེལ་གནང་རྒྱུ་དེས་རྒྱ་ནག་ལ་ཁ་གཏད་གཅོག་རྒྱུར་ལག་ཆ་ངོ་མ་ཞིག་ཆགས་རྒྱུ་ཡིན་སྐོར་དང་ལྷག་དོན་པེ་ཅིང་གི་དགུན་ཁའི་ཨོ་ལམ་པིཀ་རྩེད་འགྲན་དང་འབྲེལ་དེའི་ནང་མཉམ་ཞུགས་གནང་མཁན་ཨ་རིའི་རྩེད་འགྲན་པ་རྣམས་ལ་མཚོན་ན་མང་གཙོའི་རྒྱལ་ཁབ་ནས་ཡིན་སྟབས་རང་ཉིད་ཀྱི་དགོངས་ཚུལ་གསུང་རྒྱུ་དང་གསར་འགོད་པར་འབྲེལ་བ་གནང་རྒྱུའི་ཐོབ་ཐང་ཁག་ལོངས་སུ་སྤྱོད་ཐུབ་པའི་རེ་བ་གནང་བཞིན་ཡོད་པ་དང་དེ་ལྟར་ཡོང་བར་རྒྱལ་སྤྱིའི་ཨོ་ལམ་པིཀ་ལྷན་ཚོགས་ནས་དམིགས་བསལ་ཐུགས་འཁུར་བཞེས་དགོས་གལ་ཡིན་པར་ནན་སྐུལ་གནང་འདུག རྩ་བའི་སྐུ་ཞབས་ Nicholas Burns ལགས་སུ་ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཆབ་སྲིད་ཚོགས་པ་གཉིས་ཀའི་སྤྱི་མོས་རྒྱབ་སྐྱོར་ཐོབ་ཡོད་སྟབས་ཁོང་ཨ་རིའི་རྒྱ་ནག་གཞུང་པ་གསར་པར་བསྐོ་གཞག་གནང་ངེས་ཡིན་པ་དང་དེ་བཞིན་དེ་འབྲེལ་ཚོགས་ཆུང་གི་ཚོགས་གཙོ་ Jim Risch ལགས་ཀྱིས་སྐུ་ཞབས་ Burns ལགས་གོ་གནས་དེར་འོས་ཤིང་འཚམས་པ་ཆགས་ཀྱི་འདུག་ཅེས་གསུངས་འདུག

གྷི་རི་སི་ནང་འཛིན་བཟུང་བྱས་པའི་བོད་དོན་ལས་འགུལ་བ་ཚང་མ་གློད་བཀྲོལ་བཏང་འདུག

ཉེ་ཆར་གྷི་རི་སི་ནང་ ༢༠༢༢ ལོར་རྒྱ་ནག་དུ་འཚོགས་རྒྱུའི་དགུན་དུས་ཨོ་རྩལ་འགྲན་ཚོགས་ལ་ངོ་རྒོལ་སྐད་འབོད་གནང་རྐྱེན་འཛིན་བཟུང་བྱས་པའི་བོད་དོན་ལས་འགུལ་བ་འཆི་མེད་ལྷ་མོ་ལགས་དང་། Jason Leith དེ་བཞིན་ Fern McDougal ལགས་བཅས་ས་གྷི་རི་སི་ས་གནས་ཀྱི་བཙོན་ཁང་དུ་མཚན་གཉིས་དང་ཉིན་གསུམ་རིང་བཙོན་འཇུག་བྱས་རྗེས་ཁ་སང་ཕྱི་ཚེས་ ༢༠ ཉིན་རྒྱབ་གློད་བཀྲོལ་བཏང་འདུག རྩ་བའི་ཟླ་བ་འདིའི་ཕྱི་ཚེས་ ༡༨ ཉིན་ Greece རྒྱལ་ས་ Athens ནང་རྒྱལ་སྤྱིའི་ཨོ་ལམ་པིཀ་རྩེད་འགྲན་གྱི་དཔལ་འབར་ལ་མེ་ལྕེ་སྒྲོན་པའི་མཛད་སྒོ་ཚོགས་ཡུལ་གྱི་ OLMPIA ས་ཚིགས་སུ་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་འགུལ་བ་འཆི་མེད་ལྷ་མོ་ལགས་དང་། བོད་རང་དབང་ཚོགས་པའི་ལས་འགུལ་བ་ Jason Leith བོད་དོན་ལས་འགུལ་བ་ Fern McDougal བཅས་ཁོང་གསུམ་ནས་བོད་ཀྱི་རྒྱལ་དར་དང། མི་རིགས་སྡེབ་གསོད་ཀྱི་རྩེད་འགྲན་ལ་ངོས་ལེན་མེད་བཅས་ཀྱི་འཕྲེད་དར་འཕྱར་ནས་ངོ་རྒོལ་སྐད་འབོད་གནང་བར་བརྟེན་སྐབས་དེར་ཁོང་གསུམ་པོ་འཛིན་བཟུང་གིས་ས་གནས་བཙོན་ཁང་དུ་ཉིན་གསུམ་རིང་བཙོན་འཇུག་བྱས་ཡོད་པ་རེད།ཁ་སང་ཉིན་རྒྱབ་ལས་འགུལ་བ་གསུམ་པོ་ས་གནས་ཁྲིམས་ཁང་ནས་ཁྲིམས་ཞིབ་བྱ་རིམ་ཞིག་གི་འོག་རེ་ཞིག་གློད་བཀྲོལ་བཏང་འདུག་ཀྱང། ད་ལན་གྱི་གནས་ཚུལ་དང་འབྲེལ་བའི་གྱོད་གཞི་དེ་ལོ་རྗེས་མ་ ༢༠༢༢ ལོའི་ཕྱི་ཟླ་ ༢ ཚེས་ ༣ ཉིན་ཁྲིམས་བཤེར་བྱ་རྒྱུའི་དུས་ཚོད་སྤྲད་འདུགཁ་སང་ལས་འགུལ་བ་གསུམ་ཁྲིམས་ཁང་ནས་གློད་བཀྲོལ་བཏང་རྗེས་ཁྲིམས་ཁང་གི་ཕྱི་ཕྱོགས་སུ་བོད་ཀྱི་རྒྱལ་དར་འཁྱེར་ནས་སྤྱི་ཚོགས་དྲ་ལམ་ངོ་དེབ་བརྒྱུད་ ༢༠༢༢ ལོའི་རྒྱ་ནག་ཏུ་འཚོགས་རྒྱུའི་དགུན་དུས་ཨོ་རྩལ་འགྲན་ཚོགས་ལ་ངོས་ལེན་མེད་པ་དང་། རྒྱ་ནག་གི་བཙན་གནོན་འོག་ཡོད་པའི་བོད་གཙོས་གྲངས་ཉུང་མི་རིགས་ཀྱི་ཁག་གི་ང་བའི་གནས་སྟངས་ངོ་སྤྲོད་གནང་སྟེ། རྒྱ་ནག་གི་དགུན་དུས་ཨོ་རྩལ་འགྲན་ཚོགས་ལ་སྦྱིན་བདག་བྱེད་མཁན་གྱི་བཟོ་ཚོང་ཁང་དང་། གསར་འགོད་པ། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ། འཛམ་གླིང་མང་ཚོགས་ནས་ཨོ་ལམ་པིཀ་རྩེད་འགྲན་གྱི་རྩ་བའི་ལྟ་གྲུབ་ལ་གཞིགས་ཏེ་བདེན་རྒྱབ་ཏུ་བཞེངས་དགོས་པའི་འབོད་སྐུལ་ཞུས་ཡོད།དེ་བཞིན་འཆི་མེད་ལྷ་མོ་ལགས་ཀྱིས་རླུང་འཕྲིན་ཁང་ལ་ད་ལན་ང་ཚོ་འཛིན་བཟུང་བཙོན་འཇུག་བྱས་པའི་བརྒྱུད་རིམ་ཁྲོད་འཕྲད་པའི་དཀའ་ངལ་ལས་བོད་ནང་གི་ཛ་དྲག་གནས་སྟངས་དང་། དེ་བཞིན་རིང་མིན་རྒྱ་ནག་ཏུ་འཚོགས་རྒྱུའི་དགུན་དུས་ཨོ་རྩལ་འགྲན་རྩོད་དེ་རྒྱལ་ཁབ་གཞན་ལ་གནས་སྤོ་ཐུབ་པ་གནང་རྒྱུ་ནི་དེ་བས་གལ་ཆེར་གཟིགས་སྐོར་གསུངས་ཡོད་པར་འགྲེལ་བརྗོད་གནང་བར་མ་ཟད། ལྷག་པར་དུ་བཙོན་བྱོལ་ནང་ཡོད་པའི་བོད་མི་ཚོས་བོད་ནང་གི་བོད་མི་ཚོར་འཕྲད་བཞིན་པའི་དཀའ་ངལ་རྣམས་དུས་ནམ་ཡང་མ་བརྗེད་པ་གནང་སྟེ་ནུས་པ་མཉམ་སྤུངས་གནང་དགོས་པའི་སྐུལ་མ་གནང་ཡོད།

རྒྱ་གར་གྱིས་མཐའ་དམག་རྣམས་ལ་བོད་སྐད་བོད་ཡིག་གི་སློབ་ཁྲིད་བྱེད་འཆར་ལ་རྒྱ་ནག་གིས་དགག་ལན།

རྒྱ་ནག་གཞུང་འབྲེལ་གྱི་ Global Times གསར་ཁང་གིས་གནས་ཚུལ་སྤེལ་བའི་ནང་དུ། རྒྱ་གར་གྱིས་འདི་ལོའི་ལོ་འགོ་ནས་བཟུང་མཐའ་དམག་གི་དཔུང་སྡེ་ཁག་ལ་བོད་སྐད་བོད་ཡིག་དང་བོད་ཀྱི་ས་གཤིས་སོགས་ཀྱི་སློབ་ཁྲིད་བྱེད་འཆར་ཡོད་པ་དེ་ནི། རྩོད་རྙོག་ཅན་གྱི་མཐའ་མཚམས་ཁག་ཏུ་དམག་སྡེ་ཡུན་གནས་ཡོང་རྒྱུར་དམིགས་པའི་སྲིད་བྱུས་ཤིག་ཡིན་པའི་དགག་གཞག་བྱས་འདུག གཞི་རྩའི་འདི་ལོའི་ལོ་འགོ་ནས་བཟུང་། རྒྱ་གར་གྱི་གསར་ལམ་ཁག་གིས་གནས་ཚུལ་སྤེལ་བའི་ནང་དུ་། སྔར་ལོ་ནས་རྒྱ་གར་བྱང་ཕྱོགས་ཀྱི་ལ་དྭགས་དང་འབྲས་ལྗོངས་སུ་འཁེལ་བའི་འཕགས་བོད་ས་མཚམས་སུ་རྒྱ་དཀར་ནག་གི་དམག་མིའི་བར་གདོང་ཐུག་གནད་དོན་རིམ་པ་བྱུང་ཡོད་པ་ལྟར། རྒྱ་གར་གྱིས་རྒྱ་ནག་གི་དྲིལ་བསྒྲགས་དང་ཤུགས་རྐྱེན་ལ་ཁ་གཏད་གཅོག་ཆེད་རྒྱ་གར་གྱི་མཐའ་དམག་ཚོས་བོད་ཀྱི་ལོ་རྒྱུས་དང་། རིག་གནས། སྐད་ཡིག་བཅས་སློབ་སྦྱོང་བྱེད་རྒྱུའི་ལས་གཞི་གསར་བ་ཞིག་འཛུགས་འཆར་ཡོད་པར་ཡོངས་གྲགས་གནང་ཡོད་པ་མ་ཟད། ། ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དང་ལྡི་ལི་མཐོ་སློབ་གྱི་ནང་ཆོས་སློབ་གཉེར་ཁང་། དེ་བཞིན་རྒྱ་གར་ལྷོ་ཕྱོགས་སུ་ཡོད་པའི་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་སོགས་རྒྱ་གར་གྱི་དམག་མིས་བོད་ཀྱི་ལོ་རྒྱུས་དང་སྐད་ཡིག་རིག་གནས་སློབ་སྦྱོང་བྱེད་སའི་ཁོངས་སུ་མིང་འདོན་བྱས་ཡོད་པ་རེད། སྐབས་དེར་རྒྱ་གར་གྱི་དམག་མི་ཞིག་གིས་གསར་ཁང་ལ་བརྗོད་པ་ལྟར་ན། རྒྱ་གར་གྱི་དམག་མི་རྣམས་པཱ་ཀི་སི་ཐན་ཀྱི་སྐོར་ལ་རྒྱུས་ལོན་ཟབ་མོ་ཡོད་ཀྱང་། རྒྱ་ནག་གི་སྐོར་སྤྱི་དང་སྒོས་སུ་རྒྱ་ནག་གི་བསམ་བློ་གཏོང་ཕྱོགས་བཅས་ལ་རྒྱུས་མངའ་ཡོད་མཁན་ཆེས་ཉུང་ཤོས་ཤིག་ལ་མེད་པ་མ་ཟད། བོད་ཀྱི་སྐོར་ལ་ཤེས་རྟོག་ཡོད་མཁན་དེ་བས་ཀྱང་མེད་སྟབས། ད་ཆ་རྒྱ་གར་གྱི་དམག་མི་རྣམས་ཀྱིས་བོད་ཀྱི་སྐད་ཡིག་རིག་གཞུང་དང་རྒྱལ་རབས་ལོ་རྒྱུས་བཅས་ལ་སློབ་སྦྱོང་བྱེད་རྒྱུ་གལ་ཆེན་ཡིན་སྐོར་དང་། མཐའ་མཚམས་ཀྱི་དམག་མི་རྣམས་ཀྱིས་བོད་སྐད་བོད་ཡིག་དང་རྒྱ་སྐད་རྒྱ་ཡིག་སོགས་ལ་སློབ་སྦྱོང་བྱས་ཏེ་དམིགས་བཀར་གྱིས་མཐའ་མཚམས་ཁག་གི་དམག་མིའི་ལས་གནས་སུ་ཡུན་རིང་བསྐོ་བཞག་བྱེད་རྒྱུ་ཡིན་པར་བརྗོད་འདུག རྒྱ་ནག་གི་འཐབ་བྱུས་ཉམས་ཞིབ་ཁང་གི་འབྲེལ་ཡོད་ཀྱི་ཉམས་ཞིབ་པ་ Qian ཟེར་བ་ཞིག་གིས་ Global Times གསར་ཁང་ལ་འགྲེལ་བརྗོད་བྱས་པའི་ནང་དུ། ཕྱོགས་གཉིས་ཀྱི་མཐའ་མཚམས་ཀྱི་ཁག་ཏུ་དཀའ་རྙོག་ཅན་གྱི་ས་ཁུལ་མང་པོ་ཡོད་སྟབས། རྒྱ་གར་གྱིས་དངོས་ཡོད་གནས་ཚུལ་གཞིར་བཞག་གིས་རྒྱ་ནག་ལ་ཁོང་ཁྲོ་སློང་བྱེད་ཀྱི་བྱ་བཞག་ཁག་མཚམས་འཇོག་མ་བྱས་པ་ཡིན་ན། ཕྱོགས་གཉིས་ཀྱི་མཐའ་མཚམས་ཁག་ཏུ་ཉེན་འཚབ་ཆེ་བའི་དོན་རྐྱེན་བྱུང་སྲིད་པའི་ཉེན་བརྡ་བཏང་པ་མ་ཟད། གཞན་ཡང་ཁོས། རྒྱ་ནག་གིས་ས་ཁོངས་བདག་དབང་སྲུང་སྐྱོབ་བྱེད་རྒྱུའི་ལངས་ཕྱོགས་བརྟན་པོ་ཡིན་པར་ལུང་འདྲེན་གྱིས། རྒྱ་གར་གྱིས་དྲག་ཆས་ཀྱི་རྣམ་འགྱུར་ལ་འགྱུར་བ་་མ་བཏང་བ་ཡིན་ན། རྒྱ་ནག་གིས་ལས་དོན་མཐའ་འཁྱོངས་མ་བྱས་པར་དུ་འཐབ་འཛིང་བྱེད་རྒྱུ་ཡིན་པར་བསྒྲགས་འདུག།གཞི་རྩའི་འདས་བའི་ལོ་འགའི་རིང་ནས་རྒྱ་ནག་གིས་རྒྱལ་ཁོངས་རྒྱ་བསྐྱེད་ཀྱི་སྲིད་བྱུས་ལག་བསྟར་གྱི་འོག་ནས་མཐའ་མཚམས་ཁག་ཏུ་གྲོང་ཚོ་གསར་འཛུགས་དང་འབྲོག་ཁྱིམ་གནས་སྤོར་གྱིས་ལས་གཞི་རྒྱ་བསྐྱེད་ཀྱིས། ཕྱོགས་ཡོངས་ནས་བོད་ཀྱི་མཐའ་མཚམས་ཁག་ཏུ་མ་དངུལ་མང་པོ་ཆེད་གཏོང་གིས་འཛུགས་སྐྲུན་གྱི་ལས་གཞི་སྣ་མང་སྤེལ་བཞིན་པ་མ་ཟད། བོད་དམག་བསྡུ་རུབ་ཀྱིས་ས་བབ་མཐོ་ཞིང་གནམ་གཤིས་འཁྱགས་པའིི་འཕགས་བོད་མཐའ་མཚམས་སུ་བོད་ཀྱི་ཡུལ་དམག་གསར་འཛུགས་བྱེད་བཞིན་པའི་གནས་ཚུལ་རིམ་ཕྱིར་ཐོན་ཡོད་དང་། ད་ཆ་རྒྱ་གར་གྱི་ཕྱོགས་ནས་ཀྱང་མཐའ་དམག་གི་ཁྲོད་དུ་བོད་ཀྱི་ས་གཤིས་དང་བོད་སྐད་བོད་ཡིག་ཤེས་ཀྱི་སློབ་ཁྲིད་ཀྱིས་ཕྱོགས་ཡོངས་ཀྱི་གནས་ཚུལ་མཁོ་བསྡུ་དང་རྒྱུས་ལོན་བྱེད་རྒྱུར་གྲོས་བསྡུར་གནང་མུས་ཡིན་པ་རེད།

རྒྱ་ནག་ལ་གདོང་ལེན་གནང་མཁན་གྱི་གྲོས་ཚོགས་འཐུས་མིའི་མཐུན་ཚོགས་སྟེང་ཐེ་ཝན་གྱི་ཕྱི་སྲིད་བློན་ཆེན་དང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བཅས་གདན་ཞུ།

རེས་གཟའ་ཟླ་བའི་ཉིན་ཡོ་རོབ་མཐུན་ཚོགས་ཀྱི་གྲོས་ཚོགས་འཐུས་མི་ལས་གྲུབ་པའི་ IPAC ཞེས་རྒྱ་ནག་ལ་གདོང་ལེན་གནང་མཁན་གྱི་གྲོས་ཚོགས་འཐུས་མི་ལས་གྲུབ་པའི་མཐུན་ཚོགས་ཀྱིས་གསལ་བསྒྲགས་ཤིག་གནང་བར་གཞིགས་ན།  ཨི་ཊ་ལིའི་རྒྱལ་ས་ Rome གྱི་ཁུལ་དུ་བདུན་ཕྲག་རྗེས་མའི་རེས་གཟའ་པ་སངས་ཉིན་འཚོགས་གཏན་འཁེལ་བའི་གྲོས་ཚོགས་འཐུས་མིའི་ཚོགས་ཆེན་ཐོག་ཏུ་རྒྱ་ནག་གཞུང་གིས་དམིགས་འབེན་བྱ་ཡུལ་རྒྱལ་ཁབ་ཀྱི་དབུ་ཁྲིད་ཐེ་ཝན་གྱི་ཕྱི་སྲིད་བློན་ཆེན་ Jaushieh Joseph Wu ལགས་དང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག ཧོང་ཀོང་ནས་བྲོས་བྱོལ་དུ་ཕེབས་པ་མང་གཙོའི་ལས་འགུལ་བ་གཞོན་སྐྱེས་ Nathan Law ལགས། ཡུ་གུར་གྱི་ཐོབ་ཐང་རྩོད་ལེན་པ་ Rahima Mahmut ལགས་གཙོས་གླིང་ཆེན་ལྔའི་གྲོས་ཚོགས་འཐུས་མི་རྣམས་ལྷན་ཞུགས་གནང་འཆར་ཡོད་པ་རེད། ཡོ་རོབ་མཐུན་ཚོགས་ཀྱི་གྲོས་ཚོགས་འཐུས་མི་ལས་གྲུབ་པའི་ IPAC ཞེས་རྒྱ་ནག་ལ་གདོང་ལེན་གནང་མཁན་གྱི་གྲོས་ཚོགས་འཐུས་མི་ལས་གྲུབ་པའི་ཚོགས་པ་དེའི་ནང་གྲོས་ཚོགས་འཐུས་མི་ཉིས་བརྒྱ་ཙམ་ཡོད་པ་དང་། ཚོགས་འདུ་ཐོག་ G20 Summit ཞེས་པའི་སྟོབས་ཆེན་རྒྱལ་ཁབ་ཉི་ཤུ་ཐམ་པའི་ལྷན་ཚོགས་སུ་རྒྱ་ནག་གཞུང་གི་ཁ་གཏད་དུ་བཞེངས་ཕྱོགས་མཁྲེགས་པོར་འཛིན་དགོས་པའི་དགོས་འདུན་ཆེད་བཏོན་གནང་རྒྱུ་མ་ཟད། སྔ་ལོར་རྒྱ་ནག་གཞུང་གིས་ IPAC གྱི་འཐུས་མི་དགུ་རྒྱ་ནག་ལ་ཕེབས་རྒྱུར་འགྲུལ་སྐྱོད་བཀག་སྡོམ་བྱས་པའི་ཁོངས་སུ་ཨིན་ཡུལ་གྲོས་ཚོགས་འཐུས་མི་ Sir Iain Duncan Smith ལགས་དང་སྦེལ་ཇམ་རྒྱལ་ཁབ་ཀྱི་གྲོས་ཚོགས་འཐུས་མི་དང་ཕྱི་སྲིད་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་གཞོན་པ་སྐུ་ཞབས་ Samuel Cogolati ལགས་སོགས་གྲོས་འཐུས་རྣམས་ཀྱང་ཚོགས་འདུར་ལྷན་ཞུགས་གནང་གྱི་ཡོད་པ་རེད། ཐེ་ཝན་ཕྱི་སྲིད་བློན་ཆེན་གྱི་མགྲིན་ཚབ་པ་ Joanne Ou ལགས་ཀྱིས་གསར་ལམ་ཁག་ལ་ཐེ་ཝན་གྱི་ཕྱི་སྲིད་བློན་ཆེན་ Jaushieh Joseph Wu ལགས་ཀྱི་ཡོ་རོབ་ཁུལ་གྱི་ཕྱོགས་སྐྱོད་སྐོར་བསམ་བློའི་ནང་གྲ་སྒྲིག་གནང་བཞིན་ཡོད་པ་དང་། འཆར་གཞི་ཁག་གཏན་འབེབས་བྱུང་མཚམས་སུ་མང་ཚོགས་དང་ལྷན་དུ་གནས་ཚུལ་ཞིབ་རྒྱས་ངོ་སྤྲོད་གནང་གི་རེད་ཅེས་འགྲེལ་བརྗོད་གནང་འདུག་པ་མ་ཟད། IPAC ནི་ཡོ་རོབ་མཐུན་ཚོགས་ཀྱི་གྲོས་ཚོགས་འཐུས་མི་གཙོས་གླིང་ཆེན་ལྔའམ་རྒྱལ་ཁབ་བཅོ་དགུའི་གྲོས་ཚོགས་འཐུས་མི་ལས་གྲུབ་པའི་མཐུན་ཚོགས་ཤིག་དང་། ཚོགས་ཆེན་གྱི་དམིགས་ཡུལ་ནི་མཐུན་ཕྱོགས་ཀྱི་གྲོས་ཚོགས་འཐུས་མི་རྣམ་པས་ཁྲིམས་ཀྱི་ཐོག་ནས་རྒྱ་ནག་གཞུང་ནས་རྒྱལ་སྤྱིའི་ཁྲིམས་སྒྲིག་གཙོས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་སྲུང་བྱ་རྒྱུ་དང་གོ་ལའི་བདེ་འཇགས་ལ་བསམ་གཞིག་བྱ་རྒྱུར་སྐུལ་འདེགས་གཏོང་རྒྱུ་དེ་ཡིན་པ་རེད་ཅེས་བརྗོད་འདུག མགྲིན་ཚབ་པ་ Ou ལགས་ཀྱིས་ཕྱི་སྲིད་བློན་ཆེན་མཆོག་གི་ཕྱོགས་སྐྱོད་དང་བསྟུན་ཅེཀ་གྲོས་ཚོགས་ཀྱི་ཕྱི་འབྲེལ་དང་བདེ་འཇགས་ཚོགས་ཆུང་ནས་གྲོས་ཆོད་གཏན་འབེབས་གནང་བ་བཞིན་རེས་གཟའ་ལྷག་པ་དང་ཕུར་བུ་བཅས་ལ་ཅེཀ་རྒྱལ་ས་ Prague ནང་ཚོགས་འདུ་ཐོག་ཁོང་དབུ་བཞུགས་གནང་གི་ཡོད་པར་འགྲེལ་བརྗོད་གནང་འདུག

Latest news