Tibetan Royal Year of 2151 | Year of the Wood Dragon

རྒྱལ་སྤྱི།

ཨོན་ཊེ་རི་ཡོ་གྲོས་ཚོགས་གོང་མའི་ནང་བོད་ཀྱི་ཉིན་མོ་སྲུང་བརྩི།

ཨོན་ཊེ་རི་ཡོ་གྲོས་ཚོགས་གོང་མའི་ནང་ཁུལ་དེའི་ས་གནས་ཀྱི་གྲོས་ཚོགས་འཐུས་མི་དང་བོད་མི་བཅས་ལྷན་ཞུགས་ཀྱིས་བོད་ཀྱི་ཉིན་མོ་ཐེངས་བཞི་པ་དེ་སྲུང་བརྩི་ཞུས་གནང་འདུག ཁ་སང་ཟླ་ ༥ ཚེས་ ༥ ཉིན་ཁེ་ན་ཌའི་མངའ་སྡེ་ཨོན་ཊེ་རི་ཡོ་ནང་རྟེན་གཞི་བྱས་པའི་ཨོན་ཊེ་རི་ཡོ་བོད་རིགས་སྤྱི་མཐུན་ཚོགས་པ་དང་ཨོན་ཊེ་རི་ཡོ་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་གཉིས་ཟུང་འབྲེལ་གྱིས་གོ་སྒྲིག་འོག་ས་གནས་ཀྱི་གྲོས་ཚོགས་གོང་མའི་ནང་ Ontario བོད་ཀྱི་བེུད་ལྷན་ཚོགས་དང་བོད་ཀྱི་གཞོན་ནུ་ལྷན་ཚོགས། བོད་རང་བཙན་སློབ་ཕྲུག་ཚོགས་པ། དེ་བཞིན་གཞུང་འབྲེལ་མིན་པའི་ཚོགས་ཁག་གི་ཚོགས་མི་ཟུར་པ་བཅས་ཁྱོན་བོད་མི་ ༢༠ ཙམ་མཉམ་ཞུགས་ཀྱིས་བོད་ཀྱི་ཉིན་མོ་སྲུང་བརྩི་ཟབ་རྒྱས་ཞུས་འདུག སྐབས་དེར་ཁོང་རྣམས་ནས་ཁུལ་དེའི་གྲོས་ཚོགས་ཚོགས་དུས་སུ་ཟུར་ཉན་གནང་པ་དང་ཆབས་ཅིག གྲོས་ཚོགས་འཐུས་མི་ལྷན་རྒྱས་ལ་གསོལ་ཚིགས་འདེགས་འབུལ་དང་། དེ་དག་གི་ལྷན་དུ་བོད་དོན་གླེང་སློང་གི་ལས་རིམ་ཞིག་ཀྱང་ཚོགས་གནང་ཡོད་པ་རེད། སྐབས་དེར་ལས་རིམ་ཐོག་ཕེབས་པའི་ཨོན་ཊེ་རི་ཡོ་གུ་ཡངས་ཚོགས་པ་དང་རྙིང་ཞེན་ཚོགས་པ། དེ་བཞིན་མང་གཙོ་ཚོགས་པ་བཅས་ཀྱི་གྲོས་ཚོགས་འཐུས་མི་ ༦༠ ཁོངས་ལས་གུ་ཡངས་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Peter Milczyn ལགས་ཀྱིས་ཨོན་ཊེ་རི་ཡོ་གྲོས་ཚོགས་འཐུས་མིས་དུས་རྟག་ཏུ་རྒྱལ་སྤྱིའི་དབུ་ཁྲིད་གཞན་དང་ལྷན་དུ་བོད་དོན་སྐོར་གླེང་སློང་གནང་གི་ཡོད་སྐོར་དང་། ལྷག་དོན་ཨོན་ཊེ་རི་ཡོ་དུ་བཞུགས་པའི་བོད་མི་ཚོས་ཀྱང་ཞི་བདེ་དང་རང་དབང་གི་ཐོག་ནས་སོ་སོའི་ཆོས་དང་རིག་གཞུང་སོགས་མི་ཉམས་རྒྱུན་འཛིན་གནང་བཞིན་པའི་སྙིང་སྟོབས་ལ་ཡི་རངས་བསྔགས་བརྗོད་ཞུས་འདུག་པ་མ་ཟད། མ་འོངས་པར་ཡང་ Ontario གྲོས་ཚོགས་ནང་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་བྱ་རྒྱུའི་ཐད་འབད་བརྩོན་གནང་ངེས་ཡིན་པ་བཅས་ཁས་ལེན་ཡང་གནང་འདུག དེ་བཞིན་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་བསོད་ནམས་གླང་བཀར་ལགས་ཀྱིས་ Ontario བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་ས་གནས་ཀྱི་གྲོས་ཚོགས་འཐུས་མི་རྣམས་ལ་ད་བར་བོད་མིར་རྒྱབ་སྐྱོར་གནང་པ་མ་ཟད། ད་ལན་ཁུལ་དེའི་གྲོས་ཚོགས་ནང་བོད་ཀྱི་ཉིན་མོ་ཞེས་སྲུང་བརྩི་ཞུ་རྒྱུའི་གོ་སྐབས་གནང་པར་ཐུགས་རྗེ་ཆེ་ཞུ་དང་སྦྲགས། ད་ལྟའི་ཆར་བོད་ནང་ཛ་དྲག་གནས་སྟངས་སྤྱི་དང་སྒོས་སུ་བོད་མི་རང་བསྲེགས་གནང་མཁན་རྣམས་ཀྱི་མངོན་འདོད་ཇི་ཡིན་དང་འབོད་ཚིག་གང་ཡིན་སོགས་ཞིབ་ཕྲ་མངོན་གསལ་གནང་འདུག གཞི་རྩའི་ Ontario གྲོས་ཚོགས་ནང་བོད་ཀྱི་ཉིན་མོ་སྲུང་བརྩི་ཞུ་བཞིན་པ་དེ་ནི་ཐེངས་བཞི་པ་དེ་ཆགས་ཀྱི་འདུག་པ་དང་། དེ་ཡང་ Ontario ས་གནས་བོད་ཀྱི་བོད་ཀྱི་བེུད་ལྷན་ཚོགས་དང་། Ontario གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་གཉིས་ཀྱིས་ཐུན་མོང་ཐོག་གོ་སྒྲིག་ཞུས་པ་ཞིག་རེད།  

རྒྱལ་སྤྱིའི་བོད་རྒྱ་མཐུན་ཚོགས་ཀྱི་ཚོགས་ཆེན་ཐོག་བོད་དེ་ལོ་རྒྱུས་ཐོག་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པ་ངོས་འཛིན་གནང་འདུག

ཐེ་ཝན་གྱི་རྒྱལ་ས་ཐེ་པེ་ནང་དུ་མཐུན་མོང་གི་གཞི་རྟེན་འཚོལ་བ་ཞེས་པའི་ཉིན་གྲངས་བཞིའི་རིང་གི་རྒྱལ་སྤྱིའི་བོད་རྒྱ་མཐུན་ཚོགས་ཀྱི་ཚོགས་ཆེན་དེ་བཞིན་ཁ་སང་ཚེས་ ༢༤ ཉིན་མཇུག་སྒྲིག་གནང་པ་དང་ཆབས་ཅིག ཚོགས་ཆེན་དེའི་རྗེས་འབྲེལ་ཡོངས་ཁྱབ་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་ཏེ། བོད་དེ་ལོ་རྒྱུས་ཐོག་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པ་སོགས་དོན་ཚན་ལྔ་ཅན་གྱི་ངོས་འཛིན་གནང་འདུག་པ་མ་ཟད། རྒྱ་ནག་དང་རྒྱལ་སྤྱི། དེ་བཞིན་བོད་མིའི་སྒྲིག་འཛུགས་དང་གཞུང་འབྲེལ་མིན་པའི་ཚོགས་ཁག་ལ་འབོད་སྐུལ་ཁག་ཅིག་ཞུས་འདུག ཚོགས་འདུའི་ཐུན་མོང་གི་ངོས་འཛིན་ནི། ༡) ལོ་རྒྱུས་ཀྱི་དངོས་དོན་གཞིར་བཟུང་བ་ཡིན་ན། བོད་ནི་ལོ་རྒྱུས་ཐོག་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན། ༢) མི་རིགས་རང་ཐག་རང་གཅོད་ནི་བོད་མིའི་ལྷན་སྐྱེས་ཀྱི་ཐོབ་ཐང་ཡིན། ༣) བོད་མིར་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་མངོན་འགྱུར་བྱ་རྒྱུ་ནི་རྒྱ་ནག་གི་ཁྲིམས་སྲིད་སྤོ་སྒྱུར་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན། ༤) རྒྱ་གཞུང་གིས་ ༢༠༡༥ ལོར་བོད་ལྗོངས་འཕེལ་རྒྱས་འགྲོ་ལམ་གྱི་ལོ་རྒྱུས་ཀྱི་གདམ་ག་ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་འདོན་སྤེལ་བྱས་ཏེ། དབུ་མའི་ལམ་ལ་འགྲེལ་ལོག་དང་དགག་གཞག་བྱས་པ་དེར་ཚོགས་ཆེན་འདིའི་ཐོག་ནས་སུན་འབྱིན་བྱ་རྒྱུ་དང་། ༸གོང་ས་ཏཱ་ལའི་བླ་མ་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་དབུ་མའི་ལམ་གྱི་སྲིད་ཇུས་ལ་རྒྱབ་སྐྱོར་ཞུ་རྒྱུ་ཡིན། ༥) རྒྱ་ནག་གཞུང་གིས་བོད་ཀྱི་གནད་དོན་ནི་ཁོ་པའི་ནང་སྲིད་ཀྱི་གནད་དོན་ཁོ་ན་ཡིན་ཟེར་བ་དེར་ང་ཚོས་ངོ་རྒོལ་བྱ་རྒྱུ་དང་། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་། ཆོས་དང་རིག་གཞུང་། སྐད་ཡིག སྐྱེ་ཁམས་ཁོར་ཡུག་སོགས་ཀྱི་གནད་དོན་ལ་དོ་ཁུར་བྱ་རྒྱུ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐོབ་ཐང་ཡིན་པ་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་འགན་ཁུར་ཞིག་ཀྱང་ཆགས་ཡོད། རྒྱལ་སྤྱིའི་སྤྱི་ཚོགས་ལ་འབོད་སྐུལ། ༡) མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་གི་ལྟ་སྐུལ་འོག རྒྱ་ནག་གཞུང་གིས་༸གོང་ས་ཏཱ་ལའི་བླ་མ་མཆོག་དང་། བོད་མིའི་སྒྲིག་འཛུགས་ལྷན་བོད་ཀྱི་གནད་དོན་ཐད་ཡོངས་བསྒྲགས་ཐོག་གྲོས་མོལ་བྱ་རྒྱུའི་སྐུལ་འདེབས་བྱ་རྒྱུ། ༢) བོད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ནི་འགྲོ་བ་མི་ཡོད་དོ་ཅོག་གི་སྐྱེ་ཁམས་ཁོར་ཡུག་དང་། མ་འོངས་བདེ་རྩར་ཐད་ཀར་འབྲེལ་བ་ཆགས་ཡོད་སྟབས། རྒྱལ་སྤྱིའི་སྤྱི་ཚོགས་ནས་ཐུན་མོང་ཐོག་དོ་ཁུར་གནང་རྒྱུར་འབོད་སྐུལ་ཞུ་རྒྱུ། ༣) རང་དབང་གི་རྟོག་ཞིབ་ཚོགས་པ་ཞིག་བཙུགས་ཏེ། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་བཙོན་ཁང་དུ་འདས་གྲོངས་ཕྱིན་པའི་རྒྱུ་རྐྱེན་དང་། བོད་མི་ཆབ་སྲིད་བཙོན་པར་སྡུག་སྦྱོང་མནར་གཅོད་དང་། བཙོན་འཇུག་བཀག་ཉར་བྱ་ཡུལ་ཁག་ཏུ་འདས་གྲོངས་སུ་གྱུར་པའི་དངོས་ཡོད་གནས་ཚུལ་ལ་རྟོག་ཞིབ་བྱེད་དགོས། རྒྱ་ནག་གཞུང་ལ་འབོད་སྐུལ། ༤) བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་ལམ་ལུགས་ནི་བོད་ཀྱི་རིག་གཞུང་གི་གྲུབ་ཆ་ཞིག་ཡིན་པ་དང་། རྒྱ་ནག་གཞུང་གིས་ཡང་སྲིད་ངོས་འཛིན་གྱི་གནད་དོན་ཐོག་ཡ་ང་བག་ཚ་མེད་པའི་ཐེ་བྱུས་བྱེད་པ་ལ་ངོ་རྒོལ་བྱ་རྒྱུ། ༸གོང་ས་ཏཱ་ལའི་བླ་མ་མཆོག་གི་སྐུའི་ཡང་སྲིད་ཀྱི་གནད་དོན་ཐག་གཅོད་གནང་རྒྱུའི་སྐུ་དབང་ནི་༸གོང་ས་ཏཱ་ལའི་བླ་མ་མཆོག་སྐུ་སྒེར་ཁོ་ནར་ཡོད། ༥) རྒྱ་གཞུང་གིས་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་དང་། བོད་ཀྱི་ཆབ་སྲིད་བཙོན་པ་ཡོངས་རྫོགས་འཕྲལ་དུ་གློད་གྲོལ་གཏོང་དགོས། ༦) དཔལ་འབྱོར་གསར་སྤེལ་གྱིས་བོད་ཀྱི་སྐྱེ་ཁམས་ཁོར་ཡུག་གཏོར་བཤིག་གཏོང་མི་རུང་བ་དང་། སྲིད་བྱུས་ཐག་གཅོད་ཀྱི་བརྒྱུད་རིམ་ནང་བོད་མིའི་ཁེ་དབང་དང་འདོད་མོས་ལ་ངེས་པར་དུ་བསམ་ཞིབ་ནན་ཏན་བྱ་དགོས། ༧) བོད་ཀྱི་འབྲོག་པའི་འཚོ་བ་སྐྱེལ་སྟངས་ལ་བརྩི་བཀུར་དགོས་པ་ལས། ཡར་རྒྱས་ཀྱི་བརྒྱུད་རིམ་ཁྲོད་འབྲོག་པ་རྣམས་སྐྱེ་ཁམས་ཀྱི་ཡུལ་གྱར་བ་གཏན་ནས་བཟོ་མི་རུང་། ༨) བོད་མི་རིགས་ཀྱི་སྐད་ཡིག་ལ་ངེས་པར་དུ་བརྩི་བཀུར་དང་སྲུང་སྐྱོབ་བྱེད་དགོས་པ་དང་། བོད་ཀྱི་མང་ཚོགས་འདུ་གནས་ཁག་དང་གཞུང་དོན་བྱེད་སྒོ་ཡོངས་རྫོགས་ནང་བོད་ཀྱི་སྐད་ཡིག་དེ་གཞུང་འབྲེལ་སྐད་ཡིག་དང་པོར་འཇོག་དགོས། ༩) བོད་ཀྱི་སྐད་ཡིག་དང་ལོ་རྒྱུས་ཀྱི་སློབ་དེབ་རྩོམ་སྒྲིག་བྱེད་སྐབས། མི་རིགས་རང་ཉིད་ཀྱི་ལོ་རྒྱུས་དང་རིག་གཞུང་གི་ནང་དོན་ངེས་པར་དུ་མངོན་ཐུབ་པ་བྱ་དགོས། བོད་མིའི་སྒྲིག་འཛུགས་ལ་འབོད་སྐུལ། ༡༠) བོད་མིའི་སྒྲིག་འཛུགས་ཀྱིས་ལོ་ལྟར་བོད་ཡིག་དང་། ཨིན་ཡིག རྒྱ་ཡིག དེ་བཞིན་སྐད་ཡིག་གཞན་གྱི་ཐོག་འབྲི་རྩོམ་བྱས་པའི་དཔེ་དེབ་གྲངས་འབོར་གྲངས་བཤེར་གནང་བ་དང་དུས་མཚུངས་སུ། བོད་ཡིག་ཐོག་རྩོམ་འབྲི་ལ་སྐུལ་སློང་གནང་གལ། ༡༡) འཛམ་གླིང་བོད་བརྒྱུད་ནང་བསྟན་གྱི་ཚོགས་ཆེན་བསྐོང་ཚོགས་གནང་སྟེ། བོད་བརྒྱུད་ནང་བསྟན་ཆོས་ཚོགས་དབར་འབྲེལ་མཐུད་དང་། མཉམ་རུབ་ལ་ཤུགས་སྣོན་གནང་རྒྱུ། ༡༢) བོད་རྒྱའི་དབར་གྲོས་བསྡུར་གྱི་ཚོགས་འདུ་མུ་མཐུད་བསྐོང་ཚོགས་གནང་རྒྱུ། གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་ལ་འབོད་སྐུལ། ༡༣) འགྲོ་བ་མིའི་བཟང་སྤྱོད་ཀྱི་ལངས་ཕྱོགས་ཐོག་ནས་བོད་མིའི་རང་ལུས་མེར་སྲེག་གི་འཐབ་རྩོད་གནང་སྟངས་མཚམས་འཇོག་ཡོང་བའི་འབོད་སྐུལ་ཞུ་རྒྱུ། ༡༤) དྲྭ་རྒྱའི་བརྒྱུད་ལམ་གང་ཐུབ་བེད་སྤྱོད་བྱས་ཏེ་བོད་ཀྱི་དངོས་ཡོད་གནས་སྟངས་དང་། རང་དབང་མང་གཙོའི་ལྟ་གྲུབ་ཁྱབ་སྤེལ་དང་། རྒྱ་ནག་མི་དམངས་ཀྱི་བསམ་བློ་བརྗེ་བསྒྱུར་དང་གོ་རྟོགས་སྤེལ་རྒྱུར་སྐུལ་འདེད་བྱ་རྒྱུ། ༡༥) རྒྱ་གཞུང་གིས་བོད་ནང་མི་སེར་སྤེལ་ཡུལ་རིང་ལུགས་དང་། རིག་གཞུང་རྩ་གཏོར་གྱི་སྲིད་བྱུས་ལག་བསྟར་བྱེད་པ་བཀག་འགོག་བྱ་རྒྱུ། ༡༦) རྒྱལ་སྤྱིའི་བོད་རྒྱ་མཛའ་འབྲེལ་ཚོགས་པའི་འབྲེལ་མཐུད་བྱ་ཡུལ་བཙུགས་ཏེ་ལས་འཆར་ཁག་ལག་བསྟར་ལ་མཐུན་འགྱུར་སྦྱར་རྒྱུ། ། རྩ་བའི་ཚོགས་ཆེན་དེ་ཟླ་འདིའི་ཕྱི་ཚེས་ ༢༢ ནས་དབུ་འཛུགས་ཀྱིས་ཁ་སང་ཚེས་ ༢༤ བཅས་ཉིན་གྲངས་བཞིའི་རིང་ལ་ཐེ་ཝན་རྒྱལ་ས་ཐེ་པེ་གྲོང་ཁྱེར་ཕུའུ་ཅུན་ཧེ་ཡོའོ་གསོལ་མགྲོན་ཁང་དུ་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་ཁང་དང་ཐེ་བོད་རྒྱ་མཐུན་ཚོགས་ཀྱི་རྒྱབ་སྐྱོར་མཐུན་འགྱུར་གྱིས་གོ་སྒྲིག་འོག ཨ་རི་དང་། ཨོ་སི་ཊོ་ལི་ཡ། ཡུ་རོབ། ནིའུ་ཛི་ལན་ཌི། ཨི་སི་རལ། སི་པན། རྒྱ་གར། ཧོང་ཀོང་། ཐེ་ཝན་སོགས་ཡུལ་གྲུ་འདྲ་མིན་ནས་རྒྱ་ནག་ཉམས་ཞིབ་དང་འབྲེལ་ཡོད་ཚོགས་བཅར་བ་བོད་རྒྱའི་མི་རིགས་བཅས་ཁྱོན་མི་གྲངས་ ༡༥༠ ལྷག་མཉམ་ཞུགས་ཀྱིས་རྒྱལ་སྤྱིའི་བོད་རྒྱ་མཐུན་ཚོགས་ཐེངས་དང་པོ་ཚོགས་ཡོད་པ་རེད།

གོང་ས་མཆོག་གིས་རྒྱ་རིགས་མང་ཚོགས་ཚོས་བློ་ཟུ་བོར་གནས་ཏེ་བོད་རྒྱ་དཀའ་རྙོག་ཐད་དངོས་ཡོད་གནས་ཚུལ་ལ་ཉམས་ཞིབ་གནང་དགོས་གལ་ཡིན་པ་གསུངས་འདུག

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མ་ཆོག་གིས་ད་ལྟའི་བོད་རྒྱ་དཀའ་རྙོག་སེལ་ཆེད་རྒྱ་རིགས་མང་ཚོགས་ཚོས་དངོས་ཡོད་གནས་ཚུལ་ཤེས་པའི་ཐོག་ནས་བློ་ཟུ་བོར་གནས་ཏེ་ཞིབ་འཇུག་ཞིག་གནང་དགོས་གལ་ཡིན་པའི་ལམ་སྟོན་བསྩལ་འདུག དེ་རིང་ཟླ་ ༤ ཕྱི་ཚེས་ ༢༢ ཉིན་ཐེ་ཝན་རྒྱལ་ས་ཐེ་པེ་གྲོང་ཁྱེར་ཕུའུ་ཅུན་ཧེ་ཡོའོ་གསོལ་མགྲོན་ཁང་དུ་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་ཁང་དང་ཐེ་བོད་རྒྱ་མཐུན་ཚོགས་ཀྱི་རྒྱབ་སྐྱོར་མཐུན་འགྱུར་གྱིས་གོ་སྒྲིག་འོག ཨ་རི་དང་། ཨོ་སི་ཊོ་ལི་ཡ། ཡུ་རོབ། ནིའུ་ཛི་ལན་ཌི། ཨི་སི་རལ། སི་པན། རྒྱ་གར། ཧོང་ཀོང་། ཐེ་ཝན་སོགས་ཡུལ་གྲུ་འདྲ་མིན་ནས་རྒྱ་ནག་ཉམས་ཞིབ་དང་འབྲེལ་ཡོད་ཚོགས་བཅར་བ་བོད་རྒྱའི་མི་རིགས་བཅས་ཁྱོན་མི་གྲངས་ ༡༠༠  ལྷག་མཉམ་འཛོམས་ཀྱིས་རྒྱལ་སྤྱིའི་བོད་རྒྱ་མཐུན་ཚོགས་ཐེངས་དང་པོ་ཚོགས་ཡོད་པ་རེད། རྒྱལ་སྤྱིའི་བོད་རྒྱ་མཐུན་ཚོགས་ཚོགས་ཆེན་དེའི་ཐོག་༸གོང་ས་མཆོག་སྐུ་དངོས་ཆིབས་སྒྱུར་མཛད་ཐུབ་མེད་ཀྱང་། ༸གང་ཉིད་མཆོག་གིས་ཐེངས་འདིའི་ཚོགས་ཆེན་ཐོག་ཚོགས་འདུ་དང་འབྲེལ་སྩལ་བའི་གལ་ཆེའི་བཀའ་སློབ་བརྙན་འཕྲིན་ཐོག་གསུང་འཕྲིན་ཞིག་བསྩལ་འདུག གསུང་འཕྲིན་དེའི་ནང་དུ་བོད་རྒྱའི་དཀའ་རྙོག་དེ་ནི་མིས་བཟོས་པ་ཞིག་ཡིན་སྟབས། དཀའ་ངལ་དེ་དག་མི་དང་མི་ཐུག་ནས་ཁྱོད་དང་ང་མ་ཡིན་པར་ང་ཚོ་ཟེར་བའི་གཉིས་ཕན་གྱི་བསམ་བློའི་ཐོག་ནས་ཕན་ཚུན་གྲོས་མོལ་བརྒྱུད་སེལ་དགོས་པ་ཞིག་མ་གཏོགས་དེ་མིན་སེལ་ཐབས་མེད་སྐོར་བཀའ་བསྩལ་དང་འབྲེལ། ད་ལྟ་བོད་རྒྱའི་དབར་དཀའ་རྙོག་ཞིག་ཡོད་པ་དེ་ནི་དངོས་ཡོད་ཀྱི་གནས་ཚུལ་ཞིག་ཡིན་པ་དང། གནད་དོན་དེ་ཉིད་མུ་མཐུད་གནས་པ་ཡིན་ན་བོད་མིར་དཀའ་ངལ་འཕྲད་རྒྱུ་ཙམ་མ་ཟད། རྒྱ་ནག་ལའང་ངོ་ཚ་དགོས་པ་དང་དཀའ་ངལ་ཆེན་པོ་ཡོང་རྒྱུ་ཡིན་པར་བཀའ་བསྩལ་ནན་པོ་ཕེབས་ཡོད་པ་རེད། ༸གོང་ཉིད་མཆོག་གིས་རྒྱ་གཞུང་གིས་བོད་རྒྱའི་གནད་དོན་ཐད་འཁྱོག་བཤད་དང་དངོས་ཡོད་གནས་ཚུལ་སྦས་སྐུང་ཇི་ལྟར་བྱས་ཀྱང་ཕན་ཐོག་གང་ཡང་མེད་པ་མ་ཟད། དེང་སང་གཉེན་ཆས་དང་འཕྲུལ་ཆས་ཀྱི་དུས་རབས་འདིར་དངོས་ཡོད་གནས་ཚུལ་སྦས་སྐུང་བྱ་ཐབས་མེད་སྟབས།   རྒྱ་ནག་གཞུང་ཕྱོགས་ནས་ཀྱང་ཕྱི་གསལ་ནང་གསལ་བྱེད་དགོས་པ་དང། རྒྱ་ནང་ལ་མི་མང་དུང་ཕྱུར་ ༡༣ ཡོད་པ་དེ་དག་ལ་དངོས་ཡོད་གནས་ཚུལ་ཤེས་རྒྱུའི་ཐོབ་ཐང་ཡོད་པ་འདི་བཞིན་རྒྱ་རིགས་མང་ཚོགས་ཚོས་ཀྱང་དངོས་ཡོད་གནས་ཚུལ་ཤེས་པ་གནང་སྟེ་བློ་ཟུ་བོར་གནས་ཐོག་བོད་རྒྱའི་དཀའ་རྙོག་ལ་ཉམས་ཞིབ་གནང་དགོས་གལ་ཡིན་པར་བཀའ་བསྩལ་འདུག ༸གོང་ས་མཆོག་གི་གསུང་འཕྲིན་དུམ་མཚམས་གཉིས་པའི་ནང་དུ། རྒྱ་ནག་དེ་འཛམ་གླིང་ནང་གི་མི་འབོར་མང་ཤོས་ཀྱི་རྒྱལ་ཁབ་ཞིག་ཡིན་པས་བྱམས་བརྩེ་ལྡན་པའི་འཛམ་གླིང་ཞིག་བསྐྲུན་པར་རྒྱ་རིགས་ཚོས་ཤུགས་རྐྱེན་ཆེན་པོ་བསྐྲུན་ཐུབ་ངེས་ཡིན་པ་བཀའ་སྩལ་དང་སྦྲགས།  བདེ་སྐྱིད་ལྡན་པའི་དུས་རབས་ཉེར་གཅིག་ཞིག་ཏུ་བསྐྲུན་པར་གཙོ་བོ་ཤེས་ཡོན་གི་ཐོག་ནས་མིའི་བསམ་བློ་ལ་འགྱུར་བ་གཏོང་དགོས་གལ་ཡིན་པ་བཀའ་བསྩལ་ནན་པོ་གནང་འདུག ཉིན་དང་པོའི་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས་བོད་རྒྱའི་འབྲེལ་ལམ་གྱི་བརྒྱུད་རིམ་དང་། ལྷག་དོན་བོད་ནང་ཛ་དྲག་གནས་སྟངས་ཇི་ཡོད་ངོ་སྤྲོད་གནང་པ་མ་ཟད། ད་རེས་ཀྱི་ཚོགས་འདུ་དེའི་འི་ཐོག་ཐེ་ཝན་གྱི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Freddy Lin ལགས་དང་ཡོ་མིཡན་ཡུ་ལགས། དེ་བཞིན་ཐེ་པེ་གྲོང་ཁྱེར་སྲིད་གཞུང་གི་འཐུས་མི་བཅས་ཆེད་ཕེབས་ཀྱིས་བོད་དོན་ལ་རྒྱབ་སྐྱོར་གྱི་གཏམ་བཤད་གནང་འདུག ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་སྐུ་ཞབས་ཟླ་བ་ཚེ་རིང་ལགས་ཀྱིས་དེ་སྔོན་བོད་རྒྱ་མཐུན་ཚོགས་པའི་ཚོགས་འདུ་རིམ་པ་ཚོགས་ཟིན་ཡོད་ཀྱང། ད་ལན་གྱི་ཚོགས་འདུ་འདི་ནི་རྒྱལ་སྤྱིའི་ཚོགས་འདུ་ཐེངས་དང་པོ་ལྟ་བུར་ངོས་འཛིན་གནང་བཞིན་ཡོད་སྐོར་གསུངས་འདུག   དེ་བཞིན་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་རྒྱ་ཡིག་སྡེ་ཚན་འགན་འཛིན་བསོད་རྡོ་ལགས་ནས་ཚོགས་འདུ་དེ་ལྟར་གོ་སྒྲིག་གནང་དོན་སོགས་ངོ་སྤྲོད་གནང་འདུག དེ་བཞིན་ཡང་ཨ་རིའི་ནང་དུ་རྟེན་གཞི་བྱས་པའི་སྤྱི་དམངས་སྟོབས་ཤུགས་ཚོགས་པའི་གཙོ་འཛིན་རྒྱ་རིགས་མང་གཙོ་དོན་གཉེར་བ་ Yang Jianli ལགས་ཀྱིས་དབུས་པའི་རྒྱ་རིགས་རྩོམ་པ་པོ་དང་ཤེས་ལྡན་མི་སྣ།  ཨོ་སི་ཊོ་ལི་ཡའི་རྒྱ་རིགས་འབྲེལ་མཐུད་པ་དང་ཆབ་སྲིད་བཙོན་ཟུར་ཟླ་སྒྲོན་ལགས། བོད་མིའི་སྒྲིག་འཛུག་སྲིད་བྱུས་ཉམས་ཞིབ་ཁང་གི་ཁོར་ཡུག་ཉམས་ཞིབ་པ་འཛམ་ལྷ་བསྟན་པ་རྒྱལ་མཚན་བཅས་ནས་བོད་ནང་གི་གནས་སྟངས་སྤྱི་དང་བོད་མིའི་རང་ལུས་མེར་སྲེག་གི་གནད་དོན། ལྷག་དོན་རྒྱ་གཞུང་གིས་ཆབ་སྲིད་བཙོན་པའི་ཐོག་སྡུག་སྦྱོང་མནར་གཅོད་ཇི་ལྟར་གཏོང་བཞིན་ཡོད་པ་དང་ཁོར་ཡུག་བཅས་ཀྱི་ཐོག་ལ་གཏམ་བཤད་སྤེལ་གནང་འདུག    

བོད་པའི་གསར་འགོད་པ་དང་འགྲོ་བ་མིའི་ཐོབ་ཐང་གི་ལས་འགུལ་བའི་དྲ་རྒྱར་དྲ་འབུ་བཏང་ནས་གསང་བའི་ཐོག་གནས་ཚུལ་རྐུ་འཁྱེར་བྱེད་བཞིན་པ་བརྗོད་འདུག

ཉེ་སྔོན་མིང་གང་ཡིན་མི་གསལ་བའི་མི་ཚོགས་ཁག་ཅིག་གིས་དྲ་རྒྱ་བརྒྱུད་བོད་པའི་གསར་འགོད་པ་གཙོ་བོར་འགྱུར་པའི་ཧོང་ཀོང་དང་ཐེ་ཝན་ནང་ལ་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་ཕྱག་ལས་གནང་མཁན་རྣམས་ཀྱི་གློག་ཀླད་ནང་དྲ་འབུ་བཏང་ནས་གསང་བའི་ཐོག་གནས་ཚུལ་རྐུ་འཁྱེར་བྱས་པ་མ་ཟད། ཆེས་ཉེན་འཚབ་ཆེ་བའི་དྲ་འབུ་དེའི་བརྒྱུད་སྤྱི་ཚོགས་ཀྱི་འབྲེལ་ལམ་གཙོ་གྲས་དྲ་རྒྱ་དང་གློག་འཕྲིན་ཁག་ལ་གནོད་འཚེ་ཤུགས་ཆེ་བཟོ་བཞིན་ཡོད་པ་བརྗོད་འདུག དེ་ཡང་རྒྱལ་སྤྱིའི་ཐོག་ཚོང་ལས་བདེ་སྲུང་གི་འཕྲུལ་རིགས་དང་འབྲེལ་བའི་གནས་ཚུལ་སྤེལ་མཁན་ Threat Post གཙོས་པའི་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བར་གཞིགས་ན། ཁ་ཉིན་ཨ་མི་རི་ཀའི་མངའ་སྡེ་ Massachusetts ནང་རྟེན་གཞི་བྱས་པའི་གློག་ཀླད་ཀྱི་མཉེན་ཆས་བཟོ་བསྐྲུན་གནང་མཁན་གི་བཟོ་གྲྭ་ Arbor Networks ཞེས་པས་རྒྱལ་སྤྱིའི་ཐོག་དྲ་རྒྱ་སྲུང་སྐྱོབ་དང་འབྲེལ་བའི་ཉམས་ཞིབ་གནང་པའི་སྙན་ཐོ་ཞིག་འདོན་སྤེལ་གནང་འདུག སྙན་ཐོ་དེའི་ནང་ལ་བར་ལ མ་ཞིག་ནས་མིང་གང་ཡིན་མི་མངོན་པའི་མི་ཚོགས་ཁག་ཅིག་གིས་གློག་ཀླད་ཀྱི་མཉེས་ཆས་གསར་རྙིང་མཉམ་བསྲེས་བྱས་ཏེ་ཆེས་ཉེན་འཚབ་ཆེ་བའི་དྲ་འབུ་གསར་སྐྲུན་གྱིས་བོད་པའི་གསར་འགོད་པ་གཙོ་བོར་འགྱུར་པའི་ཧོང་ཀོང་དང་ཐེ་ཝན་ནང་ལ་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་ཕྱག་ལས་གནང་མཁན་ཚོའི་གློག་ཀླད་ལ་གནོད་འཚེ་བཏང་པ་མ་ཟད། ཚོགས་པ་དེ་དག་དང་གང་ཟག་སྒེར་གྱི་གནས་ཚུལ་ཁག་ཅིག་ཀྱང་གསང་བའི་ཐོག་གནས་ཚུལ་རྐུ་འཁྱེར་བྱེད་བཞིན་པ་བཀོ་འདུག ཉམས་ཞིབ་པ་རྣམས་ཀྱིས་དེང་སང་རྒྱལ་སྤྱིའི་ཐོག་དྲ་རྒྱ་དར་སྤྱོད་ཤུགས་ཆེ་བྱེད་བཞིན་པའི་དུས་སྐབས་འདིར། དྲ་འབུ་བརྒྱུད་མི་དམངས་ལ་འཚེ་བ་བྱས་པ་དེ་ནི་ཐབས་ལམ་གསར་པ་ཞིག་ཡིན་པར་འགྲེལ་བརྗོད་དང་སྦྲགས། ད་རེས་མིང་གང་ཡིན་མི་གསལ་བའི་མི་ཚོགས་ཁག་ཅིག་ནས་བེད་སྤྱོད་བྱེད་བཞིན་པའི་དྲ་འབུ་དེའི་ནང་དྲ་འབུ་གཞན་དང་མི་འདྲ་བར་དྲ་འབུ་བཞི་ཙམ་མཉམ་སྦྱར་ཐོག་གཏོང་བཞིན་ཡོད་སྟབས།  གློག་ཀླད་ཀྱི་མྱུར་ཚད་ལ་གནོད་པ་མ་ཟད། རང་ཉིད་ཀྱི་གློག་འཕྲིན་ཐོག་ཡོད་པའི་ཡིག་ཆ་ཁག་ལའང་གནོད་འཚེ་བཟོ་ངེས་ཡིན་པ་བརྗོད་འདུག དེ་བཞིན་སྙན་ཐོ་དེའི་ནང་། ད་རེས་མིང་མི་གསལ་བའི་མི་ཚོགས་ཁག་ཅིག་ཀྱིས་ཆེས་ཉེན་འཚབ་ཅན་གྱི་དྲ་འབུ་སྤྱོད་ནས་དྲ་ཐོག་ནས་གནོད་འཚེ་བྱེད་བཞིན་པ་དེ་ནི་བོད་རིགས་གསར་འགོད་པ་ཙམ་མ་ཡིན་པར་རིམ་པས་འབར་མའི་རྒྱལ་ཁབ་སོགས་ཀྱི་ནང་ལ་ཡོད་པའི་མང་གཙོ་དོན་གཉེར་བ་རྣམས་ལའང་དེ་མཚུངས་སུ་གནོད་འཚེ་བྱེད་སྲིད་པའི་ཚོད་དཔགས་གནང་བཞིན་འདུག རྩ་བའི་ Arbor Networks ཞེས་པའི་བཟོ་ལས་ཁང་གི་ཉམས་ཞིབ་པ་རྒན་པ་ Curt Wilson ལགས་ཀྱིས་ད་ལྟའི་ཆར་དྲ་འབུ་དེ་རྩ་མེད་དུ་གཏང་རྒྱུའི་མཉེན་ཆས་གསར་པ་གང་ཡང་བཟོ་ཐུབ་མེད་ན་ཡང་། གང་ཟག་སྒེར་པ་ཚོས་དྲ་འབུ་དེ་ལས་སྐྱོབ་ཐབས་སུ་མཉེན་ཆས་རྣམས་དུས་ཐོག་ལ་ཁ་སྣོན་གནང་རྒྱུ་དེ་ནི་ཐབས་ལམ་བཟང་ཤོས་ཤིག་ཡིན་པར་ལམ་སྟོན་གནང་འདུག

གཞས་མ་སེ་ལེ་ན་གོ་མེཛ་ལགས་༸གོང་ས་མཆོག་དང་མཇལ་འཕྲད་ཞུས་པས་རྒྱ་ནག་སྐོར་བསྐྱོད་ཕྱིར་འཐེན་བྱ་དགོས་བྱུང་བ།

ཨ་རིའི་ནང་གི་གློག་བརྙན་འཁྲབ་སྟོན་པ་དང་གཞས་པ་ Selena Gomez ལགས་ཀྱིས་དེ་སྔ་ཕྱི་ལོ་ ༢༠༡༤ ལོར་༸གོང་ས་མཆོག་དང་མཇལ་འཕྲད་ཞུས་པའི་རྐྱེན་གྱིས་ཁོང་རྒྱ་ནག་ནང་སྐོར་བསྐྱོད་བྱ་རྒྱུ་ཕྱིར་འཐེན་གནང་དགོས་བྱུང་འདུག གཞི་རྩའི་ཨ་རིའི་གཞས་མ་སེ་ལེ་ན་གོ་མེཛ་ལགས་ཀྱིས་དེ་སྔ་ཕྱི་ལོ་ ༢༠༡༤ ལོར་ཁེ་ན་ཌར་གཞོན་སྐྱེས་ནུས་སྟོབས་གོང་འཕེལ་དང་འབྲེལ་བའི་ We Day ཞེས་པའི་ལས་རིམ་ཐོག་མཉམ་ཞུགས་གནང་ཡོད་པ་དང། སྐབས་དེར་ཁོང་གིས་ཁུལ་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཆིབས་སྒྱུར་མཛད་ཡོད་པ་དང་བསྟུན། ༸གང་ཉིད་མཆོག་དང་ལྷན་མཇལ་ཞུས་པའི་འདྲ་པར་ཞིག་ Instagram གཉེན་ཆས་དྲ་བའི་བརྒྱུད་ནས་ཁྱབ་སྤེེལ་གནང་བ་དང་སྦྲགས། Words of Wisdom Speechless ཞེས་མཇལ་འཕྲད་དེ་དང་འབྲེལ་བའི་དགའ་ཚོར་གྱི་ཚོར་བ་འགྲེལ་བརྗོད་གནང་ཡོད་པ་རེད། གཞན་ཡང་སྔ་ལོར་ཁོང་གིས་ Revival ཞེས་པའི་གཞས་ཀྱི་འོད་སྡེར་གསར་འགྲེམས་གནང་ཡོད་པ་དང། སླར་ཁོང་གིས་ཟླ་འདིའི་ཚེས་ ༡༦ ཉིན་རང་ཉིད་ཀྱི་དྲ་གནས་ཐོག་གསལ་བསྒྲགས་ཤིག་སྤེལ་བའི་ནང་རིང་མིན་ཕྱི་ཟླ་ ༥ ནང་ཨ་རི་ནས་དབུ་འཛུགས་ཀྱིས་རྒྱ་ནག་གི་ Guangzhou དང་ Shanghai གྲོང་ཁྱེར་སོགས་འཛམ་གླིང་ཡུལ་གྲུ་གང་སར་སྐོར་བསྐྱོད་གནང་འཆར་ཡོད་སྐོར་བཀོད་ཡོད་ཀྱང།  ཉིན་ཤས་སྔོན་ལ་ཁོང་གིས་སྐོར་བསྐྱོད་ཀྱི་ས་ཚིགས་ལས་རྒྱ་ནག་གི་ས་ཚིགས་གཉིས་པོ་དྲ་རྒྱ་ལས་ཕྱིར་འཐེན་གནང་འདུག ཨིན་ཡུལ་གྱི་ Daily Mirror གསར་ཁང་དང་ Pop FN དེ་བཞིན་ TV3 སོགས་བརྒྱུད་ལམ་ཁག་གི་གནས་ཚུལ་སྤེལ་བར་གཞིགས་ན།  སེ་ལེ་ན་གོ་མེཛ་ལགས་ཀྱིས་དེ་ལྟར་ཕྱིར་འཐེན་བྱ་དགོས་པའི་རྒྱུ་མཚན་གཙོ་བོ་ནི། དེ་སྔོན་ཁོང་ནས་༸གོང་ས་མཆོག་དང་ལྷན་དུ་མཇལ་ཞུས་པ་དེའི་རྐྱེན་གྱིས་ཡིན་པ་དང། རྒྱ་ནག་གཞུང་གིས་ཁོང་ལ་རྒྱ་ནག་གི་གྲོང་ཁྱེར་དེ་དག་ནང་དུ་སྐོར་བསྐྱོད་གནང་བར་བཀག་སྡོམ་བྱེད་བཞིན་ཡོད་པ་འགྲེལ་བརྗོད་གནང་ཡོད་པ་རེད། གནས་ཚུལ་ཐོན་ཁག་ལ་གཞིགས་ན།  ད་ལྟའི་འཆར་ Selena ལགས་ཀྱི་ Instagram ཐོག་ནས་༸གོང་ས་མཆོག་དང་ལྷན་མཇལ་ཞུས་པའི་འདྲ་པ་དེ་ཡང་ཕྱིར་འཐེན་བྱས་ཡོད་འདུག རྩ་བའི་རྒྱ་ནག་གཞུང་གིས་༸གོང་ས་མཆོག་དང་མཇལ་འཕྲད་གཙོས་པའི་འབྲེལ་ལམ་ཞུ་མཁན་རིགས་ལ་རྒྱ་ནག་ནང་བསྐྱོད་པར་བཀག་སྡོམ་བྱས་པ་ Selena Gomez ལགས་ཆེས་ཐོག་མ་མིན་པར་དེ་སྔ་གཞས་པ་གྲགས་ཅན་ Bon Jovi དང་ Maroon 5 སོགས་མང་དག་ཅིག་ལའང་དེ་མཚུངས་ཀྱི་རྒྱུ་མཚན་འོག་བཀག་སྡོམ་བྱས་ཡོད་པ་རེད།  

ཨ་རིའི་གྲོས་ཚོགས་ནང་དུ་བོད་དོན་ཉན་ཞིབ་ཚོགས་པ།

ཨ་མི་རི་གྲོས་ཚོགས་ནང་གི་བོད་དོན་ཉན་ཞིབ་ཐོག བོད་མི་ཆབ་སྲིད་ཟུར་མགོ་ལོག་འཇིགས་མེད་ལགས་ཀྱིས་རྒྱ་ནག་གཞུང་གིས་བོད་མི་ཆབ་སྲིད་བཙོན་པའི་ཐོག་ལ་དྲག་གནོན་དང་མནར་གཅོད་གཏོང་བཞིན་པའི་དངོས་ཡོད་གནས་སྟངས་ཐེར་བཏོན་གནང་འདུག དེའང་ཁ་སང་ཕྱི་ཚེས་ ༡༤ ཉིན་རྒྱབ་ཏུ་ཨ་རིའི་གྲོས་ཚོགས་དང་འཛིན་སྐྱོང་གི་རྒྱ་ནག་ཚོགས་ཆུང་ནས་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་རྒྱ་ནག་ཚན་པའི་འགན་འཛིན་ Sophie Richardson ལགས་དང། Seton Hall University ཁྲིམས་ལུགས་རིག་པའི་དགེ་རྒན་ཆེན་མོ་ Margaret K. Lewis དེ་བཞིན་བོད་མི་ཆབ་སྲིད་བཙོན་ཟུར་མགོ་ལོགས་འཇིགས་མེད་ལགས། Falun Gong ཆོས་བརྒྱུད་ཉམས་ལེན་པ་ Ying liping ལགས་བཅས་གདན་ཞུས་ཀྱིས་རྒྱ་གཞུང་གིས་ཆབ་སྲིད་བཙོན་པར་དྲག་གནོན་དང་མི་སྤྱོད་ལས་འདས་པའི་མནར་གཅོད་ཆེ་བའི་སྲིད་བྱུས་ལག་བསྟར་བྱེད་བཞིན་པའི་ཐོག་ལ་ཉན་ཞིབ་ཞིག་ཚོགས་ཡོད་པ་རེད། སྐབས་དེར་བོད་མི་ཆབ་སྲིད་ཟུར་མགོ་ལོགས་འཇིགས་མེད་ལགས་ཀྱིས་དེ་སྔ་རྒྱ་ནག་ནང་གི་རྒྱལ་སྤྱིའི་ཨོ་ལམ་པིག་རྩེད་འགྲན་དང་འབྲེལ་ནས། བོད་ཀྱི་ས་ཁུལ་འདྲ་མིན་ནང་གི་མང་ཚོགས་ལ་བཅར་འདྲི་ཞུས་པའི་འཇིགས་བྲལ་གློག་བརྙན་དེ་བཟོ་སྐྲུན་བྱས་པའི་དགོས་དམིགས་དང་བཅས་གསུངས་དོན། དེ་སྔ་ཕྱི་ལོ་ ༢༠༠༨ ལོར་རྒྱ་གཞུང་ནས་ཁོང་ལ་སྔ་རྗེས་སུ་ཐེངས་གསུམ་འཛིན་བཟུང་བཀག་ཉར་བྱས་པ་དང། དུས་ཡུན་དེའི་རིང་ལ་རྒྱ་ནག་གི་བཙོན་ཁང་ནང་དུ་ཕྱིའི་ལུས་པོ་དང་ནང་སེམས་གཉིས་ཀར་བཟོད་པ་དཀའ་བའི་སྡུག་སྦྱོང་མནར་གཅོད་འོག་ལ་དྲིས་བརྩད་བྱས་པ་སོགས་ཀྱི་ཡ་ང་བའི་བཙོན་ནང་གི་གནས་སྟངས་ཁག་ཞིབ་ཕྲ་སྙན་སེང་ཞུས་འདུག ཁོང་གིས་བོད་མིར་དྲག་མནོན་དང་ཆབ་སྲིད་བཙོན་པར་སྡུག་སྦྱོང་མནར་གཅོད་གཏོང་མཁན་གྱི་འབྲེལ་ཡོད་ས་གནས་འགོ་ཁྲིད་ཁག་དུས་ཡུན་རིང་པོ་མ་སོང་བར་རྒྱ་ནག་དབུས་གཞུང་གིས་དེ་དག་གི་གོ་གནས་ཀྱང་ས་གནས་ རྫོངས་དང་ཞིང་ཆེན་སོགས་རིམ་པ་ཁག་ལ་གནས་སྤར་བྱས་ཡོད་པ་ལུང་འདྲེན་གནང་སྟེ། རྒྱ་ནག་དབུས་གཞུང་དང་སྲིད་འཛིན་ཞི་ཅིང་ཕིང་བཅས་ནས་ས་གནས་ཀྱི་ཡ་ང་བའི་གནས་སྟངས་ཁག་མི་ཤེས་པ་ཡོད་མ་རེད་ཅེས་གསུངས་འདུག དེ་བཞིན་ཁོང་གིས་འོངས་པར་རྒྱ་ནག་གཞུང་དང་འབྲེལ་བའི་བྱེད་སྟངས་སྐོར་གླེང་བའི་སྐབས་སུ། ཉེ་ཆར་རྒྱལ་ཚོགས་ཀྱི་མནར་གཅོད་འགོག་ཐབས་ཀྱི་ཚོགས་འདུའི་ཐོག རྒྱ་ནག་གཞུང་གིས་ཆབ་སྲིད་བཙོན་པར་མནོར་གཅོད་ཅི་ཡང་བཏང་མེད་པ་དང་འདི་བཞིན་བོད་ནང་ལ་ཆབ་སྲིད་བཙོན་པ་གཅིག་ཀྱང་མེད་སོགས་ཀྱི་དངོས་ཡོད་གནས་ཚུལ་ལ་ངོས་ལེན་མ་བྱས་པར་རྫུན་གཏམ་ཁོ་ན་བཤད་སྟབས། རྒྱ་ནག་གཞུང་ལ་རྩ་བ་ནས་ཡིད་ཆེས་བྱ་རྒྱུ་མེད་ཅེས་ནན་བརྗོད་གནང་འདུག ད་དུང་ཁོང་གིས་ཉེ་ཆར་ཨ་རི་གྲོས་ཚོགས་ཀྱི་འཐུས་ཁག་ཅིག་བོད་ནང་གཟིགས་སྐོར་ཕེབས་པར་ཐུགས་རྗེ་ཆེ་ཞུས་པ་མ་ཟད། མ་འོངས་པར་བོད་ཀྱི་དངོས་ཡོད་གནས་དོན་ཤེས་པའི་ཐོག་བོད་ནང་མུ་མཐུད་ནས་ཕེབས་ཏེ་ས་གནས་མང་ཚོགས་རྣམས་ཀྱི་མངོན་འདོད་ཇི་ཡིན་དེ་དག་གསན་ཐུབ་པ་བྱ་རྒྱུ་ནི་བོད་མི་ཡོངས་ཀྱི་རེ་བ་གཙོ་བོ་རེད་ཅེས་གསུངས་ཡོད། དེ་བཞིན་ཁོང་གིས་ཨ་རིའི་གཞུང་གི་ངོས་ནས་བོད་ཀྱི་རྒྱལ་ས་ལྷ་སའི་ནང་དུ་ཨ་རིའི་གཞུང་ཚབ་ཡན་ལག་གསར་བཙུག་གནང་རྒྱུར་འབད་བརྩོན་གནང་སྐྱོང་ཡོང་བ་དང། ཨ་རིའི་སྲིད་འཛིན་གསར་པ་སུ་ཕེབས་ཀྱང་རྒྱ་ནག་གི་འགོ་ཁྲིད་ལྷན་དུ་མཇལ་འཕྲད་གནང་སྐབས་བོད་དོན་སྐོར་ངེས་པར་དུ་གླེང་སློང་དགོས་པའི་འབོད་སྐུལ་ཞུས་པ་གཙོས་ཨ་རིའི་གཞུང་ནས་བོད་ནང་གི་ཆབ་སྲིད་བཙོན་པ་ཚོར་ཆ་རྐྱེན་གང་ཡང་མེད་པར་འཕྲོད་བསྟེན་དང་སྨན་བཅོས་བཅས་ལ་རྒྱབ་སྐྱོར་ཡོང་བ། དེ་བཞིན་འཇིགས་བྲལ་གློག་བརྙན་བཟོ་སྐྲུན་པ་དོན་གྲུབ་དབང་ཆེན་ལགས་ཕ་མ་དང་ལྷན་དུ་མཉམ་འཛོམས་བྱ་རྒྱུ། རྩོམ་པ་པོ་ཞོགས་ལྗང་ལགས་གློད་བཀྲོལ་ཡོང་བའི་འབོད་སྐུལ་བཅས་ཞུས་འདུག གཞན་ཡང་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་རྒྱ་ནག་ཚན་པའི་འགན་འཛིན་ Sophie Richardson ལགས་ཀྱིས་གཙོས་ཉན་ཞིབ་དེའི་ཐོག་གསུང་བཤད་གནང་མཁན་རྣམས་ཀྱིས་རྒྱ་ནག་གཞུང་གིས་ཁུལ་དེའི་ནང་གི་ཁྲིམས་རྩོད་པ་དང་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པར་དམ་དྲག་དང་གང་བྱུང་འཛིན་བཟུང་བྱས་པ། དེ་བཞིན་གར་སོང་ཆ་མེད་དུ་འགྱུར་བཞིན་པའི་གནས་སྟངས་སོགས་ཐེར་བཏོན་གནང་འདུག་ལ། ཁྱད་པར་དུ་ཨ་རིའི་གྲོས་ཚོགས་དང་འཛིན་སྐྱོང་གི་རྒྱ་ནག་ཚོགས་ཆུང་གི་ཚོགས་མི་སྐུ་ཞབས་ Tim walz ལགས་ཀྱིས་འདས་པའི་ལོ་ཉི་ཤུའི་ནང་རྒྱ་ནག་དང་བོད་ནང་དུ་རྒྱ་ནག་གཞུང་གིས་དྲག་གནོན་ལག་བསྟར་བྱེད་བཞིན་པའི་གནས་སྟངས་ཇེ་སྡུག་ཏུ་ཕྱིན་འདུག་ཅེས་གསུངས་པ་དང་ཆབས་ཅིག གནད་དོན་འདི་བཞིན་ཨ་རིའི་གྲོས་ཚོགས་ཀྱི་ངོས་ནས་གལ་ཆེར་ངོས་འཛིན་ནས་གདོང་ལེན་གནང་རྒྱུ་ཡིན་བཅས་གསུངས་ཡོད་པ་རེད།

རྒྱལ་ས་ལྡི་ལིར་བོད་རིགས་བཀྲིས་ནོར་བུ་ལགས་ཀྱིས་དེང་དུས་རིས་མོའི་སྒྱུ་རྩལ་འགྲེམས་སྟོན།

རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་དུ་ཡོད་པའི་ The Egg Art Gallery ཞེས་པའི་སྒྱུ་རྩལ་འགྲེམས་སྟོན་ཁང་དུ་ཉེ་ཆར་དེང་དུས་རི་མོའི་སྒྱུ་རྩལ་གྱི་འགྲེམས་སྟོན་ཞིག་དབུ་འཛུགས་གནང་ཡོད་པ་རེད། དེའི་ནང་ཡོ་རོབ་བྷེལ་ཇམ་ཁུལ་ནས་ཡིན་པའི་བོད་རིགས་གཞོན་སྐྱེས་བཀྲིས་ནོར་བུ་ལགས་ཀྱིས་དེང་དུས་རིས་མོའི་སྒྱུ་རྩལ་ཁག་ཅིག་ཀྱང་འགྲེམས་སྟོན་གནང་འདུག་པ་མ་ཟད། འགྲེམས་སྟོན་དེའང་ཟླ་བ་གཉིས་རིང་མུ་མཐུད་གནང་རྒྱུ་རེད་འདུག ད་ལན་གྱི་འགྲེམས་སྟོན་དེའི་བརྒྱུད་ The Egg Art Gallery འགྲེམས་སྟོན་ཁང་གི་ངོས་ནས་བཀྲིས་ནོར་བུ་ལགས་ཀྱི་རི་མོའི་སྒྱུ་རྩལ་ལ་ཆེ་མཐོང་ཆེན་པོ་གནང་སྟེ་ཁོང་ལ་མང་ཚོགས་སུ་རིས་མོའི་སྒྱུ་རྩལ་སྐོར་བཀའ་མོལ་གནང་རྒྱུའི་གོ་སྐབས་ཐེངས་འགའ་ཤས་ཕུལ་ཡོད་པ་དང་། སོ་སོའི་སྒྱུ་རྩལ་དངོས་སུ་མང་ཚོགས་ལ་ལག་བྲིས་བྱེད་བཅུག་ཡོད་པ་མ་ཟད། ཕྲུ་གུ་ཆུང་ཆུང་ཁག་དང་ལྷན་དུ་རིས་མོ་བྲིས་རྒྱུ་སོགས་ཀྱི་ལས་རིམ་གོ་སྒྲིག་ཞུ་རྒྱུ་རེད་འདུག གཞི་རྩའི་ The Egg Art Gallery འགྲེམས་སྟོན་ཁང་གིས་འདི་ལོའི་ཕྱི་ཟླ་ ༡༡ ་་ ༡༢ བཅས་སུ་བཀྲིས་ནོར་བུ་ལགས་ཀྱི་རི་མོ་ཁོ་ན་འགྲེམས་སྟོན་གནང་རྒྱུའི་འཆར་གཞི་ཡོད་པ་མ་ཟད། ཁོང་གི་སྒྱུ་རྩལ་ལ་གདེང་འཇོག་ཆེན་པོ་གནང་ཐོག་ཁོང་དང་ཟུང་འབྲེལ་གྱི་ལོ་གཉིས་གསུམ་རིང་ཕྱག་ལས་གནང་རྒྱུའི་ཐག་གཅོད་ཟིན་འདུག  

༢༠༡༥ ལོར་རྒྱ་གཞུང་གིས་སླར་ཡང་བོད་ནང་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ཁག་བརྩི་མེད་རྡོག་རོལ་གྱིས་དྲག་གནོན་བྱས་པ་གསལ་བཏོན་གནང་འདུག

ཨ་རིའི་ཕྱི་སྲིད་ལས་ཁུངས་ནས་ཕྱི་ལོ་ ༢༠༡༥ ལོའི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་སྙན་ཐོའི་ནང་སྔ་ལོར་རྒྱ་ནག་གཞུང་གིས་སླར་ཡང་བོད་ནང་བོད་མིའི་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་ཁག་བརྩི་མེད་རྡོག་རོལ་གྱིས་དྲག་གནོན་མུ་མཐུད་བྱས་ཡོད་པ་གསལ་བཏོན་གནང་འདུག དེ་ཡང་ཁ་སང་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་དྲ་གནས་ཐོག འཛམ་གླིང་རྒྱལ་ཁབ་ ༡༩༩ ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་ཉམས་ཞིབ་གནང་པའི་ ༢༠༡༥ ལོའི་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཐོ་ཞིག་འདོན་སྤེལ་གནང་འདུག སྙན་ཐོ་དེའི་ནང་གསལ་རྒྱ་ནག་དང་ལྷག་པར་བོད་སྐོར་གྱི་ཚན་པའི་ནང། རྩ་བའི་ཨ་རིའི་གཞུང་གིས་རྒྱ་གཞུང་གིས་དབྱེ་བའི་བོད་རང་སྐྱོང་ལྗོངས་ཟེར་བ་དེ་དང་དེ་མིན་བོད་ཀྱི་རང་སྐྱོང་ས་ཁུལ་ཁག་ཆ་ཚང་རྒྱ་ནག་གི་ཆ་ཤས་སུ་ངོས་འཛིན་བྱེད་བཞིན་ཡོད་སྐོར་གསལ་བཏོན་དང་སྦྲགས། སྔ་ལོ་རྒྱ་གཞུང་གིས་བོད་རང་སྐྱོང་ལྗོངས་དང་བོད་ཀྱི་རང་སྐྱོང་ས་ཁུལ་ཁག་ཏུ་ས་མཚམས་སྲུང་སྐྱོབ་དང། སྤྱི་ཚོགས་བརྟན་ལྷིང་། ཁ་བྲལ་ལ་གདོང་ལེན་ཟེར་བ་དེ་དག་ལ་ཁ་གཡར་ཏེ། བོད་ནང་བོད་མིའི་སྨྲ་བརྗོད་རང་དབང་དང་ཆོས་དད་རང་དབང་། འདུ་འཛོམས་དང་འགུལ་སྐྱོད་རང་དབང་། དེ་བཞིན་བོད་མིའི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང། སྐད་ཡིག་སྲུང་སྐྱོབ་སོགས་ཀྱི་ཐོག་ལ་དམ་དྲག་ཤུགས་ཆེ་བྱས་པ་མ་ཟད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཡང་ནས་ཡང་དུ་མཚན་དམད་ཞུས་པ་དང་ཆབས་ཅིག ཏཱ་ལའི་རུ་ཚོགས་དང་ཕྱི་ཕྱོགས་ཀྱི་སྟོབས་ཤུགས་རྣམས་ནས་བོད་ནང་བརྟན་ལྷིང་དཀྲུགས་ཀྱི་ཡོད་པར་གཞི་མེད་ཀྱི་སྐྱོན་བརྗོད་བྱས་ཡོད་པ་བཅས་གསལ་བཏོན་གནང་འདུག ཐེངས་འདིའི་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་སྙན་ཐོའི་ནང་རང་ལུས་མེར་སྲེག་གི་གནད་དོན་དང་འབྲེལ་བའི་བོད་མིའི་ཐོག་དྲག་གནོན་བྱས་དང་བྱེད་བཞིན་པ། བོད་མི་རྣམས་ལ་ཆབ་སྲིད་ཀྱི་བརྒྱུད་རིམ་ནང་ཆ་ཤས་བླངས་མི་བཅུག་པ། བོད་ནང་ལྐོག་ཟ་རུལ་སུངས་དང་འབྲེལ་བའི་དཀའ་ངལ། དེ་བཞིན་མི་རིགས་དབྱེ་འབྱེད་དང་སྤྱི་ཚོགས་བཅས་བརྗོད་གཞི་གཙོ་ཁག་བཞི་འབུར་བཏོན་གནང་འདུག རང་ལུས་མེར་སྲེག་གི་གནད་དོན་ཐད་ལ་དེ་སྔ་བཞིན་ཕྱི་ལོ་ ༢༠༡༥ ལོར་སླར་ཡང་བོད་ནང་རང་ལུས་མེར་སྲེག་གི་གནད་དོན་ ༧ ལས་བྱུང་མེད་ཀྱང་། དེ་ནི་རྒྱ་ནག་གཞུང་གིས་རང་སྲེག་གནང་མཁན་དབུས་པའི་དེའི་ནང་མི་དང་ཉེ་འབྲེལ། ལྷག་པར་དུ་དགོན་གྲོང་སོགས་སྤྱི་ཚོགས་ཐུན་མོང་ལ་མཉམ་རུབ་ཀྱིས་ཉེས་ཆད་བཏང་སྟབས། བོད་མི་རང་སྲེག་གི་ལས་འགུལ་བའི་གྲངས་འབོར་ཉུང་དུ་ཕྱིན་པ་ལས་བོད་ནང་དངོས་ཡོད་གནས་སྟངས་ཡར་རྒྱས་ཕྱིན་པའི་དབང་གིས་མིན་པར་ད་བར་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པ་གཙོས། བོད་དོན་རྒྱབ་སྐྱོར་ཚོགས་པ་བཅས་ཀྱི་སྙན་ཐོའི་ནང་གསལ་བཏོན་གནང་པ་ལས་རྟོགས་ཐུབ་ངེས་ཡིན་སྐོར་འཁོད་ཡོད་པ་རེད། དེ་བཞིན་པཎ་ཆེན་ཆུང་སྲིད་རིན་པོ་ཆེ་མཆོག་གིས་དབུས་པའི་བོད་མི་ཆབ་སྲིད་བཙོན་པ་མང་དག་ཞིག་གར་སོང་ཆ་མེད་དུ་གྱུར་བའི་གནད་དོན་དང། ཁྱད་པར་དུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་དང་སྤྱི་ཚོགས་ཞབས་ཞུ་བ་བསྟན་འཛིན་ཆོས་གྲགས་སོགས་ཀྱི་གནད་དོན་ཁག་ལུང་འདྲེན་དང་བཅས་རྒྱ་གཞུང་གི་བཙོན་ཁང་ནང་ཡོད་པའི་བོད་མིའི་ཐོག་མི་སྤྱོད་ལས་འདས་པའི་མནར་གཅོད་དང་སྡུག་རྩུབ་ཚད་མེད་བཏང་པའི་འོག ཕྱི་ལོ་ ༢༠༠༩ ནས་ ༢༠༡༤ བར་རྒྱ་གཞུང་གི་བཙོན་ཁང་ནང་འདས་གྲོངས་སུ་གྱུར་བ་ཤེས་རྟོགས་བྱུང་བ་ ༡༤ ཡོད་སྐོར་དང། དེའི་ཁྲོད་ནས་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་ནི་ལུགས་མཐུན་ཞུགས་འབུལ་དང་འདས་ཆོས་གང་ཡང་གནང་བཅུག་མེད་པ་ཐེར་བཏོན་སོགས་གནང་འདུག

ཨ་རིའི་ཝར་མོནྜ་མངའ་སྡེའི་གྲོས་ཚོགས་འོག་མའི་ནང་དབུ་མའི་ལམ་ལ་རྒྱབ་སྐྱོར་གྱི་གྲོས་ཆོད་བཞག་པ།

ཟླ་བ་འདིའི་ཚེས་ ༡༠ སྟེ་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༥༧ སྲུང་བརྩི་དང་བསྟུན། ཨ་རིའི་ཝར་མོནྜ་མངའ་སྡེའི་གྲོས་ཚོགས་འོག་མའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Rep. Maida Townsend མཆོག་གིས་ཐུགས་འགན་གཙོ་བཞེས་དང་འདི་བཞིན་གྲོས་ཚོགས་འཐུས་མི་ ༣༩ ཡིས་རྒྱབ་སྐྱོར་ཐོག་བོད་ཀྱི་གནད་དོན་སེལ་ཕྱིར་རྒྱ་གཞུང་གིས་བོད་མིའི་སྒྲིག་འཛུགས་ཀྱི་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་དང་བོད་རྒྱ་གཉིས་ཀྱི་དཀའ་རྙོག་སེལ་བར་༸གོང་ས་མཆོག་གི་སྐུ་ཚབ་དང་ལྷན་གྲོས་མོལ་བསྐྱར་མཐུད་གང་མགྱོགས་ཞུ་དགོས་པའི་བོད་དོན་གྱི་གྲོས་ཆོད་བཞག་ཡོད་པ་རེད། གྲོས་ཆོད་ནང་འཁོད་དོན་ལ། ཁྲིམས་བཟོ་ལྷན་ཁང་འདིས་ཨ་རིའི་གཞུང་གིས་བོད་ཀྱི་ས་ཁུལ་ཁག་ཏུ་ཨ་རིའི་གཞུང་འབྲེལ་མི་སྣ་དང་གསར་འགོད་པ། དེ་བཞིན་བོད་མི་ཨ་རིའི་མི་སེར་ཡིན་པ་རྣམས་འགྲོ་སྐྱོད་ཀྱི་རང་དབང་ཐད་ཡར་རྒྱས་གཏོང་རྒྱུར་འབད་བརྩོན་གནང་བཞིན་པ་དེར་རྒྱབ་སྐྱོར་ཞུ་རྒྱུ་མ་ཟད། ལྷག་དོན་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་གཞུང་ནས་ཕྱི་ལོ་ ༢༠༡༠ ལོ་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་ལྷན་གྲོས་མོལ་མཚམས་འཇོག་བྱས་པ་དེ་བསྐྱར་མཐུད་ཐོག་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་འོག་བོད་མི་ཚོ་ལ་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་སྤྲོད་ཐབས་གནང་དགོས་པ་དང་། དེ་བཞིན་བོད་མི་དང་རྒྱ་རིགས་མིན་པའི་གྲངས་ཉུང་མི་རིགས་རྣམས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་ཨ་རིའི་གཞུང་གིས་དམིགས་བསལ་ཆེ་མཐོང་སྤྲོད་རྒྱུ་དེ་གལ་ཆེར་བརྩིས་པའི་ཆ་རྐྱེན་དེའི་ཐོག་རྒྱ་ནག་གཞུང་དང་འབྲེལ་བ་བྱ་རྒྱུའི་ལངས་ཕྱོགས་དེར་རྒྱབ་སྐྱོར་ཞུ་རྒྱུ། བོད་མཐོ་སྒང་གི་ས་ཁུལ་དུ་ཡུན་གནས་ཐུབ་པའི་ཡར་རྒྱས་ལས་གཞི་སྤེལ་དགོས་པ་དང་། བོད་མིའི་ཐོུང་མི་པའི་རིག་གཞུང་རྒྱུན་འཛིན་ཐོག་སྲུང་སྐྱོབ་བྱ་རྒྱུར་རྒྱབ་སྐྱོར་གནང་པ་དང་སྦྲགས། བོད་མཐོ་སྒང་གི་ཁོར་ཡུག་ཧ་ཅང་གནད་འགག་ཆེན་པོར་ངོས་འཛིན་ཞུས་ཏེ་བོད་མི་སྐྱབས་བཅོལ་བ་རྣམས་ལ་མཐུན་འགྱུར་རོགས་རམ་སྤྲད་རྒྱུའི་ཐད་རྒྱབ་སྐྱོར་ཞུ་རྒྱུ་ཡིན་སོགས་འཁོད་ཡོད། གྲོས་ཆོད་དེའི་ནང་གནད་དོན་གཞན་ཁག་ཅིག་འཁོད་དོན། བོད་ལ་ཡུན་རིང་ནས་ཕྱུག་པའི་ཆོས་དང་ལེགས་སྦྱང། རྒྱལ་རབས་ལོ་རྒྱུས་སོགས་ཡོད་པ་དེར་ངོས་འཛིན་ཞུས་པ་དང་སྦྲགས། རྒྱ་ནག་གཞུང་གིས་ཕྱི་ལོ་ ༡༩༥༩ ལོར་བོད་ས་བཙན་འཛུལ་བྱས་པ་ཞིག་ལ་ངོས་འཛིན་ཞུ་རྒྱུ་དང་། རྒྱ་ནག་གཞུང་གིས་བོད་ས་བཙན་འཛུལ་བྱས་རྗེས་བོད་མིའི་རང་དབང་དང་ལོ་རྒྱུས་ཀྱི་ཁྱད་ནོར་དེ་དག་རྩ་བརླག་ཏུ་འགྲོ་རྒྱུའི་ཉེན་ཚབས་འཕྲད་བཞིན་ཡོད་པ་ངོས་ལེན་ཞུ་བཞིན་ཡོད། ཅེས་འཁོད་འདུག གྲོས་ཆོད་དེའི་འདྲ་བཤུས་ཡིག་ཆ་གཅིག་ཨ་རིའི་སྐུ་ཚབ་དོན་ཁང་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དང་ཨ་རིའི་སྲིད་འཛིན་སྐུ་ཞབས་ཨོ་བྷ་མ་མཆོག ཝ་ཤིང་ཊོན་དུ་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ཁང་། དེ་བཞིན་ཝར་མོནྜ་གྲོས་ཚོགས་འཐུས་མི་རྣམས་ལ་འགྲེམས་སྤེལ་གནང་ཡོད་པ་རེད། གཞི་རྩའི་ཝར་མནྜ་མངའ་སྡེའི་གྲོས་ཚོགས་ནང་བོད་དོན་ཐོག་གྲོས་ཆོད་བཞག་པ་དེ་ད་ལན་ཐེངས་དང་པོ་ཞིག་མ་ཡིན་པར་དེ་སྔ་ཕྱི་ལོ་ ༢༠༠༨ ལོའི་བོད་ནང་གི་ས་བྱི་ཞི་རྒོལ་ཆེན་མོ་སྐབས་དང་། དེ་རྗེས་ཕྱི་ལོ་ ༢༠༠༩ ལོར་བོད་ས་ཡོངས་རྫོགས་རྒྱ་གཞུང་གིས་དབང་བསྒྱུར་ཟིན་ནས་ལོ་ ༥༠ འཁོར་བའི་དུས་དྲན་ཉིན་མོ་དང་བསྟུན་ཏེ་མངའ་སྡེ་དེའི་གྲོས་ཚོགས་གོང་འོག་གཉིས་ནང་གྲོས་ཆོད་ཁག་ཅིག་གཏན་འབེབས་གནང་མྱོང་ཡོད་པ་རེད་ལ། ད་རེས་འདི་ཐེངས་གསུམ་པ་དེ་ཆགས་ཀྱི་འདུག རྩ་བའི་ཨ་རིའི་ཝར་མོནྜ་མངའ་སྡེའི་གྲོས་ཚོགས་འོག་མའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Rep. Maida Townsend མཆོག་ནས་ཐུགས་འགན་གཙོ་བཞེས་ཀྱིས་གྲོས་ཆོད་བཏོན་པ་དེར་གྲོས་ཚོགས་འཐུས་མི་ ༣༩ ཡིས་རྒྱབ་སྐྱོར་གནང་པ་ཞིག་རེད།

Latest news