Tibetan Royal Year of 2151 | Year of the Wood Dragon

བོད།

བོད་མཛོད་དགེ་ཐང་སྐོར་མང་ཚོགས་ལྔ་སྟོང་ལྷག་གིས་བོད་མི་ནང་ཁུལ་མཐུན་སྒྲིལ་བྱེད་རྒྱུུ་སོགས་ཀྱི་དམ་བཅའ་བཞག་འདུག

རྒྱ་གཞུང་གིས་རྒྱ་ནག་ཟི་ཁྲོན་ཞིང་ཆེན་གྱི་ཁོངས་སུ་ཆ་བགོས་བྱས་པའི་བོད་མདོ་སྨད་མཛོད་དགེ་རྫོང་ཐང་སྐོར་ཚོོ་ཁག་བདུན་གྱི་བོད་མི་ལྔ་སྟོང་ལྷག་གིས་བོད་མི་ནང་ཁུལ་མཐུན་སྒྲིལ་བྱེད་རྒྱུ་སོགས་མཚོན་པའི་གནད་དོན་ཁག་ཅིག་ཐོག་དམ་བཅའ་བཞག་འདུག  ཟླ་ ༡༠ ཕྱི་ཚེས་ ༨་ ཉིན་བོད་མཛོད་དགེ་ཐང་སྐོར་གྲོང་སྡེ་སོག་ཚང་དགོན་པའི་མདུན་ཐང་དུ་འདུ་འཛོམས་བྱས་ཏེ་བླ་སྤྲུལ་རྣམས་ཀྱིས་གཙོ་སྐྱོང་འོག་ད་ནས་བཟུང་ཤོ་སྦག་རྒྱན་རྩེད་དང་བོད་མི་ནང་ཁུལ་འཁྲུག་རྩོད་དང་ནང་དམེ་སོགས་ནམ་ཡང་བྱ་རྒྱུ་མིན་པའི་མཐུན་སྒྲིལ་གྱི་དམ་བཅའ་བཞག་ཡོད་པ་རེད།   བོད་མི་ནང་ཁུལ་མཐུན་སྒྲིལ་བྱེད་རྒྱུའི་ཚོགས་འདུ་སྐབས་སོག་ཚང་སྡེ་བ་དང་ཀ་བར་མ་སྡེ་བ་ཧོར་སྐྱ་སྡེ་བ་སོགས་སྡེ་བ་བདུན་གྱི་ཁྱིམ་ཚང་སོ་སོ་ནས་ཁྱིམབདག་སྐྱེས་པ་མི་གྲངས་བཞི་སྟོང་བདུན་བརྒྱ་བརྒལ་བ་ལྷན་འཛོམས་ཀྱིས་བོད་མི་ཚོས་རྒྱན་འཛུགས་ཤོ་སྦག་མི་རྒྱག་པ་དང་མི་རིགས་ནང་ཁུལ་ལ་ནང་དམེ་མི་བྱེད་པའི་གནའ་སྐྱེལ་དམ་འབུལ་གནང་འདུག  གནའ་སྐྱེལ་དམ་བཅའ་དེའི་ནང་’’རྒྱན་འཇོག་ཤོ་སྦག་མི་རྒྱག་པ།རྐུ་མི་རྒྱག་པ། མི་རིགས་ནང་ཁུལ་ནང་དམེ་དང་འཁྲུག་རྩོད་མི་བྱེད་པ། ལུས་ལ་མཚོན་ཆ་མི་འདོགས་པ་བཅས་ཀྱི་ཐོག་གནའ་སྐྱེལ་དམ་བཅའ་བཞག་ཡོད་པ་རེད།   གཞི་རྩའི་ད་ལན་སྡེ་བ་བདུན་གྱི་སྐྱེས་པ་ཚོས་མ་འོངས་ལོ་ངོ་ལྔ་རིང་དེ་ལྟར་མི་བྱེད་པའི་དམ་བཅའ་བཞག་པ་རེད། དེ་ལྟར་གནའ་སྐྱེལ་དམ་བཅའ་བཞག་དགོས་དོན་ནི་རང་གི་ཁྱིམ་ཚང་དང་སྤྱི་ཚོགས་མི་རིགས་བཅས་ནང་ཁུལ་འཆམ་མཐུན་དང་ཞི་བདེ་དང་ལྡན་པའི་འཚོ་སྐྱེལ་ཐབས་གཙོས་མི་ཚང་མ་ཡ་རབས་སྤྱོད་བཟང་ཅན་དུ་འགྱུར་རྒྱུ་བཅས་ཀུན་ལ་ཕན་པའི་ཆེད་དུ་ཡིན་པ་རེད་འདུག  གཞི་རྩའི་གནའ་སྐྱེལ་གྱི་ལས་འགུལ་དེ་གོ་སྒྲིག་གནང་མཁན་དང་ལས་དོན་ལ་རྒྱབ་སྐྱོར་གནང་མཁན་གཙོ་གྲས་ཁོངས་སུ་མཛོད་དགེ་སྡེ་བའི་གནད་ཡོད་མི་སྣ་རྣམས་དང་སྲིད་གཞུང་གི་མི་སྣ། ལྷག་དོན་དགོན་སྡེའི་བླ་སྤྲུལ་རྣམ་པས་གཙོ་སྐྱོང་འོག་ཕྲེད་དར་སྟེང་མཛོད་དགེ་ཐང་སྐོར་ས་ཁུལ་གྱིས་རྐུ་དང་རྒྱན་བཅད་པའི་མང་ཚོགས་ཀྱི་ཚོགས་ཆེན་ཞེས་བཀོད་ཡོད་འདུག  རྩ་བའི་ད་ལན་གྱི་མཐུན་སྒྲིལ་གྱི་དམ་བཅའ་བཞག་པ་དེ་ནི་ཐེངས་གཉིས་པ་དེ་ཆགས་ཡོད་པ་དང་། དེ་སྔ་ཐེངས་དང་པོ་ ༢༠༠༡ ལོར་ས་གནས་བོད་རིགས་རྣམས་འདུ་འཛོམས་ཀྱིས་ཤོ་སྦག་རྒྱན་རྩེད་དང་ནང་འཁྲུག་རྐུ་ཕྲོག་སོགས་མི་བྱེད་པའི་ཐོག་དམིགས་བསལ་དབྱེ་འབྱེད་མི་བྱེད་པའི་གནའ་སྐྱེལ་དམ་བཅའ་བཞག་འདུག དེ་རྗེ་ལོ་ཤས་རིང་ཚོགས་ཐུབ་མེད་ཀྱང་འདི་ལོ་ཟླ་ ༡༠ ཕྱི་ཚེས་ ༨ ཉིན་སླར་ཡང་ཚོགས་ཐུབ་པ་བྱུང་འདུག  

བོད་མཛོད་དགེ་ཐང་སྐོར་ནས་འཛིན་བཟུང་བྱས་པའི་བོད་མི་ལྔ་གློད་བཀྲོལ་བཏང་ཡོད་ཀྱང་བོད་མི་ལྔ་མུ་མཐུད་བཀག་ཉར་གནང་འདུག

དེང་སང་རྒྱ་ནག་སི་ཁྲོན་ཞིང་ཆེན་གྱི་མངའ་ཁོངས་སུ་ཆ་བགོས་བྱས་པའི་བོད་མདོ་སྨད་དགེ་རྫོང་ཐང་སྐོར་གྱི་སྐ་བར་མ་སྡེ་བའི་ནང་ཕྱི་ལོ་ ༢༠༡༠ ལོར་རྒྱ་གཞུང་གིས་གྲོང་ཁྱེར་སྔོ་ལྗང་ཅན་དུ་བསྒྱུར་བའི་འཛུགས་སྐྲུན་གྱི་ལས་གཞི་ཞེས་པའི་མིང་ཐོག་ནས་ཁྱིམ་མི་ཉི་ཤུ་ལྷག་གི་ཁང་པ་བཙན་དབང་གིས་གཏོར་བཤིག་དང་སྡོད་གནས་སྤོ་དགོས་བྱུང་བར་ད་བར་དམིགས་བསལ་གྱི་གུན་གསབ་སོགས་ཚད་ལྡན་གང་ཡང་མ་སྤྲད་པའི་གནད་དོན་ཐད་ས་གནས་ཡུལ་མིས་ཞུ་གཏུག་རིམ་པ་བྱས་ཀྱང་ཕན་འབྲས་གང་ཡང་མ་བྱུང་བ་མ་ཟད་འདི་ལོ་ཕྱི་ཟླ་ ༩ ཚེས་ ༢༠ ཉིན་སླར་ཡང་སྡེ་བའི་མི་ཁག་ཅིག་གིས་བཙན་འཕྲོག་བྱས་པའི་ས་ཆའི་ཐོག་འདུ་འཛོམས་བྱས་ཏེ་རྔ་བ་ཁུལ་དང་རྫོང་གི་འགོ་ཁྲིད་ལ་གནད་དོན་དེ་ཐག་གཅོད་བྱ་ཕྱིར་ས་གནས་ལ་ཡོང་དགོས་པའི་རེ་འདུན་ཞུས་ཀྱང་བདག་སྤྲོད་བྱ་རྒྱུ་ལས་ལྡོག་ཏེ་དྲག་ཆས་དམག་མི་བཏང་ནས་དྲག་གནོན་ཚབས་ཆེན་བཏང་པའི་འོག་འཇིགས་བྱེད་སྐྱབས་ལ་སོགས་པའི་མི་སྣ་བཅུ་འཛིན་བཟུང་བྱས་ཡོད་པ་རེད། ད་ལམ་གསར་དུ་ཐོན་པའི་གནས་ཚུལ་ལྟར་ན་ད་ཆ་འཛིན་བཟུང་བྱས་པའི་མཛོད་དགེ་ཐང་སྐོར་གྱི་འབྲོག་པ་ལྔ་སྤྱི་ཟླ་ ༡༠ ཕྱི་ཚེས་ ༢ ཉིན་གློད་བཀྲོལ་བཏང་ཡོད་ཀྱང། ད་དུང་འབྲོག་པ་ལྔ་མུ་མཐུད་བཀག་ཉར་འོག་གནས་བཞིན་ཡོད་པ་རེད་འདུག ད་དུང་ཟླ་ ༩ ཕྱི་ཚེས་ ༢༢ ཉིན་རྒྱ་གཞུང་གིས་ཐང་སྐོར་སྐ་བར་མ་སྡེ་བའི་ཞུ་གཏུག་པ་གཙོ་བོ་འཇིགས་བྱེད་སྐྱབས་དང་ཚེ་དཔག།བསོད་ནམས རྒྱ་མཚོ་དང་ཕུར་ཁོ། རྡོར་བྷེ་དང་བྱི་ཕྲུག།ཚེ་རིང་སྐྱབས་དང་པ་ཏྲ། ཚེ་རིང་བཀྲ་ཤིས་དང་ཡེ་ཤེས་བཅས་འཛིན་བཟུང་བྱས་པ་མ་ཟད། མཚོ་སྐྱིད་ཟེར་བའི་བུ་མོ་ཞིག་ལ་གཅར་རྡུང་ཚབས་ཆེན་བཏང་སྟེ་བགྲོད་བྱས་ཡོད་པ་རེད། དེ་རྗེས་འབྲོག་པ་ཡེ་ཤེས་ལགས་སུ་གློ་གཅོང་གི་ནད་གཞི་ཡོད་སྟབས་བཙོན་གྲོལ་བཏང་ཡང་གཞན་རྣམས་འཛིན་བཟུང་བཀག་ཉར་བྱས་ཡོད་པ་རེད།

གངས་ལྗོངས་མཁས་པའི་བགྲོ་གླེང་ཐེངས་གཉིས་པ་མདོ་ཁམས་བྲག་དགོན་པར་ཚོགས་བཞིན་འདུག

ཟླ་ ༡༠ ཕྱི་ཚེས་ ༢ ཉིན་མདོ་ཁམས་ཏྲེ་ཧོར་གྱི་གོ་སྒྲིག་འོག་ཏྲེ་ཧོར་བྲག་མགོ་དགོན་དགའ་ལྡན་རབ་བརྟན་རྣམ་རྒྱལ་གླིང་དུ་བོད་མདོ་ཁམས་གངས་ལྗོངས་མཁས་པའི་བགྲོ་གླེང་ཐེངས་གཉིས་པ་དེ་དབུ་འཛུགས་གནང་ཡོད་པ་དང།   དེ་ཡང་མདོ་ཁམས་ཏྲེ་ཧོར་བྲག་སྒོ་དགོན་པར་མདོ་དབུས་ཁམས་གསུམ་ནས་དགོན་སྡེ་ཁག་དྲུག་བཅུ་ལྷག་ཙམ་ནས་དགེ་བཤེས་མཁས་དབང་མང་དག་ཞིག་ཕེབས་གནང་ཡོད་པ་དང་དེ་བཞིན་ཟུར་ཉན་པ་སོགས་དགེ་འདུན་པ་ལྔ་བརྒྱ་ཙམ་མཉམ་ཞུགས་གནང་ཡོད་པ་རེད་འདུག བགྲོ་གླེང་ཐེངས་གཉིས་པ་མདོ་ཁམས་བྲག་དགོན་པར་ཉིན་ལྔའི་རིང་ཚོགས་གནང་བཞིན་འདུག བགྲོ་གླེང་གི་བརྗོད་གཞི་གཙོ་བོ་ནི་༸རྗེ་བདག་ཉིད་ཆེན་པོའི་གསུང་དྲང་ངེས་ལེགས་བཤད་སྙིང་པོའི་དཀའ་གནད་ལས་བརྩམས་ཏེ་དྲི་བ་ཁག་མི་འདྲ་བ་བཅུ་བདུན་ཙམ་ལ་ཕྱོགས་མཐའ་ཁག་ནས་ཕེབས་པའི་མཁས་དབང་རྣམ་པས་རང་རང་གིས་རྩོམ་ཤོག་ལམ་ནས་བགྲོ་གླེང་བྱ་རྒྱུ་རེད་འདུག རྩ་བའི་མདོ་ཁམས་མཁས་པའི་བགྲོ་གླེང་ཐེངས་དང་པོ་དེ་སྡ་ལོ་ཕྱི་ལོ་ ༢༡༠༤ ལོར་མདོ་ཁམས་རྟའུ་ཕྱོགས་ཀྱི་དགའ་ཐར་དགོན་པར་ཚོགས་གནང་ཡོད་པ་རེད།  

བོད་རྔ་བ་ནང་དུ་བོད་མི་གསུམ་ནས་རྒྱ་གཞུང་ལ་ཞི་རྒོལ་གནང་པར་འཛིན་བཟུང་གིས་གར་སོང་ཆ་མེད་འགྱུར་འདུག

བོད་མདོ་སྨད་རྔ་བ་ནང་དུ་ཉེ་ཆར་ཕྱི་ཟླ་ ༩ པའི་ཚེས་ ༢༣ ཉིན་ལ་རྔ་བ་ཀིརྟི་དགོན་པའི་དགེ་འདུན་པ་བློ་བཟང་འཇམ་དབྱངས་ལགས་ཞུ་བ་ཞིག་དང། ༩ པའི་ཚེས་ ༡༠ ཉིན་མི་སྐྱ་འཕྲིན་ལས་དང་བློ་བཟང་ཞུ་བ་གཉིས་ཀྱིས་རྒྱ་གཞུང་ལ་ཞི་རྒོལ་རྔམ་སྟོན་གནང་པར་དེ་མ་ཐག་འཛིན་བཟུང་གིས་གར་སོང་ཆ་མེད་དུ་འགྱུར་འདུག ཟླ་སྔོན་མའི་ཕྱི་ཚེས་ ༢༣ ཉིན་བོད་ནང་གི་ཕྱི་དྲོ་ཚོུད་ ༤།༠༠ ཙམ་ལ་རང་ལོ་ ༡༥ སོན་པའི་རྔ་བ་ཀིརྟི་དགོན་པའི་གྲྭ་བློ་བཟང་འཇམ་དབྱངས་ལགས་ཀྱིས། “ ད་ལ་རང་དབང་དགོས། རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས།’’ ཞེས་སྐད་འབོད་གནང་བཞིན་རྔ་བ་རྫོང་མཁར་གྱི་དཔའ་བོའི་སྲང་ལམ་ནས་གཞུང་ལམ་བར་དུ་གོམ་བགྲོད་དང་ཞི་རྒོལ་སྐད་འབོད་གནང་འདུག་པ་དང། དེ་མ་ཐག་རྒྱ་གཞུང་ཉེན་རྟོག་པ་སླེབས་ཏེ་ཁོང་འཛིན་བཟུང་བཙན་ཁྲིད་བྱས་རྗེས་ད་བར་གནས་ཚུལ་གང་ཡང་ཤེས་རྟོགས་ཐུབ་མེད། རྩ་བའི་གྲྭ་བློ་བཟང་འཇམ་དབྱངས་ལགས་ནི་རྔ་པ་རྫོང་རྨེའུ་རུ་མ་ཡུལ་ཚོའི་རུ་ཆེན་གཉིས་པའི་བ་ཆོས་ཚང་གི་ཕ་ཆོས་འཕེལ་དང་མ་མཚོ་མོ་གཉིས་ཀྱི་བུ་ཡིན་ཞིང་། ཆུང་དུས་ནས་རྔ་པ་ཀིརྟི་དགོན་པར་ཆོས་ཞུགས་གནང་ཏེ་དེང་སྐབས་སྔོན་འགྲོའི་འཛིན་གྲྭར་སློབ་གཉེར་གནང་བཞིན་པ་རེད་འདུག དེ་བཞིན་ཟླ་སྔོན་མའི་ཚེས་ ༡༠ ཉིན་བོད་ནང་གི་ཉིན་གུང་ཚོུད་ ༡༢ ཙམ་ལ་རྔ་པ་རྫོང་སོ་རུ་སྡེ་བའི་ཚུར་རིས་ཚང་གི་བུ་འཕྲིན་ལས་ལགས་དང་། ཚེ་སྟོད་ཚང་གི་བུ་བློ་སངས་གཉིས་ཀྱིས།”བོད་ལ་རང་དབང་དགོས། རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག་ཅེས་འབོད་ཚིག་སྒྲོག་བཞིན་རྔ་པ་རྫོང་མཁར་གྱི་གཞུང་ལམ་དུ་གོམ་བགྲོད་གནང་པར་ཉེན་རྟོག་པས་འཛིན་བཟུང་བཙན་ཁྲིད་ཀྱིས་ད་བར་གནས་ཚུལ་ཇི་ཆགས་སོགས་ཤེས་རྟོགས་ཐུབ་མེད། གཞི་རྩའི་ཁོང་གཉིས་ནི་རྔ་པ་རྫོང་ཆོས་རྗེ་མ་ཡུལ་ཚོའི་སོ་རུ་མ་སྡེ་བ་ནས་རེད་འདུག དེ་ཉིན་ནས་བཟུང་ས་གནས་གཞུང་གི་ལས་ཁུངས་ཁག་མ་གཏོགས། གཞན་སྒེར་གྱི་དྲ་ལམ་ཡོངས་རྫོགས་བཀག་སྡོམ་བྱས་ཡོད་པར་མ་ཟད། རྫོང་མཁར་གྱི་གཞུང་ལམ་ཁག་ལ་ཉེན་རྟོག་པ་མང་རུ་བཏང་ནས་ལྟ་སྲུང་ནན་པོ་བྱས་དང་བྱེད་མུས་ཡིན་པ་རེད་འདུག

བོད་རྨ་ཆུ་ཁུལ་ནས་བོད་མི་ཆབ་སྲིད་བཙོན་པ་ཞིག་ལོ་ ༧ ལྷག་བཙོན་འཇུག་རྗེས་གློད་བཀྲོལ་ཐོབ་འདུག

བོད་མདོ་སྨད་ཀན་སུ་ཞིང་ཆེན་རྨ་ཆུ་རྫོང་རྩེ་རི་མ་གྲོང་སྡེའི་རང་ལོ་ ༢༥ སོན་པའི་བོད་མི་ལྷ་སྐྱབས་ཞུ་བ་ཞིག་གིས་སྔར་ཕྱི་ལོ་ ༢༠༠༨ ལོར་འཛིན་བཟུང་བྱས་ནས་ ལོ་ ༧ ལྷག་ཙམ་བཙོན་ཁང་ནང་མི་སྤྱོད་ལས་འདས་པའི་སྡུག་སྦྱོང་མནར་གཅོད་རྗེས་ཟླ་སྔོན་མའི་ཕྱི་ཚེས་ ༣༠ ཉིན་སྨན་བཅོས་ཀྱི་གན་རྒྱའི་འོག་བཙོན་གྲོལ་བཏང་འདུག ལྷ་སྐྱབས་ལགས་ལ་རྒྱ་གཞུང་གིས་བཙོན་འཇུག་བྱེད་དོན་ནི། ཕྱི་ལོ་ ༢༠༠༨ ལོར་རྒྱ་གཞུང་གིས་བོད་ཐོག་དྲག་གནོན་བྱས་པ་ལ་ཞི་རྒོལ་གྱིས་རྩེ་རི་མ་གྲོང་སྡེར་ཡོད་པའི་རྒྱ་གཞུང་གི་ཁང་པར་མེ་སྤར་རྩིས་བྱས་པར་སྙད་ནས་ས་གནས་རྒྱ་གཞུང་ཉེན་རྟོག་པས་སྐབས་དེར་ཁོང་འཛིན་བཟུང་བྱས་འདུག་པ་དང།  ལོ་གཉིས་རིང་རྨ་ཆུ་ཁུལ་གྱི་བཙོན་ཁང་ནང་བཙོན་འཇུག་བྱས་རྗེས་བཙོན་ཁང་གཞན་མི་འདྲ་གསུམ་ཙམ་བརྗེ་ནས་ད་དབར་མི་སྤྱོད་ལས་འདས་པའི་དྲག་གནོན་འོག་དེང་ཆར་ཁོང་གི་གཟུགས་གཞིའི་གནས་སྟངས་ཤིན་ཏུ་ཞན་པོ་ཡོད་སྟབས། ཉེ་ཆར་གོང་ཚེས་ཉིན་ཁོང་སྨན་བཅོས་གན་རྒྱའི་འོག་གློད་བཀྲོལ་བཏང་པ་ཞིག་ཡིན་འདུག རྩ་བའི་ལྷ་སྐྱབས་ལགས་ནི་དེ་སྔོན་བཙོན་འཇུག་བྱེད་སྐབས་རང་ལོ་ ༡༧ ཡིན་པ་དང། ད་ལྟ་རང་ལོ་ ༢༥ སོན་ཡོད་པ་རེད་འདུག ད་བར་ཁོང་གི་གློ་བའི་ནད་གཞིར་སྨན་བཅོས་ཐེངས་འགའ་གནང་ཡང་ཕན་འབྲས་གང་ཡང་སོན་མེད་པས་རྒྱ་གཞུང་གི་བཅོས་ཐབས་མེད་པ་ཤེས་ནས་ཟླ་སྔོན་མའི་ཕྱི་ཚེས་ ༣༠ ཉིན་ཁོང་བཙོན་གྲོལ་བཏང་བ་ཡིན་འདུག ས་གནས་བོད་མི་རྣམས་ཀྱིས་ཁོང་ལ་རང་གི་རྒྱལ་ཁབ་དང་མི་རིགས་སླད་བློས་གཏོང་གནང་པར་བསྔགས་བརྗོད་དང་བཅས་བསུ་བ་གཟབ་རྒྱས་ཞུས་ཡོད་པ་རེད།

བོད་མི་ཆབ་སྲིད་བཙོན་པ་ཞིག་ནད་གཅོང་བཟོས་ཏེ་བཙོན་གྲོལ་བཏང་འདུག

རྒྱ་གཞུང་གིས་ལོ་ཤས་རིང་དུས་བཀག་བཙོན་འཇུག་བྱས་པའི་བོད་མི་གཅིག་ནད་གཅོང་འོག་གློད་གྲོལ་ཐོབ་འདུག རྒྱ་གཞུང་གིས་དབྱེ་བའི་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་དཀར་མཛེས་རྫོང་ཐོག་ཏུ་ ༢༠༠༩ ལོར་ཞི་རྒོལ་ནང་དངོས་སུ་མཉམ་ཞུགས་གནང་མྱོང་མཁན་བོད་མི་ཞིག་ལོ་ཤས་རིང་རྒྱའི་བཙོན་ཁང་དུ་མི་སྤྱོད་ལས་འདས་པའི་མནར་སྤྱོད་འོག་ནད་གཅོང་ཕོག་ནས་བཙོན་གྲོལ་བཏང་འདུག རྒྱའི་བཙོན་འོག་ཏུ་དངོས་སུ་དཀའ་སྡུག་མྱོང་མཁན་བོད་མི་དེས་དེ་སྔ་ཁོང་རྒྱ་ནག་གི་བཙན་འོག་དུ་མི་ལོ་ཁ་ཤས་ཀྱི་རིང་བཙོན་ཁང་དུ་རྡུང་རྡེག་མནར་གཅོད་མང་པོ་མྱང་ཞིང་ངལ་རྩོལ་མང་པོ་བྱེད་བཅུག་པ་མ་ཟད། དུས་ཐོག་ཏུ་ཟ་མ་མ་སྤྲད་པའི་དཀའ་ངལ་སོགས་ལ་བརྟེན་ནས་ད་ལྟ་གཟུགས་པོའི་ནུས་ཤུགས་ཉམས་ནས་འགུལ་བསྐྱོད་མ་ཐུབ་པའི་ངལ་བ་དང། དེ་བཞིན་ལུས་ཀྱི་སྐེད་ཚིགས་ཡོང་རྫོགས་ལ་ན་ཟུག་བཏང་སྟེ་བརྗིད་ཆེ་བའི་དངོས་པོ་ཡར་ལེན་མར་འཇོག་བྱེད་མ་ཐུབ་པ། ལྷག་དོན་བཙོན་ལས་མང་པོ་བྱས་རྐྱེན་མིག་གཉིས་ཀྱི་གསལ་པོར་མི་མཐོང་བའི་དཀའ་ངལ་འཕྲད་བཞིན་ཡོད་པ་བཅས་འགྲེལ་བརྗོད་གནང་འདུག དེ་བཞིན་ཁོང་བཙོན་ནང་མནར་གཅོད་མྱོང་ཚུལ་གསུངས་སོན་ལ། ང་ཐོག་མར་དཀར་མཛེས་རྫོང་ཐོག་གི་བཙོན་ཁང་དང་དེ་ནས་མི་ཉག་དར་རྩེ་མདོ་བཙོན་ཁང་སི་ཁྲོན་ཏིག་ཡང་བཙོན་ཁང་བཅས་སུ་ཁྱོན་མི་ལོ་ཁ་ཤས་ཀྱི་རིང་ལ་བརྩོན་འཇུག་བྱས་་པ་རེད་དུས་སྐབས་དེ་དག་རིང་རྒྱ་གཞུང་གི་དམག་མིས་ང་ལ་རྡུང་རྡེག་གཏོང་སྟངས་དེ་ངོ་མ་བསམ་ཡུལ་ལས་འདས་བ་ཞིག་རེད། དཔེར་ན་རྐང་ལག་ལ་ལྕག་རྒྱབ་པ་མ་ཟད་དམག་མི་ཁག་ཅིག་གིས་ལྕགས་དབྱུག་གང་བྱུང་དུ་ཞུས་ནས་རྡུང་རྡེག་གཏོང་པ་དང་། ཆབས་ཅིག་ཁྱེད་ཀྱི་སྲིད་གཞུང་ལ་ངོ་རྒོལ་བྱེད་དགོས་དོན་དང་ཁྱེད་ལ་རྒྱུད་སྐུལ་བྱེད་མཁན་སུ་ཡོད་སོགས་དྲིས་དེ་རྡུང་རྡེག་དྲག་པོ་བཏང་པས་དྲན་པ་བརྒྱལ་བ་ཐེངས་མང་བྱུང་སོང་། ད་དུང་གློག་དབྱུག་གི་ནང་ལོག་ལྕག་ཡིན་པ་དང་ཕྱི་ངོས་འགྱིག་གི་བཏུམ་ཡོད་པའི་དབྱུག་པ་སོགས་ཀྱིས་ཉིན་མཚན་མང་པོར་རྡུང་རྡེག་བཏང་བྱུང་ལ་ད་དུང་དགུན་ཁ་གནམ་གཤིས་གྲང་ངར་ཆེ་སྐབས་ལུས་དམར་རྗེན་མར་ཆུ་གྲང་མོ་ནང་ཚོུད་གཅིག་ཡས་མས་ལ་བཞག་ནས་འགྲོ་བ་མིའི་བསམ་སྤྱོད་ལས་འདས་པའི་མནར་གཅོད་བཏང་ཡོད་སྐོར་སོགས་གསུངས་སོང་། གཞན་ཡང་བཙོན་གྲོལ་ཐོབ་རྗེས་ངལ་རྩོལ་བྱེད་པར་བཏང་བ་དང་ལས་ཀ་དེ་ཡང་སྐྲ་འབྲེག་པ་དང་གོས་བཀྲུ་བ་དམག་མིའི་ལྷམ་བཟོ་བ་གློག་ཆས་ཤིག་གི་སྟེང་ལ་ཟངས་སྐུད་བཀྲི་རྒྱུ་སོགས་ཡིན་འདུག རྩ་བའི་རྒྱའི་བཙོན་ཁང་ནང་ཡོད་པའི་རྒྱ་རིགས་བཙོན་པ་དང་བོད་རིགས་བཙོན་པ་གཉིས་ཀྱི་དབར་ཁྱད་ཆེ་ཤོས་ནི་རྒྱ་རིགས་བཙོན་པ་ཚོས་ཕན་ཚུན་ལ་ཁ་བརྡ་བྱ་ཆོག་པ་ལས་བོད་རིགས་ཆབ་སྲིད་བཙོན་པ་ཚོ་ཕན་ཚུན་བར་སྐད་ཆ་ཡང་བཤད་མི་ཆོག་པས་རྒྱ་གཞུང་གིས་མི་རིགས་དབྱེ་འབྱེད་བྱེད་བཞིན་འདུག་ཡོད་པ་རེད་འདུག               

བོད་མཛོད་དགེ་རྫོང་ནས་བོད་མི་བཅིུས་ཙམ་འཛིན་བཟུང་བྱས་འདུག

མདོ་སྨད་མཛོད་དགེ་རྫོང་གི་བོད་མི་ཚོས་རྒྱ་གཞུང་གིས་ས་ཆ་བཙན་འཕྲོག་བྱས་པར་ཞུ་གཏུགས་གནང་མཁན་བོད་མི་ཚོར་དམག་མིས་དྲག་གནོན་དང་མི་གྲངས་ ༡༢ ཙམ་འཛིན་བཟུང་བྱས་འདུག   རྒྱ་གཞུང་གིས་གྲོང་ཁྱེར་སྔོ་ལྗང་ཅན་དུ་བསྒྱུར་རྒྱུའི་ལས་གཞིར་ཁ་གཡར་ནས་བོད་མདོ་སྨད་རྔ་པའི་ཁོངས་གཏོགས་མཛོད་དགེ་ཐང་སྐོར་ཡུལ་ཚོ་སྡེ་པའི་འདུ་ཁྱིམ་ ༢༠ ལྷག་གི་ཁང་པ་བཙན་དབང་གིས་གཏོར་བཤིག་དང་།   འདུ་མི་ཚོ་སྡོད་གནས་སྤོས་དགོས་བྱུང་ཡང་གུན་སབ་སོགས་གང་ཡང་མ་སྤྲད་སྟབས། ས་གནས་བོད་མི་ཚོས་གོང་རིམ་ལ་དེ་དོན་ཐད་ཞུ་གཏུགས་མང་དག་ཞིག་བྱས་ཡོད་ཀྱང་ད་བར་ཕན་འབྲས་གང་ཡང་མ་སོན་པ་མ་ཟད། ཁ་ཉིན་ཟླ་ ༩ ཕྱི་ཚེས་ ༢༠ ཉིན་ས་གནས་་བོད་མི་ཚོས་སླར་རྔ་པ་ཁུལ་དང་རྫོང་གི་འགོ་ཁྲིད་ལ་གནད་དོན་དེ་ཐག་གཅོད་ཡོང་ཕྱིར་ས་གནས་ལ་ཡོང་དགོས་པའི་རེ་འདུན་ཞུས་ཀྱང་རེ་འདུན་དེ་རྒྱ་གཞུང་གིས་བདག་སྤྲོད་བྱས་མེད་པ་མ་ཟད།    དེ་ལས་ལྡོག་སྟེ་རྒྱ་གཞུང་དྲག་ཆས་མི་སྣས་ས་གནས་བོད་མི་ཚོར་དྲག་གནོན་དང་མང་དག་ཞིག་འཛིན་བཟུང་བྱས་འདུག    ལས་འགུལ་དེའི་ནང་དངོས་སུ་མཉམ་ཞུགས་གནང་མཁན་བོད་མི་ཚོའི་ངོ་སྤྲོད་གནང་དོན་ལ་ཁོང་རྣམས་དང་ས་གནས་་བོད་མི་གཞན་ཚོ་ཡུན་རིང་ངང་འགུག་བྱས་ཀྱང་དཔོན་རིགས་འགའ་ཞིག་སླེབས་ཀྱང་གྲོང་སྡེའི་སྲིད་གཞུང་ལ་བསྡད་པ་ཙམ་ལས་ས་གནས་བོད་མིར་འབྲེལ་ལམ་གང་ཡང་བྱེད་མི་འདུག བོད་མི་ཚོས་རང་གི་ཁེ་དབང་ཁྲིམས་མཐུན་ཐོག་སྲུང་སྐྱོབ་གནང་སྐབས་རྔ་པ་ས་གནས་དམིགས་བསལ་ཉེན་རྟོག་པ་ཞེས་མིང་བྲིས་པའི་དྲག་ཆས་དམག་མི་རླངས་འཁོར་ལྔ་དྲུག་ཙམ་བཏང་ནས་བོད་མིར་དྲག་གནོན་སྔར་ལྷག་བྱས་ཡོད་པ་རེད་འདུག    དེ་བས་ཀྱང་རྒྱ་གཞུང་གི་ཉེན་རྟོག་པས་བོད་མི་རྒས་གཞོན་ཁྱད་མེད་ལ་མི་སྤྱོད་ལས་འདས་པའི་དྲག་གནོན་ཤུགས་ཆེ་བྱས་པ་དང། དེ་དག་ཁྲོད་ལས་མི་གྲངས་བཅུ་སྐོར་ཞིག་འཛིན་བཟུང་བྱས་པས་ད་ཆ་གར་ཡོད་སོགས་ཀྱི་གནང་ཚུལ་གང་ཡང་ཤེས་རྟོགས་ཐུབ་མེད། བོད་མི་དེ་དག་གིས་ང་ཚོས་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་བྱས་པ་ཙམ་ལས་ཁྲིམས་འགལ་གང་ཡང་བྱས་མེད། ཅི་ཕྱིར་ང་ཚོར་བཙན་འཕྲོག་བྱ་དགོས་སམ། ཁྲིམས་མཐུན་རྒྱལ་སྐྱོང་གི་དུས་རབས་འདིར་སུ་ཞིག་གིས་ང་ཚོར་དབུ་ཁྲིད་བྱ་ཐུབ་བམ།   སུ་ཞིག་གིས་དོན་དངོས་ཐོག་ཁྲིམས་མཐུན་རྒྱལ་སྐྱོང་ལག་བསྟར་བྱ་ཐུབ་བམ། ཞེས་དྲི་བ་དང་རེ་འདུན་ཞུ་འདུག རྩ་བའི་གོང་ཚེས་ཉིན་གནད་དོན་དེའི་ཆེད་འཛིན་བཟུང་བྱས་པའི་བོད་མི་ཚོར་དེ་རིང་གློད་བཀྲོལ་བཏང་རྒྱུ་ཡིན་ཀྱང་ད་ལྟའི་ཆར་གནས་ཚུལ་ཇི་ཆགས་སོགས་གསལ་རྟོགས་གང་ཡང་ཐུབ་མེད།        

བོད་མཛོད་དགེ་རྫོང་ནས་སླར་རྒྱ་གཞུང་གིས་ས་ཆ་བཙན་འཕྲོག་བྱས་པར་ཐག་གཅོད་དགོས་པའི་ཞུ་གཏུགས་གནང་པ།

མདོ་སྨད་མཛོད་དགེ་རྫོང་གི་བོད་མི་ཚོས་རྒྱ་གཞུང་གིས་ས་ཆ་བཙན་འཕྲོག་བྱས་པར་སླར་ཞུ་གཏུགས་གནང་ཡང་བདག་སྤྲོད་བྱས་མེད་པ་རེད་འདུག རྒྱ་གཞུང་གིས་གྲོང་ཁྱེར་སྔོ་ལྗང་ཅན་དུ་བསྒྱུར་རྒྱུའི་ལས་གཞིར་ཁ་གཡར་ནས་བོད་མདོ་སྨད་རྔ་པའི་ཁོངས་གཏོགས་མཛོད་དགེ་ཐང་སྐོར་ཡུལ་ཚོ་སྡེ་པའི་འདུ་ཁྱིམ་ ༢༠ ལྷག་གི་ཁང་པ་བཙན་དབང་གིས་གཏོར་བཤིག་དང་། འདུ་མི་ཚོ་སྡོད་གནས་སྤོས་དགོས་བྱུང་ཡང་གུན་སབ་སོགས་གང་ཡང་མ་སྤྲད་སྟབས། ས་གནས་བོད་མི་ཚོས་གོང་རིམ་ལ་དེ་དོན་ཐད་ཞུ་གཏུགས་མང་དག་ཞིག་བྱས་ཡོད་ཀྱང་ད་བར་ཕན་འབྲས་གང་ཡང་མ་སོན་པ་མ་ཟད། ཁ་ཉིན་ཟླ་ ༩ ཕྱི་ཚེས་ ༢༠ ཉིན་ས་གནས་་བོད་མི་ཚོས་སླར་རྔ་པ་ཁུལ་དང་རྫོང་གི་འགོ་ཁྲིད་ལ་གནད་དོན་དེ་ཐག་གཅོད་ཡོང་ཕྱིར་ས་གནས་ལ་ཡོང་དགོས་པའི་རེ་འདུན་ཞུས་ཀྱང་རེ་འདུན་དེ་རྒྱ་གཞུང་གིས་བདག་སྤྲོད་བྱས་མི་འདུག དེ་ལས་ལྡོག་སྟེ་རྒྱ་གཞུང་དཔོན་རིགས་ཚོས་གནད་དོན་དེ་སེལ་པར་ཡོང་གི་མིན་ཅེས་ལན་འདེབས་བྱས་པས་ས་གནས་བོད་མི་རྣམས་བོད་ནང་གི་དགོང་མོ་ཚོུད་ ༦ པ་ཟིན་ཀྱང་འགུག་ནས་བསྡད་པ་མ་ཟད། ཁོང་རྣམས་དང་ས་གནས་་བོད་མི་གཞན་ཚོས་མགྲིན་དབྱངས་གཅིག་གྱུར་གྱིས་འཆི་སྲོག་ལ་ཐུག་ཀྱང་རང་ས་རང་གིས་སྲུང་སྐྱོབ་བྱ་རྒྱུ་ཡིན་ཞེས་དམ་བཅའ་འཇོག་ཡོད་པ་རེད་འདུག རྩ་བའི་གནད་དོན་དེ་ནི་ ༢༠༡༠ ལོར་རྒྱ་གཞུང་གིས་གྲོང་ཁྱེར་སྔོ་ལྗང་ཅན་དུ་བསྒྱུར་རྒྱུའི་ལས་གཞི་ཞེས་པའི་མིང་ཐོག་ནས་མདོ་སྨད་སི་ཁྲོན་ཞིང་ཆེན་རྔ་པ་ཁུལ་མཛོད་དགེ་རྫོང་ཐང་སྐོར་ཡུལ་ཚོའི་འབྲོག་མི་ཚོ་རྫོང་ཐོག་ཏུ་ལོ་མང་རིང་ས་གནས་འབྲོག་པ་ཚོས་མཛོད་དགེ་རྫོང་ཐོག་ལ་སོང་ནས་འདུ་ཁྱིམ་དང་རྩ་ཁ་སོགས་བཙན་འཕྲོག་བྱས་པར་གུན་སབ་དགོས་པའི་ཞུ་གཏུག་ལན་མང་བྱས་ཀྱང་རྒྱ་ནག་གི་དཔོན་རིགས་ནས་འགན་ལེན་དང་ཐག་གཅོད་སོགས་གང་ཡང་མ་བྱས་སྟབས། རྗེས་སུ་ ༢༠༡༤ ལོ་ནས་བཟུང་ད་བར་གནས་འབྲོག་པ་ཁག་ཅིག་གིས་ཞུ་གཏུག་ངོ་རྒོལ་ལས་འགུལ་སྤེལ་མུས་ཡིན་འདུག

བོད་རྔ་པ་ནས་འཛིན་བཟུང་བྱས་པའི་ཁྲོད་སྐྱ་སེར་གཉིས་ཀྱི་མཚན་སོགས་ཤེས་རྟོགས་བྱུང་བ།

ཟླ་འདིའི་ཕྱི་ཚེས་ ༡༡ ཉིན་རྔ་པ་ཀིརྟི་དགོན་པའི་གྲྭ་ལྔ་ལྷག་མཉམ་དུ་དབྱར་གྱི་ས་ཚིགས་བརྒལ་བར་འགྲོ་སྐབས་ཉེན་རྟོག་པས་དོན་མེད་དུ་འཛིན་བཟུང་བཙན་ཁྲིད་འོག་བཀག་ཉར་བྱས་འདུག་པ་དང། ཉིན་ཤས་རྗེས་སུ་དགེ་འདུན་པ་གཞན་རྣམས་གློད་བཀྲོལ་ཐོབ་ཀྱང་རང་ལོ་ ༢༢ སོན་པའི་གྲྭ་བློ་བཟང་བསོད་ནམས་ལགས་མུ་མཐུད་བཙོན་འཇུག་བྱས་ཡོད་སྟབས། ད་ལྟའི་ཆར་ཁོང་བཙོན་ཁང་གང་དུ་བཙོན་འཇུག་བྱས་ཡོད་མེད་དང་། ཅིའི་ཕྱིར་བཀག་ཉར་བྱས་པ། དེ་བཞིན་གནས་སྟངས་ཇི་ཆགས་སོགས་ཀྱི་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་ཐུབ་མེད། ཁོང་ནི་རྔ་པ་རྫོང་རོང་མཁར་སར་ཡུལ་ཚོའི་རུ་ཆེན་གཉིས་པའི་ཕ་སྐལ་བཟང་དང་། མ་ཚེ་རིང་སྒྲོལ་མ་གཉིས་ཀྱི་བུ་ཡིན་ཞིང་། མིང་སྲིང་བཞིའི་ཆེ་ཤོས་ཡིན་འདུག་པ་དང། ཆུང་དུས་ནས་རྔ་པ་ཀིརྟི་དགོན་པར་སློབ་ཞུགས་གནང་པ་ཞིག་ཡིན་འདུག དེ་བཞིན་ཟླ་ ༩ ཕྱི་ཚེས་ ༡༠ ཉིན་གུང་བོད་མདོ་སྨད་རྔ་པ་རྫོང་ཁྲོམ་གཞུང་དུ་ཕོ་གསར་གཉིས་ཀྱིས་རྒྱ་གཞུང་ལ་ཞི་རྒོལ་སྐད་འབོད་གནང་སྐབས་ས་གནས་བོད་མི་མང་ཚོགས་ཀྱི་ཁྲོད་ནས་མུ་མཐུད་ཞི་རྒོལ་གནང་འདུག་པ་མ་ཟད། རྒྱ་གཞུང་དྲག་ཆས་ཉེན་རྟོག་པས་མི་མང་ཁྲོད་ནས་རང་ལོ་ ༦༤ ཡས་མས་སོན་པའི་སྐྱེས་མ་གུས་མོ་ལགས་འཛིན་བཟུང་བྱས་འདུག དེང་ཆར་ཁོང་གི་གནས་སྟངས་ཇི་ཆགས་སོགས་ཀྱི་ཐད་ཤེས་རྟོགས་མ་ཐུབ་ཀྱང་། ཁོང་ནི་རྔ་པ་རྫོང་རོང་མཁར་སར་ཡུལ་ཚོའི་རུ་ཆེན་གཉིས་པའི་ནམ་མཁའ་སྐྱབས་ཚང་ཡིན་ཞིང་། བཟའ་ཟླ་སོགས་ཁྱོན་ནང་མི་དགུ་ཡོད་པ་དང་ཁོང་མོ་རྒྱུན་དུ་རྔ་པ་རྫོང་མཁར་གྱི་གཞུང་ལམ་གཙང་བཟོའི་ལས་ཀར་ཉིན་གླ་གནང་ནས་འཚོ་བ་སྐྱེལ་མུས་ཡིན་པ་རེད་འདུག།

Latest news