Tibetan Royal Year of 2151 | Year of the Wood Dragon

རྒྱལ་སྤྱི།

G20 འགོ་ཁྲིད་ཚོས་རྒྱ་ནག་ནང་ཇེ་ཞན་དུ་འགྲོ་བཞིན་པའི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ལ་སྣང་མེད་དུ་འཇོག་རྒྱུ་མེད་པའི་འབོད་སྐུལ།

འདི་ལོ་༢༠༡༦ལོའི་ G20 Summit ཞེས་པའི་སྟོབས་ཆེན་རྒྱལ་ཁབ་ཉི་ཤུ་ཐམ་པའི་ལྷན་ཚོགས་ཐེངས་ ༡༡ རྒྱ་ནག་གི་ཤར་ཕྱོགས་མངའ་ཁུལ་ Zheijiang ཡི་གྲོང་ཁྱེར་ Hangzhou ནང་ཟླ་བ་རྗེས་མའི་ཚེས་ ༤ ནས་ ༥   བཅས་ཉིན་གྲངས་གཉིས་རིང་འཚོགས་གཏན་འཁེལ་ཡོད་པ་ལྟར། ཁ་སང་རྒྱ་ནག་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པས་ G20 འགོ་ཁྲིད་ཚོར་ཞུ་ཡིག་ཞིག་ཕུལ་བའི་བརྒྱུད་སྟོབས་ཆེན་རྒྱལ་ཁབ་ཁག་གི་དབུ་ཁྲིད་རྣམས་ནས་རྒྱ་ནག་གི་འགོ་ཁྲིད་ཚོ་དང་ལྷན་རྒྱལ་ཁབ་དེའི་ནང་གི་ཆེས་ཞན་པའི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་སྐོར་གླེང་སློང་གནང་དགོས་པ་དང་། དེར་དབུ་ཁྲིད་ཚོས་གཅིག་འགྱུར་གྱིས་གནོན་ཤུགས་སྤྲོད་དགོས་པའི་རེ་སྐུལ་གསལ་བཏོན་གནང་འདུག དེའང་རེ་སྐུལ་གྱི་ཕྱག་བྲིས་དེ་རྒྱ་ནག་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པའི་དྲ་ཐོག་ཏུ་ཁ་སང་རེས་གཟའ་ཟླ་བའི་ཉིན་སྤྱི་བསྒྲགས་སྤེལ་འདུག་པ་དང་། དེའི་ནང་གཙོ་བོ་རིང་མིན་ཕྱི་ཟླ་ ༩ པའི་ནང་འཛམ་གླིང་གི་དཔལ་འབྱོར་ནུས་སྟོབས་ལྡན་པའི་རྒྱལ་ཁབ་ཉི་ཤུ་ཐམ་པའི་འགོ་ཁྲིད་ཚོ་རྒྱ་ནག་ཏུ་ G20 ཞེས་པའི་ལྷན་ཚོགས་ཐོག་ཆེད་ཕེབས་གནང་འཆར་གྱི་གོ་སྐབས་དང་བསྟུན་ནས། སྐབས་དེ་དུས་རྒྱ་ནག་གི་འགོ་ཁྲིད་ཚོར་རྒྱ་ནག་ནང་གི་ཆེས་ཞན་པའི་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་སློང་གནང་རྒྱུའི་གོ་སྐབས་ཡོད་སྐོར་གསུངས་པ་མ་ཟད། རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་བློ་འཚབ་ཡོད་པའི་རྣམ་པ་བཏོན་རྒྱུ་ཡོད་པ་མཟད། དམིགས་བསལ་རྒྱ་ནག་གི་ཁྲིམས་ལ་བརྩི་སྲུང་དགོས་པའི་གླེང་སློང་བྱ་རྒྱུ་དེས་རྒྱལ་ཁབ་ཕྱོགས་ཕན་ཚུན་གྱི་དཔལ་འབྱོར་གྱི་འབྲེལ་ལམ་ལེགས་སུ་འགྲོ་རྒྱུར་ཕན་ཐོགས་ཡོད་ངེས་ཡིན་པ་བཅས་བཀོད་འདུག ལྷག་པར་དུ་འདས་པའི་ལོ་ཤས་ནང་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་གི་སྲིད་གཞུང་འོག་ཁུལ་དེའི་མི་མང་དཀྱུས་མ་ཚོར་བསུན་གཙེར་བཟོས་པ་དང་དམིགས་བསལ་རྒྱ་གཞུང་དང་ལྟ་སྤྱོད་མི་མཐུན་པ། གྲངས་ཉུང་མི་རིགས་ཀྱི་མང་གཙོའི་མངོན་འདོད་ལ་དྲག་གནོན་ཚད་མེད་བྱས་པ་མ་ཟད། རྒྱ་ནག་རྒྱལ་ནང་གི་ཁྲིམས་དང་དེ་བཞིན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐོག་དམ་བཅའ་དང་ཁ་དན་ཟིན་པར་བརྩི་མེད་རྡོག་རོལ་ཤུགས་ཆེ་གཏོང་བཞིན་པ་དེས། ད་བར་རྒྱ་ནག་དེ་རྒྱལ་ཁབ་གཞན་དང་ལྷན་ཡིད་ཆེས་ཡོད་པའི་མཐུན་གྲོགས་རང་བཞིན་ལྡན་པ་ཞིག་ཏུ་འགྱུར་ཐུབ་མེད་སྐོར་སྐྱོན་བརྗོད་གནང་འདུག     རིང་མིན་འཚོགས་ལ་ཉེ་བའི་རྒྱལ་ཁབ་ཁག་ཉི་ཤུ་ཐམ་པའི་དཔལ་འབྱོར་མཉམ་འབྲེལ་རྩ་འཛུགས་ཀྱི་ལྷན་ཚོགས་དེའི་ཐོག་ནས་རྒྱ་གཞུང་ལ་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་གཏོང་བཞིན་པའི་གནད་དོན་ཐད་རྒྱ་ནག་གི་འགོ་ཁྲིད་དང་ལྷན་ངེས་པར་དུ་འདྲི་རྩད་བྱེད་དགོས་པའི་ཞུ་འབོད་གནང་ཡོད་པ་རེད། རྒྱ་ནག་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པས་རྒྱ་གཞུང་ནས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་གྱིས་ཁུལ་དེའི་མི་མང་གི་བསམ་བརྗོད་རང་དབང་། ཆོས་དད་རང་དབང་བཅས་ལ་དམ་དྲག་བྱེད་བཞིན་པའི་ཁར།  རྒྱ་གཞུང་ལ་སྐྱོན་བརྗོད་བྱེད་མཁན་ཚོར་དྲག་གནོན་གྱི་སྲིད་བྱུས་འཛིན་པ་དེས་འཛམ་གླིང་གི་དཔལ་འབྱོར་ལ་སོགས་པའི་གནད་དོན་འདྲ་མིན་ཐོག་གུ་ཡངས་ལྡན་པའི་སྒོ་ནས་གླེང་སློང་བྱ་རྒྱུ་དཀའ་བའི་གནས་ཡིན་སྐོར་བརྗོད་འདུག ཚོགས་པ་དེས་ད་དུང་རྒྱལ་ཁབ་ཞིག་ནང་ཁྲིམས་ལུགས་དབང་བསྒྱུར་དང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་མེད་པ་ཡིན་ན། རྒྱལ་ཁབ་དེའི་ནང་ཐོན་ཁུངས་ཡར་རྒྱས་ཕྱིན་པ་དེས་དོན་དམ་པའི་དཔལ་འབྱོར་གོང་འཕེལ་ཕྱིན་པར་ངོས་འཛིན་གནང་གི་མ་རེད་ཅེས་ནན་བརྗོད་དང་སྦྲགས་ཏེ།  རྒྱལ་ཁབ་ཉི་ཤུ་ཐམ་པའི་འགོ་ཁྲིད་ཚོས་རྒྱ་གཞུང་ནས་རྒྱལ་ཁབ་དེའི་ནང་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་སྲིད་བྱུས་ཁག་འཕྲལ་མར་མཚམས་འཇོག་ཡོང་བར་རེ་སྐུལ་གནང་དགོས་པ་སོགས་བཀོད་ཡོད་པ་རེད།

དབྱིན་ཡུལ་གྱི་རྒྱལ་སྤྱིའི་སྒང་ཕུག་དུས་སྟོན་ཐོག་བོད་ཀྱི་སྒང་ཕུག་བསྐྱར་དུ་མཉམ་ཞུགས་གནང་འདུག

འདི་ལོར་རྒྱ་གཞུང་གིས་གནོན་ཤུགས་གང་ཡང་མེད་པར་དབྱིན་ཡུལ་རྒྱལ་སྤྱིའི་རླུང་དྲོད་སྒང་ཕུག་དུས་སྟོན་ཐོག་བོད་ཀྱི་རྒྱལ་དར་འཁོད་པའི་རླུང་དྲོད་སྒང་ཕུག་མཉམ་ཞུགས་གནང་ཐུབ་པ་བྱུང་འདུག དེ་ཡངདབྱིན་ཡུལ་གྱི་གྲོང་ཁྱེར་ Bristol ནང་འཚོགས་བཞིན་པའི་ Bristol international Balloons Fiesta ཞེས་པ་དེ་ཡུ་རོབ་རྒྱལ་ཁབ་ནང་གི་རླུང་དྲོད་སྒང་ཕུག་གྱི་དུས་སྟོན་ཆེ་ཤོས་ཤིག་ཡིན་པ་མ་ཟད། དུས་སྟོན་དེའི་ཐོག་འཛམ་གླིང་རྒྱལ་ཁབ་འདྲ་མིན་གྱི་རླུང་དྲོད་སྒང་ཕུག་མཉམ་ཞུགས་གནང་གི་ཡོད་པ་རེད། འདི་ལོའི་རླུང་དྲོད་སྒང་ཕུག་གི་དུས་སྟོན་དེ་ཁ་སང་ཕྱི་ཚེས་ ༡༡ ཉིན་དབུ་འཛུགས་ཀྱིས་བདུན་ཕྲག་འདིའི་རེས་གཟའ་ཉི་མ་བར་འཚོགས་གཏན་འཁེལ་ཡོད་པ་རེད། འདི་ལོའི་དུས་སྟོན་དེའི་ཐོག་བོད་ཀྱི་རླུང་དྲོད་སྒང་ཕུག་གཙོས་པའི་འཛམ་གླིང་རྒྱལ་ཁབ་མི་འདྲ་བ་ ༡༥༠ ལྷག་གིས་མཉམ་ཞུགས་གནང་གི་འདུག འདི་ག་རླུང་འཕྲིན་ཁང་གིས་བརིས་ཊོལ་ Bristol བོད་རིགས་ཚོགས་པའི་ཚོགས་གཙོ་ཤེས་རབ་རྒྱལ་མཚན་ལགས་སུ་དེ་འབྲེལ་བཅར་འདྲི་ཞུས་པར་ཁོང་གིས་དེ་རིང་སྔ་དྲོ་བོད་ཀྱི་རྒྱལ་དར་འཁོད་པའི་སྒང་ཕུག་དེ་བཞིན་མཁའ་དབྱིངས་སུ་ཕུར་གཏན་འཁེལ་ཡོད་ཀྱང་། ས་གནས་ཀྱི་གནམ་གཤིས་དང་རླུང་དྲོད་ཡག་པོ་མེད་སྟབས། གནངས་རེས་གཟའ་ཉི་མའི་ཉིན་ཕུར་གཏན་འཁེལ་ཡོད་པ་གསུངས་སོང་། སྔ་ལོ་དབྱིན་ཡུལ་ནང་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ཁང་གིས་ Bristol རྒྱལ་སྤྱིའི་རླུང་དྲོད་སྒང་ཕུག་དུས་སྟོན་ཐོག་བོད་ཀྱི་རྒྱལ་དར་འཁོད་པའི་རླུང་དྲོད་སྒང་ཕུག་དེ་མཉམ་ཞུགས་གནང་རྒྱུར་དངོས་ཤུགས་བརྒྱུད་ གསུམ་གྱི་ཐོག་ནས་བཀག་འགོག་བྱ་རྒྱུར་ཐབས་ཤེས་མང་དག་བྱས་ཀྱང་དེར་དོན་འབྲས་མ་སོན་སྟབས། བོད་ཀྱི་རྒྱལ་དར་འཁོད་པའི་རླུང་དྲོད་སྒང་ཕུག་དེ་མཉམ་ཞུགས་གནང་ཐུབ་པ་བྱུང་ཡོད།       རྩ་བའི་བོད་ཀྱི་རླུང་དྲོད་སྒང་ཕུག་གི་ལས་འཆར་དེ་ལོ་མང་ནས་བོད་དོན་རྒྱབ་སྐྱོར་གནང་མཁན་ལྕམ་Heaven Crawley ལགས་དང་ཁོང་གི་སྐུ་ཟླ་སྐུ་ཞབས་ Paul Dopson རྣམ་གཉིས་ཀྱིས་ཆེད་བཙུགས་གནང་པ་ཞིག་ཡིན་ཞིང། ད་བར་སྒང་ཕུག་དེ་ Spain དང་། France དེ་བཞིན་དབྱིན་ཡུལ་བཅས་སུ་རྒྱལ་སྤྱི་རྒྱལ་ནང་གི་རླུང་དྲོད་སྒང་ཕུག་འདྲ་མིན་ནང་མཉམ་ཞུགས་གནང་ཡོད་པ་མ་ཟད། རིང་མིན་ཟླ་བ་འདིའི་ཚེས་ ༡༧ ཉིན་འཚོགས་རྒྱུ་ Netherlands ལོ་འཁོར་སྒང་ཕུག་དུས་སྟོན་སྐབས་བོད་ཀྱི་རྒྱལ་དར་འཁོད་པའི་སྒང་ཕུག་མཉམ་ཞུགས་གནང་རྒྱུ་ཡིན་འདུག

རྒྱ་གཞུང་གིས་བོད་མིའི་ཆོས་ཕྱོགས་ཀྱི་གནང་སྒོ་ཁག་ལ་ཐེ་བྱུས་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་བརྗོད་འདུག

དེའང་ཕྱི་ལོ་ ༢༠༡༥ལོའི་ཨ་རིའི་གཞུང་གིས་རྒྱལ་སྤྱིའི་ཆོས་དད་རང་དབང་གི་ལོ་འཁོར་སྙན་ཐོ་ཞིག་འདོན་སྤེལ་གནང་པ་དང་སྦྲགས། ད་ལྟའི་ཆར་རྒྱ་གཞུང་རང་གིས་བོད་མིའི་ཆོས་ཕྱོགས་ཀྱི་གནང་སྒོ་ཁག་ལ་ཐེ་བྱུས་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་བརྗོད་འདུག   ད་རེས་ཨ་རིའི་གཞུང་གིས་འདས་ལོའི་ནང་འཛམ་གླིང་གི་རྒྱལ་ཁབ་ཁྱོན་ ༢༠༠ ལྷག་ནང་གི་མང་ཚོགས་ཀྱི་ཆོས་དད་རང་དབང་ལ་རྟོག་ཞིབ་གནང་པའི་ལོ་འཁོར་སྙན་ཐོ་དེ་ཁ་སང་ཟླ་ ༨ ཚེས་ ༡༠ ཉིན་ཡོངས་བསྒྲགས་འདོན་སྤེལ་གནང་ཡོད་པ་རེད། ཨ་རིའི་གཞུང་གིས་སྙན་ཐོ་དེའི་ནང་བོད་དང་རྒྱ་ནག་ཅེས་སྡེ་ཚན་གཉིས་བཀོད་པར་གཞིགས་ན། རྒྱ་གཞུང་གིས་རྩ་ཁྲིམས་ནང་དུ་བོད་རིགས་མི་མང་ཚོ་རྒྱུན་ལྡན་ཐོག་ཆོས་དད་རང་དབང་ལོངས་སུ་སྤྱོད་རྒྱུ་ཡོད་ལུགས་འཁོད་ཡོད་ཀྱང། དོན་དངོས་ཐོག་བོད་མི་ཚོས་རང་ཉིན་ཀྱི་ཆོས་ཕྱོགས་གནང་སྒོ་ཁག་ལ་རང་དབང་དང་སྲུང་སྐྱོབ་ཡོད་ཅེས་པ་དེ་གང་ཞིག་ལ་ངོས་འཛིན་གྱིས་ལག་བསྟར་བྱེད་ཀྱི་ཡོད་མེད་གསལ་ཁ་དོད་པོ་ཞིག་རྩ་ཁྲིམས་ནང་འགྲེལ་བརྗོད་བྱེད་མེད་པ་ཐེར་བཏོན་བྱས་པ་དང་འབྲེལ། ད་ལྟའི་ཆར་ཁྲིམས་སྒྲིག་དེའི་འོག་རྒྱ་གཞུང་གིས་བོད་མིའི་ཆོས་ཕྱོགས་ཀྱི་གནང་སྒོའི་ཐོག་ཐེ་བྱུས་བྱས་པ་དང་། ལྷག་པར་དུ་བོད་རིགས་ནང་པའི་དགོན་སྡེ་ཁག་ལ་དམ་དྲག། དེ་བཞིན་ཆོས་ཕྱོགས་དང་འབྲེལ་ཡོད་སེར་སྐྱ་མང་ཚོགས་ཀྱི་འགྲོ་སྡོད་སྤྱོད་གསུམ་ལ་རང་དབང་མེད་པ་བཟོས་པ་མ་ཟད། དེ་དག་གང་བྱུང་འཛིན་བཟུང་དང་རྒྱུན་རིང་བཀག་ཉར་བྱས་པས་གར་སོང་ཆ་མེད་དུ་གྱུར་པ། བཙོན་ཁང་ནང་མི་སྤྱོད་ལས་འདས་པའི་སྡུག་སྦྱོང་མནར་གཅོད་འོག་འདས་གྲོངས་སུ་གྱུར་བ། ཁྲིམས་མཐུན་གྱི་ཁྲིམས་ཐག་བཅད་ཀྱི་མེད་པ་བཅས་རྒྱ་གཞུང་གིས་བོད་ནང་གི་བོད་མིའི་ཆོས་རང་དབང་ལ་དམ་གནོན་བྱེད་བཞིན་པ་མངོན་གསལ་གནང་འདུག ཨ་རི་གཞུང་གིས་རྒྱ་གཞུང་གིས་རྩ་ཁྲིམས་ནང་འགལ་ཐོག་བོད་ནང་བོད་མིའི་རྒྱུན་ལྡན་གྱི་ཆོས་ཕྱོགས་གནང་སྒོ་དང་དུས་ཆེན་ཁག ལྷག་པར་དུ་བོད་མིའི་མགོན་སྐྱབས་༸གོང་ས་ཏཱ་ལའི་བླ་མཆོག་གི་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་རྒྱུ་མཚོན་པའི་བོད་མིའི་སྲོལ་རྒྱུན་གྱི་གནང་སྒོ་ཁག་ལ་ཆབ་སྲིད་ཀྱི་ངོ་བོར་བསྒྱུར་ཏེ་དམིགས་བསལ་གྱིས་དམ་མནོན་ཤུགས་ཆེ་བྱེད་བཞིན་ཡོད་པ་འགྲེལ་བརྗོད་བྱས་པ་མ་ཟད། ལྷག་པར་དུ་དགོན་སྡེ་ཁག་དང་མང་ཚོགས་ནང་༸གོང་ས་མཆོག་གི་༸སྐུ་པར་སྒྲིག་གཤམ་བྱེད་མི་བཅུག་པ། དགེ་བཙུན་རྣམས་ལ་བཙན་དབང་གིས་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་སྤྲོད་པ་དང་འབྲེལ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཚན་སྨད་ཞུ་བཅུག་པ་སོགས་ལ་བརྟེན། བོད་ནང་བོད་མི་ཚོས་རྒྱ་གཞུང་ལ་ཞི་རྒོལ་དང་རང་ལུས་མེར་སྲེག་གི་ལས་འགུལ་སྤེལ་བའི་གནས་ཚུལ་ཐོན་ཡོད་སྐོར་འགྲེལ་བརྗོད་གནང་ཡོད་པ་རེད། དེ་བཞིན་ད་རེས་ཀྱི་སྙན་ཐོ་འདིའི་ནང་དུ་བོད་མིའི་ཆོས་ཕྱོགས་ཀྱི་གནང་སྒོ་ཁྱོན་ཡོངས་ལ་རྒྱ་གཞུང་རང་གིས་དོ་དམ་སུན་གཙེར་བྱེད་བཞིན་ཡོད་པ་དང་འབྲེལ། རྒྱ་ནག་དབུས་ཆོས་དོན་ལྷན་ཁང་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་བླ་ཆེན་རྣམ་པའི་མ་འོངས་པའི་ཡང་སྲིད་ངོས་འཛིན་གནང་ཕྱོགས་ཐད་ལ་སྒྲིག་གཞི་གསར་བ་གཏན་འབེབས་བྱས་ཏེ་དེའི་བདག་དབང་ཡོངས་རྫོགས་ལ་རྒྱ་ནག་དབུས་གཞུང་ལ་ཡོད་པ་མ་གཏོགས་དེ་མིན་གཞན་སུ་ལའང་མེད་པ་བཟོས་ཡོད་པ་སོགས་རྒྱ་གཞུང་གིས་བོད་མིའི་ཆོས་དད་རང་དབང་ལ་དམ་དྲག་ཅན་གྱི་སྲིད་བྱུས་ལག་བསྟར་སྤེལ་བཞིན་ཡོད་པ་མངོན་གསལ་གནང་འདུག    དེ་བཞིན་རྒྱ་གཞུང་གིས་བཙན་ཁྲིད་འོག་གར་སོང་ཆ་མེད་དུ་གྱུར་བའི་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་གནད་དོན། སྔ་ལོ་རྒྱ་གཞུང་གི་བཙོན་ཁང་ཡུན་རིང་སྡུག་སྦྱོང་མནར་གཅོད་འོག་འདས་གྲོངས་སུ་གྱུར་བའི་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་གནད་དོན། རང་ལུས་མེར་སྲེག་གི་གནད་དོན། དེ་དག་དང་འབྲེལ་ཡོད་འཛིན་བཟུང་གིས་ཁྲིམས་ཐག་བཅད་པའི་གནད་དོན་སོགས་ཀྱང་ཞིབ་ཕྲ་བཀོད་ཡོད་པ་རེད། སྤྱིར་ཁ་སང་ཨ་རིའི་གཞུང་གིས་ཐེངས་འདིའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་སྙན་ཐོ་འདོན་སྤེལ་གནང་པའི་ཐོག་ལ་ཨ་མི་རི་ཀའི་གཞུང་གི་དྲུང་ཆེ་གཞོན་པ་སྐུ་ཞབས་ Antony J. Blinken ལགས་ཀྱིས་རྒྱལ་ཁབ་གང་ཞིག་གི་ནང་ལ་མང་ཚོགས་ནས་རང་དབང་ཆ་ཚང་བ་ཞིག་ལོངས་སུ་སྤྱོད་རྒྱུ་ཡོད་ཚེ། སྤྱི་ཚོགས་དེའི་ནང་བརྟན་ལྷིང་དང། ཚགས་ཚུད། བདེ་འཇགས་ཀྱི་ཚོར་བ་ཡོང་རྒྱུ་ནི་བརྗོད་མི་དགོས་པ་ཡིན་པ་གསུངས་འདུག་ལ། དེ་ལས་ལྡོག་སྟེ་མང་ཚོགས་ཀྱི་ཆོས་དད་རང་དབང་ལ་བརྩི་མེད་རྡོག་རོལ་བཏང་ཚེ། སྤྱི་ཚོགས་དེའི་ནང་མི་གསད་ཁྲག་སྦྱོར་དང། མང་ཚོགས་ཀྱི་སེམས་ནང་དབྱེ་འབྱེད་དང་ཁྱེར་རྐྱང་གི་ཚོར་བ་སོགས་ཡོང་ངེས་ཡིན་སྟབས། རྒྱལ་ཁབ་གྱི་གཞུང་འཛིན་ཁག་གིས་སྤྱི་ཚོགས་སྟེང་གི་ཆོས་ལུགས་ཚང་མར་གུས་བརྩི་དང་། མང་ཚོགས་ཚོས་རང་དབང་གི་ཐོག་ནས་རང་ཉིད་ཀྱི་ཆོས་ལུགས་དད་མོས་དང་ཉམས་ལེན་བྱེད་བཅུག་དགོས་པ་རེད་ཅེས་བརྗོད་འདུག རྩ་བའི་ད་ལན་གྱི་ཨ་རིའི་གཞུང་གིས་འདས་ལོའི་ནང་འཛམ་གླིང་གི་རྒྱལ་ཁབ་ཁྱོན་ ༢༠༠ ལྷག་ནང་གི་མང་ཚོགས་ཀྱི་ཆོས་རང་དབང་ལ་རྟོག་ཞིབ་གནང་པར་གཞིགས་ན། འཛམ་གླིང་གི་རྒྱལ་ཁབ་བརྒྱ་ཆ་ ༧༦ ནང་མང་ཚོགས་ཀྱི་ཆོས་དད་རང་དབང་གི་གནས་བབ་ལེགས་པོ་ཡོད་པ་དང། དེ་མིན་རྒྱལ་ཁབ་བརྒྱ་ཆ་ ༢༤ ནང་ད་དུང་ཡང་མང་ཚོགས་ཀྱི་ཆོས་དད་རང་དབང་གི་གནས་སྟངས་ཆེས་ཞན་པོ་ཡོད་པ་བཀོད་འདུག ལྷག་དོན་སྔ་ལོའི་ཟླ་ ༢ པའི་ནང་འདོན་སྤེལ་གནང་པའི་སྙན་ཐོ་ནང་International Religious Freedom Act འམ་རྒྱལ་སྤྱིའི་ཆོས་དད་རང་དབང་གི་ཁྲིམས་ཡིག་གཞི་བཟུང་འོག་འཛམ་གླིིང་ནང་ཆོས་དད་རང་དབང་རྡོལ་རོལ་འཚབ་ཆེན་གཏོང་མཁན་དང། དམིགས་བསལ་གྱིས་དོ་སྣང་བྱ་དགོས་པའི་རྒྱལ་ཁབ་བཅུའི་མིང་མངོན་གསལ་གནང་པ་ལས་རྒྱ་ནག་རྒྱལ་ཁབ་དེ་ཆེས་དངངས་འཚབ་ཆེ་བའི་ཨང་གཉིས་པར་མིང་བཏོན་བྱས་ཡོད་པ་རེད།

དབྱིན་ཡུལ་གྲོས་ཚོགས་འཐུས་མི་ཞིག་གིས་ལྷོ་རྒྱ་ནག་རྒྱ་མཚོའི་གནད་དོན་དང་འབྲེལ་ཁོ་མོའི་གཏམ་བཤད་ལོག་འགྲེལ་བྱས་པར་སྐྱོན་བརྗོད་བྱས་འདུག

དབྱིན་ཡུལ་གྲོས་ཚོགས་ཀྱི་འཐུས་མི་ལྕམ་ Catherine West ལགས་ཀྱིས་རྒྱ་གཞུང་ནས་ཁོང་གི་གསུང་བཤད་ལ་ལོག་འགྲེལ་གྱིས་བརྙན་ཐུང་དྲིལ་བསྒྲགས་བྱས་པར་སྐྱོན་བརྗོད་དང་འབྲེལ། བརྙན་ཐུང་དེའི་བརྒྱུད་ཁོ་མོས་རྒྱ་གཞུང་གིས་ལྷོ་རྒྱ་ནག་རྒྱ་མཚོའི་བདག་དབང་རྩོད་བཞིན་པར་རྒྱབ་སྐྱོར་ཡོད་འཁྱོག་བཤད་བྱས་པར་ངོས་ལེན་ནམ་ཡང་མེད་པའི་ར་སྤྲོད་གསལ་བཏོན་གནང་འདུག དེའང་བརྒྱུད་ལམ་ཁག་ཏུ་ཐོན་པའི་གནས་ཚུལ་ཁག་ལ་གཞིགས་ན། རྒྱ་ནག་གཞུང་གིས་ཆེད་མངགས་རིན་པ་སྤྲོད་ནས་ཨ་རིའི་ནིའུ་ཡོག་གྲོང་ཁྱེར་དུ་རྟེན་གཞི་བྱས་པའི་ Time Square ཞེས་པའི་ས་ཚིགས་ཀྱི་ཆེས་མཐོ་བའི་ཐོག་བརྩེགས་ཀྱི་གྱང་ངོས་ཐོག་ཏུ་སྐར་མ་གསུམ་ཅན་གྱི་བརྙན་ཐུང་དེ་སྟོན་ཡོད་པ་དང།  དེའི་ནང་གཙོ་བོ་རྒྱ་གཞུང་གིས་ལྷོ་རྒྱ་ནག་རྒྱ་མཚོའི་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་དང་དེའི་རྒྱབ་ལྗོངས་ལོ་རྒྱུས་སོགས་ངོ་སྤྲོད་བྱས་པ་དང་ཆབས་ཅིག འདང་ངེས་དཔང་རྟགས་ཁག་སྤྱོད་པའི་བརྒྱུད་ལྷོ་རྒྱ་ནག་རྒྱ་མཚོའི་མངའ་ཁུལ་ཕལ་མོ་ཆེ་བའི་ཐོག་ཡུལ་དེའི་བདག་དབང་ཡོད་ཚུལ་གྱི་རྣམ་པ་གསལ་བཏོན་དང་འདི་བཞིན་རྒྱ་མི་དང་ཕྱི་རྒྱལ་གྱི་གཞུང་ཚབ་མི་སྣ། དེ་བཞིན་མཁས་དབང་སོགས་ནས་རྒྱ་གཞུང་གི་ལངས་ཕྱོགས་ལ་རྒྱབ་སྐྱོར་ཡོད་ཚུལ་དང་། ཁོང་རྣམས་ཀྱིས་ཀྱང་རྒྱ་ནག་དང་ Philippines གཉིས་ཀྱི་དཀའ་རྙོག་དེ་ཞི་བའི་སྒོ་ནས་སེལ་ཐབས་སླད་སྐུལ་མ་བྱེད་བཞིན་པ་མངོན་བཏོན་བྱས་འདུག དབྱིན་ཡུལ་གྲོས་ཚོགས་ཀྱི་འཐུས་མི་ལྕམ་ Catherine West ལགས་ཀྱིས་དེ་སྔ་པེ་ཅིང་གི་ལྷན་ཚོགས་ཤིག་ཐོག་ལྷོ་རྒྱ་ནག་རྒྱ་མཚོའི་གནད་དོན་དང་འབྲེལ་བའི་གཏམ་བཤད་གནང་ཡོད་པ་ཞིག་རྒྱ་གཞུང་གིས་ལོག་འགྲེལ་གྱིས་མི་དམངས་མགོ་སྐོར་བཞིན་ཡོད་པ་སོགས་འཁོད་ཡོད་འདུག   ད་རེས་གྲོས་ཚོགས་འཐུས་མི་ལྕམ ་Catherine ལགས་ཀྱིས་ཁོ་མོའི་གསུང་བཤད་ལ་རྒྱ་གཞུང་ནས་ལོག་འགྲེལ་གྱིས་བརྙན་ཐུང་དྲིལ་བསྒྲགས་བྱས་པར་གསལ་བཤད་གནང་པའི་ནང་། སྤྱིར་གང་ཟག་གཅིག་གིས་བཅར་འདྲི་ནང་བཤད་པའི་བསམ་བློ་ཁག་བེད་སྤྱོད་བྱ་རྒྱུ་དང་གཞན་གང་ཟག་དེའི་གཏམ་བཤད་ལ་འཁྲི་སྣོན་བྱས་ནས་དྲིལ་བསྒྲགས་བྱས་པ་གཉིས་ལ་ཁྱད་ཆེན་པོ་ཡོད་སྐོར་འགྲེལ་བརྗོད་གནང་སྟེ། རྒྱ་གཞུང་གིས་ད་ཆ་ནིའུ་ཡོག་གྲོང་ཁྱེར་ནང་སྟོན་བཞིན་པའི་ལྷོ་རྒྱ་ནག་རྒྱ་མཚོའི་ཐོག་ཡུལ་དེའི་བདག་དབང་ཡོད་ཚུལ་གྱི་དྲིལ་བསྒྲགས་བརྙན་ཐུང་དེས་ཁོ་མོར་གོ་བ་ལོག་སྒྲུབ་བྱེད་བཞིན་འདུག་ཅེས་མངོན་གསལ་གནང་འདུག ད་དུང་ཁོང་གིས་ Quartz གསར་ཁང་བརྒྱུད་རྒྱ་གཞུང་གི་བྱེད་སྟངས་དེར་གསལ་བཤད་གནང་པ་དེའི་ནང་། ཁོ་མོས་དྲིལ་བསྒྲགས་བརྙན་ཐུང་དེ་མཐོང་སྐབས་ཅི་བྱ་གཏོལ་མེད་ཀྱི་གནས་ལས་མ་འདས་པ་གྱུར་བ་དང་།  རང་གི་གཏམ་བཤད་དེར་སེམས་ཁྲལ་བྱ་དགོས་པ་ཞིག་བཟོས་ཡོད་སྐོར་གསུངས་པ་དང་སྦྲགས།  ཁོང་གི་སྒེར་གྱི་དགོངས་ཚུལ་སྤྱོད་ནས་དེ་ལྟ་བུའི་བྱ་ངན་བྱེད་པའི་བསམ་བློ་འཁོར་མ་སོང་ཞེས་གསུངས་པ་མ་ཟད།  ལྷག་དོན་ཁོ་མོས་ལྷོ་རྒྱ་ནག་རྒྱ་མཚོའི་མཚོ་གླིང་ཐོག་དམག་དཔུང་དང་གོ་མཚོན་རྒྱ་བསྐྱེད་གཏོང་བཞིན་པའི་གནད་དོན་ཐད་སེམས་འཚབ་ཀྱིས་ཁུལ་དེའི་གསར་ཁང་ཁག་གི་བཅར་འདྲིར་དགའ་ཚོར་ཆེན་པོས་དང་ལེན་གནང་ཡོད་ཀྱང་། ད་ལན་རྒྱ་གཞུང་གིས་དེ་ལྟར་ལོག་འགྲེལ་བྱས་པར་བློ་ཕམ་ཆེན་པོ་ཡོད་སྐོར་སོགས་གསུངས་འདུག ལྕམ་སྐུ་མཆོག་ནས་རྒྱ་གཞུང་གིས་དྲིལ་བསྒྲགས་བརྙན་ཐུང་དེའི་ནང་གསུང་བཤད་གནང་པ་དེ་ནི་ལྕམ་སྐུ་མཆོག་གིས་དེ་སྔ་པེ་ཅིང་དུ་ཚོགས་པའི་རྒྱ་ནག་དང་ཡུ་རོབ་གཉིས་ཀྱི་ཚད་མཐོའི་ཆབ་སྲིད་ཚོགས་པའི་གླེང་སྟེགས་ཐེངས་ལྔ་པའི་ཐོག་མཉམ་ཞུགས་སྐབས་ཁུལ་དེའི་གསར་ཁང་ཁ་ཤས་ཀྱི་བཅར་འདྲིར་དང་ལེན་གནང་པའི་ཁོངས་ནས་ཟུར་བཏོན་བྱས་པའི་བརྙན་ཐུང་ཞིག་ཡིན་པ་གསལ་བཤད་གནང་འདུག རྩ་བའི་རྒྱ་གཞུང་གིས་སྐར་མ་གསུམ་ཅན་གྱི་བརྙན་ཐུང་དེ་ཟླ་བ་འདིའི་ཚེས་ ༢༣ ཉིན་སྟོན་མགོ་བཙུགས་ཏེ་ཕྱི་ཟླ་ ༨ ཚེས་ ༣ བར་ཁྱོན་ཉིན་གྲངས་ ༡༡ རིང་སྟོན་རྒྱུ་ཡིན་པ་དང་། ལྷག་པར་དུ་བརྡ་ཁྱབ་སྤེལ་ཡུལ་གྱི་གྱང་ངོས་ཐོག་ཏུ་ཉིན་འཁྱོངས་རིང་བརྙན་ཐུང་དེ་ཐེངས་ ༡༢༠ བསྐྱར་སྟོན་གྱིས་ཁུལ་དེའི་མང་ཚོགས་ཀྱི་དོ་དབྱིངས་འགུག་ཐབས་བྱེད་བཞིན་ཡོད་པ་རེད་འདུག

རྒྱ་གཞུང་གིས་ཧོང་ཀོང་མང་གཙོའི་ལས་འགུལ་བར་ཉག་ཅན་དུ་ངོས་འཛིན་བྱས་པ་དེ་སྨྲ་བརྗོད་ཀྱི་རང་དབང་ལ་རྡོག་རོག་བཏང་བ་རེད་ཅེས་བརྗོད་འདུག

རྒྱལ་སྤྱི་ཉེས་ཡངས་ཚོགས་པས་ཧོང་ཀོང་སྲིད་གཞུང་ནས་ཧོང་ཀོང་མང་གཙོའི་ལས་འགུལ་བའི་འགོ་ཁྲིད་ན་གཞོན་ Joshua Wong ལགས་དང་། ཁོང་གི་ཕྱག་རོགས་ Alex Chow ལགས། Nathan Law ལགས་བཅས་ལ་ནག་ཅན་པར་ངོས་འཛིན་བྱས་པ་དེ་སྨྲ་བརྗོད་ཀྱི་རང་དབང་ལ་རྡོག་རོག་བཏང་བ་རེད་ཅེས་བརྗོད་འདུག དེ་ཡང་ཁ་སང་ཧོང་ཀོང་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་སྤྱི་ལོ་༢༠༡༤ ལོར་ཧོང་ཀོང་ནང་བྱུང་བའི་ Umbrella Movement འམ་ཆར་གདུགས་ཀྱི་ལས་འགུལ་ཞེས་པ་དེ་སྣེ་ཁྲིད་གནང་མཁན་ཧོང་ཀོང་གི་ན་གཞོན་ Joshua Wong ལགས་དང་ཁོང་གི་ཕྱག་རོགས་གཉིས་ནས་མང་ཚོགས་བསྡུ་སྐོང་གིས་ཞི་བའི་ལས་འགུལ་སྤེལ་ཡོད་སྟབས། སྤྱི་ཚོགས་ཀྱི་བརྟན་ལྷིང་ལ་དོ་ཕོག་དང་རྒྱལ་ཁབ་ཀྱི་ཁྲིམས་ལས་འགལ་བར་ངོས་འཛིན་གྱིས་ཟླ་བ་རྗེས་མའི་ཕྱི་ཚེས་ ༡༥ ཉིན་ ཁྲིམས་ཐག་གཅོད་རྒྱུའི་གཏན་འཁེལ་བྱས་པ་དང་བསྟུན། ཁ་སང་ཧོང་ཀོང་ནང་རྟེན་གཞི་བྱས་པའི་རྒྱལ་སྤྱི་ཉེས་ཡངས་ཚོགས་པའི་འགན་འཛིན་ལྕམ་ Mabel Au ལགས་ནས་ཡོངས་ཁྱབ་བསྒྲགས་གཏམ་ཞིག་སྤེལ་ཏེ། ཧོང་ཀོང་སྲིད་གཞུང་ནས་མང་གཙོའི་ལས་འགུལ་བ་རྣམས་ལ་ནག་ཅན་པར་ངོས་འཛིན་བྱས་པ་དེ་སྨྲ་བརྗོད་ཀྱི་རང་དབང་ལ་རྡོག་རོག་བཏང་བ་རེད་ཅེས་སྐྱོན་བརྗོད་ཤུགས་ཆེ་བྱས་འདུག ལྷག་པར་དུ་ཁོང་གིས་ད་རེས་ཀྱི་ཐག་གཅོད་དེའི་ནང་ན་གཞོན་འགོ་འཁྲིད་རྣམས་ནས་ཁྲིམས་འགལ་གྱི་ནག་ཉེས་གང་བསགས་ཡོད་མེད་གསལ་ཁ་མེད་སྟབས། ཐག་གཅོད་དེའི་རྒྱབ་ལ་ཆབ་སྲིད་ཀྱི་གནོན་ཤུགས་དང་རྩེད་མོ་མང་དག་ཞིག་རྩེད་ཡོད་པ་རེད་ཅེས་མངོན་བཏོན་གནང་པ་འཁོད་འདུག འོན་ཀྱང་ཁ་སང་ཐག་གཅོད་གང་བྱུང་ཡོངས་བསྒྲགས་མ་གནང་པའི་གོང་ལ་ཧོང་ཀོང་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་དཔོན་ June cheung ལགས་ཀྱིས་ན་གཞོན་གསུམ་གྱི་གནས་ཚུལ་དེ་ཚོར་བ་རྣོ་བའི་ཆབ་སྲིད་དང་ཆེས་འབྲེལ་བ་ཡོད་ཀྱང་། ང་ཚོས་ཐག་གཅོད་གང་བྱེད་ཀྱང་དེར་ཆབ་སྲིད་ཀྱི་གནོན་ཤུགས་གང་ཡང་མེད་ཅེས་གསལ་བཤད་བྱས་འདུག དེ་བཞིན་ཁ་སང་ཧོང་ཀོང་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་མང་གཙོའི་ལས་འགུལ་བ་རྣམས་ལ་ནག་ཅན་པར་ངོས་འཛིན་བྱས་རྗེས། ན་གཞོན་ལས་འགུལ་བ་Joshua Wong ལགས་ནས་ཧོང་ཀོང་ཁྲིམས་ལུགས་ཀྱི་རང་དབང་ལ་ཡིད་ཆེས་དང་གུས་བརྩི་ཞུ་གི་ཡོད་ཀྱང་། ང་ཚོ་ཚང་མ་ལ་གཞི་རྩའི་འགྲོ་བ་མིའི་སྨྲ་བརྗོད་དང་འདུ་འཛོམས་ཀྱི་རང་དབང་ཡོད་པས་ཁ་སང་གི་ཐག་གཅོད་དེར་ངོས་ལེན་ནམ་ཡང་མེད་ཅེས་བརྗོད་པ་མ་ཟད། མ་འོངས་པར་ཧོང་ཀོང་སྲིད་གཞུང་གིས་ཐག་གཅོད་གང་བྱེད་མིན་ལ་མ་ལྟོས་པར། དྲག་གནོན་གྱི་སྲིད་བྱུས་ལ་ངོ་རྒོལ་དང་མང་གཙོའི་རང་དབང་ཐོབ་ཐང་ཆེད་མུ་མཐུད་ལས་ཀ་བྱེད་ངེས་ཡིན་ཅེས་གསུངས་འདུག གཞི་རྩའི་ Joshua Wong ལགས་དང་ཁོང་གི་ཕྱག་རོགས་ Alex Chow ལགས། Nathan Law ལགས་བཅས་རྣམ་པ་གསུམ་ནི་དེ་སྔ་སྤྱི་ལོ་ ༢༠༠༤ ལོའི་ཕྱི་ཟླ་ ༨  ནང་རྒྱ་ནག་གཞུང་ནས་སྤྱི་ལོ་ ༢༠༡༧ ལོའི་ཧོང་ཀོང་སྤྱི་ཁྱབ་འོས་བསྡུ་ཆེན་མོའི་འོས་མི་རྣམས་རྒྱ་ནག་དབུས་གཞུང་གིས་ཆེད་འཛུགས་བྱས་པའི་ཚོགས་ཆུང་ནས་གདམ་རྒྱུའི་ཐག་གཅོད་བྱས་པར་བརྟེན། རྒྱ་ནག་གཞུང་ནས་ཧོང་ཀོང་ནང་མང་གཙོའི་ཐོབ་ཐང་ཡོད་ལུགས་བརྗོད་བཞིན་པ་དེ་དང་། ལྷག་པར་དུ་རྒྱ་ནག་རང་ཉིད་ཀྱི་གཏན་འབེབས་བྱས་པའི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་བྱུས་དང་ཡོངས་སུ་འགལ་གྱི་ཡོད་སྐོར་བརྗོད་སྟེ་ཧོང་ཀོང་ནང་ཞི་རྒྱ་ཆེ་བའི་མང་གཙོའི་ལས་འགུལ་ཆར་གདུགས་ཀྱི་ལས་འགུལ་ཞེས་པ་དེ་འགོ་ཁྲིད་གནང་མཁན་གཙོ་གྲས་ཞིག་ཆགས་ཀྱི་ཡོད་པ་རེད།

ཐེ་ཝན་གྱི་གློག་བརྙན་འཁྲབ་སྟོན་པ་སྐུ་ཞབས་ Leon Dai ལགས་རྒྱ་ནག་གི་གློག་བརྙན་ནང་འཁྲབ་སྟོན་མི་ཆོག་པ་བཟོས་པ།

རྒྱ་རིགས་མི་མང་རྣམས་ནས་སྤྱི་ཚོགས་འབྲེལ་མཐུད་ཀྱི་དྲ་གནས་སོགས་ཀྱི་ཐོག་ཐེ་ཝན་གྱི་གློག་བརྙན་འཁྲབ་སྟོན་པ་སྐུ་ཞབས་ Leon Dai ལགས་ནས་ཐེ་ཝན་རང་བཙན་གྱི་ལངས་ཕྱོགས་ལ་རྒྱབ་སྐྱོར་གནང་གི་ཡོད་སྟབས། ཁོང་ལ་ཆབ་སྲིད་ཀྱི་སྐད་ངན་མང་དག་ཞིག་བརྗོད་ནས་ཁོང་རྒྱ་ནག་གི་ No Other Love འམ་དེ་ལས་གཞན་པའི་བརྩེ་བ་མེད་ཅེས་པའི་གློག་བརྙན་ནང་འཁྲབ་སྟོན་གནང་མི་ཆོག་པ་བཟོས་འདུག དེ་ཡང་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པར་གཞིགས་ན། རྒྱ་རིགས་མི་མང་རྣམས་ནས་སྐུ་ཞབས་ Leon Dai ལགས་ནས་ཐེ་ཝན་རང་བཙན་གྱི་ལངས་ཕྱོགས་ལ་རྒྱབ་སྐྱོར་གནང་བཞིན་ཡོད་སྟབས། ཁོང་དང་འབྲེལ་བའི་རྒྱ་ནག་གི་གློག་བརྙན་རིགས་ལྟ་རྒྱུ་མེད་པ་མ་ཟད། ལྷག་དོན་ད་ལྟ་འདོན་སྤེལ་གནང་འཆར་ཡོད་པའི་ཁོང་དང་འབྲེལ་བའི་རྒྱ་ནག་གི་གློག་བརྙན་ No Other Love ཞེས་པ་དེ་ལ་ངོ་རྒོལ་ཡོད་སྐོར་སོགས་བརྗོད་པར་བརྟེན། གློག་བརྙན་དེ་བཟོ་བསྐྲུན་གནང་མཁན་གཙོ་གྲས་རྒྱ་རིགས་ Zhao Wei ནས་ཁོང་གློག་བརྙན་དེའི་ནང་འཁྲབ་སྟོན་མི་ཆོག་པ་བཟོས་འདུག གློག་བརྙན་དེ་བཟོ་བསྐྲུན་གནང་མཁན་གྱི་ཚོགས་མི་རྣམས་ནས་ཡོངས་ཁྱབ་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། ང་ཚོས་སྐུ་ཞབས་ Leon Dai ལགས་དང་ལྷན་དུ་ཁོང་གི་ཆབ་སྲིད་ལངས་ཕྱོགས་སོགས་ཀྱི་ཐད་ལ་བཀའ་མོལ་ལན་མང་བྱས་ཀྱང་། ད་བར་ཁོང་གིས་ཆབ་སྲིད་ཀྱི་ལངས་ཕྱོགས་གང་ཡིན་ཐད་གསལ་ཁ་གང་ཡང་བྱུང་མ་སོང་ཞེས་འགྲེལ་བརྗོད་བྱས་པ་དང་། རྒྱ་རིགས་མི་མང་གི་འདོད་མོས་ལྟར་ཁོང་གློག་བརྙན་དེའི་ནང་འཁྲབ་སྟོན་གནང་མི་ཆོག་པ་གཏན་འཁེལ་བྱུང་ཡོད་པ་མ་ཟད། ལྷག་དོན་ང་ཚོས་གློག་བརྙན་འཁྲབ་སྟོན་པ་ནོར་བ་ཞིག་བདམས་པར་དགོངས་སེལ་ཡོང་བར་ཞུས་བཅས་བརྗོད་ཡོད་པ་རེད། ཁོང་རྣམས་ནས་ང་ཚོ་ཚང་མ་རྒྱ་རིགས་གཅིག་པ་ཡིན་པས་རྒྱ་ནག་གཅིག་གི་སྲིད་བྱུས་ལ་རྒྱབ་སྐྱོར་ཡོད་པ་མ་ཟད། རྒྱ་ཁབ་ཀྱི་གནད་དོན་རྣམས་ཆེས་གཙོ་གནད་ཞིག་ལ་བརྩི་བཞིན་ཡོད་བཅས་བཀོད་འདུག འོང་ཀྱང་སྐུ་ཞབས་ Leon Dai ལགས་ནས་རང་ཉིད་ཀྱི་སྤྱི་ཚོགས་འབྲེལ་མཐུད་ཀྱི་དྲ་གནས་ Weibo ཐོག་ངས་ཐེ་ཝན་རང་བཙན་གྱི་ལས་དོན་ལ་རྒྱབ་སྐྱོར་གནང་གྱི་ཡོད་སྐོར་ཡོངས་གྲགས་བྱེད་པ་དེ་ནི་ནོར་འཁྲུལ་ཅན་ཞིག་ཡིན་པ་དང་། ཁོང་ད་ལྟའི་ཆར་ཆབ་སྲིད་ཚོགས་པ་སུ་གང་དང་འབྲེལ་བ་མེད་ཀྱང་། རྣམ་ཀུན་ནས་དྲག་པོའི་གནོན་ཤུགས་དང་བཙན་གནོན་ལ་གདོང་ལེན་མཁན་དང་མང་ཚོགས་ཀྱི་བསམ་ཚུལ་ལ་གུས་བརྩི་ཞུ་མཁན་ཞིག་ཡིན་ཅེས་བཀོད་འདུག ད་རེས་སྐུ་ཞབས་Leon Dai ལགས་དང་འབྲེལ་བའི་རྒྱ་ནག་གི་གློག་བརྙན་དེ་བཟོ་བསྐྲུན་བསྒྲུབ་གྲབས་ཡོད་སྟབས། མང་ཚོགས་ཁག་ཅིག་ནས་གལ་སྲིད་སྐུ་ཞབས་ Leon Dai ལགས་འཁྲབ་སྟོན་གནང་མ་བཅུག་ཚེ། གློག་བརྙན་དེ་ཆ་ཚང་བསྐྱར་དུ་བཟོ་བསྐྲུན་གནང་དགོས་པས་དཔལ་འབྱོར་སོགས་ཀྱི་གྱོང་གུད་ཆེན་པོ་ཕོག་སྲིད་པ་རེད་ཅེས་བརྗོད་འདུག་ལ། དཔྱད་ཞིབ་པ་ཁག་ཅིག་ནས་ཀྱང་ད་ལན་གྱི་ No Other Love ཞེས་པའི་རྒྱ་ནག་གི་གློག་བརྙན་བཟོ་བསྐྲུན་གནང་མཁན་གྱིས་ཐག་གཅོད་བྱས་པ་དེ་ཉེ་ལམ་ UN Tribunal ཞེས་པའི་རྒྱལ་སྤྱིའི་ཁྲིམས་ཐོག་ནས་རྒྱ་ནག་དང་ Philippines གཉིས་དབར་གྱི་ལྷོ་རྒྱ་ནག་རྒྱ་མཚོའི་གནད་དོན་དང་འབྲེལ་བའི་རྩོད་རྙོག་ཐད་རྒྱ་ནག་ལ་ཕམ་ཉེས་ཀྱི་ཐག་གཅོད་གནང་ཡོད་སྟབས། མི་མང་དཀྱུས་མའི་ཁྲོད་རྒྱལ་ཞེན་གྱི་བསམ་བློ་ཤུགས་ཆེ་ཡོད་པའི་གནོན་ཤུགས་འོག་ཐག་གཅོད་གནང་པ་ཞིག་ཏུ་ངོས་འཛིན་གནང་མཁན་ཡང་འདུག གཞི་རྩའི་ཐེ་ཝན་གྱི་གློག་བརྙན་འཁྲབ་མཁན་སྐུ་ཞབས་ Leon Dai ལགས་ནས་དེ་སྔ་རྒྱལ་སྤྱིའི་ཐོག་དར་ཁྱབ་ཆེ་བའི་གློག་བརྙན་ The Assassin དང་། Cannot live without You སོགས་གློག་བརྙན་མི་འདྲ་བ་བཅིུག་ལྷག་གི་ནང་འཁྲབ་སྟོན་གནང་པ་མ་ཟད། ཁོང་གིས་གློག་བརྙན་ The Assassin དང་། Cannot live without You གཉིས་རྒྱལ་སྤྱིའི་ཐོག་སྐད་གྲགས་ཡོད་པའི་ France ནང་གི་ Cannes རྒྱལ་སྤྱིའི་གློག་བརྙན་དུས་སྟོན་དང་། ཐེ་ཝན་ནང་ཚོགས་བཞིན་པའི་ Golden Horse Award གཉིས་སུ་གཟིགས་འབུལ་ཞུས་ཏེ་རྩེ་ཕུད་ཀྱི་བྱ་དགའ་སོགས་ཀྱང་བཞེས་མྱོང་ཡོད་པ་རེད།

བྱང་ཨ་རིའི་ནང་གི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་གསེར་གྱི་གཟེངས་རྟགས་ཊོ་རོན་ཊོ་ཆོལ་གསུམ་རུ་ཁག་ལ་ཐོབ་པ།

འདི་ལོ་ ༢༠༡༦ ལོའི་བྱང་ཨ་རི་ཁུལ་གྱི་ཆེས་ཐོག་མའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་གསེར་གྱི་གཟེངས་རྟགས་ཊོ་རོན་ཊོ་ཆོལ་གསུམ་རུ་ཁག་ལ་ཐོབ་ཡོད་པ་རེད། དེའང་འདི་ལོའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་འཁྲུངས་སྐར་དང་བསྟུན། ཁེ་ན་ཌའི་གྲོང་ཁྱེར་ཊོ་རོན་ཊོ་ནང་རྟེན་གཞི་བྱས་པའི་ Tibetan Canadian Cultural Center འམ་གངས་ལྗོངས་ཆོས་ལྡན་གླིང་དང་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པ་གཉིས་ཐུན་མོང་གིས་ཁུལ་དེར་རྒྱལ་ཡུལ་ཆེན་མོ་དྲན་རྟེན་གྱི་རྐང་རྩེད་སྤོ་ལོའི་རྩེད་འགྲན་ཆེས་ཐོག་མ་དེ་གོ་སྒྲིག་གནང་ཡོད་པ་དང་། ཁ་ཉིན་རེས་གཟའ་ཉི་མའི་ཉིན་ཁུལ་དེར་རྟེན་གཞི་བྱས་པའི་ Centennial རྩེད་ཐང་དུ་ New York བོད་རིགས་རྐང་རྩེད་སྤོ་ལོའི་རུ་ཁག་ཀ་པ་དང་། ཊོ་རོན་ཊོ་ Toronto བོད་རིགས་ཆོལ་གསུམ་རུ་ཁག་གཉིས་ཀྱི་དབར་ལ་མཐའ་མའི་རྩེད་འགྲན་གནང་པ་ལས་ཊོ་རོན་ཊོ་ཆོལ་གསུམ་རུ་ཁག་ལ་མཐའ་མའི་རྒྱལ་ཁ་ཐོབ་ཡོད་པ་རེད། སྐབས་དེར་རྩེད་འགྲན་གོ་སྒྲིག་ཚོགས་ཆུང་གིས་རྒྱལ་ཡུམ་ཆེན་མོ་དྲན་བརྟེན་རྐང་སྤོལ་གསེར་གྱི་གཟེངས་རྟགས་དང་ཨ་སྒོར་ ༣༠༠༠ ཐམ་པ་ཨང་རིམ་དང་པོ་སོན་མཁན་ཊོ་རོན་ཊོ་ཆོལ་གསུམ་རུ་ཁག་ལ་གནང་པ་དང་། ཨང་གཉིས་པ་སོན་མཁན་གྱི་རུ་ཁག་ལ་ཨ་སྒོར་ ༡༠༠༠ ཐམ་པའི་བྱ་དགའ་བཅས་གནང་ཡོད། འདི་ག་རླུང་འཕྲིན་ཁང་གིས་རྩེད་འགྲན་གོ་སྒྲིག་གནང་མཁན་ཁོངས་ལས་བསོད་ནམས་ལགས་སུ་བཅར་འདྲི་ཁག་ཅིག་ཞུས་པར་ཁོང་གིས་ད་རེས་ཁུལ་དེའི་ནང་རྩེད་འགྲན་གོ་སྒིག་ཞུས་པའི་ཉམས་མྱོང་དང་སྦྲགས་ནས་གསུངས་དོན། མ་འོངས་པར་རྩེད་འགྲན་དེ་བྱངཨ་མི་རི་ཀའི་མངའ་ཁུལ་དུ་རྒྱུན་གནས་ཐུབ་ཚེ། བོད་རིགས་གཞོན་སྐྱེས་རྣམས་ལ་རྩེད་རིགས་ཀྱི་གོ་སྐབས་བྱུང་བ་ཙམ་མ་ཟད། ལྷག་དོན་ས་གནས་བོད་རིགས་རྣམས་ཕན་ཚུན་དབར་ངོ་ཤེས་དང་ཐུག་འཕྲད་བྱུང་ཐུབ་པ། དེ་བཞིན་མི་རིགས་ཀྱི་ངོ་སྤེལ་རྒྱུ་སོགས་དགེ་མཚན་ཆེན་པོ་ཡོད་སྐོར་གསུངས་སོང་། རྩ་བའི་ཐེངས་འདིའི་བྱང་ཨ་མི་རི་ཀ་མངའ་ཁུལ་གྱི་ཆེས་ཐོག་མའི་རྒྱལ་ཡུམ་ཆེན་མོ་དྲན་རྟེན་རྐང་རྩེད་སྤོ་ལོའི་རྩེད་འགྲན་དེའི་ནང་ཨ་རི་དང་ཁེ་ན་ཌ་བོད་རིགས་གནས་སྡོད་ས་གནས་ཁག་ནས་རྐང་རྩེད་སྤོ་ལོའི་རུ་ཁག་ ༡༢ ནས་མཉམ་ཞུགས་གནང་ཡོད་ཀྱང་། མཐོང་ཆེན་ཡིག་ཆ་འགྲིག་མིན་སོགས་ཀྱི་རྐྱེན་པས་ཐོག་མའི་འཆར་གཞི་ལྟར་ཡུ་རོབ་ཁུལ་གྱི་བོད་རིགས་རྐང་སྤོལ་རུ་ཁག་རྣམས་མཉམ་ཞུགས་གནང་ཐུབ་མེད་པ་རེད།

རྒྱ་གཞུང་གིས་གཞས་མ་གྲགས་ཅན་Jane Birkin ལགས་ལ་རྒྱ་ནག་ནང་བསྐྱོད་རྒྱུར་མཐོང་མཆན་སྤྲད་མེད་པ།

རྒྱ་གཞུང་གིས་གཞས་མ་གྲགས་ཅན་ Jane Birkin ལགས་ལ་རྒྱ་ནག་ནང་བསྐྱོད་རྒྱུར་མཐོང་མཆན་སྤྲད་མེད་སྟབས། དབྱིན་ཡུལ་གྱི་གཞས་མ་གྲགས་ཅན་ Jane ལགས་རིང་མིན་རྒྱ་ནག་ནང་ཚོགས་གཏན་འཁེལ་བའི་ཁོ་མོའི་རོལ་དབྱངས་འཁྲབ་སྟོན་ཕྱིར་འཐེན་བྱས་འདུག ལྕམ་ Jane Birkin ལགས་ནི་སྤྱི་ལོ་༡༩༤༦ ལོར་དབྱིན་ཡུལ་དུ་འཁྲུངས་ཤིང་ད་ལྟའི་ཆར་ཡུ་རོབ་རྒྱལ་ཁབ་ France ནང་གནས་སྡོད་བྱེད་བཞིན་ཡོད་པ་དང་། ཁོ་མོས་ད་བར་དབྱིན་ཇིའི་གློག་བརྙན་དང་གཞས་སོགས་མི་ཉུང་བ་ཞིག་བཟོ་བསྐྲུན་དང་འཁྲབ་འཁྲིད་གནང་ཡོད་པ་མ་ཟད། ལྷག་དོན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་གནང་མཁན་གྱི་ལས་འགུལ་ཞིག་ཀྱང་ཡིན་པ་རེད། ཁ་ཉིན་ The Guardian གསར་ཁང་གི་དྲ་གནས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། གཞས་མ་གྲགས་ཅན་Jane Birkin ལགས་རིང་མིན་ཟླ་བ་འདིའི་ཕྱི་ཚེས་དགུའི་ཉིན་རྒྱ་ནག་གི་གྲོང་ཁྱེར་ Shanghai ནང་ལ་ France གྱི་གཞས་པ་གྲགས་ཅན་སྐུ་ཞབས་འདས་པོ་ Serge Gainsbourg ལགས་འདས་གྲོངས་སུ་གྱུར་ནས་མི་ལོ་ ༢༥ འཁོར་བར་དྲན་གསོའི་རོལ་དབྱངས་འཁྲབ་སྟོན་ཐོག་མཉམ་ཞུགས་གནང་གཏན་འཁེལ་འདུག་ཀྱང་། རྒྱ་གཞུང་གིས་གཞས་མ་གྲགས་ཅན་ Jane Birkin ལགས་ལ་རྒྱ་ནག་ནང་བསྐྱོད་རྒྱུར་མཐོང་མཆན་སྤྲད་མེད་སྟབས། ཐེངས་འདིའི་ཁོ་མོའི་རོལ་དབྱངས་འཁྲབ་སྟོན་ཕྱིར་འཐེན་བྱ་དགོས་བྱུང་འདུག གནད་དོན་དེའི་ཐད་སྐབས་དེར་ཁོ་མོ་དང་ལྷན་དུ་འཁྲབ་སྟོན་གནང་འཆར་ཡོད་མཁན་རྒྱ་ནག་གི་ Shanghai གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་ Shanghai Symphony Orchestra ཞེས་རྒྱ་ནག་མཉམ་གཏོང་རོལ་དབྱངས་ཚོགས་པ་ནས་བསལ་བཤད་གང་ཡང་བྱས་མེད་པ་མ་ཟད། ལྷག་པར་དུ་རྒྱལ་སྤྱིའི་གསར་འགོད་པ་ཁག་ཅིག་ནས་ France ཡི་རྒྱལ་ས་Paris ནང་ཡོད་པའི་རྒྱ་ནག་གཞུང་ཚབ་ལ་འདྲི་རྩད་བྱས་ཀྱང་དེ་འབྲེལ་གསལ་བཤད་གང་ཡང་བྱས་མེད་པ་རེད། འོང་ཀྱང་དཔྱད་ཞིབ་པ་དང་ཁོ་མོ་དང་འབྲེལ་བ་ཡོད་མཁན་ཁག་ཅིག་ནས་ད་རེས་རྒྱ་ནག་གཞུང་གིས་གཞས་མ་གྲགས་ཅན་Jane Birkin ལགས་ལ་མཐོང་མཆན་མ་སྤྲད་པའི་རྒྱུ་མཚན་གཙོ་བོ་ནི། གཞས་མ་ Jane Birkin ལགས་ནི་གཞས་མ་ཙམ་མ་ཡིན་པར། རྒྱལ་སྤྱི་ཉེས་ཡངས་ཚོགས་པ་དང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་མཉམ་འབྲེལ་ཚོགས་པའི་ཚོགས་མི་ཡིན་པ་མ་ཟད། ད་བར་ཁོ་མོས་བོད་གཙོས་པའི་རྒྱལ་སྤྱིའི་ཡུལ་གྲུ་ཁག་གི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཆེད་ཕྱག་ལས་མང་དག་ཞིག་མྱོང་ཡོད་སྟབས། རྒྱ་ནག་གཞུང་ནས་མཐོང་མཆན་སྤྲད་མེད་པ་རེད་ཅེས་འགྲེལ་བརྗོད་འདུག རྩ་བའི་རྒྱ་ནག་གཞུང་ནས་ཆབ་སྲིད་དང་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་སོགས་ལ་འབྲེལ་བ་བཏགས་ཏེ། རྒྱལ་སྤྱིའི་གཞས་པ་དང་སྒྱུ་རྩལ་བ་ཁག་རྒྱ་ནག་ནང་བསྐྱོད་རྒྱུར་བཀག་བསྡོམ་བྱས་པ་དེ་ཐེངས་དང་པོ་ཆགས་ཀྱི་མེད་པ་དང་། དེ་སྔ་ཨ་རིའི་ Linkin Park དང་ Marron 5 གཞས་སྣ་རུ་ཁག Iceland གྱི་གཞས་མ་ Bjork ལགས། དེ་བཞིན་དབྱིན་ཡུལ་གྱི་གཞས་སྣ་རུ་ཁག་གྲགས་ཅན་ Oasis དང་ཨ་རིའི་གཞས་པ་གྲགས་ཅན་ Bon Jovi ལགས་སོགས་ནས་རོལ་དབྱངས་འདུ་འཛོམས་སྐབས་བོད་ཀྱི་རྒྱལ་དར་འཆར་བ་དང་བོད་དོན་རོལ་དབྱངས་འདུ་འཛོམས་སོགས་སུ་མཉམ་ཞུགས་གནང་སྟབས། རྒྱ་ནག་ནང་བསྐྱོད་རྒྱུར་བཀག་སྡོམ་བྱས་ཡོད་པ་མ་ཟད། ཉེ་ཆར་ཨ་རིའི་གཞས་མ་གྲགས་ཅན་Lady Gaga ལགས་ནས་བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ལྷན་དུ་བྱམས་བརྩེ་དང་ན་གཞོན་གྱི་དཀའ་རྙོག་སྐོར་ལ་བཀའ་འདྲི་སོགས་གནང་སྟབས། རྒྱ་ནག་གཞུང་ནས་གཞས་མ་ Lady Gaga ལགས་ལ་རྒྱ་ནག་ནང་འཁྲབ་སྟོན་བྱེད་རྒྱུ་བཀག་སྡོམ་བྱས་པ་མ་ཟད། ཁོ་མོའི་གླུ་གཞས་ཀྱི་འཁོར་ཐག་རྣམས་རྒྱ་ནག་ནང་ཚོང་འགྲེམས་བྱ་རྒྱུ་དང་དྲ་ཐོག་ཏུ་ཡོད་པའི་ཁོ་མོའི་གླུ་གཞས་རྣམས་བཀག་སྡོམ་བྱས་ཡོད་པ་རེད།

དབྱིན་གཞུང་གིས་རྒྱལ་ཚོགས་ནང་བོད་དོན་གླེང་དགོས་པའི་ཞུ་འབོད་གནང་འདུག

སུད་སི་གྲོང་ཁྱེར་ཇི་ནི་ཝའི་ནང་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ལྷན་ཚོགས་ཤིག་འཚོགས་བཞིན་པ་དང་བསྟུན། དབྱིན་ཡུལ་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པས་དབྱིན་ཡུལ་གཞུང་གི་ངོས་ནས་ལྷན་ཚོགས་ནང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་ཛ་དྲག་གནས་སྟངས་ཐོག་ངེས་པར་དུ་གླེང་སློང་གནང་དགོས་པ་མ་ཟད། རྒྱ་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་གཏོང་བཞིན་པའི་གནད་དོན་དེ་ཆེས་མཐོའི་ལྷན་ཚོགས་ཀྱི་གྲོས་གཞི་གཙོ་གྲས་ཁོངས་སུ་བརྟན་འཇོག་དགོས་པའི་ཞུ་འབོད་གནང་འདུག དེ་ཡང་དབྱིན་ཡུལ་དུ་རྟེན་གཞི་བྱས་པའི་ཁུལ་དེའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་འཐུས་མི་རྣམས་པས་ཁ་ཉིན་ཕྱི་ཚེས་ ༡༤ ཉིན་མཉམ་འབྲེལ་རྒྱལ་ཚོགས་སུ་ཡོད་པའི་དབྱིན་ཇིའི་སྐུ་ཚབ་སྐུ་ཞབས་ Mr. Julian Braithwaite ལགས་དང་ དབྱིན་ཡུལ་ཕྱི་སྲིད་ལས་ཁུངས་ཀྱི་དྲུང་ཆེ་སྐུ་ཞབས་ Rt.Hon Philip Hammond རྣམ་གཉིས་ཀྱི་མཚན་ཐོག་ལ་ཞུ་ཡིག་གཅིག་ཕུལ་འདུག་པ་དང་། དེའི་ནང་གཙོ་བོ་དབྱིན་ཡུལ་གཞུང་གིས་ད་ཆ་སུད་སི་གྲོང་ཁྱེར་ Geneva ནང་འཚོགས་བཞིན་པའི་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་དེའི་བརྒྱུད་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇི་ཡོད་ཐད་གླེང་དགོས་པ་མ་ཟད། རྒྱ་གཞུང་གིས་བཙོན་འཇུག་བྱས་པའི་མཁན་པོ་དཀར་ཚེ་ལགས་དང་སྐད་ཡིག་སྲུང་སྐྱོབ་ལས་འགུལ་བ་བཀྲིས་དབང་ཕྱུག་ལགས། དེ་བཞིན་བོད་པའི་དམའ་རིམ་དགེ་རྒན་ལྷ་མོ་སྐྱབས་དང་བོད་མི་སྨན་པ་རྒས་ཡོན་ཕྱིན་པ་ཡེ་ཤེས་ཆོས་སྒྲོན་ལགས་གཙོ་བོར་གྱུར་པའི་བོད་མི་ཆབ་སྲིད་བཙོན་པ་གཞན་རྣམས་འཕྲལ་དུ་གློད་བཀྲོལ་ཡོང་བར་རྒྱ་གཞུང་ལ་གནོན་ཤུགས་སྤྲོད་དགོས་གལ་ཡིན་པ་སོགས་འཁོད་འདུག ལྷག་པར་དུ་དབྱིན་ཡུལ་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་གྲོས་ཚོགས་འཐུས་མི་སྐུ་ཞབས་ Tim Loughton ལགས་ཀྱིས་གྲོས་ཚོགས་འཐུས་མི་ཡོངས་ཀྱི་ཚབ་ཞུས་ཏེ་དབྱིན་ཇི་གཞུང་ནས་དེ་སྔ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༣༡ འི་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐད་ཁ་ཁུ་སིམ་པོར་མ་བཞུགས་པར། ཨ་རི་དང་Australia ལ་སོགས་པའི་རྒྱལ་ཁབ་བཅིུག་དང་ལྷན་དུ་མཉམ་འབྲེལ་གྱིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་ཐུགས་འཚབ་དང་སྦྲགས། རྒྱ་གཞུང་ངོས་ནས་རྒྱལ་སྤྱི་ཙམ་མིན་པར་རྒྱ་ནག་རང་གི་རྒྱལ་ཁབ་ཀྱི་ཁྲིམས་སྒྲིག་ཁག་ལ་བརྩི་བཀུར་ཞུ་དགོས་པའི་སྤྱི་སྒྲག་ཞིག་སྤེལ་ཡོད་པ་ལུང་འདྲེན་གནང་པ་དང་སྦྲགས། སྤྱི་སྒྲག་དེ་རྒྱ་གཞུང་གིས་བརྩི་མེད་རྡོག་རོལ་གཏོང་བཞིན་པའི་གནད་དོན་ཁག་ལ་རྒྱལ་སྤྱིའི་ངོས་ནས་ཀྱང་སྣང་མེད་དུ་སྐྱུར་ཐབས་མེད་པ་ཞིག་དང་། ལྷག་དོན་རྒྱ་གཞུང་གིས་དྲག་གནོན་འོག་ཡོད་པའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་གནང་ཚོར་རྒྱབ་སྐྱོར་གྱི་རྣམ་པ་གསལ་པོ་བཏོན་པ་ཞིག་ཆགས་ཡོད་པར་ཡིད་རང་བསྔགས་བརྗོད་གནང་ཡོད། དེ་བཞིན་དེ་སྔ་ ༢༠༡༥ ལོར་རྒྱལ་ཚོགས་ཀྱི་མནར་གཅོད་འགོག་པའི་ཚོགས་ཆུང་ནས་རྒྱ་ནག་གི་གནས་སྟངས་ལ་བསྐྱར་ཞིབ་དང་འབྲེལ། རྒྱ་གཞུང་གིས་ཁུལ་དེའི་ནང་གི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པར་སྡུག་སྦྱོང་དང་བོད་མི་རྣམས་གང་བྱུང་འཛིན་བཟུང་གིས་བཙོན་འཇུག་ཁྲིམས་ཐག་གཅོད་བཞིན་པ་མ་ཟད། བོད་མིའི་ཐོག་རྒྱལ་ཁབ་ཀྱི་གསང་བ་ཕྱིར་བསྒྲགས་ཞེས་པའི་ཁྲིམས་གཞི་དེ་བེད་སྤྱོད་ལོག་པ་གཏོང་བཞིན་པའི་གནད་དོན་དེ་རྒྱ་གཞུང་ནས་གསལ་བཤད་ཡོང་བའི་དགོས་འདུན་བཏོན་ཡོད་པ་རེད། ལྷག་པར་དུ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་དམ་པ་དེ་ཉིད་དགོངས་པ་རྫོགས་སྟངས་ཀྱི་གནད་དོན་གཙོས་པའི་ད་ཆ་བཙོན་ཁང་ནང་ཡོད་པའི་བོད་མི་ཆབ་སྲིད་བཙོན་པ་ ༢༤ གནད་དོན་ལ་ཐུགས་འཚབ་ཀྱི་རྣམ་པ་གསལ་བཏོན་གྱིས་ཐེངས་འདིའི་ལྷན་ཚོགས་ཐོག་ནས་གནད་དོན་དེ་དག་ཐོག་རྒྱ་གཞུང་ལ་གནོན་ཤུགས་སྤྲོད་དགོས་པའི་འབོད་སྐུལ་ཞུས་འདུག དེ་བཞིན་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་སོགས་ཀྱི་དམིགས་བསལ་སྐུ་ཚབ་རྣམས་བོད་ནང་བསྐྱོད་རྒྱུའི་ཆོག་མཆན་སྤྲོད་དགོས་པའི་རྒྱ་གཞུང་ལ་གནོན་ཤུགས་སྤྲོད་དགོས་པ་སོགས་ནན་བརྗོད་གནང་འདུག

Latest news