Tibetan Royal Year of 2151 | Year of the Wood Dragon

རྒྱལ་སྤྱི།

ཡོ་རོབ་གྲོས་ཚོགས་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་སྡུག་ཏུ་སོང་ནས་ད་བར་བོད་མི་༡༤༣ གིས་རང་ལུས་མེར་བསྲེགས་བཏང་ཡོད་པ་གསུངས་འདུག

Belgium གྱི་རྒྱལ་ས་ Brussels ནང་དུ་རྟེན་གཞི་བྱས་པའི་ཡོ་རོབ་གྲོས་ཚོགས་ནས་ཁ་ཉིན་ཟླ་ ༡༢ ཕྱི་ཚེས་ ༡༠ ཉིན་འཛམ་གླིང་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་དང་བསྟུན། ཡོངས་ཁྱབ་ཀྱི་བསྒྲགས་གཏམ་ཞིག་སྤེལ་ཏེ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་སོང་ཡོད་པར་ཧ་ཅང་ཐུགས་འཚབ་ཡོད་པ་གསུངས་འདུག་པ་མ་ཟད། གནད་དོན་དེའི་རྐྱེན་པས་ད་བར་བོད་མི་ ༡༤༣ གིས་རང་ལུས་མེར་བསྲེགས་བཏང་ཡོད་པ་གསུངས་འདུག དེ་ཡང་ཡོངས་ཁྱབ་ཀྱི་བསྒྲགས་གཏམ་དེའི་ནང་ཡོ་རོབ་གྲོས་ཚོགས་ཀྱི་འཐུས་མི་རྣམས་ནས། བོད་ནང་རྒྱ་ནག་གཞུང་གིས་ཆོས་དད་རང་དབང་དང་ཆོས་ཕྱོགས་ཀྱི་གནང་སྒོར་ཧ་ཅང་གི་དམ་དྲག་བྱེད་མུས་ཐོག ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་ལ་ཁ་བྲལ་དུ་ངོས་འཛིན་བྱེད་ནས་ཉེས་ཁྲིམས་ལྗིད་པོ་བསྐལ་བ་དང་། དགོན་པའི་ཕྱི་ནང་ཡོངས་རྫོགས་གཞུང་གི་སྟངས་འཛིན་འོག་བཅུག་སྟེ། རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་ཟེར་བའི་ལས་འགུལ་མུ་མཐུད་སྤེལ་བཞིན་པའི་གནས་སྟངས་ཡོད་ཅིང། ང་ཚོའི་སེམས་འཁྲལ་བྱ་ཡུལ་གཙོ་བོ་གཅིག་ནི་ཉེ་ཆར་རྒྱ་གཞུང་གི་བཙོན་ཁང་ནང་དུ་འདས་གྲོངས་སུ་འགྱུར་བའི་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གི་གནས་སྟངས་དང་མཚུངས་པའི་བོད་མི་བཙོན་པ་རྣམས་ལ་ཉེས་རྡུང་ཚབས་ཆེ་བཏང་རྗེས་ཁོང་ཚོར་སྨན་བཅོས་ཀྱི་ཐུན་རྐྱེན་གང་ཡང་སྦྱོར་བཅུག་གི་མེད་པ་དེ་ཡིན།      རྒྱ་ནག་གཞུང་ནས་ཉེ་ཆར་འཇིགས་སྐུལ་རིང་ལུགས་པར་གདོང་ལེན་གྱིས་ཁྲིམས་ལུགས་གཏན་འབེབས་བྱེད་ཡོད་ནའང། དོན་དངོས་ཐོག་ཁྲིམས་དེ་ནི་བོད་མི་རྣམས་ལ་གནའ་གནོན་དང་འགྲོ་བ་མིའི་ཐོབ་ཐང་རྡོལ་རོལ་གཏོང་རྒྱུའི་རྣམ་པ་གསར་པ་ཞིག་ཆགས་ཀྱི་ཡོད་པ་མ་ཟད། དེ་ལྟར་ད་བར་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་སོང་བ་རྟེན་ནས ༢༠༠༩ ནས་བོད་མི་ ༡༤༣ ཙམ་གྱིས་རང་ལུས་མེར་བསྲེགས་བཏང་ཡོད་ཅེས་དང། ད་དུང་རྒྱ་གཞུང་གིས་རང་ལུས་མེར་སྲེག་ལྟ་བུའི་ཆབ་སྲིད་ཀྱི་ཞི་རྒོལ་གྱི་འབྱུང་རྩ་ཙད་གཅོད་གཏོང་རྒྱུ་ལས་ལྡོག་སྟེ། རང་ལུས་མེར་སྲེག་གནང་མཁན་དང་ཁོང་ཚོའི་ནང་མི་ཉེ་འབྲེལ་དང་། མཐའ་ན་གྲོང་ཡོངས་རྫོགས་ལ་ཉེས་ཆད་བཏང་གི་ཡོད་པ་དེ་ལ་ཁས་ལེན་མུ་མཐུན་རྩ་བ་ནས་མེད་ཅེས་ཀྱང་གསུངས་འདུག ཁ་ཉིན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོར་སྤེལ་གནང་པའི་ཡོ་རོབ་གྲོས་ཚོགས་ཀྱི་བསྒྲགས་གཏམ་འདིའི་ཐོག་ནས། གྲོས་ཚོགས་འཐུས་མི་རྣམས་ནས་རྒྱ་གཞུང་གིས་བོད་མི་དང་མཉམ་དུ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་ཆབ་སྲིད་གྲོས་མོལ་གནང་ཐུབ་ཚེ།  ཕུགས་ལ་ཕྱོགས་གཉིས་ཀར་བརྟན་ལྷིང་ཞིག་ཡོང་པའི་དགེ་མཚན་ཆེན་པོ་ཡོད་སྟབས། རྒྱ་གཞུང་ནས་༸གོང་ས་མཆོག་གི་སྐུ་ཚབ་དང་ལྷན་དུ་གང་མགྱོགས་གྲོལ་མོལ་གྲུབ་འབྲས་ལྡན་པ་ཞིག་ཡོང་བའི་འབོད་སྐུལ་དང། བོད་ནང་གི་བོད་མི་རྣམས་ལ་ཆོས་དད་རང་དབང་དང་སྨྲ་བརྗོད་རང་དབང། དེ་བཞིན་འདུ་འཛོམས་ཀྱི་རང་དབང་སྤྲད་པའི་ཐོག་ད་ལྟ་བཙོན་འོག་ཏུ་ཡོད་པའི་བཙོན་པ་རྣམས་འཕྲལ་དུ་གློད་བཀྲོལ་གཏོང་པའི་འབོད་སྐུལ་ཤུགས་ཆེ་གནང་འདུག དུས་མཚུངས་སུ་ཉིནདེར་འཛམ་གླིང་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་ཐེངས་ ༦༧ འདིའི་ཐོག་ནས་ཨ་རིའི་འཛིན་སྐྱོང་དང་གྲོས་ཚོགས་ཀྱི་རྒྱ་ནག་ཐོག་གི་ཚོགས་ཆུང་དང་། གྲོས་ཚོགས་ཀྱི་མང་གཙོ་ཚོགས་པའི་ཚོགས་གཙོ་ལྕམ་ Nancy Pelosi མཆོག་ནས་རྒྱ་གཞུང་གི་བཙོན་འཇུག་འོག་ཡོད་པའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་སྐུ་ཞབས་  liu xiaobo ལགས་ལ་རྗེས་དྲན་ཆེ་བསྟོད་ཕུལ་བ་དང་ཆབས་ཅིག འཛམ་གླིང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོང་བྱ་རྒྱུའི་འོས་འགན་ཚང་མ་ལ་ཡོད་པའི་བསྒྲགས་གཏམ་སྤེལ་གནང་འདུག     ལྕམ་སྐུ་ Nancy Pelosi མཆོག་གིས་འཛམ་གླིང་མཉམ་རྒྱལ་ཚོགས་ནས་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་གསལ་བསྒྲགས་བསྐྱངས་ཡོད་པ་གཞིར་བཞག ང་ཚོ་ཚང་མར་རང་དབང་དང་བདེ་འཇགས་སོགས་ཀྱི་ཐོབ་ཐང་ཡོད་སྟབས། འགྲོ་བ་མིའི་ཐོབ་ཐང་གི་དཀའ་ངལ་གང་ནས་འཕྲད་ཀྱང་རུང་དེ་ལ་གདོང་ལེན་བྱ་རྒྱུ་ནི་ཚང་མར་འཁྲི་པའི་འགན་ཞིག་ཆགས་ཀྱི་ཡོད་ཅིང། Syria ནང་གི་ད་ལྟའི་ཛ་དྲག་དཀའ་ངལ་ཡིན་ནའང་རེད། བོད་དང་རྒྱ་ནག་ནང་གི་ཆོས་དད་ཀྱི་གནད་དོན་ཡིན་ནའང་འདྲ། དབྱེ་འབྱེད་དང་དྲང་བདེན་མ་ཡིན་པའི་བྱ་སྤྱོད་རིགས་ལ་ང་ཚོ་ཚང་མས་ཡར་ལངས་ནས་གདོང་ལེན་བྱེད་དགོས་པ་མ་ཟད། སྙིང་སྟོབས་དང་སེམས་ཤུགས་ཡོད་པའི་ཐོག་ནས་རང་དབང་དང་དྲང་བདེན་རྩོད་ལེན་བྱེད་དགོས་པ་གསུངས་འདུག ད་དུང་ལྕམ་སྐུ་ Nancy Pelosi མཆོག་གིས་ད་ལྟ་རྒྱ་གཞུང་གི་བཙོན་ནང་ཁང་ཡོད་པའི་རྒྱ་རིགས་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་དང་པོ་ཡིན་པ་སྐུ་ཞབས་  liu xiaobo ལགས་འདི་ལོ་བཙོན་འཇུག་ལོ་ལྔ་ཚང་བའི་དུས་ཚིགས་ཤིག་ཀྱང་ཆགས་ཡོད་སྟབས་ཁོང་ལ་གདུང་སེམས་མཉམ་བསྐྱེད་དང་འབྲེལ། ཁོང་ནི་རང་དབང་དང་དྲང་བདེན་རྩོད་ལེན་གནང་མཁན་དཔའ་བློ་ཁོག་ཅན་ཞིག་ཡིན་པར་བསྔགས་བརྗོད་གནང་པ་དང་དུས་མཚུངས། ང་ཚོས་ཨ་རི་གཙོས་པའི་ཡུལ་ལུང་གང་དུའང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏང་མ་བཅུག་པར་དེ་ལ་གདོང་ལེན་གྱིས་ང་ཚོའི་གཞི་རྩའི་རང་དབང་ཁག་སྲུང་སྐྱོབ་བྱ་དགོས་གལ་ཡིན་པ་གསུངས་འདུག དེ་དེ་བཞིན་ཨ་རིའི་འཛིན་སྐྱོང་དང་གྲོས་ཚོགས་ཀྱི་རྒྱ་ནག་ཐོག་གི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་ནས་ཀྱང་ཐེངས་འདིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་སྲུང་བརྩི་དང་བསྟུན། རྒྱ་རིགས་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་སྐུ་ཞབས་ liu xiaobo ལགས་འདི་ལོ་བཙོན་དུ་བཅུག་ནས་ལོ་ལྔ་འཁོར་བར་རྗེས་དྲན་ཞུས་པ་དང་ཆབས་ཅིག ཡོངས་ཁྱབ་བསྒྲགས་གཏམ་དེའི་ཐོག་ནས་རྒྱ་ནག་གཞུང་ནས་སྐུ་ཞབས་ liu xiaobo ལགས་དང་ཁོང་གི་སྐུ་ཟླ་ལྕམ་ Liu Xia གཉིས་ལ་དྲངས་བདེན་མ་ཡིན་པའི་སུན་གཙེར་དང་ཁྲིམས་འགལ་ཐོག་ནས་དུས་བཀག་སྔ་རྗེས་བཟོས་ཡོད་པའི་གནས་ཚུལ་ཁག་བརྒྱུད་བསྒྲགས་བྱས་འདུག་པ་མ་ཟད། ལྷག་པར་དུ་ཨ་རིའི་འཛིན་སྐྱོང་དང་གྲོས་ཚོགས་ཀྱི་རྒྱ་ནག་ཐོག་གི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་ Chris Smith ལགས་ཀྱིས་རྒྱ་གཞུང་གི་འགོ་ཁྲིད་ཚོས་སྐུ་ཞབས་ liu xiaobo ལགས་ཀྱི་མ་འོངས་རྒྱ་ནག་སྤྱི་ལ་ཕན་པའི་མདུན་བསྐྱོད་དང་ཕུགས་བསམ་བཟང་པོ་དེར་བདག་པོ་རྒྱག་རྒྱུ་ལས་ལྡོག་སྟེ་ཞེ་སྣང་བྱེད་ཀྱི་ཡོད་པ་རེད། རང་དབང་དང་ཕྱི་གསལ་ནང་གསལ། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་སྲུང་མ་ཞུས་བར་རྒྱ་ནག་དེ་བཞིན་བརྟན་ལྷིང་ཡོང་དཀའ་བ་རེད་ཅེས་གསུངས་འདུག ད་དུང་སྐུ་ཞབས་ Chris Smith ལགས་ཀྱིས་མུ་མཐུད་གསུང་ཡག་ལ། སྲིད་འཛིན་ཞི་ཅིང་ཕིང་གི་ཨ་རི་དང་རྒྱ་ནག་དབང་ལ་འབྲེལ་བ་གསར་པ་ཞིག་འཚོལ་སྙེག་བྱེད་བཞིན་ཡོད་ནའང། འདིའི་བར་ན་རྒྱ་ནག་གཞུང་ནས་སྐུ་ཞབས་ liu xiaobo ལགས་ལ་ཁྲིམས་འགལ་བཙོན་འཇུག་དང་། ༸གོང་ས་ཏཱ་ལའི་བླ་མ་མཆོག་ལ་མཚན་སྨད་ཞུ་རྒྱུ་མཚོན། དྲག་གནོན་ཅན་གྱི་སྲིད་བྱུས་མུ་མཐུད་ལག་བསྟར་བྱེད་མུས་ཡིན་སྟབས། འདི་ཡིས་ཨ་རི་དང་རྒྱ་ནག་དབར་གྱི་འབྲེལ་བ་ལ་དོ་ཕོག་འགྲོ་རྒྱུ་ཙམ་མ་ཟད། རྒྱལ་སྤྱིའི་ཐོག་རྒྱ་ནག་གི་མཚན་མཐོང་གནོད་རྒྱུ་ཡིན་པ་བཅས་གསུངས་འདུག    དེ་བཞིན་པེ་ཅིང་དུ་གནས་བཞུགས་ཨ་རིའི་གཞུང་ཚབ་པ་ Max Baucus ལགས་ནས་ཁ་ཉིན་གྱི་དུས་ཚིགས་དེ་དང་བསྟུན། རྒྱ་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་དང་ལས་འགུལ་བ་མང་དག་ཅིག་འཛིན་བཟུང་བྱས་དང་བྱེད་མུས་ཀྱི་གནད་དོན་ལ་ཐུགས་འཚབ་ཀྱི་རྣམ་པ་བསྟན་པ་དང་ཆབས་ཅིག རྒྱ་གཞུང་ནས་ལས་འགུལ་དེ་དག་རང་གི་གཉེན་ཞིག་ལ་དགྲ་བོར་ངོས་འཛིན་བྱེད་རྒྱུ་མེད་པའི་འབོད་སྐུལ་གནང་འདུག ཁོང་གིས་ད་དུང་རྒྱ་རིགས་ཁྲིམས་རྩོད་པ་ phu Zhi quiang ལགས་གློད་བཀྲོལ་དགོས་པའི་འབོད་སྐུལ་གནང་པ་མ་ཟད། ཡང་པེ་ཅིང་དུ་ཡོད་པའི་འཇར་མ་ནི་གཞུང་ཚབ་ཁང་ནས་ཀྱང་རྒྱ་ནག་ནང་སྨྲ་བརྗོད་རང་གི་དཀའ་ངལ་ཆེན་པོ་འཕྲད་ཀྱི་ཡོད་པའི་ཐུགས་འཚབ་ཀྱི་བཀའ་མོལ་བཅས་གསུངས་ཡོད་པ་རེད་འདུག

རྒྱལ་ཚོགས་ཀྱི་མནར་གཅོད་འགོག་པའི་ཚོགས་ཆུང་གིས་རྒྱ་གཞུང་གི་མནར་གཅོད་ལས་དོན་ལ་ཡར་རྒྱས་གང་ཡང་ཕྱིན་མེད་པ་གསུངས་འདུག

རྒྱལ་ཚོགས་ཀྱི་མནར་གཅོད་འགོག་པའི་ཚོགས་ཆུང་ནས་རྒྱ་ནག་གི་གནར་གཅོད་ལས་དོན་ལ་བཟང་ཕྱོགས་ཀྱི་འགྱུར་བ་གང་ཡང་ཕྱིན་མེད་པ་མ་ཟད། ལྷག་དོན་རྒྱ་གཞུང་གིས་དམ་དྲག་དང་བཙོན་གནོན་འོག་ཡོད་པའི་ཆབ་སྲིད་བཙོན་པར་སྡུག་སྦྱོང་དང་མནར་གཅོད་གཏོང་བཞིན་པ་ཁག་ངེས་པར་དུ་ངོས་ལེན་ཞུ་དགོས་པ་གསུངས་འདུག      དེ་ཡང་ཟླ་བ་སྔོན་མའི་ཕྱི་ཚེས་ ༡༧ དང་ ༡༨  ཉིན། Swiss  ཡི་གྲོང་ཁྱེར་ Geneva ནང་རྟེན་གཞི་བྱས་པའི་མཉམ་འབྲེལ་རྒྱལ་ཆོགས་སུ་རྒྱལ་ཚོགས་ཀྱི་མནར་གཅོད་འགོག་པའི་ཚོགས་ཆུང་གི་ཚོགས་ཐུན་ཐེངས་ ༥༦  སྐབས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་ཆབ་སྲིད་བཙོན་པའི་གནད་དོན་སོགས་དང་འབྲེལ་བའི་རྒྱ་ནག་གི་མནར་གཅོད་ལས་དོན་ལ་བསྐྱར་ཞིབ་ཞེས་པའི་ཚོགས་ཐུན་ཞིག་ཚོགས་ཡོད་པ་དང་།   ཁ་སང་ཕྱི་ཚེས་ ༩ ཉིན་རྒྱལ་ཚོགས་ནས་རྒྱ་ནག་གིས་འདོན་སྤེལ་བྱས་པའི་མནར་གཅོད་ལས་དོན་གྱི་སྙན་ཐོ་ལ་རྟོག་ཞིབ་ལེགས་པར་གནང་རྗེས་ཕྱོགས་བསྡོམས་ཀྱི་སྙན་ཐོ་ཤོག་ ༡༧ ཅན་ཞིག་འདོན་སྤེལ་གནང་གནང་འདུག སྙན་ཐོ་དེའི་ནང་རྒྱལ་ཚོགས་ནས་རྒྱ་ནག་གཞུང་གིས་སྙན་ཐོ་ཞིག་འདོན་སྤེལ་ཞུས་པར་དགའ་བསུ་ཞུས་འདུག་ཀྱང་། རྒྱལ་ཚོགས་ཀྱི་ལས་དོན་བྱེད་ཕྱོགས་ལ་བརྩི་འཇོག་མ་ཞུས་མེད་པ་མ་ཟད།  རྒྱ་གཞུང་གི་སྙན་ཐོའི་ནང་ཆབ་སྲིད་གཙོན་པ་རྣམས་ཀྱི་གནད་དོན་དང་། ཁོང་རྣམ་པའི་རང་དབང་སྲུང་སྐྱོབ་ཆེད་འགན་ཁུར་ཡོད་པའི་སྲིད་གཞུང་དང་ལས་ཁུངས། དེ་བཞིན་ཁྲིམས་ཐག་གཅོད་སྟངས་སོགས་ཀྱི་ཐད་ལ་གསལ་ཁ་གང་ཡང་མེད་སྐོར་བཀོད་འདུག  རྒྱ་གཞུང་གིས་ངོས་ནས་ངེས་པར་དུ་ཆབ་སྲིད་བཙོན་པ་རྣམས་ཀྱི་རང་དབང་ལ་སྲུང་སྐྱོབས་དང་། མནར་གཅོད་ཀྱི་ལས་དོན་རྣམས་རྩ་མེད་གཏོང་ཐབས་སུ་རྒྱ་ནག་གི་ཁྲིམས་སྒྲིག་ཁག་ལ་བཅོས་མིན་གྱི་ཁྲིམས་མཐུན་གྱི་ཐོག་ནས་བསྐྱར་བཅོས་རྒྱ་ཆེ་ གནང་དགོས་གལ་ཡིན་པ་བརྗོད་འདུག རྒྱལ་ཚོགས་ཀྱི་སྙན་ཐོ་དེའི་ནང་། བཙོན་པ་རྣམས་བཀག་སྐྱིལ་བྱེད་རྒྱུའི་དུས་ཚོད་དང་། ཁྲིམས་རྩོད་ཀྱི་རང་དབང་། སྨན་བཅོས་ཀྱི་ཐོབ་ཐང་། ཚད་དང་ལྡན་པའི་རྟོག་ཞིབ་ཀྱི་ལམ་ལུགས། བཟང་བཙོན་གྱི་གནས་བབས། དེ་བཞིན་བཙོན་པའི་བདེ་འཇགས་དང་། བཙོན་ཁང་གི་མཐུན་རྐྱེན་སོགས་གནད་དོན་ཁག་ ༢༣  ལྷག་གསལ་བཏོན་གནང་སྟེ།  རྒྱ་གཞུང་གིས་གནད་དོན་དེ་དག་གི་ཐོག་ལ་ལག་བསྟར་བྱེད་བཞིན་པའི་ཁྲིམས་སྒྲིག་ཁག་ནི་རྒྱལ་སྤྱིའི་ཁྲིམས་སྒྲིག་ཁག་དང་མཐུན་གྱི་མེད་པ་མ་ཟད།  ལྷག་པར་དུ་རྒྱ་ནག་གཞུང་གིས་གང་ཟག་སུ་འདྲ་ཞིག་ཡིན་རུང་།  ཁྲིམས་ཐོག་གི་ཆོག་མཆན་གང་ཡང་མེད་པར་ཉིན་གྲངས་ ༣༠ ལྷག་སྐོར་སྲུང་པའི་དོ་དམ་འོག་བཞག་བཞིན་པ་ནི།  རྒྱལ་སྤྱིའི་ཁྲིམས་ལུགས་དང་ཡོངས་སུ་འགལ་གྱི་ཡོད་སྟབས།  རྒྱལ་སྤྱིའི་ཁྲིམས་ལུགས་ལྟར་ཉིན་གྲངས་གཉིས་ཀྱི་ནང་ཚུལ་ལ་ཁྲིམས་ཐོག་གི་ཆོག་མཆན་དགོས་པ་བཟོ་རྒྱུ་གལ་ཆེན་པོ་ཡིན་པ་སོགས་སློབ་སྟོན་མང་དག་ཞིག་ཀྱང་གནང་འདུག ད་དུང་རྒྱལ་ཚོགས་ཀྱི་སྙན་ཐོ་དེའི་ནང་ནང་རྒྱ་ནག་གཞུང་གིས་བོད་དང་ཡུ་གུར་གཙོས་པའི་གྲངས་ཉུང་མི་རིགས་རྣམས་ཀྱི་རང་དབང་ལ་བརྩི་མེད་བཏང་པའི་ཁར།  ཁུངས་ལྡན་གྱི་བདེན་དཔང་གང་ཡང་མེད་པར་ཉེས་མེད་འཛིན་བཟུང་བཀག་འགོག་བྱས་ཏེ། སྐོར་སྲུང་པའི་དོ་དམ་དང་བཙོན་ཁང་དུ་ཁྲིམས་མཐུན་གང་ཡང་མེད་པར་སྡུག་སྦྱོང་མནར་གཅོད་བཏང་པ་མ་ཟད།  མཐར་སྨན་བཅོས་སོགས་དགོས་ངེས་ཀྱི་མཐུན་རྐྱེན་གང་ཡང་མ་བསྐྲུན་པར་བཅོན་ཁང་ནང་སྐུ་གྲོངས་པའི་སྤྲུལ་སྐུ་བསྟན་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་དང་། རྒྱ་རིགས་ཞི་རྒོལ་བ་ Cao Shunil ལགས་གཉིས་ཀྱི་གནས་ཚུལ་ལུང་འདྲེན་དང་སྦྲགས། རྒྱལ་ཚོགས་ཀྱི་ངོས་ནས་གནད་དོན་དེའི་ཐད་ལ་མུ་མཐུད་ནས་སེམས་འཚབ་གནང་མུས་ཡོད་པ་བརྗོད་འདུག    རྒྱལ་སྤྱའི་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚོགས་པའི་རྒྱ་ནག་སྡེ་ཚན་གྱི་འགན་འཛིན་ལྕམ་སྐུ་ Sophie Richardson ལགས་ཀྱིས། ད་ལན་རྒྱལ་ཚོགས་ནས་འདོན་སྤེལ་གནང་པའི་སྙན་ཐོ་དེས། རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་དང་། མནར་གཅོད་རིགས་ཡོད་པ་མངོན་གསལ་ཆགས་པ་མ་ཟད། རྒྱལ་ཚོགས་ནས་རྒྱ་ནག་ནང་གི་མནར་གཅོད་འགོག་ཐབས་དང་། ཆབ་སྲིད་བཙོན་པ་པརྣམས་ཀྱི་རང་དབང་ལ་སྲུང་སྐྱོབ་ཐད་ལ་ཕྱག་ལས་གནང་པར་ཐེ་ཚོམ་གང་ཡང་མེད་ཀྱང་། རྒྱ་གཞུང་གི་གནད་དོན་དེའི་ཐད་ལ་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་བཏང་མིན་ཐད་ལ་ད་ལྟ་ཡང་བློ་དོག་ཆེན་པོ་ཡོད་ཅེས་གསུངས་འདུག དེ་བཞིན་འཇར་མན་ནང་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ Kia Mueller ལགས་ནས་ཀྱང་རྒྱལ་ཚོགས་ཀྱི་སྙན་ཐོ་དེས།  དེ་སྔ་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཐོག་རྒྱ་ནག་ནང་ཆབ་སྲིད་བཙོན་པ་མེད་པ་དང་། བཙོན་ཁང་གི་གནས་སྟངས་གང་ལེགས་ཡོད་པ་སོགས་ཀྱི་རྫུན་གཏམ་བཤད་པ་རྣམས་གསལ་པོ་ཆགས་ཀྱི་ཡོད་པ་མ་ཟད།  ད་ལན་རྒྱལ་ཚོགས་ནས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་མཆོག་དང་བོད་ཀྱི་ཆབ་སྲིད་བཙོན་པའི་སྐོར་ལ་ཟུར་བཏོན་གནང་པར་དགའ་བསུ་དང་། རྒྱ་གཞུང་གི་ཁྲིམས་སྒྲིག་གང་ལའང་བརྩི་འཇོག་མེད་པ་མ་ཟད། རྒྱའི་བཙན་འོག་ཏུ་ཡོད་པའི་བཙོན་པ་རྣམས་ལ་མནར་གཅོད་གཏོང་བཞིན་པར་མཐའ་གཅིག་ཏུ་ངོ་རྒོལ་ཡོད་ཅེས་གསུངས་འདུག  

བོད་རྒྱའི་དབར་གྲོས་མོལ་གནང་རྒྱུ་ནི་ཐབས་ལམ་བཟང་ཤོས་ཤིག་ཡིན་པར་གསུངས་འདུག

རྒྱ་ནག་གཞུང་གིས་བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་ཐོག་འཛིན་པའི་སྲིད་བྱུས་ཁག་ལ་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་ཡོང་བར་ཕྱོགས་གཉིས་དབར་དོན་སྙིང་ལྡན་པའི་གྲོས་མོལ་གནང་རྒྱུ་དེ་ནི་ཐབས་ལམ་བཟང་ཤོས་ཤིག་ཡིན་པར་འགྲེལ་བརྗོད་གནང་འདུག   དེ་ཡང་ཉེ་ཆར་ཟླ་བ་སྔོན་མའི་ཕྱི་ཚེས་ ༢༤ ཉིན་རྒྱ་ནག་གི་རྒྱལ་ས་པེ་ཅིང་ནང་དུ་འཇར་མ་ནི་དང་རྒྱ་ནག་དབར་འགྲོ་བ་མིའི་ཐོབ་ཐང་གི་གྲོས་མོལ་ཐེངས་ ༡༣ དེ་གྲུབ་ཟིན་པ་དང་བསྟུན། ཁ་ཉིན་འཇར་མ་ནིའི་  deutsche welle གསར་སྤེལ་ཁང་ནས་འཇར་མ་ནི་གཞུང་གི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་ Christoph Straesser ལགས་སུ་གནད་དོན་དེ་དང་སྦྲགས་ཏེ། རྒྱ་ནག་གཞུང་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་ལ་ལྟ་ཚུལ་ཇི་འདྲ་ཡོད་མེད་ཐད་ལ་བཅར་འདྲི་ཁག་ཅིག་ཞུ་འདུག་པར།  སྐུ་ཞབས་ Christoph Straesser ལགས་ཀྱིས་༸གོང་ས་མཆོག་ནི་རྒྱལ་ཁབ་དང་མི་རིགས་ཁ་བྲལ་གཏོང་མཁན་ཞིག་མ་ཡིན་པར་འཛམ་གླིང་ཞི་བདེ་དེད་དཔོན་ཆེན་པོ་ཡིན་པ་ང་ཚོ་འཇར་མ་ནི་གཞུང་མང་གཉིས་ནས་ཤེས་གསལ་རེད། འོན་ཀྱང་རྒྱ་ནག་གཞུང་གིས་༸གོང་ས་མཆོག་ལ་འཛིན་བཞིན་པའི་ཁ་བྲལ་བའི་ལྟ་སྟངས་དེ་ལ་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་ཡོང་བར་ཕྱོགས་གཉིས་དབར་དོན་སྙིང་ལྡན་པའི་གྲོས་མོལ་གནང་རྒྱུ་དེ་ནི་ཐབས་ལམ་བཟང་ཤོས་ཤིག་རེད་ཅེས་གསུངས་འདུག དེ་བཞིན་སྐུ་ཚབ་རྣམས་ནས་རྒྱ་གཞུང་གིས་དབྱེ་བའི་བོད་རང་སྐྱོང་ལྗོངས་ཀྱི་ས་ཁུལ་ཁག་ཅིག་གི་ནང་ལ་འཚམས་གཟིགས་ཕེབས་ཡོད་སྟབས། བོད་ནང་གི་ཆོས་དད་རང་དབང་དང་སྐད་ཡིག་སྲུང་སྐྱོབ་སོགས་ཀྱི་ཐད་ལ་བཅར་འདྲི་ཞུ་སྐབས། ཁོང་གིས་ང་ཚོ་བོད་ནང་ཕྱིན་པ་ཙམ་ལས་བོད་ནང་གི་དངོས་ཡོད་གནས་སྟངས་ཇི་ཡིན་ཤེས་རྟོགས་གསལ་པོ་ཞིག་བྱུང་མ་སོང་། འོན་ཀྱང་དུས་ད་ལྟའི་ཆར་ལའང་བོད་ཀྱི་ས་ཁུལ་ཁག་གི་ནང་ལ་ཡོད་པའི་བོད་རིགས་རྣམས་ལ་ཆོས་དད་ཀྱི་རང་དབང་མེད་པ་མ་ཟད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དགའ་གུས་དད་གསུམ་དང་༸གང་ཉིད་མཆོག་གི་༸སྐུ་པར་རིགས་བདག་ཉར་ཞུ་ཚེ་ཁྲིམས་འགལ་གྱི་ནག་ཉེས་འོག་དམ་དྲག་དང་སེམས་འཚབ་ཀྱི་ངང་གནས་དགོས་པའི་བོད་མི་ཚོའི་རྣམ་པ་ཤུགས་ཆེ་མངོན་རྒྱུ་འདུག་བཅས་གསུངས་འདུག   ད་དུང་ཁོང་གིས་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་གཙོས་པའི་སྨྲ་བརྗོད་རང་དབང་དང་ཆོས་དད་རང་དབང།  དེ་བཞིན་གསར་འགོད་སོགས་ཀྱི་རང་དབང་ཐད་ལ་མུ་མཐུད་ནས་བརྩི་མེད་རྡོག་རོལ་གཏོང་བཞིན་པར་སྐྱོན་བརྗོད་བྱས་པ་ཞིག་ཡིན་ཞེས་གསལ་བཤད་ནན་པོ་གནང་འདུག  

COP21 ཚོགས་ཆེན་དང་འབྲེལ་བའི་གདོད་མའི་མི་རིགས་ཀྱི་ཚོགས་འདུ་ཐོག་བོད་ནང་འབྲོག་པ་གཞིས་སྤོས་ཀྱི་གནད་དོན་སྐོར་བགྲོ་གླེང་ལྷུག་པོ་བྱུང་འདུག

ཡུ་རོབ་རྒྱལ་ཁབ་ France གྱི་རྒྱལ་ས་ Paris ནང་ཚོགས་བཞིན་པའི་ COP21 ཞེས་རྒྱལ་ཚོགས་ཀྱི་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ལྷན་ཚོགས་དང་བསྟུན། གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་ཁོར་ཡུག་ཚོགས་འདུ་སྣ་མང་ཞིག་ཚོགས་པའི་ཁོངས་སུ་གདོད་མའི་མི་རིགས་ཀྱིས་འཛམ་གླིང་གནམ་གཤིས་འགྱུར་ལྡོག་ལ་གདོང་ལེན་གྱི་འཆར་སྣང་  ( The Vision Of Indigenious People To Cope with Climate change ) ཞེས་པའི་ཚོགས་འདུ་ཐོག་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཁོར་ཡུག་ཉམས་ཞིབ་པ་འཛམ་ལྷ་བསྟན་པ་རྒྱལ་ཚན་ལགས་མཉམ་ཞུགས་གནང་སྟེ། བོད་ཀྱི་འབྲོག་པ་གཞིས་སྤོས་ཀྱི་གནད་དོན་ཐོག་ལ་གསུང་བཤད་དང་བགྲོ་གླེང་ལྷུག་པོ་གནང་ཐུབ་པ་བྱུང་འདུག དེ་ཡང་ཁ་སང་ཚོགས་འདུའི་ཉིན་གསུམ་པའི་ཕྱི་དྲོ་ཁུལ་དེའི་ Nelson Mandela Home ཞེས་པའི་ཚོགས་ཁང་ནང་ཚོགས་འདུ་དེ་ཚོགས་འདུག་པ་དང་། དེའི་ཐོག་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་མི་གྲངས་ ༣༠༠ ཡས་མས་ཤིག་མཉམ་ཞུགས་གནང་ཡོད་པ་རེད།      བསྟན་པ་རྒྱལ་ཚན་ལགས་རྒྱལ་ཚོགས་ཀྱི་གོ་ལའི་ལྷན་ཚོགས་ནང་དངོས་སུ་མཉམ་ཞུགས་གནང་ཐུབ་མཁན་བོད་མི་གཅིག་པོ་དེ་ཆགས་ཀྱི་ཡོད་ཀྱང་། ཁོང་ལ་ཚོགས་མི་གཞན་ལྟར་གསུང་བཤད་གནང་རྒྱུའི་གོ་སྐབས་ཐོབ་མེད་པ་རེད། འོན་ཀྱང་ཁོང་དྲི་བ་དྲིས་ལན་གྱི་ལས་རིམ་ནང་མཉམ་ཞུགས་གནང་རྒྱུའི་གོ་སྐབས་ཡོད་པ་དེ་བེད་སྤྱོད་གནང་པ་དང་སྦྲགས།  རྒྱ་ནག་གི་ན་གཞོན་ཁོར་ཡུག་སྲུང་སྐྱོབ་ཚོགས་པ་ཁག་གི་ཚོགས་འདུ་ཞིག་གི་འདྲི་བ་དྲིས་ལན་གྱི་ལས་རིམ་ཁྲོད། བོད་ཀྱི་ཁོར་ཡུག་གནད་དོན་ཐད་གླེང་སློང་གནང ་རྒྱུའི་གོ་སྐབས་བླངས་ཐུབ་པ་བྱུང་འདུག   དེ་བཞིན་ཚོགས་འདུ་ར་བའི་ནང་བོད་ཀྱི་ཁོར་ཡུག་དང་འབྲེལ་བའི་འགྲེམས་སྟོན་གནང་རྒྱུའི་གོ་སྐབས་ཐོབ་དོན་བཞིན་བོད་ཀྱི་ཁོར་ཡུག་སྐོར་ལ་གོ་རྟོགས་རྒྱ་མི་ཆུང་བ་ཞིག་ཀྱང་སྤེལ་གནང་འདུག     ཡང་དེའི་བར་ན་ Civil Society ཚོགས་ཁང་ནང་དུ་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ནས་ཁོར་ཡུག་ལས་འགུལ་སྤེལ་མཁན་ཁོངས་སུ་ཡོད་པའི་བོད་པའི་ཁོར་ཡུག་ལས་འགུལ་བ་ཁག་ཅིག་ནས་ཀྱང་། བོད་ཀྱི་ཁོར་ཡུག་གནད་དོན་འབྲེལ་བའི་ཕྱག་དེབ་ཞིག་ཕ་རན་སིའི་སྲིད་འཛིན་ Francoise Hollande མཆོག་གི་ཕྱག་ལ་དངོས་སུ་ཕུལ་ཡོད་པ་རེད།  དེ་དང་ཕྱོགས་མཚུངས་སུ་བོད་ཀྱི་ཁོར་ཡུག་ལས་འགུས་བའི་རུ་ཁག་ནས་འདས་པའི་ཉིན་གྲངས་གཉིས་རིང་བོད་ཀྱི་ཁོར་ཡུག་གནས་སྟངས་སྐོར་མང་ཚོགས་ལ་གོ་རྟོགས་སྤེལ་མུས་ཡིན་པ་རེད་འདུག

Chile གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་ཆུང་གསར་འཛུགས་ཞུ་རྒྱུ་ཡིན་གསུངས་སོང་།

  ལྷོ་ཨ་རིའི་རྒྱལ་ཁབ་ཆི་ལེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་Vlado Mirosevic ལགས་དང་ཆི་ལེ་བོད་ཀྱི་གྲོགས་པོ་ཚོགས་པའི་ཚོགས་མི་Fernando Salinas རྣམ་གཉིས་བཞུགས་སྒར་དུ་ཆེད་ཕེབས་ཀྱིས་༸གོང་ས་མཆོག་མཇལ་ཁ་ཞུས་པ་དང་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་གཟིགས་སྐོར་ཕེབས་འདུག  དེ་ཡང་ཟླ་སྔ་མའི་ཕྱི་ཚེས་ ༢༩ ནས་ ༤ བཅས་སུ་བཞུགས་སྒར་དུ་འཚམས་གཟིགས་ལ་ཕེབས་པའི་ཆི་ལེ་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་Vlado Mirosevic ལགས་དང་ ཆི་ལེ་བོད་ཀྱི་གྲོགས་པོ་ཚོགས་པའི་ཚོགས་མི་Fernando Salinas རྣམ་གཉིས་ལ་འདི་ག་རླུང་འཕྲིན་ཁང་ནས་མགོན་པོ་མཆོག་གིས་ལྷན་མཇལ་ཞུ་སྐབས་བཀའ་སློབ་ཇི་ཕེབས་ཐད་བཅར་འདྲི་ཞུས་པར།     ཁོང་གིས་བོད་ཀྱི་གྲོགས་པོ་ཚོགས་པའི་འཐུས་མི་དང་ང་གཉིས་ད་ལན་བཞུགས་སྒར་དུ་འཚམས་གཟིགས་དང་འབྲེལ། ཁ་ཉིན་༸གོང་ས་མཆོག་དང་ལྷན་མཇལ་ཞུ་རྒྱུའི་གོ་སྐབས་བཟང་པོ་ཐོབ་པར་དགའ་ཚོར་ཆེན་པོ་བྱུང་བ་མ་ཟད། ༸གོང་ས་མཆོག་གི་དགོངས་པ་དེ་བོད་མི་གཅིག་པོ་མིན་པར་འགྲོ་བ་ཀུན་ལ་ཕན་བདེ་བསྒྲུབ་རྒྱུའི་དགོངས་བཞེས་རླབས་ཆེན་བཞེས་ཀྱི་ཡོད་པར་བསྔགས་བརྗོད་ཞུས་ཀྱི་ཡོད་ཅེས་དང་། ལྷག་པར་༸གང་ཉིད་མཆོག་དང་ལྷན་མཇལ་ཞུས་ཡུན་དེའི་ནང་༸གོང་ས་མཆོག་ནས་གཙོ་བོ་ཡ་རབས་བཟང་སྤྱོད་ཀྱི་གལ་གནད་ཆེ་བའི་ཐད་བཀའ་སློབ་གཟབ་ནན་ཕེབས་པ་དེ་སེམས་ལ་འཇུག་པོ་བྱུང་ཞེས་གསུངས་སོང་། ད་དུང་གྲོས་ཚོགས་ཀྱི་འཐུས་མི་ Vlado Mirosevic  ལགས་ཀྱིས་ཁོང་ད་ལན་བཞུགས་སྒར་དུ་ཕེབས་པ་ཐེངས་དང་པོ་ཆགས་ཀྱི་ཡོད་སྐོར་དང་། འདིར་ཕེབས་དགོས་དོན་ནི་སྐྱབས་བཅོལ་བོད་མིའི་གནས་སྟངས་དང་བོད་ཀྱི་གནད་དོན་སྐོར་ཤེས་རྟོགས་ཟབ་མོ་ཡོད་པའི་ཐོག་བོད་དོན་ལ་རྒྱབ་སྐྱོར་གནང་རྒྱུ་ཆེད་ཡིན་པ་མ་ཟད་ལྷག་པར་དུ་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དང་མཇལ་འཕྲད་ཀྱིས་བོད་ནང་གི་གནས་སྟངས་དང་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་བཅས་ཀྱི་ཞིབ་ཁྲའི་གནད་དོན་ཁག་ཤེས་པའི་ཐོག་ནས་རྒྱ་གཞུང་དང་ལྷན་གྲོས་བསྡུར་གྱིས་རྒྱལ་ཁབ་གཉིས་པོའི་དབར་འབྲེལ་བ་བཟང་དུ་འགྲོ་རྒྱུར་དམིགས་པ་ཞིག་ཡིན་པ་གསུངས་སོང་།   གྲོས་ཚོགས་འཐུས་མི་ Vlado Mirosevic ལགས་ནས་ཁོང་རང་ཡུལ་དུ་ཕྱིར་འཁོར་རྗེས་བོད་ཀྱི་གནད་དོན་ཁག་ཡུལ་མི་ཚོར་གོ་རྟོགས་སྤེལ་འཆར་ཡོད་པ་དང་ལྷག་དོན་རྒྱལ་ཁབ་དེའི་ནང་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་ཆུང་ཞིག་གསར་འཛུགས་བྱ་རྒྱུ་ཡིན་པའི་ཁས་ལེན་ཡང་གནང་ཡོད་པ་རེད།

པེ་རི་སི་ནང་དུ་ COP 21 ཚོགས་ཆེན་དབུ་འཛུགས་དང་བསྟུན་བོད་ཀྱི་ཁོར་ཡུག་གནད་དོན་གླེང་དགོས་པ་གསུངས་འདུག

ཕ་རན་སིའི་རྒྱལ་ས་པེ་རི་སིའི་ནང་དུ་ COP21 ཞེས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ལྷན་ཚོགས་ཚོགས་པ་དང་བསྟུན། བོད་མི་དང་བོད་དོན་རྒྱབ་སྐྱོར་བའི་རུ་ཁག་ཞིག་ནས་བོད་ཀྱི་ཁོར་ཡུག་གི་གནད་དོན་ཐད་ལས་འགུལ་སྤེལ་བཞིན་འདུག   དེ་རིང་ཟླ་ ༡༡ ཕྱི་ཚེས་ ༣༠ ཉིན་ཡོ་རོབ་རྒྱལ་ཁབ་ France ཡི་རྒྱལ་ས་ Paris ཉེ་ཁུལ་ Le Bourget ནང་དུ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གོ་ལའི་གནམ་གཤིས་འགྱུར་ལྡོག་དང་འབྲེལ་བའི་ COP21 ཞེས་པའི་ཁོར་ཡུག་གི་ལྷན་ཚོགས་དབུ་འཛུགས་གནང་པ་དང་བསྟུན། དེ་མཚུངས་སུ་རྒྱལ་ས་པེ་རི་སི་ནང་དུ་འཛམ་གླིང་ཕྱོགས་ཡོངས་ནས་ཁོར་ཡུག་ཚོགས་པ་དང་ལས་འགུལ་བ། དེ་བཞིན་མང་ཚོགས་བཅས་ནས་ཐེངས་འདིའི་ཚོགས་འདུའི་ཐོག་དོན་ཕན་ལྡན་པའི་གྲོས་ཆོད་ཁག་ཅིག་གཏན་འབེབས་གནང་དགོས་པའི་རེ་འབོད་གནང་པ་མ་ཟད།  གཞི་རྒྱ་ཆེ་བའི་ལས་འགུལ་སྣ་མང་ཞིག་སྤེལ་བཞིན་ཡོད་པ་རེད།  བོད་དེ་འཛམ་གླིང་གི་སྣེ་མོ་གསུམ་པ་ཞེས་པའི་ལས་འགུལ་དང་སྦྲགས། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་དང། བོད་ཀྱི་བེུད་ལྷན་ཚོགས། བོད་རང་བཙན་སློབ་ཕྲུག་ཚོགས་པ་བཅས་ཟུང་འབྲེལ་གྱིས་གོ་སྒྲིག་འོག་ལས་འགུལ་བའི་རུ་ཁག་ཞིག་ནས་འཛམ་གླིང་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་འགུལ་ནང་མཉམ་ཞུགས་གནང་སྟེ། བོད་ནང་གི་ཁོར་ཡུག་གནས་སྟངས་དེ་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པའི་ཁོར་ཡུག་གི་གནད་དོན་ཐད་ལས་འགུལ་ཞིག་སྤེལ་ཡོད་པ་རེད་འདུག  དེ་བཞིན་ཁ་ཉིན་ཚེས་ ༢༨ ཉིན་རུ་ཁག་དེའི་ངོས་ནས་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། ཁོང་རྣམས་ནས་ད་ལན་པེ་རི་སི་ནང་དུ་འཛམ་གླིང་ཁོར་ཡུག་སྲུང་སྐྱོབ་ཐད་རྒྱལ་ཁབ་ཁྱོན་ཡོངས་ཀྱི་ནུས་པ་མཉམ་སྤུངས་དགོས་པའི་གྲོས་ཆོད་བཞག་དགོས་པའི་ལས་འགུལ་ལ་གདུང་སེམས་མཉམ་བསྐྱེད་ཞུ་རྒྱུ་དང། ལྷག་པར་དུ་ལྷོ་བྱང་གི་སྣེ་གཉིས་ལྟར། བོད་སྣེ་གསུམ་པ་ཞེས་པའི་གོ་རྟོགས་ཀྱི་ལས་འགུལ་བརྒྱུད་བོད་ནང་གི་གནམ་གཤིས་འགྱུར་ལྡོག་དེའི་རྐྱེན་པས་འཛམ་གླིང་ཁོར་ཡུག་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱི་ཡོད་པ་དང། རྒྱ་ནག་གཞུང་གིས་འབྲོག་པ་གནས་སྤོ་དང་ཆུ་བོ་ཁ་བསྒྱུར། ཆུ་མཛོད་གསར་བརྒྱག དེ་བཞིན་གཏེར་ཁ་སྔོག་འདོན་སོགས་མཚོན་པའི་བོད་མཐོ་སྒང་གི་འཚོ་བའི་བརྟེན་གཞི་ཁོར་ཡུག་ལ་དོ་ཕོག་འགྲོ་བའི་ལས་འཆར་མང་དག་ཞིག་སྤེལ་སྟབས།   ཤར་གླིང་ཨེ་ཤི་ཡ་དང་འཛམ་གླིང་ཁྱོན་ཡོངས་ཀྱི་ཁོར་ཡུག་གི་གནས་སྟངས་ལ་དོ་ཕོག་ཚབས་ཆེན་འགྲོ་ངེས་ཡིན་པའི་གོ་རྟོགས་རྒྱ་གང་ཆེ་སྤེལ་ཐུབ་པ་བྱ་རྒྱུ་ཡིན་སྐོར་འཁོད་འདུག བོད་ཀྱི་ཁོར་ཡུག་ལས་འགུལ་བའི་རུ་ཁག་གི་མི་སྣ་གཙོ་བོ་གསུམ་པོ་ནས་འཛམ་གླིང་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་འགུལ་ནང་དངོས་སུ་མཉམ་ཞུགས་ཀྱིས་དེའི་ནང་ལྷན་ཞུགས་གནང་མཁན་འཛམ་གླིང་རྒྱལ་ཁབ་འདྲ་མིན་གྱི་གནད་ཡོད་མི་སྣ་ཁག་གི་ལྷན་དུ་བཀའ་མོལ་གྱི་ལམ་ནས། བོད་ཀྱི་ཁོར་ཡུག་གི་གལ་གནད་ཀྱི་གོ་རྟོགས་སྤེལ་བ་མ་ཟད།  གནད་དོན་དེའི་ཐད་ལ་རྒྱ་གཞུང་ལ་གནོན་ཤུགས་སྤྲོད་དགོས་པའི་འབོད་སྐུལ་ཡང་ཞུས་འདུག  ཐེངས་འདིའི་  France ཡི་རྒྱལ་ས་ Paris ནང་དུ་ COP21 ཞེས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ལྷན་ཚོགས་དེ་མ་གྲོལ་གྱི་བར་གཟའ་འཁོར་གཉིས་ཙམ་རིང་ལས་འགུལ་མུ་མཐུད་སྤེལ་འཆར་ཡོད་པ་རེད་འདུག  

ཡུ་རོབ་མཐུན་ཚོགས་ནས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐེར་བཏོན་བྱེད་དགོས་པ་གསུངས་འདུག

འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་ཡོ་རོབ་དང་རྒྱ་ནག་དབར་གྱི་འགྲོ་བ་མིའི་ཐོབ་ཐང་གི་གླེང་མོལ་ཐོག་ཡོ་རོབ་མཐུན་ཚོགས་ཀྱི་གཙོས་པའི་འཐུས་མི་རྒྱལ་ཁབ་ ༢༨ ནས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐེར་བཏོན་བྱ་དགོས་པ་དང་། གླེང་མོལ་དེའི་ཐོག་ནས་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་ཡོང་དགོས་པ་གསུངས་འདུག  དེ་ཡང་གཟའ་འཁོར་རྗེས་མའི་རེས་གཟའ་ཟླ་བའི་ཉིན་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ཡུ་རོབ་མཐུན་ཚོགས་དང་རྒྱ་ནག་གཉིས་དབར་གྱི་འགྲོ་བ་མིའི་ཐོབ་ཐང་གི་གྲོས་མོལ་ཐེངས་ ༣༤ པ་དེ་ཚོགས་ཀྱི་ཡོད་པ་རེད།   གྲོས་མོལ་དེའི་སྔ་རོལ་དང་བསྟུན། ད་ལན་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པ་ནས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་གནང་བའི་ནང་འཁོད་དོན་ལ།  འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་ངོས་ནས་འདས་པའི་ལོ་ཡུན་ནང་རྒྱལ་ཁབ་ཕྱོགས་གཉིས་ཀའི་དབར་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་གླེང་མོལ་རིམ་པར་བསྐོང་ཚོགས་གནང་པའི་བརྒྱུད་ད་བར་དོན་ཕན་སོན་པའི་གླེང་མོལ་གང་ཡང་བྱུང་མེད་སྐོར་ལུང་འདྲེན་དང་སྦྲགས། ཡུ་རོབ་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་ངེས་སྟོན་པ་ལྕམ་ Lotte leicht ལགས་ཀྱིས་ད་ལན་གྱི་གླེང་མོལ་དེའི་ཐོག ཡུ་རོབ་མཐུན་ཚོགས་ཀྱི་ངོས་ནས་ལངས་ཕྱོགས་དང་ལྟ་གྲུབ་གཞི་བརྟན་གཏན་པོ་ཞིག་བཟུང་ནས་རྒྱ་ནག་ལྷན་དུ་དོན་ཕན་སོན་པའི་གླེང་མོལ་གནང་པའི་བརྒྱུད་ཆེས་སྡུག་ཏུ་འགྲོ་བཞིན་པའི་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དེ་བཟང་དུ་གཏང་རྒྱུའི་འགན་ཡོད་ཅེས་གསུངས་འདུག དེ་བཞིན་ལྕམ་ Lotte leicht ཡུ་རོབ་མཐུན་ཚོགས་ཀྱི་སྐུ་ཚབ་རྣམས་པས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་གཙོས་པའི་རྒྱལ་ཁབ་གཉིས་ཀྱི་དབུ་ཁྲིད་དབར་མཇལ་མོལ་དང་ལྷན་འཛོམས་འདྲ་མིན་ཐོག རྒྱ་ནག་དང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་གླེང་སློང་གནང་པ་དང་། ཐུགས་འཚབ་ཡོད་པའི་གསུང་བཤད་སྤེལ་བ་ཁོ་ནས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཡར་རྒྱས་འགྲོ་རྒྱུ་ཞིག་མེད་པར་འགྲེལ་བརྗོད་གནང་པ་དང་སྦྲགས་ཏེ།  ཡུ་རོབ་མཐུན་ཚོགས་ཀྱི་ངོས་ནས་གཏན་འབེབས་གནང་པའི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོའི་ལྟ་གྲུབ་གཞི་བཟུང་གིས་དངོས་ཡོད་གནས་སྟངས་ཇི་ཡིན་ཕྱི་གསལ་ནང་གསལ་ཐོག་ནས་རྒྱ་ནག་གཞུང་ལ་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཡར་རྒྱས་གཏོང་རྒྱུའི་ཚད་གཞི་བསྐྲུན་དགོས་པ་མ་ཟད།  ད་བར་རྒྱ་གཞུང་ནས་འཛིནབཟུང་བྱས་པའི་གསར་འགོད་པ་དང་།  ཆོས་ལུགས་ཀྱི་དབུ་ཁྲིད། གྲངས་ཉུང་མི་རིགས་ཀྱི་འཐབ་རྩོད་པ་སོགས་འཕྲད་དུ་ཆ་རྐྱེན་གང་ཡང་མེད་པར་གློད་གཏོང་དགོས་པའི་རེ་འདུན་སྟོན་དགོས་པ་གསུངས་འདུག

ཁེ་ན་ཌའི་གཞུང་ལ་བོད་ཀྱི་ཁོར་ཡུག་གནད་དོན་དེ་གལ་གནད་ཆེ་ཤོས་སུ་འཛིན་དགོས་པའི་འབོད་སྐུལ་ཞུས་འདུག

རིང་མིན་ France ཡི་རྒྱལ་ས་ paris ནང་ COP21 ཞེས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ལྷན་ཚོགས་ཚོགས་འཆར་ཡོད་པ་དང་བསྟུན། ཁེ་ན་ཌ་བོད་དོན་རྒྱབ་སྐྱོར་ཚོགས་པ་ནས་ཡུལ་དེའི་ཁོར་ཡུག་བློན་ཆེན་ལྕམ་ Catherine McKenna མཆོག་ལ་བོད་མཐོ་སྒང་གི་ཁོར་ཡུག་གནད་དོན་དེ་གནད་ཆེར་ངོས་འཛིན་པའི་ཐོག་ནས་གླེང་སློང་དགོས་པའི་འབོད་སྐུལ་ཞུས་ཡོད་པ་རེད།  དེ་ཡང་ཁེ་ན་ཌ་བོད་དོན་རྒྱབ་སྐྱོར་ཚོགས་པས་ཁ་སང་ཕྱི་ཚེས་ ༢༣ ཉིན་སྤེལ་བའི་བསྒྲགས་གཏམ་དེའི་ནང་། འཚོགས་ལ་ཉེ་བའི་རྒྱལ་ཚོགས་ཀྱི་རྒྱལ་སྤྱིའི་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ལྷན་ཚོགས་དང་འབྲེལ། ཚོགས་པ་དེས་ཁེ་ན་ཌའི་གཞུང་ལ་བོད་ནི་གོ་ལའི་ཡང་སྟེང་དུ་ཆགས་ཡོད་པ་དང་། འཛམ་གླིང་གི་གནས་གསུམ་པར་གྲགས་པའི་བོད་དེ་ཡང་ལྷོ་བྱང་གི་སྣེ་གཉིས་ལྟར་གལ་གནད་ཆེན་པོ་ཡིན་པ་མ་ཟད། ལྷག་པར་དུ་འཛམ་གླིང་འཁྱགས་རོམ་གྲངས་མང་ཤོས་གསུམ་པར་གྲགས་ཤིང་ཨེ་ཤི་ཡའི་གླིང་ཆེན་ཆེ་ཤོས་དྲུག་གི་ཆུ་སྒོ་སོགས་ཆགས་ཏེ་མཐོ་སྒང་ཆེ་ཤོས་དང་མཐོ་ཤོས་ཡིན་པ་གསལ་སྟོན་གནང་པ་དང་སྦྲགས། རྒྱལ་ཚོགས་ཀྱི་དབུ་ཁྲིད་ཚོའི་ཁོར་ཡུག་ལྷན་ཚོགས་དེའི་ནང་བོད་དེ་གོ་ལའི་གནམ་གཤིས་ཀྱི་ངལ་བ་སེལ་རྒྱུར་གནད་དོན་གལ་འགངས་ཅན་ཞིག་ཡིན་སྟབས། མཐོ་སྒང་གི་ཁོར་ཡུག་སྲུང་སྐྱོབ་ཆེད་ཤུགས་གནོན་རྒྱབ་དགོས་པའི་རེ་འདུན་བཏོན་འདུག ལྷག་པར་དུ་ཚོགས་པ་དེའི་སྤྱི་ཁྱབ་འགན་འཛིན་ Carole Samdup ལགས་ཀྱིས་ཁེ་ན་ཌའི་ཁོར་ཡུག་དང་གནམ་གཤིས་འགྱུར་ལྡོག་གི་བློན་ཆེན་ McKenna མཆོག་ལ་རྒྱ་ནག་གཞུང་གིས་བོད་ནང་སྤེལ་བཞིན་པའི་དཔལ་འབྱོར་འཛུགས་སྐྲུན་གྱི་སྲིད་བྱུས་དེ་དག་གིས་བོད་གི་གནམ་གཤིས་འགྱུར་ལྡོག་དང་། ལྷག་པར་དེ་ལ་བརྟེན་མཁན་གྱི་ཨེ་ཤི་ཡའི་ཆུ་རྒྱུན་ཁག་ལ་ཤུགས་རྐྱེན་ཇི་ཙམ་སྤྲད་ཀྱི་ཡོད་མེད་ཐད་བསྐྱར་ཞིབ་དགོས་པ་རྒྱ་གཞུང་ལ་གནོན་ཤུགས་སྤྲོད་དགོས་པའི་དགོས་འདུན་བཏོན་ཡོད་པ་མ་ཟད། སྤྱིར་བོད་ནང་བྱུང་བཞིན་པའི་གནམ་གཤིས་འགྱུར་ལྡོག་གི་རྒྱུ་རྐྱེན་དེ་རྒྱ་ནག་གཅིག་པུ་ལ་རག་ལུས་ཀྱི་མེད་ཀྱང་།  བོད་ཀྱི་ཁོར་ཡུག་ལ་དོ་ཕོག་འགྲོ་གཞི་ཆུ་མཛོད་གསར་རྒྱགས་དང་གཏེར་ཁ་བསྔོག་འདོན། དེ་བཞིན་བཙན་དབང་གིས་འབྲོག་པ་གཞིས་སྤོས་ཀྱི་ལས་གཞི་དེ་དག་རྒྱ་གཞུང་གིས་མཚམས་འཇོག་བྱ་དགོས་པའི་འོས་འགན་ཡོད་པ་ནན་བརྗོད་གནང་འདུག  མ་ཟད་ཁེ་ན་ཊ་བོད་རིགས་ཚོགས་པས་གལ་ཆེའི་རང་བཞིན་ལྡན་པའི་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་གནད་དོན་དེ་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དང་འབྲེལ་ཡོད་བསྙད་ནས་རྒྱ་གཞུང་གིས་བོད་མིའི་སྨྲ་བརྗོད་དང་གནས་ཚུལ་རྒྱུས་ལོན་བྱ་རྒྱུའི་རང་དབང་སོགས་ཀྱི་ཐད་ལ་དམིགས་བསལ་ཚད་འཛིན་བྱས་ཀྱི་ཡོད་པར་སྐྱོན་བརྗོད་དང་སྦྲགས། དེས་བོད་ནང་གི་མང་ཚོགས་ཚོའི་རང་དབང་སྲུང་སྐྱོབ་བྱ་རྒྱུར་དོ་ཕོག་ཆེན་པོ་གཏོང་བཞིན་ཡོད་པར་སེམས་འཚབ་གནང་བ་མ་ཟད། ཁེ་ན་ཌའི་གཞུང་ནས་རིང་མིན་རྒྱལ་སྤྱིའི་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ལྷན་ཚོགས་ཐོག་ཆེད་ཕེབས་གནང་མཁན་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་དང་ལྷན་དུ་འབྲེལ་བ་གནང་དགོས་པའི་དགོངས་འཆར་ཡང་ཕུལ་འདུག

རྒྱ་གར་གཞུང་ནས་བོད་ཐོག་འཛིན་པའི་ཆབ་སྲིད་ཀྱི་བཞེངས་ཕྱོགས་ལ་འགྱུར་བ་གཏང་རྒྱུ་མེད་སྐོར་གསུངས་འདུག

རྒྱ་གར་དབུས་གཞུང་གི་ནང་སྲིད་བློན་ཆེན་གཞོན་པ་སྐུ་ཞབས་ Kiren Rijiju མཆོག་གིས་རྒྱ་གར་གཞུང་ནས་འཕགས་བོད་རྒྱལ་ཁབ་གཉིས་དབར་གྱི་དུས་ཡུན་རིང་པོའི་རིག་གཞུང་གི་འབྲེལ་བ་ལ་གཞིགས་ནས། བོད་ཐོག་འཛིན་པའི་ཆབ་སྲིད་ཀྱི་བཞེངས་ཕྱོགས་ལ་འགྱུར་བ་གཏང་རྒྱུ་མེད་པ་གསུངས་འདུག  དེ་ཡང་ཁ་ཉིན་རེས་གཟའ་སྤེན་པ་སྟེ་བོད་ཟླ་༡༠ཚེས་༡༠ཉིན་བཞུགས་སྒར་ཉེ་འཁྲིས་དཔལ་སྤུངས་ཤེས་རབ་གླིང་དགོན་དུ་འཕགས་ཡུལ་གདན་ས་དཔལ་སྤུངས་ཤེས་རབ་གླིང་གི་བསྟན་བདག་བྱམས་མགོན་ཏཱའི་སི་ཏུ་རིན་པོ་ཆེ་མཆོག་གིས་དབུ་བཞུགས་ཐོག དཔལ་སྤུངས་ལུགས་ཀྱི་ཚེས་བཅུའི་གུ་རུའི་གར་འཆམ་ཐེངས་བཅུ་པ་གཟིགས་འབུལ་ཞུས་ཡོད་པ་ལྟར། མཛད་སྒོའི་སྐུ་མགྲོན་དུ་རྒྱ་གར་གྱི་ནང་སྲིད་བློན་ཆེན་གཞོན་པ་སྐུ་ཞབས་ Kiren Rijiju མཆོག་གིས་དབུས་པའི་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་སྐུ་ཞབས་ Shanta Kumar མཆོག་སོགས་ཆེས་མཐོའི་དཔོན་རིགས་ཁག་ཅིག་ཕེབས་འདུག  སྐུ་ཞབས་ Kiren Rijiju མཆོག་གིས་སྐབས་དེར་རྒྱ་གར་དང་བོད་གཉིས་ཀྱི་ལོ་རྒྱུས་ཐོག་གི་འབྲེལ་བའི་གལ་གནད་སྐོར་ལ་གསུངས་ཏེ། དབུས་གཞུང་ནས་བོད་ཐོག་འཛིན་པའི་ཆབ་སྲིད་ཀྱི་བཞེངས་ཕྱོགས་ལ་འགྱུར་གཏང་རྒྱུ་མེད་པ་དེ་ལྟར་ཡང། རྒྱ་གར་དང་བོད་ནི་ནང་པ་སངས་རྒྱས་པའི་རྗེས་འབྲང་པ་དང་། སྟོན་པ་དེའི་ཆོས་ཉམས་ལེན་གནང་མཁན་གཅིག་པ་ཞིག་ཆགས་ཡོད་ཅིང་། ཁྱད་པར་དུ་འཕགས་བོད་གཉིས་དབར་ལ་བླ་སློབ་ཀྱི་འབྲེལ་བ་རྩ་ཆེ་ཞིག་གྲུབ་ཡོད་པ་མ་ཟད། ཆོས་ཕྱོགས་ཀྱི་འབྲེལ་བ་འདི་ནི་ཕྱོགས་གཉིས་ཀྱི་མཐུན་སྒྲིལ་གྱི་གཞི་རྟེན་ཞིག་ཀྱང་ཆགས་ཡོད་པ་གསུངས་འདུག  གུ་རུའི་གར་འཆམ་ཐེངས་བཅུ་པ་གཟིགས་འབུལ་ཞུས་པ་དེའི་ཐོག་ནས་འཕགས་ཡུལ་གདན་ས་དཔལ་སྤུངས་ཤེས་རབ་གླིང་གི་བསྟན་བདག་བྱམས་མགོན་ཏཱའི་སི་ཏུ་རིན་པོ་ཆེ་མཆོག་གིས་རྒྱ་གར་གཞུང་མང་ལ་ཐུགས་རྗེ་ཆེ་ཞུ་དང་སྦྲགས། རྒྱ་གར་གཞུང་གིས་རོགས་རམ་འོག་བཙན་བྱོལ་དུ་འབྱོར་རྗེས་དཔལ་སྤུངས་ཤེས་རབ་གླིང་དགོན་གསར་འཛུགས་ཐུབ་པ་བྱུང་ཡོད་པ་སོགས་བླང་དོར་བཀའ་སློབ་གནང་འདུག

Latest news