Tibetan Royal Year of 2151 | Year of the Wood Dragon

གསར་འགྱུར།

བོད་མིའི་གཞིས་སྒར་ཁག་ཅིག་ཏུ་འོས་བསྡུ་གནང་ཡུལ་གྱི་ས་ཚིགས་མང་དུ་བཏང་བ།

ཏོག་དབྱིབས་གཉན་རིམས་ཁྱབ་གདལ་གྱི་རྐྱེན་གྱིས་སླེབས་ལ་ཉེ་བའི་ཕྱི་ལོ་ ༢༠༢༡ ལོའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུ་ཆེན་མོའི་གྲ་སྒྲིག་དང་འབྲེལ་ནས་བོད་མིའི་གཞིས་སྒར་ཁག་ཅིག་ཏུ་འོས་བསྡུ་གནང་ཡུལ་གྱི་ས་ཚིགས་དང་ལས་བྱེད་སོགས་མང་དུ་བཏང་སྟེ་གཉན་རིམས་སྔོན་འགོག་ཐད་དམིགས་བསལ་སྟ་གོན་གནང་རྒྱུ་རེད་འདུགཏོག་དབྱིབས་གཉན་རིམས་རྐྱེན་པས་འཛམ་གླིང་ཁྱོན་ཡོངས་ཀྱི་མི་རྒྱུ་གཉིས་ཀར་ངལ་བ་ཆེས་ཆེར་འཕྲད་བཞིན་པ་དང་ལྷག་དོན་ཉེ་བའི་ཆར་གཉན་རིམས་ཁྱབ་བརྡལ་གྱི་གནས་ཚུལ་དེ་ཉིན་རེ་བཞིན་ཇེ་མང་དུ་འགྲོ་བཞིན་པའི་ཛ་དྲག་གི་དུས་སྐབས་འདིར་རིང་མིན་ཕྱི་ཟླ་ ༡ ཚེས་ ༣ ཉིན་བཙན་བྱོལ་བོད་མི་གནས་སྡོད་བྱ་ཡུལ་ས་གནས་གང་སར་དབུས་འོས་བསྡུ་ལས་ཁུངས་ཀྱིས་བཀོད་ཁྱབ་ཕེབས་དོན་ལྟར་ཕྱི་ལོ་ ༢༠༢༡ ལོའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུ་ཆེན་མོ་གནང་གཏན་ཁེལ་ཡོད་པ་རེད།རླུང་འཕྲིན་ཁང་གིས་བཞུགས་སྒར་དྷ་རམ་ས་ལར་ལ་གཙོས་བོད་མི་འདུ་གནས་ཁག་ཅིག་ཏུ་འོས་བསྡུའི་སྟ་གོན་དང་འབྲེལ་བའི་གནས་ཚུལ་རྒྱུས་ལོན་ཞུས་དོན་ལྟར། དྷ་རྨ་ས་ལར་མཚོན་ན་ཁ་ཉིན་དྷ་ས་ས་གནས་འོས་བསྡུ་ལས་ཁང་གིས་འོས་བསྡུ་གནང་ཡུལ་གྱི་ས་གནས་སམ་ས་ཚིགས་དང་དུས་ཚོད་གང་ཡིན་སྐོར་མང་ཚོགས་ལ་གསལ་བསྒྲགས་ཤིག་སྤེལ་བར་འདི་ལོ་དྷ་རམ་ས་ལར་སྔར་རྒྱུན་བཞིན་འོས་བསྡུ་བྱ་ཡུལ་གྱི་ས་ཚིགས་ཁག་བཅིུག་གྲ་སྒྲིག་གནང་ཡོད་པ་དེ་དག་ནི་གངས་སྐྱིད་དང་ལྷ་རྒྱལ་རི། ཤུག་གསེབ་བཙུན་དགོན། དྷ་སྟེང་བོད་ཁྱིམ་སློབ་གྲྭ། སཱ་ར་མཐོ་སློབ། ཤེས་རབ་དགའ་ཚལ་སློབ་གླིང་། དྷ་ཤོད་བོད་ཁྱིམ། གོ་པར་པུར་བོད་ཁྱིམ། ཅ་མོན་ཌ། ནོར་གླིང་རིག་གཞུང་གཅེས་སྐྱོང་ཁང་། དེ་བཞིན་རྒྱུད་སྟོད་གྲྭ་ཚང་བཅས་ཡིན་པ་བཀོད་འདུག ད་ལན་གཉན་རིམས་ཁྱབ་བརྡལ་གྱི་རྐྱེན་གྱིས་འོས་བསྡུ་བྱ་ཡུལ་གྱི་ས་གནས་གསར་པ་གསུམ་གྲ་སྒྲིག་གནང་ཡོད་པ་དེ་དག་ནི་སྨན་རྩིས་ཁང་དང་ཡོངས་གླིང་སློབ་གྲྭ  བོད་ཀྱི་ཟློས་གར་ཚོགས་པ་བཅས་ཆགས་ཀྱི་འདུགབོད་མི་འདུ་སྡོད་ཀྱི་གཞིས་སྒར་ཆེ་ཤོས་མོན་གྷོ་འདོད་རྒུ་གླིང་ནང་ཕྱི་ལོ་ ༢༠༢༡ ལོའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུའི་ལས་རིམ་ནང་ད་བར་བོད་མི་ ༥༩༤༣  གྱིས་དེབ་སྐྱེལ་གནང་ཟིན་འདུག་པ་དང་ལྷག་དོན་ད་ལན་ཏོག་དབྱིབས་གཉན་རིམས་ཀྱི་ཛ་དྲག་གནས་སྟངས་ཁྲོད་གཞིས་སྒར་དེའི་ནང་སྤྱིར་འོས་བསྡུ་གནང་ཡུལ་གྱི་ས་གནས་ཁག་བདུན་སྔར་བཞིན་རང་འཇགས་གནས་མུས་རེད་འདུག་པ་དང་། དེའི་ནང་གསེས་དགའ་ལྡན་བླ་སྤྱི་དང་འབྲས་སྤུངས་བླ་སྤྱི་གཉིས་ཀྱི་དགེ་འདུན་པ་རྣམས་སྡེ་ཚན་བཞི་རེར་ཆ་བགོས་ཀྱིས་ཁྱོན་འོས་བསྡུ་བྱ་ཡུལ་གྱི་ས་ཚིགས་བཅུ་བཞི་ཙམ་ཞིག་གྲ་སྒྲིག་གནང་གཏན་འཁེལ་འདུགམོན་གྷོ་ས་གནས་འགོ་འཛིན་ལྷག་པ་ཚེ་རིང་ལགས་ཀྱིས་མོན་གྷོ་ནང་དེ་སྔ་གཉན་རིམས་ཕོག་མཁན་གྱི་གྲངས་ཐོ་མང་ཤོས་ཤིག་ཆགས་ཡོད་ཀྱང་རིམ་པས་སྔོན་འགོག་གི་བྱེད་སྒོ་ཁག་ལ་དམ་དོན་གནང་བ་བརྒྱུད་ཟླ་བ་སྔོན་མ་ནས་དེ་རིང་བར་གཞིས་སྒར་དེའི་ནང་ནད་པ་གཅིག་ཀྱང་མེད་པའི་གནས་སྟངས་ཤིག་ཆགས་ཡོད་སྐོར་དང་སྦྲགས། རིང་མིན་སླེབས་ལ་ཉེ་བའི་འོས་བསྡུ་ཆེན་མོའི་གྲ་སྒྲིག་དང་འབྲེལ་ནས་ས་གནས་འོས་བསྡུའི་ཚོགས་མི་དང་ཟུར་དཔང་རྣམ་པ་གཞིས་གྲོང་ཁག་དང་དགོན་སྡེ་ཁག་སོ་སོའི་ལས་ཀྱི་སྣེ་མོ་བ་རྣམ་པ་བརྒྱུད་ནས་མང་ཚོགས་ལ་འོས་བསྡུ་བྱ་ཡུལ་གྱི་ས་གནས་དང་དུས་ཚོད། དེ་བཞིན་འོས་བསྡུའི་སྐབས་སྒེར་སོ་སོས་སྔོན་འགོག་གི་བྱེད་སྒོ་གང་གནང་དགོས་མིན་སོགས་ཀྱི་གལ་ཆེའི་ལམ་སྟོན་ཁག་གནང་ཡོད་པ་གསུངས་སོང་། རྒྱ་གར་བྱང་ཕྱོགས་ལ་དྭགས་སུ་ཕྱི་ལོ་ ༢༠༢༡ ལོའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་བོད་མི་མང་སྤྱི་འཐུས་སྐབས་ ༡༧ པའི་སྔོན་འགྲོའི་འོས་བསྡུ་ལས་རིམ་འདིའི་ནང་བོད་མི་དེབ་སྐྱེལ་གནང་མཁན་གྱི་ཁ་གྲངས་ ༤༠༠༠ ཙམ་བྱུང་འདུག་པ་དང་ལྷག་དོན་ལ་དྭགས་ནང་དེ་སྔ་ཏོག་དབྱིབས་གཉན་རིམས་ཕོག་མཁན་མང་པོ་བྱུང་རྐྱེན་ཐེངས་འདིར་འོས་བསྡུའི་གྲ་སྒྲིག་དང་འབྲེལ་བསོད་ནམས་གླིང་བོད་མིའི་གཞིས་ཆགས་ཀྱི་ཁྱབ་ཁོངས་བྱང་ཐང་ས་གནས་ཁག་བརྒྱད་པོར་སྤྱིར་བུ་ས་ཚིགས་རེ་རེ་དང་ལྷག་དོན་སླེ་རུ་རྒྱུན་དུ་གོ་སྒྲིག་ཞུ་རྒྱུའི་སྤྱིར་བུ་ས་ཚིགས་བཞིའི་ཐོག་ས་ཚིགས་གཉིས་མང་དུ་བཏང་ནས་ཁྱོན་སྤྱིར་བུ་ས་ཚིགས་བཅུ་བཞི་སྟ་གོན་གནང་རྒྱུ་རེད་འདུག རྩ་བའི་རླུང་འཕྲིན་ཁང་ནས་བོད་མི་འདུ་སྡོད་ཀྱི་ས་གནས་ཆེ་ཁག་གཞན་ཁག་ནང་འོས་བསྡུའི་ལས་རིམ་གྲ་སྒྲིག་དང་འབྲེལ་བའི་གནས་ཚུལ་རྒྱུས་ལོན་གནང་སྐབས་ས་གནས་ཁག་ཅིག་ཏུ་འོས་བསྡུ་བྱ་ཡུལ་གྱི་ས་ཚིགས་དེ་སྔ་བཞིན་རང་སོར་གནས་ངེས་ཡིན་པ་དང་ཡང་གཞིས་སྒར་ཁག་ཅིག་ཏུ་ད་ལྟའི་ཆར་འོས་བསྡུ་བྱ་ཡུལ་གྱི་ས་ཚིགས་གྲ་སྒྲིག་ཐད་མུ་མཐུད་གོ་བསྡུར་གནང་བཞིན་ཡོད་སྐོར་གསུངས་སོང་།

རྒྱལ་སྤྱིའི་ཁྲིམས་སྒྲིག་ཁག་ལ་བརྩི་སྲུང་གིས་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་གློད་བཀྲོལ་དགོས།

བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་ཉེ་ཆར་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་དང་བསྟུན། རྒྱ་གཞུང་གི་བཙོན་འཇུག་འོག་ཡོད་པའི་བོད་མིའི་ཆབ་སྲིད་བཙོན་པ་རྣམས་ཀྱི་གནས་སྟངས་སྐོར་གོ་རྟོགས་ཀྱི་ལས་འགུལ་ཞིག་སྤེལ་བ་དང་འབྲེལ། རྒྱ་ནག་གཞུང་ལ་རྒྱལ་སྤྱིའི་ཁྲིམས་སྒྲིག་ཁག་ལ་རྩིས་སྲུང་གིས་ཆབ་སྲིད་བཙོན་པ་རྣམས་གློད་བཀྲོལ་དགོས་པའི་འབོད་སྐུལ་གནང་འདུགབོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་ཉེ་ཆར་ཟླ་ ༡༢ ཚེས་ ༡༠ ནས་ཟླ་ ༡ ཚེས་ ༡༠ བར་སྤེལ་བཞིན་པའི་ལས་འགུལ་འདིའི་ནང་བདུན་ཕྲག་རེར་བརྙན་ཐུང་གཉིས་རེ་བྱས་ནས་བརྒྱུད་འགོད་ཀྱིས་བོད་མིའི་ཆབ་སྲིད་བཙོན་པའི་ལོ་རྒྱུས་བརྙན་ཐུང་དག་གི་ནང་དུ་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་ནི་རྒྱ་གཞུང་གི་སྲིད་དབང་གཅིག་སྡུད་སྒེར་གཅོད་ལམ་ལུགས་ཀྱི་འཚེ་བ་ཐེབས་མཁན་ཡིན་པའི་གནས་སྟངས་གསལ་སྟོན་གནང་གི་ཡོད་པ་རེད། རྒྱ་ནག་གཞུང་གིས་དྲག་གནོན་གྱི་སྲིད་བྱུས་འོག་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ཁག་བརྩི་མེད་རྡོག་རོལ་གཏོང་བཞིན་ཡོད་པ་ཆེས་མངོན་གནང་སྟེ་རྒྱ་ནག་གཞུང་ལ་བོད་ནང་དྲག་གནོན་གྱི་སྲིད་བྱུས་སྤེལ་ཁག་འཕྲལ་མར་མཚམས་འཇོག་དགོས་པ་དང་། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཁྲིམས་སྒྲིག་ཁག་ལ་བརྩི་སྲུང་ཞུ་རྒྱུར་མིང་རྟགས་བཀོད་ཟིན་པ་ལྟར་ལག་བསྟར་དོན་འཁྱོལ་བྱེད་དགོས་པར་མ་ཟད་ལྷག་དོན་ད་ལྟའི་ཆར་རྒྱ་ནག་གི་བཙོན་ཁང་དུ་སྡུག་སྦྱོང་མནར་གཅོད་མྱོང་བཞིན་པའི་བོད་མིའི་ཆབ་སྲིད་བཙོན་པ་རྣམས་འཕྲལ་དུ་གློད་བཀྲོལ་དགོས་པའི་འབོད་སྐུལ་ཞུས་འདུག  

ཏོག་དབྱིབས་རིམས་ནད་ཁྲོད་ཀྱི་བོད་རིགས་མཐོ་རིམ་སློབ་མའི་གནས་བབ་ལ་རྒྱུས་ལོན།

འདི་ལོའི་རྒྱ་ནག་གི་ཏོག་དབྱིབས་རིམས་ནད་ཀྱི་རྐྱེན་གྱིས། མི་མང་གི་འགྲོ་འདུག་བཀག་སྡོམ་བྱས་པ་བརྒྱུད་ནས་སློབ་སྦྱོང་གི་ཁོར་ཡུག་ལ་བརྡལ་བཤིག་ཆེན་པོ་ཐེབས་ཡོད་པ་ལྟར། རྒྱ་གར་གྱི་ནང་དུ་མཚོན་ན་ཕྱི་ཟླ་གསུམ་པ་ནས་བཟུང་ད་ལྟའི་བར་དུ་མཐོ་སློབ་ཁག་དུ་འཛིན་གྲྭ་དངོས་སུ་འཚོགས་མ་ཐུབ་པར་དྲྭ་ཐོག་ནས་སློབ་ཁྲིད་བྱེད་ཀྱི་ཡོད་པ་མ་ཟད། ད་སྐབས་ལོ་མཇུག་གི་སློབ་སྐབས་མཐའ་མའི་ཡིག་རྒྱུགས་ཀྱང་དྲྭ་ཐོག་ནས་གཏོང་བཞིན་པའི་ཡོད་པ་རེད། དེ་རིང་འདི་གའི་གསར་འགོད་པས་བཞུགས་སྒར་ཁུལ་དུ་གནས་སྡོད་ཀྱི་མཐོ་སློབ་ཀྱི་སློབ་མ་མཁྱེན་རབ་འོད་གསལ་ལགས་དང་། རྒྱ་གར་མངའ་སྡེ་བྷ་རོ་ཊའི་ཁུལ་དུ་གནས་སྡོད་ཀྱི་སློབ་མ་ཕུན་ཚོགས་ཡི་ཤེས་ལགས་དང་། བྷང་ལོར་ཁུལ་ནས་སློབ་མ་རྟ་མགྲིན་ལྷ་མོ་ལགས་སོགས་སུ་དྲྭ་ཐོག་གི་སློབ་ཁྲིད་ཀྱི་དཀའ་ངལ་དང་ཡིག་རྒྱུགས་གཏོང་ཕྱོགས་སོགས་ཀྱི་ཐད་ནས་བཅར་འདྲི་བྱས་པར་ཚང་མས།  དྲྭ་རྒྱ་ལེགས་པོ་ཡོད་མེད་དང་དེ་བཞིན་གློག་ཤི་བ་སོགས་ཀྱི་དབང་གིས་མཚམས་རེར་སློབ་ཁྲིད་ལ་ཞུགས་ཐུབ་མིན་གྱི་གནད་དོན་འབྱུང་གི་ཡོར་པར་ངོ་སྤྲོད་གནང་སོང་། ཡིག་རྒྱུགས་གཏོང་ཕྱོགས་དང་འབྲེལ་ནས། གློག་ཀླད་དང་དྲྭ་རྒྱ་སོགས་ཀྱི་མཐུན་རྐྱེན་དགོས་ངེས་ཡིན་པ་མ་ཟད། མཐོ་སློབ་སོ་སོའི་ཡིག་རྒྱུགས་གཏོང་ཕྱོགས་ཀྱི་མཉེན་ཆས་ཀྱི་མ་ལག་མ་འདྲ་བ་ངོ་སྤྲོད་བྱས་ཡོང་སྐབས་དུས་ཐོག་ཏུ་བེད་སྤྱོད་ཡག་པོ་ཡོང་མིན་སོགས་དང་དེ་བཞིན་དྲ་ཐོག་ནས་སློབ་ཁྲིད་བྱེད་སྐབས་ཟུར་ལྟའི་དཔྱད་གཞིའི་ཡིག་ཆ་མ་རག་པ་སོགས་དང་འབྲེལ་བའི་དཀའ་ངལ་འཕྲད་ཀྱི་ཡོད་པར་ངོ་སྤྲོད་གནང་ཡོད། གཞི་རྩའི་གྲོང་ཁྱེར་ཆེ་ཁག་ཏུ་གནས་སྡོད་བྱེད་མཁན་གྱི་སློབ་མ་མང་པོ་ཞིག་གིས་དུས་ཐོག་ཏུ་སློབ་ཁྲིད་ལ་ཞུགས་པ་མ་ཟད། ཡིག་རྒྱུགས་ལ་ཡང་ཞུགས་ཐུབ་ཡོད་འདུག འོན་ཀྱང་ལ་དྭགས་དང་ཨ་རི་ན་ཅལ་སོགས་ཀྱི་ས་ཁུལ་ཁུག་ཀྱོག་གི་སློབ་མ་རྣམས་ལ་དྲྭ་རྒྱའི་མཐུན་རྐྱེན་འཛོམས་པོ་མེད་སྟབས་དྲྭ་ཐོག་གི་ཡིག་རྒྱུགས་སོགས་ལ་དུས་ལྟར་ཞུགས་མ་ཐུབ་པའི་དཀའ་ངལ་བྱུང་ཡོད་པ་ལྟར། མཐོ་སློབ་ཁ་ཤས་ཀྱིས་གནས་སྟངས་དེར་བསམ་ཤེས་གནང་སྟེ་ཡིག་རྒྱུགས་ལ་ཞུགས་མ་ཐུབ་མཁན་རྣམས་ལ་གོ་སྐབས་གཉིས་བ་ཞིག་འབུལ་བཞིན་ཡོད་པ་རེད་འདུག

འཛམ་གླིང་སྤྱིའི་ཁེ་ཕན་སླད་བོད་མཐོ་སྒང་གི་འཁྱག་རོམ་དང་རི་བོ་སྲུང་སྐྱོབ་གནང་དགོས།

ཟླ་བ་འདིའི་ཚེས་ ༡༡ ཉིན་རྒྱལ་སྤྱིའི་རིའི་ཉིན་མོ་དང་བསྟུན། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཉིན་མོ་དེ་སྲུང་བརྩི་ཞུས་པ་དང་སྦྲགས་ཏེ་ང་ཚོས་ངེས་པར་དུ་འཛམ་གླིང་སྤྱིའི་ཁེ་ཕན་སླད་བོད་མཐོ་སྒང་གི་འཁྱག་རོམ་དང་རི་བོ་སྲུང་སྐྱོབ་གནང་དགོས་ཞེས་གསུངས་སོང་།ཁ་སྔོན་ཨོ་སི་ཀྲོ་ལི་ཡར་གནས་བཞུགས་སྒྱུ་རྩལ་བ་བསྟན་འཛིན་ཆོས་རྒྱལ་ལགས་ཀྱིས་དྲ་ཐོག་བརྒྱུད་རི་བོའི་ཉིན་མོ་སྲུང་བརྩི་དང་སྦྲགས། སྲིད་སྐྱོང་མཆོག་གིས་དབུས་པའི་ཁོར་ཡུག་དོན་གཉེར་བ་དང་ཚན་རིག་པ། ཨོ་གླིང་གི་མི་སྣ་གལ་ཆེ་ཁག་ཅིག རི་འཛེགས་གནང་མཁན་ཁག་ཅིག་གདན་ཞུས་ཀྱིས་བོད་ཀྱི་རི་བོ་དེ་དག་ཅི་ཕྱིར་གལ་གནད་ཆགས་ཀྱི་ཡོད་མེད་ཐད་གཏམ་བཤད་ཀྱི་ལས་རིམ་ཞིག་གོ་སྒྲིག་གནང་ཡོད་པ་རེད།སྐབས་དེར་སྲིད་སྐྱོང་མཆོག་གིས་འཛམ་གླིང་གི་བརྒྱ་ཆ་ ༢༢ ཙམ་ཞིག་ནི་རི་བོ་ཡིན་པ་དང་དེ་བཞིན་བརྒྱ་ཆ་ ༥༠ ཙམ་ཞིག་གི་ཆུ་བོ་ནི་རི་བོ་དེ་དག་ནས་ཡོང་གི་ཡོད་སྟབས་རི་བོ་ནི་ཧ་ཅང་གལ་གནད་ཆགས་ཀྱི་ཡོད་པར་གསུངས་སོང་།    དེའི་ཁོངས་སུ་འཛམ་གླིང་གི་རི་བོ་མཐོ་ཤོས་མང་དག་ཅིག་བོད་མཐོ་སྒང་དུ་ཆགས་ཡོད་ཀྱང་། ད་ཆ་རྒྱ་གཞུང་གིས་བཙན་འཛུལ་འོག་བོད་ནང་འཛུགས་སྐྲུན་གསར་རྒྱག་གི་ལས་གཞི་དང་གཏེར་ཁ་གང་བྱུང་དུ་སྔོག་འདོན་སོགས་བྱེད་བཞིན་རྐྱེན་བོད་མཐོ་སྒང་གི་ཚ་དྲོད་རྒྱས་པ་སོགས་ཁོར་ཡུག་སྤྱི་ཡོངས་ལ་ཤུགས་རྐྱེན་སྤྲོད་ཀྱི་ཡོད་པ་གསུངས་ཡོད།སྲིད་སྐྱོང་མཆོག་གིས་ད་དུང་ཞིབ་འཇུག་པ་ཁག་ཅིག་གིས་བོད་ཀྱི་འཁྱག་རོམ་གྱི་བཞུར་ཚད་དེ་ཧ་ཅང་མྱུར་པོ་ཆགས་རྐྱེན་བརྒྱ་ཆ་ ༣༠ དང་ ༤༠ ཙམ་ཞིག་ད་ཆ་མེད་པར་གྱུར་ཡོད་པ་ལུང་འདྲེན་གྱིས་ཚན་རིག་པ་ཁག་ཅིག་གིས་ཀྱང་ཕྱི་ལོ་ ༢༠༥༠ ལོར་བོད་ཀྱི་འཁྱག་རོམ་གྱི་བཞུར་ཚད་དེ་གསུམ་ཆ་གཉིས་ཙམ་མེད་པར་གྱུར་ངེས་ཡིན་པ་བརྗོད་ཡོད་པ་གསུངས་པར་མ་ཟད། གལ་ཏེ་དེ་ལྟར་འབྱུང་བ་ཡིན་ན་བོད་ཀྱི་ཆུ་བོ་དག་ལ་བརྟེན་མཁན་ཨེ་ཤ་ཡའི་མི་འབོར་ཐེར་འབུམ་གཅིག་ལྷག་གི་འཚོ་བར་དོ་ཕོག་འགྲོ་ངེས་དང་འཛམ་གླིང་སྤྱིར་ཤུགས་རྐྱེན་སྤྲོད་རྒྱུ་ཡིན་སྟབས། བོད་ཀྱི་རི་བོ་དེ་དག་ཧ་ཅང་རྩ་ཆེན་ཆགས་ཡོད་སྐོར་གསུངས་པ་དང་ཆབས་ཅིག ང་ཚོས་ངེས་པར་དུ་འཛམ་གླིང་སྤྱིའི་ཁེ་ཕན་སླད་བོད་མཐོ་སྒང་གི་འཁྱག་རོམ་དང་རི་བོ་སྲུང་སྐྱོབ་གནང་དགོས་ཞེས་གསུངས་སོང་།དེ་བཞིན་ལས་རིམ་དེའི་ཐོག་ལྷན་ཞུགས་གནང་མཁན་ཁོར་ཡུག་དོན་གཉེར་བ་དང་ཚན་རིག་པ། རྩོམ་པ་པོ་ཌོཀ་ཌར་Vandana Shiva ལགས་ཀྱིས་རི་བོ་ནི་ང་ཚོར་སྲུང་སྐྱོབ་བྱེད་མཁན་དང་ཚེ་སྲོག་སྦྱིན་མཁན་ཞིག་ཡིན་པ་དང་།  ཁོ་མོའི་གནམ་གཤིས་འགྱུར་ལྡོག་ཐད་ཞིབ་འཇུག་གནང་བའི་བརྒྱུད་རིམ་ཁྲོད་ད་ཆ་ཧི་མཱ་ལ་ཡའི་རི་བོའི་འཁྱག་རོམ་དེ་དག་གནམ་གཤིས་འགྱུར་ལྡོག་རྐྱེན་གྱིས་ཉེན་ཚབས་ཅན་ཏུ་གྱུར་ཡོད་པས་ང་ཚོས་དུས་རྟག་ཏུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བྱམས་བརྩེ་དང་འཚེ་མེད་ཞི་བའི་ཐད་བཀའ་སྩལ་ཁག་སྙིང་ལ་བཅངས་ཀྱིས་འཚེ་མེད་ཞི་བ་དང་བྱམས་བརྩེའི་སྒོ་ནས་རི་བོ་སྲུང་སྐྱོབ་བྱེད་ཐུབ་ཚེ་ང་ཚོའི་འཚོ་གནས་ལ་ངལ་བ་འཕྲད་ཀྱི་མ་རེད་ཅེས་གསུངས་ཡོད། ཨོ་གླིང་དུ་གནས་བཞུགས་སྤྱི་འཐུས་སྐྱིད་འཛོམས་གདོང་གདུས་ལགས་ཀྱིས་བོད་མཐོ་སྒང་གི་རི་བོ་དེ་དག་མིའི་ཚེ་སྲོག་ལ་གལ་འགངས་ཇི་ཙམ་ཆགས་ཀྱི་ཡོད་མེད་སྐོར་འགྲེལ་བརྗོད་དང་སྦྲགས། ད་ཆ་རྒྱ་གཞུང་གིས་བོད་ནང་གཏེར་ཁ་གང་བྱུང་དུ་སྔོག་འདོན་དང་བོད་ཀྱི་རང་བྱུང་ཁོར་ཡུག་གཏོར་བཤིག་སོགས་བྱེད་བཞིན་རྐྱེན་བོད་ཙམ་མིན་པར་བོད་མཐོ་སྒང་གི་ཆུ་བོ་ལ་བརྟེན་མཁན་ཨེ་ཤ་ཡའི་མི་རིགས་སྤྱི་ཡོངས་ལ་དོ་ཕོག་ཐེབས་ངེས་ཡིན་སྟབས། རི་བོ་སྲུང་སྐྱོབ་གནང་རྒྱུ་ནི་གལ་འགངས་ཤིནཏུ་ཆེན་པོ་ཡིན་སྐོར་གསུངས་སོང་།གཏམ་བཤད་གནང་མཁན་དེའི་ཁོངས་སུ་ཡོད་པ་རི་འཛེགས་གནང་མཁན་ཁག་ཅིག་གིས་དེ་སྔ་ Everest འམ་ཇོ་མོ་གླང་མ་དང་གངས་ཅན་རྫོང་ལྔ་སོགས་ལ་འཛེགས་སྐབས་འཁྱག་རོམ་གྱི་བཞུར་ཚད་མྱུར་པོ་ཕྱིན་པར་གཟིགས་ཚོར་བྱུུང་སྐོར་གསུངས་པ་དང་འབྲེལ་ཏེ་ཚང་མས་མཉམ་རུབ་ཀྱིས་གངས་རི་སྲུང་སྐྱོབ་གནང་དགོས་ཞེས་སོགས་གསུངས་ཡོད།

དྷ་རམ་ས་ལར་བོད་མིའི་ཁྲོད་གཉན་རིམས་ཕོག་མཁན་ཇེ་མང་དུ་འགྲོ་བཞིན་པ།  

འདས་པའི་ཟླ་ཤས་ནས་ཧི་མཱ་ཅལ་མངའ་ཁུལ་དུ་ཏོག་དབྱིབས་གཉན་རིམས་ཕོག་མཁན་གྱི་གྲངས་འབོར་དེ་ཉིན་རེ་བཞིན་ཇེ་མང་དུ་འགྲོ་མུས་ཁྲོད་འདིར་གཟའ་འཁོར་སྔོན་མར་དྷ་རམ་ས་ལའི་མེག་ལོཌ་ཁུལ་ནས་བོད་མི་ ༡༥ ལ་གཉན་རིམས་དེ་ཕོག་ཡོད་པའི་ནད་རྟགས་ཐོན་འཕྲལ་མེག་གྷན་གྱི་ཆ་ཤས་ཤིག་གམ་མེག་ལོཊ་གསུམ་མདོ་ནས་སྒྲོལ་མ་སྨན་ཁང་བར་དུ་ containment zone ཞེས་བཀག་སྐྱིལ་ས་ཁུལ་ལ་ངོས་འཛིན་གྱིས་དམ་དྲག་གནང་བཞིན་ཡོད་པ་རེད།དེ་རིང་རླུང་འཕྲིན་ཁང་གིས་གནས་ཚུལ་གསར་པ་ཤེས་རྟོགས་བྱུང་བར་དྷ་རམ་ས་ལ་ཁུལ་དུ་ཏོག་དབྱིབས་གཉན་རིམས་ཕོག་པའི་བོད་མི་དགུ་མང་དུ་ཕྱིན་པར་བརྟེན་དྷ་སར་གཉན་རིམས་ཕོག་མཁན་ཁྱོན་བོད་མི་ ༢༤ ཆགས་ཀྱི་འདུག རླུང་འཕྲིན་ཁང་གིས་དེ་དང་འབྲེལ་བའི་གནས་ཚུལ་རྒྱས་པའི་ཐོག་ལ་དྷ་ས་ས་གནས་འགོ་འཛིན་ཀུན་དགའ་ཚེ་རིང་ལགས་སུ་བཅར་འདྲི་ཁག་ཅིག་ཞུས་ཡོད་པས་དེ་དོན་གསན་གནང་ཡོང་བའི་དགོངས་འཇགས་འཚལ།།

ཡི་ཤུའི་བླ་ཆེན་ Desmond Tutu མཆོག་ལ་གོ་ལའི་འགྲོ་བ་མིའི་ཐོབ་ཐང་གི་གཏེར་མཛོད་གཟེངས་རྟགས་ཐོབ་པར་འཚམས་འདྲི།

རྒྱལ་སྤྱིའི་ཐོག་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་ཤེས་བྱ་དང་གོ་རྟོགས་ཀྱི་ལས་གཞི་རྒྱ་ཆེ་སྤེལ་མཁན་ Article3.org ཞེས་པའི་ལྟེ་གནས་ཁང་གིས་འདི་ལོའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་དང་བསྟུན་ཁ་སང་ཚེས་ ༡༠ ཉིན་༸གོང་ས་མཆོག་གི་ཐུགས་ཉེ་བའི་མཛའ་གྲོགས་ལྷོ་ཨ་ཕི་རི་ཀའི་ཡི་ཤུའི་བླ་ཆེན་སྐུ་ཞབས་ Archbishop Desmond Tutu མཆོག་གིས་ད་བར་འགྲོ་བ་མིའི་ཐོབ་ཐང་དང་ཞི་བདེ། འདྲ་མཉམ་དང་དྲང་བདེན་སོགས་ཀྱི་ཐད་ཕྱག་ལས་རྒྱ་ཆེ་གནང་བར་ཆེ་བསྟོད་ཞུས་པ་དང་སྦྲགས་ཏེ་ཁོང་ལ་ Human Rights Global Treasure Award ཞེས་གོ་ལའི་འགྲོ་བ་མིའི་ཐོབ་ཐང་གི་གཏེར་མཛོད་ཞེས་པའི་བྱ་དགའ་ཞིག་འབུལ་ལམ་ཞུས་འདུགསྐུ་ཞབས་ Desmond Tutu མཆོག་ལ་ཆེས་མཐོའི་གཟེངས་རྟགས་དེ་འབུལ་ལམ་ཞུས་པ་དང་འབྲེལ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བརྙན་ཐུང་བརྒྱུད་སྐུ་ཞབས་ཊུ་ཊུ་མཆོག་ལ་དགའ་བསུའི་འཚམས་འདྲི་མཛད་འདུག མགོན་པོ་༸གང་ཉིད་མཆོག་གིས་སྐུ་ཞབས་ Desmond Tutu མཆོག་ནི་གུས་ཞབས་དང་དད་གུས་ལྡན་པའི་ཆོས་ཕྱོགས་ཀྱི་དབུ་ཁྲིད་རྒན་པ་ཞིག་དང་ཡུན་རིང་ནས་ཡིད་ཆེས་བློ་འགེལ་ཆོག་པའི་མཛའ་གྲོགས་རྙིང་གྲས་ཤིག་ཀྱང་ཡིན་པ་སོགས་བཀའ་སྩལ་བ་མ་ཟད། ད་རེས་སྐུ་ཞབས་ཁོང་ལ་གོ་ལའི་འགྲོ་བ་མིའི་ཐོབ་ཐང་གི་གཏེར་མཛོད་གཟེངས་རྟགས་ཐོབ་པར་འཚམས་འདྲི་མཛད་འདུག༸གོང་ས་༸སྐྱབས་མགོན་པོ་ཆེན་པོ་གིས་ད་དུང་སྐུ་ཞབས་ Desmond Tutu མཆོག་ད་ཆ་དགུང་གྲངས་དགུ་བཅུར་ཕེབས་ལ་ཉེ་བ་དང་འདས་པའི་ལོ་ཡུན་དེ་དག་རིང་རང་ཚུགས་དང་ཆོད་སེམས་བརྟན་པོས་འགྲོ་བ་མིའི་བདེ་དོན་སྤྱི་དང་ལྷག་པར་ཡི་ཤུའི་ཆོས་ཕྱོགས་དང་འབྲེལ་བའི་རིག་གནས་ཐོག་ཕྱག་ལས་རྒྱ་ཆེ་གནང་བར་ཡི་རང་བསྔགས་བརྗོད་མཛད་འདུག དེ་བཞིན་༸གོང་ས་མཆོག་གིས་མགོན་པོ་༸གང་ཉིད་མཆོག་དང་སྐུ་ཞབས་ Desmond Tutu མཆོག་རྣམ་གཉིས་དབར་ད་ཆ་དགུང་ནའི་བབ་དང་བསྟུན་དངོས་སུ་མཇལ་འཕྲད་མཛད་རྒྱུ་ཁག་པོ་ཆགས་ཀྱི་ཡོད་ཀྱང་། ཆོས་ཕྱོགས་ཀྱི་ཆ་ནས་དུས་དང་རྣམ་པ་ཀུན་ཏུ་ཐུགས་ཉེ་པོ་མཛད་བཞིན་ཡོད་སྐོར་བཀའ་སྩལ་བ་དང་ཆབས་ཅིག་ཏུ་སྐུ་ཞབས་ཊུ་ཊུ་མཆོག་དགུང་གྲངས་བརྒྱ་ལྷག་བཞུགས་ནས་མུ་མཐུད་འགྲོ་བའི་བདེ་ཐབས་ལ་སྨན་པའི་ཕྱག་ལས་གནང་ཐུབ་པར་ཐུགས་སྨོན་མཚམས་སྦྱོར་མཛད་འདུགརྩ་བའི་ཆེས་མཐོའི་གཟེངས་རྟགས་འདི་ཨ་རིའི་གྲོང་ཁྱེར་ San Francisco ནང་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོང་ཐང་ཐོག་ཕྱག་ལས་གནང་མཁན་གྱི་ལྟེ་གནས་ཆེ་གྲས་ Article3.org ཞེས་པས་ཕུལ་བ་ཞིག་ཆགས་ཀྱི་ཡོད་པ་དང་། ལྟེ་གནས་ཁང་དེའི་འགན་འཛིན་དང་གསར་འཛུགས་གནང་མཁན་ལྕམ་ Darian Swig ལགས་ཀྱིས་སྐུ་ཞབས་ Tutu མཆོག་ནི་བྱམས་བརྩེའི་ཐོག་ནས་འགྲོ་བ་མིའི་བདེ་དོན་ལ་ཐུགས་ཁུར་ཆེ་བཞེས་ཀྱིས་ཕྱག་ལས་གནང་མཁན་ཞིག་དང་། ཁོང་གིས་ད་བར་གནང་བའི་ཕྱག་ལས་མང་དག་ཅིག་གིས་མི་མང་དང་སྤྱི་ཚོགས་ཁྱོན་ལ་ཕན་འབྲས་རླབས་ཆེན་སོན་ཡོད་པ་སོགས་ལ་ཆེ་བསྟོད་ཞུས་འདུགཁ་སང་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྟོན་དང་བསྟུན་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་གཙོ་འཛིན་ཟུར་པ་གསུམ་དང་གནད་ཡོད་མི་སྣ་སོགས་མཉམ་ཞུགས་ཀྱིས་འགྲོ་བ་མིའི་ཐོང་ཐང་གི་གནད་དོན་ཐོག་བགྲོ་གླེང་སོགས་གནང་ཡོད་པ་རེད།

རྒྱལ་ཚོགས་སུ་ཞུ་གཏུག་དང་ཞི་རྒོལ་སྐད་འབོད་བརྒྱུད་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་སྲུང་བརྩི།  

ཁ་སང་ཕྱི་ཟླ་ ༡༢ ཚེས་ ༡༠ ཉིན་མོ་དེ་ནི་དེ་སྔ་ཕྱི་ལོ་ ༡༩༤༨ ལོའི་ཟླ་ ༡༢ ཚེས་ ༡༠ ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱལ་སྤྱིའི་རང་བཞིན་ལྡན་པའི་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་གནང་སྟེ་མི་ལོ་ ༧༢ ཧྲིལ་པོ་འཁོར་བའི་ཉིན་མོ་དང་བསྟུན། ཁ་སང་སུད་སི་ལྟ་བུར་ཆ་མཚོན་ན་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་གི་གོ་སྒྲིག་འོག་ཁུལ་དེར་གནས་སྡོད་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་བཅས་ནས་གྲོང་ཁྱེར་ཇི་ནི་ཝ་ནང་རྟེན་གཞི་བྱས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་མདུན་ངོས་སུ་འདུ་འཛོམས་ཀྱིས་བོད་ཀྱི་རྒྱལ་དར་འཕྱར་ཞིང་། རྒྱ་གཞུང་གིས་བཙན་གནོན་འོག་བོད་ནང་བོད་མིའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཉིན་རེ་བཞིན་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པ་མངོན་གསལ་གནང་བ་དང་སྦྲགས། རྒྱལ་ཚོགས་ཀྱི་ངོས་ནས་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་གསལ་བསྒྲགས་འབྲུ་དོན་ལྟར་དོན་འཁྱོལ་ལག་བསྟར་བྱེད་དགོས་པའི་འབོད་སྒྲའི་འོག་ཞི་བའི་སྐད་འབོད་ཀྱི་ལས་འགུལ་དང་རྒྱལ་ཚོགས་ལ་བོད་དོན་ཞུ་གཏུག་གི་ཞུ་སྙན་ཕུལ་ཏེ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་ཐེངས་ ༧༢ སྲུང་བརྩི་ཞུས་སོང་། སྐབས་དེར་སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་འཆི་མེད་རིག་འཛིན་ལགས་ཀྱིས་རྒྱ་ནག་གཞུང་ནི་འཛམ་གླིང་ཐོག་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་མཁན་གྱི་རྒྱལ་ཁབ་ཆེས་སྡུག་ཤོས་ཡིན་པ་རྒྱལ་སྤྱིའི་ཐོག་ཡོངས་གྲགས་ཆགས་ཡོད་པ་དང་། རྒྱ་གཞུང་དེ་སྟོབས་ཤུགས་ཇི་ཙམ་ཆེ་ཡང་༸གོང་ས་མཆོག་གིས་དབུ་ཁྲིད་པའི་བོད་མིའི་བདེ་དོན་གྱི་འཐབ་རྩོད་ཀྱི་ནུས་པ་དེ་དུས་ནམ་ཡང་བསུབ་ཐུབ་ཀྱི་མ་རེད་ཅེས་གསུངས་ཡོད། སྐབས་དེར་ལས་འགུལ་ཐོག་ཕེབས་པའི་སུད་སི་གྲོས་ཚོགས་འཐུས་མི་ཟུར་པ་སྐུ་ཞབས་ Rene Longel ལགས་ཀྱིས་བོད་དོན་འཐབ་རྩོད་ལ་རྒྱབ་སྐྱོར་གནང་བ་འབྲེལ་སླེབས་ལ་ཉེ་བའི་སུད་སི་དང་རྒྱ་ནག་དབར་གྱི་གསང་བའི་གྲོས་མཐུན་བསྐྱར་བཟོ་མཚམས་འཇོག་དགོས་པ་དང་། ཡིག་ཆ་མེད་པའི་སྐྱབས་བཅོལ་བོད་མི་ཚོ་སུད་སི་གཞུང་གིས་བདག་པོ་རྒྱབ་དགོས་པ། དེ་བཞིན་སུད་སི་གཞུང་གིས་རྒྱ་གཞུང་གི་གསང་མྱུལ་དོགས་ཟོན་བྱེད་དགོས་པ་སོགས་གསུངས་ཡོད་པ་རེད། ཡོ་རོབ་བོད་མི་མང་སྤྱི་འཐུས་ཟམ་མདོ་བྱམས་པ་ཚེ་རིང་ལགས་དང་སྤྱི་འཐུས་དབང་པོ་བཀྲས་མཐོང་ལགས་གཉིས་ཀྱིས་རྒྱ་ནག་གཞུང་ལ་བོད་ནང་དུ་བོད་མིའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པར་ངོ་རྒོལ་མཐའ་གཅིག་ཏུ་ཡོད་པ་སོགས་གསུངས་ཏེ་རྒྱ་གཞུང་གི་བྱ་སྤྱོད་ལ་སྐྱོན་བརྗོད་གནང་སོང་།དེ་བཞིན་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་གི་ཚོགས་གཙོ་ནོར་བུ་ལགས་དང་ས་གནས་བེུད་ཚོགས་པ། ཡོ་རོབ་གཞོན་ནུ་མཐུན་ཚོགས་བཅས་ཀྱི་སྐུ་ཚབ་ཚོས་ཀྱང་གཞིས་བཞུགས་བོད་མིའི་སྙིང་སྟོབས་དང་རྒྱ་ནག་གི་བཙན་གནོན་འོག་འདས་གྲོངས་སུ་གྱུར་བའི་བོད་མི་རྣམས་ལ་གདུང་སེམས་མཉམ་བསྐྱེད་དང་མྱ་ངན་གུས་བཏུད་ཞུས་པར་མ་ཟད། རྒྱལ་ཚོགས་གཙོས་པའི་རྒྱལ་སྤྱིའི་གཞུང་ཁག་ཚོས་རྒྱ་ནག་གི་བྱ་སྤྱོད་ཐོག་ཁུ་སིམ་མ་བཞུགས་པར་བོད་ཀྱི་བདེན་དོན་ལ་རྒྱབ་སྐྱོར་གྱིས་བཞེངས་གནང་ཡོང་བའི་གཏམ་བཤད་སོགས་སྤེལ་ཡོད། ཁ་སང་ཕྱི་དྲོ་སུད་སི་རྒྱལ་ས་སྦན་དུ་རྒྱལ་ཁབ་གཞན་གྱི་དབང་སྒྱུར་དང་བཙན་གནོན་འོག་ལྷུང་བའི་མང་ཚོགས་ཀྱི་ཐོབ་ཐང་སྲུང་སྐྱོབ་གནང་མཁན་ Society for threaten People ཚོགས་པའི་གོ་སྒྲིག་འོག་བོད་མི་དང་ཡུ་གུར་བ་བཅས་ནས་ད་བར་རྒྱ་ནག་དམར་པོའི་གཞུང་གིས་བཙན་གནོན་བཏང་བའི་མང་ཚོགས་ལ་གདུང་སེམས་མཉམ་བསྐྱེད་ཀྱི་སྒྲོན་མེའི་ལས་འགུལ་བརྒྱུད་ཉིན་མོ་དེ་སྲུང་བརྩི་ཡང་ཞུས་ཡོད་པ་རེད།དེ་མིན་ཁ་སང་གི་ཉིན་མོ་དེ་འཛམ་གླིང་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་དང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་འཛམ་གླིང་ནང་ཆེས་སྙན་པར་གྲགས་པའི་ནོར་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་བསྐྱངས་ནས་བགྲང་བྱ་ ༣༡ ཧྲིལ་པོ་འཁོར་བའི་དུས་ཚིགས་ཀྱང་ཆགས་ཡོད་པ་རེད། དེས་ན་ཡོ་རོབ་ཨོ་སི་ཀྲི་ཡ་དང་འཇར་མ་ནིར་བོད་དོན་ཞི་བའི་ལས་འགུལ་བ་དང་ཡོ་རོབ་རྒྱལ་ཁབ་ཕ་རན་སི་དང་དབྱིན་ཡུལ། ཨི་ཊ་ལི་བཅས་སོ་སོར་ད་ལྟའི་ས་གནས་ཀྱི་གནས་བབ་ལ་གཞིགས་པའི་སྨོན་ལམ་གསུང་འདོན་དང་། དྲ་ལམ་བརྒྱུད་དེ་༸གོང་ས་མཆོག་གི་མཛད་འཕྲིན་ལ་རྗེས་དྲན་གྱི་གླེང་མོལ་ལས་རིམ། རྩོམ་ཡིག་དང་རི་མོ་འགྲན་སྡུར། དེ་བཞིན་ས་གནས་བོད་མི་རྒན་གཞོན་དར་གསུམ་གྱིས་རང་ལུགས་ཟབ་སྦྱོར་ལེགས་པར་སྤྲས་ནས་མགོན་པོ་༸གང་ཉིད་མཆོག་ལ་བསྟོད་དབྱངས་དང་བསྟོད་ཚིགས་བཅས་ཕུལ་ཏེ་དགའ་སྐྱིད་དཔལ་ལ་རོལ་ནས་ཉིན་མོ་དེ་སྲུང་བརྩི་ཞུས་འདུག གཞན་ཡང་ཁེ་ན་ཌའི་གྲོང་ཁྱེར་ཆེ་གྲས་ Toronto ནང་ལ་མཚོན་ན་ཁུལ་དེར་རྟེན་གཞིབྱས་པའི་གངས་ལྗོངས་ཆོས་ལྡན་གླིང་གི་ཚོགས་ཁང་དུ་༸གོང་ས་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་པའི་དུས་དྲན་དྲྭ་རྒྱ་བརྒྱུད་སྲུང་བརྩི་ཞུས་པ་དང་ས་གནས་བོད་རིགས་གཞོན་སྐྱེས་ཚོར་༸རྒྱལ་བའི་ཕྱག་དེབ་ཁག་དང་གཟེངས་རྟགས་གང་བཞེས་པ་རྣམས་ཀྱི་སྐོར་ངོ་སྤྲོད་ཀྱང་གནང་འདུག དེ་བཞིན་ California ནང་བོད་མི་དང་བླངས་པ་ཁག་ཅིག་ནས་ཁུལ་དེའི་ནང་གི་ Homeless People འམ་ཉམ་ཐག་སྡོད་ཁྱིམ་མེད་པའི་མི་མང་རྣམས་ལ་ཟས་གོས་དང་ཉལ་ཆས་སོགས་ཀྱི་རོགས་རོལ་རྒྱ་ཆེ་གནང་སྟེ་དུས་ཁྱད་དེ་སྲུང་བརྩི་ཞུས་འདུག རྒྱ་གར་གྱི་རྒྱལ་ས་ལྡི་ལིར་མཚོན་ན་འཕགས་བོད་མཛའ་འབྲེལ་ཚོགས་པས་ཁ་སང་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་དང་བསྟུན་རྒྱ་གཞུང་གི་བཙན་གནོན་འོག་མི་སྤྱོད་ལས་འདས་པའི་ངལ་བ་མྱོང་བཞིན་པའི་གཞིས་ལུས་བོདམི་དག་ལ་གདུང་སེམས་མཉམ་བསྐྱེད་ཞུ་ཕྱིར་ལྡི་ལིའི་ Raagjatt ནས་བོད་སྒར་བསམ་ཡས་གླིང་བར་སྦག་སྦག་སྐོར་སྐྱོད་ཀྱིས་ལས་འགུལ་སྤེལ་འདུག་པར་མ་ཟད། ལས་འགུལ་ནང་འཕགས་བོད་མཛའ་འབྲེལ་ཚོགས་པའི་ཚོགས་མི་གཙོས་ས་གནས་བོད་མི་ཁྱོན་མི་གྲངས་ ༢༠༠ ཙམ་གྱིས་མཉམ་ཞུགས་གནང་འདུག

དགའ་བྱང་ཏྲེ་ཧོར་དགེ་བཤེས་བསྟན་པ་དར་རྒྱས་ལགས་ཐུགས་དམ་དུ་བཞུགས་མུས།

དགའ་ལྡན་བྱང་རྩེ་ཏྲེ་ཧོར་ཁང་ཚན་གྱི་དགེ་བཤེས་བསྟན་པ་དར་རྒྱས་ལགས་ཉེ་ཆར་དགོངས་པ་རྫོགས་ནས་ཉིན་གྲངས་བཅུ་དགུ་ལྷག་སོང་ཡང་སྐུ་ཕུང་ལ་དྲི་མ་སོགས་གང་ཡང་མེད་པར་ཐུགས་དམ་ལ་བཞུགས་མུས་རེད་འདུགརྒྱ་གར་ལྷོ་ཕྱོགས་སུ་རྟེན་གཞིར་བྱས་པའི་བྱེས་ཀྱི་གདན་ས་དགའ་ལྡན་བྱང་རྩེའི་ཏྲེ་ཧོར་ཁང་ཚན་གྱིས་ཁ་སང་དགའ་ལྡན་ལྔ་མཆོད་དང་༸གོང་ས་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་པའི་དུས་ཁྱད་དང་བསྟུན་དགེ་བཤེས་དམ་པ་ཁོང་གི་ཐོས་དོན་སྒྲུབ་ལ་གཞོལ་བའི་ཉམས་རྟོགས་ལ་ཡིད་སྨོན་གྱིས་རྗེས་དྲན་ཞུས་པའི་ཡོངས་ཁྱབ་སྤྱི་བསྒྲགས་ཤིག་སྤེལ་བའི་ནང་། དགེ་བཤེས་བསྟན་པ་དར་རྒྱས་ལགས་ཉེ་ཆར་དགོངས་པ་རྫོགས་ནས་ཉིན་གྲངས་བཅུ་དགུ་ལྷག་སོང་ཡང་སྐུ་ཕུང་ལ་དྲི་མ་སོགས་གང་ཡང་མེད་པར་ཐུགས་དམ་ལ་བཞུགས་མུས་ཡིན་པ་བཀོད་འདུག དགེ་བཤེས་ལགས་དམ་པ་ཁོང་ནི་མཚན་དང་སྙན་གྲགས་ཀྱི་ཁྱབ་པ་དེ་ཙམ་མིན་ཡང་རྣམ་ཀུན་ནས་གཞན་དང་ལྷན་དུ་དོན་མེད་གྲོགས་འདྲིས་གཏན་ནས་མི་བྱ་བར་ཉིན་གང་པོར་ཞལ་འདོན་དང་སྒོམ་སྒྲུབ་སོགས་ཀྱི་ཉམས་ལེན་ཁོ་ནའི་དུས་ཚོད་འདའ་བར་བྱེད་ཀྱི་ཡོད་པ་མ་ཟད། དམ་པ་ཁོང་གི་སྒོམ་སྒྲུབ་ཉམས་ལེན་དང་ཞལ་འདོན་བྱ་རྒྱུ་དེ་ཡང་ཉིན་རེ་དང་ཟླ་རེ་ཙམ་མིན་པར་རྒྱུན་བསྲིང་ནས་ལོ་ངོ་བཅུ་ཕྲག་མང་པོར་ཉིན་མ་གཅིག་ལྟ་བུ་གནང་གི་ཡོད་པ་བཀོད་འདུག

མེག་གྷན་གྱི་ཆ་ཤས་ཤིག་བཀག་སྐྱིལ་ས་ཁུལ་ལ་ངོས་འཛིན།

གཟའ་འཁོར་འདིའི་ནང་བཙན་བྱོལ་བོད་མིའི་འདུ་སྡོད་ཁྲོད་ཏོག་དབྱིབས་གཉན་རིམས་ཕོག་པ་བོད་མི་ ༥༥ བྱུང་ཡོད་པ་དང་དེའི་ཁྲོད་ནས་བོད་མི་ ༡༥ ཐམ་པ་དྷ་རྨ་ས་ལའི་མེག་ལོཊ་ཁུལ་ནས་ཆགས་ཀྱི་འདུག་པར་བརྟེན་ Containment zone ཞེས་བཀག་སྐྱིལ་ས་ཁུལ་ལ་ངོས་འཛིན་གྱིས་ཟ་ཚོང་མགྲོན་གསུམ་གྱི་ལས་མི་གཙོས་པའི་གང་ཟག་སུ་དང་སུ་ཡར་མར་འགྲོ་གནང་གི་ཡོད་མེད་ལ་ཞིབ་དཔྱད་ཀྱིས་དམ་དྲག་གནང་བཞིན་འདུགཁ་སང་བོད་མིའི་སྒྲིག་འཛུགས་ཀྱི་ཏོག་དབྱིབས་གཉན་རིམས་སྔོན་འགོག་ལས་དོན་ཚོགས་ཆུང་གི་གསར་འགོད་གསལ་བསྒྲགས་ཐེངས་ ༣༧ སྤེལ་སྐབས་ཚོགས་ཆུང་གི་གསར་འགོད་འབྲེལ་མཐུད་པ་སྨན་པ་ཚེ་རིང་མཚམས་གཅོད་ལགས་ཀྱིས་གཟའ་འཁོར་འདིའི་ནང་རྒྱ་གར་ནང་གི་བོད་མིའི་འདུ་སྡོད་ས་ཁུལ་ཁག་ཏུ་བོད་མི་ ༥༥ ལ་ཏོག་དབྱིབས་གཉན་རིམས་ཕོག་ཡོད་པ་གསུང་སོང་། དེའི་ཁྲོད་ནས་ལོ་ན་རྒན་ཤོས་དེ་ ༨༩ དང་ལོ་ན་ཆུང་ཤོས་དེ་ ༤ བཅས་ཆགས་ཀྱི་འདུག་པ་དང་། ནད་ཡམས་དེའི་རྐྱེན་གྱིས་རྒྱ་གར་བྱང་ཕྱོགས་ཧི་མཱ་ཅལ་མངའ་སྡེའི་མན་ཌི་རྫོང་ཁོངས་མཚོ་པདྨ་ནས་སྐྱེས་པ་རང་ལོ་ ༥༦ སོན་པ་གཅིག་འདས་གྲོངས་སུ་གྱུར་འདུག གསར་འགོད་ལྷན་ཚོགས་ཐོག་སྨན་པ་ཚེ་རིང་མཚམས་གཅོད་ལགས་ཀྱིས་ད་བར་རྒྱ་གར་ནང་ཏོག་དབྱིབས་གཉན་རིམས་ཕོག་པའི་རྐྱེན་གྱིས་བོད་མི་སུམ་ཅུ་སོ་ལྔ་འདས་གྲོངས་སུ་གྱུར་ཡོད་སྟབས་དེ་དག་གི་ནང་མིས་གཙོས་པའི་དགའ་གཉེན་ཡོངས་ལ་གདུང་སེམས་མཉམ་བསྐྱེད་ཞུས་པ་དང་སྦྲགས། བོད་མི་ཚོའི་གནས་ཡུལ་རྒྱ་གར་གཞུང་གིས་སྒོ་རྒྱ་དམ་དྲག་ལྷོད་ཡངས་ཀྱི་བཀའ་རྒྱ་གནང་ཟིན་ཀྱང་། བོད་མི་ཚོའི་ངོས་ནས་སྔོན་འགོག་སོགས་ཀྱི་གནང་སྒོ་ཁག་ལ་ཐུགས་སྣང་དང་ལྷག་དོན་སྤྱི་ཚོགས་རྐྱང་བཀྱེད་དང་ཁ་རས་གྱོན་རྒྱུ་མཚོན་པའི་སྔོན་འགོག་གི་ཐབས་ལམ་ཁག་ལ་ལྷོད་ཡེངས་མེད་པར་ཐུགས་གཟབ་གནང་དགོས་པའི་ཐུགས་སྣང་གཞེན་སྐུལ་གྱི་ལམ་སྟོན་གནང་ཡོད་པ་རེད། དེ་བཞིན་བདེ་ལེགས་སྨན་ཁང་གི་སྨན་པ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་ད་ལྟའི་ཆར་ཧི་མཱ་ཅལ་མངའ་སྡེའི་ཉེན་རྟོག་ལས་ཁུངས་ཀྱིས་མེག་ལོཊ་གསུམ་མདོ་ནས་སྒྲོལ་མ་སྨན་ཁང་བར་དུ་ containment zone ཞེས་བཀག་སྐྱིལ་ས་ཁུལ་ལ་ངོས་འཛིན་གྱིས་ཁུལ་དེར་ཡོད་ཟ་ཚོང་མགྲོན་གསུམ་གྱི་ལས་མི་གཙོས་གང་ཟག་གཞན་སུ་དང་སུ་ཡར་མར་འགྲོ་མིན་ལ་ཞིབ་དཔྱད་གནང་གི་ཡོད་པ་དང་། དེ་བཞིན་མེག་ལོཊ་གཡས་གཡོན་གྱི་ས་ཚིགས་ལ་ Buffer zone ཞེས་ནད་ཡམས་ཁྱབ་གདལ་ཆེ་ཁུལ་ལ་རྩིས་ནས་དམ་དོན་གནང་གི་ཡོད་སྟབས། ཁུལ་དེར་གནས་བཞུགས་བོད་མི་ཚོས་ས་གནས་བདེ་དོན་ལས་ཁུངས་ཀྱིས་གོ་སྒྲིག་ཞུས་པའི་སྨན་ཞབས་པའི་ཞལ་པར་ཨ་གྲངས་ ༨༤༤༨༤༡༥༦༣༡ ཡིན་པ་དང་ཞལ་པར་དེའི་ཐོག་ནད་རྟགས་གང་ཐོན་འཕྲིན་ཐུང་བརྒྱུད་ནས་འབྲེལ་ལམ་ཞུ་གལ་ཆེ་བ་དང་ལོ་ན་རྒན་པོ་ཚོས་ཐད་ཀར་ཞལ་པར་གནང་ཆོག་གི་ཡོད་སྐོར་སོགས་གསུངས་སོང་། དེའི་བར་ན་དེ་རིང་དྷ་ས་ས་གནས་འགོ་འཛིན་ལས་ཁུངས་ཀྱིས་ཀྱང་མེག་ལོཊ་ཁུལ་དུ་གཉན་རིམས་ཕོག་མཁན་གྱི་གྲངས་འབོར་དེ་ཇེ་མང་དུ་འགྲོ་བཞིན་ཡོད་པར་བརྟེན་དང་བླངས་ཀྱི་སྨན་ཞབས་པ་ཉེར་མཁོ་ཆེ་བའི་འབོད་སྐུལ་གྱི་གསལ་བརྡ་ཞིག་གནང་འདུག གཞི་རྩའི་རྒྱ་བལ་གཉིས་སུ་ཆགས་པའི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ད་བར་བོད་མི་ཁྱོན་ ༡༣༧༦ ལ་ Covid-19 འམ་ཏོག་དབྱིབས་གཉན་རིམས་ཕོག་དེ་ཡོད་པ་དང་དེའི་ཁོངས་ནས་དྲག་སྐྱེད་བྱུང་བ་ ༡༡༩༧  དང་ ༣༥ འདས་གྲོངས། དེ་བཞིན་ད་ལྟའི་ཆར་ནད་ཀྱིས་མནར་བཞིན་པ་ ༡༤༤ ཆགས་ཡོད་པ་རེད།

Latest news