Tibetan Royal Year of 2151 | Year of the Wood Dragon

གསར་འགྱུར།

རྒྱ་གར་གྱི་གནའ་བོའི་རིག་གནས་ལ་ཐོས་བསམ་སློབ་གཉེར་བྱེད་རྒྱུ་བྱུང་བ་ནི་སྐལ་པ་བཟང་པོ་ཡིན།  

དེ་རིང་ཕྱི་ཟླ་ ༦ ཚེས་ ༢༦ ཉིན་གྱི་སྔ་དྲོ་ཚོུད་ ༡༠ ཐོག་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་དྲ་ལམ་བརྒྱུད་རྒྱ་གར་གྲོང་སྡེ་གྷུར་གྷ་ཨོན་གྱི་ཨེ་མི་ཊི་གཙུག་ལག་སློབ་གཉེར་ཁང་གི་དགེ་ལས་སློབ་ཕྲུག་རྣམས་ལ་ Vision of a Compassionate and Peaceful World འམ་བྱམས་བརྩེ་དང་ཞི་བདེའི་འཇིག་རྟེན་ལ་ཁ་ཕྱོགས་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་བསྩལ་སོང་བ་མ་ཟད། མགོན་པོ་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞི་དང་འབྲེལ་ནས་བཀའ་སློབ་བཀྲིན་ཆེ་བ་བསྩལ་སོང་།མགོན་པོ་མཆོག་གི་ཐུགས་བསྐྱེད་དམ་བཅའ་གསུམ་པ་སྟེ་རྒྱ་གར་གྱི་གནའ་བོའི་རིག་གནས་སླར་གསོ་གནང་ཕྱོགས་དང་འབྲེལ་བཀའ་སློབ་བསྩལ་བར་མི་ཚང་མས་མགོན་པོ་མཆོག་དུས་རྟག་ཏུ་ཁྲོ་བོའི་རྣམ་པ་མེད་པར་འཛུམ་དམུལ་དམུལ་གྱི་ཞལ་རས་མཇལ་ཚུལ་བྱུང་བ་ལྟར་དེ་ནི་གཡོ་ཟོལ་མེད་པར་ལྷག་བསམ་རྣམ་དག་གིས་བཞད་གད་ཤོར་གྱི་ཡོད་ཅེས་བཀའ་བསྩལ་བ་དང་ཆབས་ཅིག་ཏུ་བཞད་གད་དེ་ཡང་རྒྱ་གར་གྱི་གནའ་བོའི་རིག་གནས་ལ་སློབ་གཉེར་དང་ཉམས་ལེན་གནང་བ་ལས་བྱུང་བ་ཡིན་པར་་བཀའ་བསྩལ་སོང་བ་དང་། མགོན་པོ་༸གང་ཉིད་མཆོག་གི་༸སྐུ་ཚེའི་ནང་རྒྱ་གར་གྱི་གནའ་བོའི་རིག་གཞུང་དང་མཇལ་ནས་དེར་ཐོས་བསམ་སློབ་གཉེར་གནང་རྒྱུ་བྱུང་བ་ནི་སྐལ་པ་བཟང་པོ་ཞིག་ཡིན་ཞེས་བཀའ་བསྩལ་བ་མ་ཟད། རྒྱ་གར་གྱི་གནའ་བོའི་རིག་གནས་ལ་སློབ་གཉེར་གནང་བར་ཆོས་ལུགས་ལ་ངེས་པར་དུ་ལྟོས་མི་དགོས་པར་ཆོས་ལུགས་དང་མ་འབྲེལ་བའི་ཐོག་ནས་སློབ་སྦྱོང་གི་ངོ་བོར་བསླབ་དགོས་གལ་ཡིན་པ་བཀའ་བསྩལ་ཡོད།༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ད་དུང་རྒྱ་གར་གྱི་ནང་དུ་འཚེ་མེད་ཞི་བ་དང་བྱམས་བརྩེ་ཉམས་ལེན། དེ་བཞིན་ཞི་གནས་དང་ལྷག་མཐོང་གི་ཉམས་ལེན་གནང་ཕྱོགས་སོགས་ནི་ལོ་ངོ་སུམ་སྟོང་གི་གོང་ནས་དར་ཟིན་པ་ཞིག་ཆགས་ཡོད་པ་དང་། ལྷག་པར་དུ་བོད་མིས་རྒྱ་གར་འཕགས་པའི་ཡུལ་ཞེས་བརྗོད་དེ་རྒྱ་གར་དེ་དགེ་རྒན་གི་ངོ་བོར་ངོས་འཛིན་གནང་བཞིན་ཡོད་ཀྱང་། ཉེ་བའི་ཆར་རྒྱ་གར་གྱི་སྤྱི་ཚོགས་འདི་རྒྱ་གར་གྱི་གནའ་བོའི་རིག་གནས་དང་འབྲེལ་བའི་ནང་སེམས་ཀྱི་གནད་དོན་ལ་དོ་སྣང་དེ་ཙམ་མི་གནང་བར་ཕྱི་དངོས་པོ་ཡར་རྒྱས་ཁོ་ན་ལ་བརྟེན་གྱི་ཡོད་སྟབས་ད་ལྟའི་གནས་བབ་འདི་གང་ཆགས་མིན་གསུང་ཚོད་དཀའ་བའི་གནས་ཡིན་སྐོར་བཀའ་བསྩལ་སོང་།༸གོང་ས་མཆོག་གིས་གཞན་ཡང་༸སྐུའི་དམ་བཅའ་དང་པོ་དང་འབྲེལ་སྔར་གྱི་དུས་རབས་དང་ཉེ་བའི་དུས་རབས་ནང་དུ་ང་ཚོ་དང་ཁོ་ཚོ་ཞེས་རིམ་པ་གཉིས་པའི་ཐོག་ནས་མི་ཕན་ཚུན་གསོད་རེས་བྱེད་ཀྱི་ཡོད་ཀྱང་། འཛམ་གླིང་ནང་གི་མི་དུང་ཕྱུར་བདུན་པོ་དེ་དག་འགྲོ་བ་མི་ཡིན་པ་གཅིག་མཚུངས་ཡིན་སྟབས་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་འཛིན་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཡིན་པ་དང་། ལྷག་པར་དུ་མིའི་མི་ཚེ་དབུ་འཛུགས་དང་མཇུག་སྒྲིལ་གྱི་དུས་སྐབས་གཉིས་པོ་ཆེས་གནད་ཆེ་ཆགས་ཡོད་པར་ལམ་སྟོན་བཀྲིན་ཆེ་བ་བསྩལ་ཡོད།ཆོས་ལུགས་གང་འདྲ་ཞིག་ཡིན་རུང་ཉམས་ལེན་གནང་རྒྱུའི་གཙོ་བོ་ནི་བྱམས་བརྩེ་ཆགས་ཀྱི་ཡོད་སྟབས་རྒྱུ་མཚན་དེ་ལ་བརྟེན་ནས་ཆོས་ལུགས་ཕན་ཚུན་དབར་མཐུན་སྒྲིལ་ཞེས་པ་དེ་ཡོང་རྒྱུ་ཡོད་པར་གཟིགས་སྐོར་བཀའ་བསྩལ་བ་དང་ཆབས་ཅིག བོད་ཀྱི་གནད་དོན་དང་འབྲེལ་མགོན་པོ་མཆོག་བོད་མི་རིགས་ཀྱི་ཤ་རུས་ཁྲག་གསུམ་ལས་གྲུབ་པའི་བོད་རིགས་ཤིག་ཡིན་ཡང་ཐུགས་ཀྱི་ཆ་ནས་རྒྱ་གར་གྱི་མཁས་གྲུབ་རྣམ་པ་ལས་བྱུང་བའི་མགོན་པོ་མཆོག་གི་ཐུགས་བསྐྱེད་དེ་རྒྱ་གར་བ་ཞིག་ཡིན་སྐོར་དང་། ལྷག་དོན་ད་བར་ལོ་ངོ་དྲུག་ཅུའི་རིང་རྒྱ་གར་གི་ས་ཐོག་ཏུ་བཙན་བྱོལ་བའི་ངོ་བོར་རྒྱ་གར་གྱི་སྐུ་མགྲོན་རྒྱུན་རིང་ཤོས་ཆགས་ཡོད་ཅེས་བཀའ་བསྩལ་དང་སྦྲགས། བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་གནང་རྒྱུ་ནི་བོད་ཀྱི་བདེ་རྩ་ཙམ་མ་ཟད་ཨེ་ཤ་ཡའི་རྒྱལ་ཁབ་ཡོངས་ཀྱི་བདེ་རྩར་ཐུག་ཡོད་པར་བརྟེན་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་གནང་རྒྱུ་དེ་གལ་ཆེན་པོ་ཆགས་ཡོད་ཅེས་བཀའ་བསྩལ་སོང་།༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་ལམ་སྟོན་གྲུབ་མཚམས་སུ་དགེ་ལས་སློབ་ཕྲུག་རྣམས་ལ་བཀའ་འདྲི་དགོངས་སྐོར་ཞུ་རྒྱུའི་དུས་ཚོད་གནང་བ་ལྟར་སློབ་ཕྲུག་ཞིག་གིས་སྤྱི་ཚོགས་ནང་མི་མ་རབས་ལས་ཀྱང་ཡ་རབས་ཅན་ལ་དཀའ་ངལ་མང་བ་འཕྲད་བཞིན་ཡོད་སྐོར་བཀའ་འདྲི་ཞུས་པར་མགོན་པོ་༸གང་ཉིད་མཆོག་གིས་དོགས་འདྲི་དེ་ལས་འཕྲོས་ཏེ་དེང་གི་དུས་སུ་ཕྱིའི་དངོས་པོ་དང་འབྲེལ་ཏེ་སློབ་གསོ་གནང་བཞིན་ཡོད་ཀྱང་། རྒྱ་གར་ལྟ་བུར་མཚོན་ན་ལོ་ངོ་སྟོང་ཕྲག་གི་གོང་ནས་ནང་སེམས་དང་འབྲེལ་བའི་སློབ་སྦྱོང་དེ་རང་རྒྱལ་ཁབ་ལ་ལྡན་པ་ཞིག་ཡོད་སྟབས་རྒྱ་གར་གྱི་སློབ་གསོའི་ལམ་ལུགས་དང་ཤེས་ཡོན་གྱི་བསླབ་གཞིའི་ནང་རྒྱ་གར་གྱི་གནའ་བོའི་རིག་གནས་ཁྲོད་ཀྱི་ནང་སེམས་ཀྱི་བཟང་སྤྱོད་ཀྱི་སློབ་སྦྱོང་དེ་དེང་དུས་ཀྱི་སློབ་སྦྱོང་ཁྲོད་ངེས་པར་དུ་འཇོག་དགོས་པར་ལམ་སྟོན་བཀའ་དྲིན་ཆེ་བར་བསྩལ་མཛད་ཡོད།

དྲུང་ཆེ་ཡན་གྱི་མཛད་གཙོ་རྣམ་པ་ལྷན་ཞུགས་ཐོག་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་རྒྱུ།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཁ་སང་ཕྱི་དྲོར་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ་གསར་འགོད་ལྷན་ཚོགས་ཤིག་བསྐོང་ཚོགས་གནང་སྟེ་རིང་མིན་ཕྱི་ཟླ་ ༧ ཚེས་ ༦ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༥ བདག་གིར་བཞེས་པའི་༸སྐུའི་འཁྲུངས་སྐར་དུས་ཆེན་ཉིན་མོར་རྣམ་ཀུན་ལྟར་མང་ཚོགས་ཕོན་ཆེན་འདུ་འཛོམས་གནང་ཆོག་གི་མེད་སྟབས་བོད་མིའི་སྒྲིག་འཛུགས་ཀྱི་དྲུང་ཆེ་ཡན་གྱི་མཛད་གཙོ་རྣམ་པ་ལྷན་ཞུགས་ཐོག་༸སྐུའི་ཁྲུངས་སྐར་སྲུང་བརྩི་ཞུ་རྒྱུ་ཡིན་པ་གསུངས་སོང་།བོད་མིའི་སྒྲིག་འཛུགས་ནས་ཕྱི་ལོ་ ༢༠༢༠ ལོ་འདི་བཞིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་ལོ་སྲུང་བརྩི་ཞུ་རྒྱུ་ཡིན་པར་ཡོངས་ཁྱབ་སོང་བ་ལྟར། མང་ཚོགས་རྣམས་ནས་༸གོང་ས་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞིས་གཙོས་པའི་རླབས་ཆེན་གྱི་མཛད་རྗེས་ཁག་མཁྱེན་པ་གནང་སྟེ་དོ་བདག་སོ་སོའི་ནང་མི་བུ་ཕྲུག་དང་ཉེ་འཁོར་མི་མང་རྣམས་ལ་སློབ་སྟོན་སོགས་གནང་དགོས་པའི་སྐུལ་མ་གནང་བ་དང་ཆབས་ཅིག བོད་མིའི་སྒྲིག་འཛུགས་ནས་ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༡ ནས་ཕྱི་ལོ་ ༢༠༢༡ ཟླ་ ༦ ཚེས་ ༣༠ བར་བཀའ་དྲིན་རྗེས་དྲན་གྱི་ལོར་སྲུང་བརྩི་ཞུ་རྒྱུ་ཡིན་པ་མཟད་ཕྱི་ཟླ་ ༧ ཚེས་ ༡ ཉིན་ནས་ཕྱི་དྲིལ་བོད་ཀྱི་བརྙན་འཕྲིན་ཚན་པས་བཟོ་སྐྲུན་གནང་བའི་བརྙན་ཐུང་ཁག་རེས་གཟའ་ལྷག་པ་སྟེ་ལྷག་དཀར་ནམ་ཡིན་ལ་བསྟན་འཆར་ཡོད་པ། བོད་མི་གནས་ཡུལ་གཞིས་ཆགས་དང་མང་ཚོགས་རྣམས་ནས་ཀྱང་ས་གནས་མངའ་སྡེ་དང་རྫོངས་ཁག་གི་ལམ་སྟོན་གཞི་རྩར་བཞག་ཐོག་༸སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ཞུ་རྒྱུ་གཙོས་མཛད་རིམ་ཁག་མུ་མཐུད་སྤེལ་རོགས་ཞེས་འབོད་སྐུལ་གནང་ཡོད། གཞི་རྩའི་ཏོག་དབྱིབས་རིམས་ནད་ཀྱི་ཛ་དྲག་གནས་སྟངས་རྐྱེན་གྱིས་མང་ཚོགས་ཕོན་ཆེན་འདུ་འཛོམས་ཐོག་མཛད་རིམ་སྤེལ་རྒྱུ་སོགས་ཁག་པོ་ཆགས་ཡོད་སྟབས་འདི་ལོར་ཟློས་གར་ཚོགས་པ་དབུ་བརྙེས་ནས་མི་ལོ་ ༦༡ འཁོར་བའི་དུས་དྲན་དང་བསྟུན་དབྱར་སྐྱིད་ཅེས་རྒྱ་ལུ་རུ་ཁག་དང་རྔོན་པ་རུ་ཁག་གཉིས་དབར་རྐང་བྲོ་གླུ་གཞས་འགྲན་བསྡུར་གནང་སྲོལ་ཡོད་པ་ལྟར། མངའ་སྡེ་གཞུང་གི་ལམ་སྟོན་གཞིར་བཟུང་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་དྲུང་ཆེ་ཡན་གྱི་མཛད་གཙོ་རྣམ་པ་སོགས་མི་གྲངས་ ༥༠ ཙམ་ལྷན་འཛོམས་ཐོག་བོད་ཀྱི་བརྙན་འཕྲིན་བརྒྱུད་ཕྱི་ཚེས་ ༡ ཉིན་གྱི་དགོང་དྲོ་ཆུ་ཚོད་ ༥ པའི་ཐོག་ཐད་བསྲིངས་གནང་རྒྱུ་ཡིན་པ་གསུངས་སོང་།དེ་བཞིན་གསར་འགོད་ལྷན་ཚོགས་ཐོག་བོད་མིའི་སྒྲིག་འཛུགས་ཝུ་ཧན་ཏོག་དབྱིབས་གཉན་རིམས་ལས་དོན་ཚོགས་ཆུང་གི་འབྲེལ་མཐུད་པ་སྨན་པ་ཚེ་རིང་མཚམས་གཅོད་ལགས་ཀྱིས་བདུན་རེའི་ཏོག་དབྱིབས་རིམས་ནད་དང་འབྲེལ་བའི་གནས་ཚུལ་ཡོངས་ཁྱབ་གནང་སྐབས་འདས་པའི་བདུན་ཕྲག་དེའི་ནང་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་བོད་པ་རིམས་ནད་ཕོག་མཁན་གྱི་གྲངས་ཐོ་གསར་པ་གང་ཡང་འབྱོར་མེད་ཀྱང་། རྒྱ་གར་དང་བལ་ཡུལ་གཉིས་སུ་འདས་པའི་བདུན་ཕྲག་གཅིག་གི་ནང་ཚུད་ལ་རིམས་ནད་ཕོག་པའི་བོད་པ་ ༡༤ བྱུང་ཡོད་པ་སོགས་གསུངས་ཡོད། ལྷག་པར་དུ་སྐབས་དེར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་་མཆོག་ནས་ད་ཆ་རྒྱ་གར་རྒྱལ་ཡོངས་ཐེམ་སྤང་གི་བཀའ་རྒྱ་གུ་ཡངས་དུ་བཏང་བ་ནས་བཟུང་རྒྱ་གར་སྤྱི་དང་རང་རེའི་སྤྱི་ཚོགས་ནང་ལ་ཏོགས་དབྱིབས་རིམ་ནད་ཕོག་མཁན་ཇེ་མང་དུ་འགྲོ་བཞིན་པའི་ཐད་ལ་མང་ཚོགས་དོ་བདག་སོ་སོའི་ངོས་ནས་རྒྱུན་དུ་ཡིད་གཟབ་དང་འགན་བཞེས་རྒྱུ་གལ་ཆེན་པོ་ཡིན་པ་དང་བོད་པའི་སྤྱི་ཚོགས་ཁྲོད་དུ་ཏོག་དབྱིབས་རིམས་ནད་ཕོག་པའི་ནད་པ་དང་ནད་པའི་ནང་མི་སྤུན་མཆེད་ཚོར་འཇིགས་སྣང་སྐུལ་བ་དང་ངལ་བ་སྤྲད་ཚེ་ཆོས་དང་འཇིགས་རྟེན་གཉིས་གང་གི་ཐོག་ནས་ཀྱང་འགྲིག་ཐབས་མེད་རེད་ཅེས་ནན་བརྗོད་གནང་ཡོད། གཞི་རྩའི་ད་ལྟའི་ཆ་ལ་བོད་མིའི་སྒྲིག་འཛུགས་ཝུ་ཧན་ཏོག་དབྱིབས་གཉན་རིམས་ལས་དོན་ཚོགས་ཆུང་གི་གྲངས་ཐོར་གཞིགས་ཚེ་རྒྱ་གར་དང་བལ་ཡུལ་གཉིས་སུ་ཏོག་དབྱིབས་རིམས་ནད་ཕོག་པའི་བོད་མི་ ༣༨ དང་། དེ་དག་ཁྲོད་ནས་ ༢ འདས་གྲོངས་སུ་ཕྱིན་པ། ༡༧ དྲག་སྐྱེད་ཟིན་པ། གཞན་ ༡༩ རིམས་ནད་ཕོག་ཡོད་ཀྱང་ཛ་དྲག་གི་གནས་སྟངས་གང་ཡང་མེད་པ་རེད་འདུག

༸སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་སྐུ་གྲོངས་རྐྱེན་ཐོག་ཞིབ་འཇུག་མཐིལ་ཕྱིན་གནང་བའི་རེ་སྐུལ།

དེ་རིང་ཟླ་ ༦ ཚེས་ ༢༦ ཉིན་མོ་འདི་མཉམ་འབྲེལ་རྒྱལ་ཚོགས་ནས་གཏན་འབེབས་གནང་བའི་རྒྱལ་སྤྱིའི་མནར་གཅོད་འགོག་རྒོལ་ཉིན་མོ་ཡིན་པ་དང་བསྟུན་༸སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་ཚ་མོ་ཉི་མ་ལྷ་མོ་ལགས་ཀྱིས་བརྙན་ཐུང་བརྒྱུད་དེ་རྒྱལ་སྤྱིའི་ཚོགས་སྡེ་ཁག་ལ་ཁོ་མོའི་ཨ་ཞང་བཙོན་ཁང་ནང་གློ་བུར་དུ་དགོངས་པ་རྫོགས་པའི་གནད་དོན་ཐད་ཞིབ་འཇུག་མཐིལ་ཕྱིན་གནང་ཕྱིར་རྒྱ་གཞུང་ལ་གནོན་ཤུགས་སྤྲོད་དགོས་པའི་རེ་སྐུལ་ཞུས་འདུགརྒྱལ་ཚོགས་ནས་ལོ་ལྟར་ཕྱི་ཟླ་ ༦ ཚེས་ ༢༦ ཉིན་མོ་དེ་རྒྱལ་སྤྱིའི་མནར་གཅོད་འགོག་རྒོལ་གྱི་དུས་ཚིགས་སུ་སྲུང་བརྩི་ཞུས་ནས་འཛམ་གླིང་ས་ཕྱོགས་གང་སར་སྡུག་སྦྱོང་མནར་གཅོད་མྱངས་དང་མྱོང་བཞིན་པ་རྣམས་ལ་གདུང་སེམས་མཉམ་བསྐྱེད་དང་མནར་གཅོད་ཀྱི་བྱ་སྤྱོད་ལ་ཁྲིམས་འགལ་ཡིན་པར་ངོས་འཛིན་གྱིས་མཐའ་གཅིག་ཏུ་ངོ་རྒོལ་གནང་བཞིན་ཡོད་པ་ལྟར་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་༸སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དམ་པའི་ཚ་མོ་ཉི་མ་ལགས་ཀྱིས་རྒྱལ་སྤྱིའི་ཚོགས་སྡེ་ཁག་ལ་རིན་པོ་ཆེ་སྐུ་གྲོངས་རྐྱེན་ཐད་ཞིབ་འཇུག་མཐིལ་ཕྱིན་པ་གནང་དགོས་པའི་རེ་སྐུལ་གནང་བའི་བརྙན་ཐུང་ཞིག་འདོན་སྤེལ་གནང་བ་བརྒྱུད་ནས་རྒྱ་གཞུང་གིས་བོད་ནང་ངན་བྱུས་ཀྱི་རྣམ་པ་འདྲ་མིན་ཐོག་ནས་བོད་མིར་མི་སྤྱོད་ལས་འདས་པའི་མནར་གཅོད་བཏང་དང་གཏོང་བཞིན་པར་སྐྱོན་བརྗོད་ཤུགས་ཆེ་གནང་འདུག ལྷག་པར་དུ་རྒྱ་གཞུང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དང་འབྲེལ་བོད་མི་གང་བྱུང་འཛིན་བཟུང་བཀག་ཉར་དང་དུས་ཡུན་རིང་པོར་ཁྲིམས་འགལ་བཀག་སྐྱིལ་བྱས་ཏེ་བཙན་དབང་གིས་ཉེས་འཛུགས་ཁས་ལེན་འཇུག་གི་ཡོད་པ་མ་ཟད་བོད་མི་ཆབ་སྲིད་བཙོན་པ་རྣམས་ལ་དྲང་བདེན་གྱི་ཁྲིམས་ཞིབ་མེད་པའི་ཁར་མི་སྤྱོད་ལས་འདས་པའི་ཉེས་རྡུང་ཚད་མེད་བཏང་བའི་དབང་གིས་མཐར་གཟུགས་པོ་ནད་གཅོང་དུ་གྱུར་ནས་འདས་གྲོངས་སུ་གྱུར་བ་དང་མང་ཆེ་བ་ཛ་དྲག་གནས་སྟངས་འོག་བཙོན་འཇུག་དུས་ཡུན་མ་ཚང་གོང་དུ་བཙོན་གྲོལ་བཏང་ཡོད་པ་མངོན་གསལ་གནང་འདུགདེ་རིང་རྒྱལ་སྤྱིའི་མནར་གཅོད་འགོག་རྒོལ་ཉིན་མོ་དང་བསྟུན་ཉི་མ་ལྷ་མོ་ལགས་ཀྱིས་འདོན་སྤེལ་གནང་བའི་བརྙན་ཐུང་ནང་ཁོང་གིས་༸སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་ནི་མི་མང་པོས་དད་གུས་ཞུ་ཡུལ་གྱི་བླ་མ་ཞིག་ཡིན་པ་དང་། ཁོང་ནི་རྒྱ་གཞུང་གིས་ཚེ་བཙོན་ཁྲིམས་ཐག་བཅད་དེ་བཙོན་ཁང་དུ་མི་ལོ་ ༡༣ རིང་བཞུགས་སྐབས་གློ་བུར་དུ་སྐུ་གྲོངས་ཡོད་པ་དང་ཕྱིས་སུ་རིན་པོ་ཆེའི་སློབ་མ་བློ་བཟང་དོན་གྲུབ་ལགས་ཀྱང་གནད་དོན་དེ་འབྲེལ་ཐོག་ཟླ་བ་བརྒྱད་ཙམ་རིང་དོ་དམ་བཀག་ཉར་གྱིས་སྡུག་སྦྱོང་མནར་གཅོད་མང་དག་ཅིག་བཏང་ནས་མཐར་སྲོག་ཐོག་བཏང་ཡོད་པ་མ་ཟད། གནད་དོན་དེ་འབྲེལ་རྐྱེན་པས་བོད་མི་མང་དག་ཅིག་བཙོན་ལ་ཚུད་པ་དང་དེ་བཞིན་མང་དག་ཅིག་གིས་རྒྱ་གཞུང་ལ་དྲང་བདེན་གྱི་ཁྲིམས་བཤེར་ཡོང་སླད་འབོད་སྐུལ་ཞུ་གང་ཐུབ་གནང་ཡོད་ཀྱང་རྒྱ་གཞུང་གིས་དེར་ངོས་ལེན་མེད་པར་རིན་པོ་ཆེ་དགོངས་པ་རྫོགས་རྐྱེན་ལ་བརྟག་དཔྱད་གནང་དབང་སྤྲད་མེད་པ་མ་ཟད་སྐུ་གྲོངས་པའི་དཔང་ཡིག་ཚད་ལྡན་མེད་ཀྱང་། ཚང་མས་རིན་པོ་ཆེ་མཆོག་སྐུ་གྲོངས་རྐྱེན་ཐད་ཞིབ་འཇུག་མཐིལ་ཕྱིན་གནང་བར་རྒྱ་གཞུང་ལ་གནོན་ཤུགས་སྤྲོད་དགོས་པའི་རེ་སྐུལ་ཞུས་འདུགལྷག་དོན་ལོ་ངོ་ ༢༥ ལྷག་གི་རིང་ལ་རྒྱ་གཞུང་གིས་འཛིན་བཟུང་བཙན་ཁྲིད་བྱས་ནས་གར་སོང་ཆ་མེད་དུ་གྱུར་བའི་བོད་མིའི་ཆབ་སྲིད་བཙོན་པ་༸ཀུན་གཟིགས་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གིས་གཙོས་པའི་བོད་མི་ཆབ་སྲིད་བཙོན་པ་རྒྱ་ནག་གཞུང་གི་བཙན་དབང་འོག་ནས་གང་མགྱོགས་གློད་བཀྲོལ་ཡོང་ཐབས་སུ་ཚང་མས་ཤུགས་གནོན་འཕར་མ་གནང་དགོས་པ་གསུངས་འདུག

ཨ་རིའི་རྒྱལ་ཚོགས་ཀྱི་སྐུ་ཚབ་ཟུར་པ་ལྕམ་སྐུ་ Nikki Haley མཆོག་དེ་སྔ་ཕྱི་ལོ་ ༢༠༡༨ ལོར་༸གོང་ས་མཆོག་དང་མཇལ་འཕྲད་གནང་རྒྱུར་བཀག་སྡོམ་བྱས་འདུག

ཨ་རིའི་རྒྱལ་སྲུང་སློབ་སྟོན་པ་སྐུ་ཞབས་ John Bolton ལགས་ཀྱིས་རྩོམ་བྲིས་གནང་བའི་ཕྱག་དེབ་གསར་པ་ The Room Where It Happened ཞེས་པའི་ནང་ཨ་རིའི་རྒྱལ་ཚོགས་ཀྱི་སྐུ་ཚབ་ཟུར་པ་ལྕམ་སྐུ་ Nikki Haley མཆོག་ནས་དེ་སྔ་ཕྱི་ལོ་ ༢༠༡༨ ཟླ་ ༦ པའི་ནང་༸གོང་ས་མཆོག་དང་མཇལ་འཕྲད་ཞུ་བློ་འདོད་ཡོད་ཀྱང་། སྐབས་དེར་ཨ་རིའི་སྲིད་འཛིན་ Donald Trump མཆོག་གིས་རྒྱ་ནག་གཞུང་ལ་དོ་ཕོག་འགྲོ་བར་དོགས་ཟོན་གྱིས་བཀག་སྡོམ་གནང་བར་བརྟེན་ཕྱོགས་གཉིས་དབར་གྱི་མཇལ་འཕྲད་གནང་ཐུབ་མེད་ཅེས་སྐྱོན་བརྗོད་གནང་འདུགདེའང་སྐུ་ཞབས་ John Bolton ལགས་ཀྱིས་རེས་གཟའ་མིག་དམར་ཉིན་དབུ་འབྱེད་གནང་བའི་ཕྱག་དེབ་ལས་དོན་ཚན་ཞིག་ཟུར་འདོན་གྱིས་དེ་སྔ་ཕྱི་ལོ་ ༢༠༡༨ ཟླ་ ༦ ནང་དུ་ལྕམ་སྐུ་ Nikki Haley མཆོག་རྒྱ་གར་དུ་ཕེབས་ཏེ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གསེར་ཞལ་མཇལ་ཞུ་གནང་འདོད་ཡོད་ཀྱང་། ཨ་རིའི་སྲིད་འཛིན་ Donald Trump མཆོག་གིས་དེར་བཀག་སྡོམ་གནང་ཡོད་པ་མངོན་གསལ་དང་སྦྲགས། སྐུ་ཞབས་ John Bolton ལགས་ཀྱིས་ཕྱག་དེབ་དེའི་ནང་སྐབས་དེར་ལྕམ་སྐུ་ Nikki Haley མཆོག་གིས་༸གོང་ས་མཆོག་དང་ལྷན་དུ་སྐུ་པར་སྒྲོན་རྒྱུ་ཙམ་ལས་དེ་མིན་མཇལ་མོལ་དེ་ཞུ་དགོས་པའི་རྒྱུ་མཚན་གང་ཡིན་ཁ་གསལ་གནང་མེད་ཀྱང་། ལྕམ་སྐུ་ Nikki Haley མཆོག་ནི་རྣམ་ཀུན་ནས་རྒྱ་ནག་དང་འབྲེལ་བའི་ཚོང་འབྲེལ་གྱི་སྲིད་བྱུས་ཐོག་ལ་བཀའ་མོལ་ནན་པོ་གནང་མཁན་ཞིག་ཡིན་སྟབས། ཕྱོགས་གཉིས་ཀྱི་མཇལ་མོལ་དེ་རྐྱེན་ཨ་རི་དང་རྒྱ་ནག་དབར་གྱི་འབྲེལ་ལམ་ལ་དོ་ཕོག་འགྲོ་བར་དོགས་ཟོན་གྱིས་སྲིད་འཛིན་ Trump མཆོག་གིས་མཇལ་འཕྲད་དེར་བཀག་སྡོམ་གནང་ཡོད་པ་གསུངས་འདུགགཞན་ཡང་སྐུ་ཞབས་ John Bolton ལགས་ཀྱིས་འདས་ལོ་ནང་བྱང་ཤར་ཨེ་ཤི་ཡའི་གླིང་ཕྲན་རྒྱལ་ཁབ་ཉི་ཧོང་དུ་  G20 Summit ཞེས་པའི་སྟོབས་ཆེན་རྒྱལ་ཁབ་ཉི་ཤུ་ཐམ་པའི་ལྷན་ཚོགས་དང་འབྲེལ་དགོང་ཚིགས་ཤིག་གི་སྐབས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ལ་ཌོ་ནལྜ་ཊམ་མཆོག་གིས་སླར་ཡང་འོས་བསྡུའི་རྒྱལ་ཁ་འཐོབ་པར་རོགས་རམ་གནང་རོགས་ཞེས་དང་དེ་ལྟར་རྒྱལ་ཁ་འཐོབ་ཚེ་རྒྱ་ནག་གི་ངོས་ནས་ཨ་རི་ནང་གི་སོ་ནམ་གྱི་ཐོན་སྐྱེད་སྲན་མ་དང་གྲོ་ལ་སོགས་པ་རྣམས་ཉོ་ཆོག་སྐོར་གླེང་མོལ་བྱས་ཡོད་པ་དང་། ཆབས་ཅིག་ཏུ་སྲིད་འཛིན་ཊམ་མཆོག་གིས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབང་བསྒྱུར་འོག་ཡོད་པའི་ཡུ་གུར་བའི་ཁ་ཆེའི་གྲངས་ཉུང་མི་རིགས་རྣམ་པའི་ཐོག་མི་སྤྱོད་ལས་འདས་པའི་དྲག་གནོན་དང་བཙོན་འཇུག་སོགས་ཀྱི་ལས་དོན་མུ་མཐུན་བློ་འདོད་ལྟར་སྤེལ་ན་འགྲིག་སྐོར་བཤད་པའང་ཆེད་བཀོད་གནང་འདུགགཞི་རྩའི་ The Room Where It Happened ཞེས་ཤོག་གྲངས་ ༥༩༢ བདག་ཉིད་ཅན་གྱི་ཕྱག་དེབ་གསར་པ་དེ་སྐུ་ཞབས་ John Bolton ལགས་ཀྱིས་དེ་སྔ་ཕྱི་ལོ་ ༢༠༡༨ ཕྱི་ཟླ་ ༤ པ་ནས་ཕྱི་ལོ་ ༢༠༡༩ ཕྱི་ཟླ་ ༩ བར་སྲིད་འཛིན་ Donald Trump མཆོག་གི་སྲིད་གཞུང་འོག་ཨ་རིའི་རྒྱལ་སྲུང་སློབ་སྟོན་པའི་ཐུགས་འགན་བཞེས་རིང་རྒྱལ་སྲུང་སྲིད་བྱུས་དང་འབྲེལ་བའི་མཆན་འགོད་ལས་ཕྱོགས་བསྒྲིགས་གནང་བ་ཞིག་ཡིན་པ་དང་། དེ་ཡང་ཝ་ཤིན་ཊོན་ནང་རྟེན་གཞི་བྱས་པའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་བཀའ་འཁྲོལ་ཡོད་པའི་ཐོག་ནས་པར་སྐྲུན་གནང་བ་ཞིག་ཡིན་པ་མ་ཟད། ཁོང་གིས་ཨ་རིའི་སྲིད་འཛིན་ཊམ་མཆོག་ནི་ཨ་རིའི་སྲིད་འཛིན་གྱི་ཞབས་སྟེགས་ཐོག་ཏུ་འོས་འཚམས་ཤིག་མིན་པར་སྐྱོན་བརྗོད་གནང་ཡོད་པར་སྲིད་འཛིན་ཊམ་མཆོག་གིས་སྐུ་ཞབས་ Bolton ལགས་ཀྱི་ཕྱག་དེབ་དེའི་ནང་དོན་ཡོངས་རྫོགས་གཡོ་རྫུན་དང་འབྲེལ་ཡོད་པར་ལན་འདེབས་གནང་འདུག

རྟ་དབང་ས་མཚམས་ས་ཁུལ་ལ་བོད་དང་རྒྱ་གར་གྱི་ས་མཚམས་ཞེས་གསུངས་འདུག

རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག་མངའ་སྡེ་དེའི་མོན་རྟ་དབང་གི་འབུམ་ལ་ས་མཚམས་ས་ཁུལ་དུ་ཆེད་ཕེབས་གནང་བ་དང་འབྲེལ་ཁོང་གི་ Twitter ཐོག་གནས་ཚུལ་སྤེལ་བར་ས་ཁུལ་དེར་རྒྱ་གར་དང་བོད་ཀྱི་ས་མཚམས་ས་ཁུལ་ཞེས་གསུངས་འདུག་པ་དང་། རྒྱ་གར་གྱི་བརྒྱུད་ལམ་ཁག་ཏུ་རྒྱ་དཀར་ནག་གཉིས་དབར་གདོང་ཐུག་ཁྲོད་ད་ལྟ་ཁོང་གིས་བཀའ་མོལ་དེ་ལྟར་གནང་བ་དེ་གནད་འཕིགས་ཤིག་ལ་ངོས་འཛིན་གནང་བཞིན་འདུགཉེ་ཆར་ལ་དྭགས་གྷལ་ཝན་ཡུལ་དུ་ཆགས་པའི་རྒྱ་གར་དང་བོད་གཉིས་ཀྱི་ས་མཚམས་ས་ཁུལ་དུ་རྒྱ་དཀར་ནག་གཉིས་ཀྱི་དམག་མིའི་དབར་གདོང་ཐུག་ཤོར་རྐྱེན་རྒྱ་གར་གྱི་དམག་མི་ ༢༠ ཙམ་ཞིག་རྐྱེན་འདས་སུ་ཕྱིན་པའི་གནས་དོན་དང་འབྲེལ་ཚོར་བ་སྣོ་བའི་གནས་སྟངས་ཁྲོད་འདིར་ཁ་སང་ཨ་རུ་ནཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག་མོན་རྟ་དབང་ཁུལ་གྱི་ས་མཚམས་ཁུལ་དུ་ཆེད་ཕེབས་གནང་སྟེ་རྒྱ་གར་གྱི་མཐའ་མཚམས་དམག་མི་རྣམས་དང་ལྷན་དུ་མཇལ་འཕྲད་གནང་རྗེས་ཁོང་གི་ Twitter ཐོག་དམག་མི་རྣམས་དང་ལྷན་སྒྲོན་སྐུ་པར་ཁག་ཅིག་ཆེད་སྤེལ་དང་འབྲེལ། རྒྱ་གར་ལ་རང་བཙན་ཐོབ་པ་ནས་བཟུང་ང་ཚོའི་རེ་བ་ཆ་ཚང་རྒྱ་གར་གྱི་དམག་མིར་བཅོལ་ཡོད་པ་དང་ད་རེས་རང་ཉིད་འབུམ་ལ་ཁུལ་དུ་ཆགས་པའི་རྒྱ་གར་དང་བོད་ཀྱི་ས་མཚམས་ཁུལ་དུ་ཕེབས་ཏེ་དམག་མི་དག་དང་ལྷན་དུ་མཇལ་འཕྲད་ཀྱི་གོ་སྐབས་བྱུང་དོན་བཞིན་དམག་མི་རྣམས་ཀྱི་དཔའ་ངར་དང་ཞུམ་པ་མེད་པའི་སེམས་ཤུགས་ཡོད་པ་ལྟར་མཐའ་མཚམས་སྲུང་སྐྱོབ་ཐོག་ང་ཚོ་བློ་བདེ་ངང་བཞུགས་ཆོག་པ་འདུག་ཅེས་གསུངས་འདུགབློན་ཆེན་མཆོག་གིས་ Twitter ཐོག་གནས་ཚུལ་སྤེལ་བར་དྲྭ་རྒྱའི་མི་སྣ་མང་དག་ཅིག་ནས་ཁོང་ལ་ཡི་རངས་བསྔགས་བརྗོད་ཞུ་བཞིན་པ་དང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཀྱང་རང་ཉིད་ཀྱི་ Twitter ཐོག་གནད་དོན་དེར་དགའ་བསུ་ཞུས་འདུགཟླ་བ་འདིའི་ཚེས་ ༡༥ ཉིན་རྒྱ་དཀར་ནག་གཉིས་ཀྱི་དམག་མིའི་དབར་དྲག་པོའི་གདོང་ཐུག་གི་གནད་དོན་ཁྲོད་རྒྱ་གར་གྱི་དམག་མི་ ༢༠ ཙམ་དང་རྒྱ་ནག་གི་དམག་མི་ ༤༠ ཙམ་འདས་གྲོངས་སུ་ཕྱིན་ཏེ་ཕྱོགས་གཉིས་དབར་ས་མཚམས་ཀྱི་རྩོད་རྙོག་ཤུགས་ཆེ་རུ་ཕྱིན་པ་དང་འབྲེལ། རྒྱ་གར་མ་ཧཱ་རཱཤྚ་མངའ་སྡེའི་གཞུང་འབྲེལ་མི་སྣས་བརྒྱུད་ལམ་ཁག་ལ་དེང་སྐབས་རྒྱལ་ཁབ་ཕྱོགས་གཉིས་དབར་རྩོད་རྙོག་རྐྱེན་པས་མངའ་སྡེས་རྒྱ་ནག་དང་ལྷན་དེ་སྔོན་ཨ་སྒོར་ས་ཡ་ ༦༠༠ ཙམ་གྱི་ཚོང་འབྲེལ་ལས་འཆར་ཡོད་པ་དེ་ད་ཆ་རྒྱུན་མ་མཐུད་པར་བཞག་ཡོད་པ་མངོན་གསལ་གནང་འདུག དེ་བཞིན་རྒྱ་གར་གྱི་མངའ་སྡེ་གཞན་ནས་ཀྱང་རྒྱ་ནག་དང་ལྷན་ཚོང་འབྲེལ་ལ་བསྐྱར་ཞིབ་བྱེད་བཞིན་པ་དང་ཁག་ཅིག་གིས་ཚོང་འབྲེལ་མཚམས་འཇོག་གནང་བའི་གནས་ཚུལ་ཡང་འཐོན་བཞིན་འདུགདེ་རིང་རྒྱ་གར་གྱི་བརྒྱུད་ལམ་ཁག་གིས་ Core Group for Tibetan Cause ཞེས་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་ནང་མའི་ངོས་ནས་རྒྱ་ནག་གཞུང་གིས་ཉེ་སྔོན་ཕྱི་ཚེས་ ༡༥ དང་། ༡༦ གཉིས་ལ་གྷ་ཝན་རི་གཤོངས་སུ་དྲག་པོའི་གདོང་ཐུག་གི་གནད་དོན་ལ་སྐྱོན་བརྗོད་དང་གནད་དོན་དེའི་འོག་འདས་གྲོངས་སུ་གྱུར་བའི་རྒྱ་གར་དམག་མི་རྣམས་ལ་གདུང་སེམས་མཉམ་བསྐྱེད་དང་འབྲེལ། གནད་དོན་དེ་ནས་རྒྱ་ནག་སྲིད་གཞུང་གིས་ངན་སེམས་ཇི་ཙམ་འཆང་བཞིན་ཡོད་པ་གསལ་པོ་མངོན་རྒྱུ་ཡོད་པ་དང་། ༸ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་རིན་པོ་ཆེ་མཆོག་གི་གནད་དོན་དང་རྒྱ་ནག་ཝུ་ཧན་གྲོང་ཁྱེར་ནས་མཆེད་པའི་ཏོག་དབྱིབས་རིམས་ནད་ཀྱིས་འཛམ་གླིང་ཁྱོན་ཡོངས་སུ་མི་རྒྱུ་གཉིས་ཀར་གནོད་འཚེ་དཔག་མེད་བཟོས་པའི་གནད་དོན་སོགས་ལུང་འདྲེན་དང་ཆབས་ཅིག རྒྱ་གཞུང་གིས་ལོ་ངོ་བཅུ་ཕྲག་མང་པོའི་རིང་ལ་ངན་སེམས་དང་ངན་བྱུས་དེ་ལྟར་བྱེད་བཞིན་པ་འཐེར་འདོན་གྱིས་འཛམ་གླིང་ཁྱོན་ཡོངས་ཀྱིས་དེ་ལྟར་མི་ཡོང་བར་བཀག་སྡོམ་ནན་པོ་གནང་གནད་ཡིན་པ་དང་། རྒྱ་ནག་གི་དངོས་ཆས་རྣམས་ཉོ་ཚོང་མཚམས་འཇོག་བྱེད་དགོས་པའི་གཞེན་སྐུལ་བསྐྱར་ནན་གནང་འདུགརྩ་བའི་ཉེ་ཆར་དྲག་པོའི་གདོང་ཐུག་གི་གནད་དོན་དང་འབྲེལ་རྒྱལ་ཁབ་ཕྱོགས་གཉིས་ཀྱི་ས་མཚམས་ཀྱི་རྩོད་རྙོག་སྔར་དང་མི་འདྲ་བར་ཤུགས་ཆེ་རུ་ཕྱིན་པ་དང་འབྲེལ། དེ་རིང་གནས་ཚུལ་ཐོན་ཁག་ལ་གཞིགས་ཚེ་ཕྱི་ཚེས་ ༢༢ ཉིན་རྒྱ་དཀར་ནག་གཉིས་ཀྱི་བདེ་སྲུང་དང་དམག་གི་འབྲེལ་ཡོད་དཔོན་རིགས་རྣམས་ཀྱི་དབར་ཁ་པར་དང་དྲྭ་རྒྱ་བརྒྱུད་དེ་ཚོགས་འདུ་རིམ་པ་ཚོགས་རྗེས་སུ་གྷལ་ཝན་ཁུལ་དུ་ཕྱོགས་གཉིས་ཀྱི་ངོས་ནས་དམག་གི་སྐོར་སྲུང་ལས་དོན་དང་འཛུགས་སྐྲུན་གྱི་ལས་གཞི་ཁག་རིམ་བཞིན་མཚམས་འཇོག་བྱེད་རྒྱུའི་གྲོས་མཐུན་བྱུང་འདུག

སུད་སི་སྦན་ནས་ཇི་ནི་ཝ་བར་བོད་དོན་གོམ་བགྲོད་ཀྱི་ལས་འགུལ་དབུ་འཛུགས།

དེང་སྐབས་འཛམ་གླིང་ཁྲོད་རྒྱ་ནག་ཝུ་ཧན་ནས་ཐོག་མར་མཆེད་པའི་ཏོག་དབྱིབས་གཉན་རིམས་རྐྱེན་པས་མང་ཚོགས་སྟོང་ཕྲག་མང་པོའི་ཚེ་སྲོག་ཤོར་བ་དང་། རྒྱ་དཀར་ནག་གཉིས་དབར་ས་འཚམས་ཀྱི་དོན་རྐྱེན་གནད་དོན་བྱུང་ཁག་བཅས་དང་འབྲེལ་ནས་ཉེ་ཆར་འཛམ་གླིང་གང་སར་གནས་སྡོད་བོད་མི་ཚོགས་སྒེར་ཁག་གིས་གཅིག་རྗེས་གཉིས་མཐུད་ཀྱིས་ལས་འགུལ་འདྲ་མིན་སྤེལ་བཞིན་ཡོད་པ་ལྟར། དེ་རིང་ཕྱི་ཚེས་ ༢༥ ཉིན་གྱི་སྔ་དྲོ་སླར་ཡང་སུད་སིར་གནས་སྡོད་བོད་མི་དང་བླངས་པ་བཞིས་སུད་སི་རྒྱལ་ས་སྦན་ནས་གྲོང་ཁྱེར་ཇི་ནི་ཝ་བར་བོད་དོན་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་དབུ་འཛུགས་གནང་སོང་།ཐེངས་འདིའི་བོད་དོན་ལས་འགུལ་ནི་སུད་སི་རྒྱལ་ས་སྦན་ནས་ཡིན་པ་བོད་མི་བློ་བཟང་དར་རྒྱས་ལགས་དང་རྡོ་རྗེ་དངོས་གྲུབ་ལགས། ཛུ་རིག་གནས་སྡོད་བསྟན་རྣམ་ལགས། དེ་བཞིན་ཨ་རའོ་གནས་སྡོད་བཀྲིས་ལགས་བཅས་བོད་མི་དང་བླངས་པ་བཞིས་ རྒྱལ་ས་སྦན་དུ་རྟེན་གཞི་བྱས་པའི་རྒྱལ་ཡོངས་གྲོས་ཚོགས་ཀྱི་མདུན་ངོས་ནས་དེ་རིང་སྔ་དྲོར་དབུ་འཛུགས་གནང་ཡོད་པ་རེད།ལས་འགུལ་གྱི་དམིགས་ཡུལ་གཙོ་བོ་ནི་ཉིན་གྲངས་ལྔའི་རིང་གོམ་བགྲོད་དུས་ཡུན་རིང་བོད་དོན་གོམ་བགྲོད་པ་རྣམས་ནས་རྒྱལ་སྤྱིའི་མང་ཚོགས་ལ་བོད་ནང་གི་དངོས་ཡོད་གནས་ཚུལ་སྤྱི་དང་སྒོས་སུད་སི་དང་རྒྱལ་སྤྱིའི་རྒྱལ་གཞུང་སྒེར་ཚོགས་སྡེ་ཁག་ལ་རྒྱ་ནག་ཝུ་ཧན་ནས་ཁྱབ་གདལ་སོང་བའི་ཏོག་དབྱིབས་གཉན་རིམས་རྐྱེན་པས་གོ་ལའི་ཁྱོན་ཡོངས་སུ་འགྲོ་བ་མི་སྟོང་ཕྲག་མང་པོའི་ཚེ་ཤོར་བའི་འགན་ཡོངས་རྫོགས་རྒྱ་གཞུང་ལ་འཁུར་བཅུག་ནས་རྒྱ་ནག་གི་ཅ་དངོས་ཉོ་ཚོང་མཚམས་འཇོག་གནང་དགོས་པ་མ་ཟད། རྒྱ་ནག་གཞུང་གིས་སིམ་འཛུལ་ངང་སུད་སི་རྒྱལ་ཁབ་ཀྱི་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་གི་ལྟ་གྲུབ་རྡོག་རོལ་གཏོང་བཞིན་པར་སུད་སི་གཞུང་ནས་དེར་ཐུགས་སྣང་གང་གཟབ་གནང་དགོས་པ་བཅས་དོན་ཚན་བཞི་ཅན་དགོས་འདུན་ཐོག་ནས་གནང་ཡོད་པ་རེད།ཐེངས་འདིའི་ཉིན་གྲངས་ལྔའི་རིང་བོད་དོན་གོམ་བགྲོད་ཀྱི་ལས་འགུལ་ཁྲོད་ལས་འགུལ་བ་རྣམས་ནས་སུད་སི་རྒྱལ་ས་སྦན་ནས་གྲོང་ཁྱེར་ཕྷིར་སྦུ་དང་ལུ་ཛན། དེ་བཞིན་ཇི་ནི་ཝ་བཅས་གྲོང་ཁྱེར་ཆེ་ཁག་བཞིར་གོམ་བགྲོད་གནང་སྟེ་མཐར་ཕྱི་ཚེས་ ༣༠ ཉིན་ཇི་ཝའི་རྒྱལ་ཚོགས་མདུན་དུ་མཇུག་སྒྲིལ་གནང་རྒྱུ་ཡིན་པ་རེད། རྩ་བའི་ད་ལན་རྒྱ་ནག་ཝུ་ཧན་ནས་ཐོག་མར་མཆེད་པའི་ཏོག་དབྱིབས་གཉན་རིམས་དང་འབྲེལ་ཟླ་བ་སྔོན་མར་སུད་སི་ནང་གནས་སྡོད་ཚེ་རིང་དབང་འདུས་ལགས་ཀྱིས་སུད་སི་གྲོང་ཁྱེར་ཝུན་ཐ་ཐུར་ནས་ཇི་ཝ་བར་བོད་དོན་གོམ་བགྲོད་ཀྱི་ལས་འགུལ་སྤེལ་གནང་རྗེས་ད་ལན་སླར་ཡང་བོད་དོན་གོམ་བགྲོད་ཀྱི་ལས་འགུལ་སྤེལ་བ་འདི་བོད་མི་སྒེར་གྱིས་གོམ་བགྲོད་ཀྱི་ལས་འགུལ་ཐེངས་གཉིས་པ་ཆགས་ཀྱི་ཡོད་པ་རེད།

ཕྱི་ལོ་ ༢༠༢༡ ལོའི་འོས་བསྡུ་ཚད་དང་ལྡན་པ་ཡོང་ཆེད་རྣམ་དཔྱོད་ལྡན་པའི་བོད་མིའི་འོས་ཞེས་པའི་ལས་འཆར་སྤེལ་རྒྱུ།

ཕྱི་ལོ་ ༢༠༢༡ ལོའི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་སྤྱི་འཐུས་གཉིས་ཀྱི་འོས་བསྡུ་ཆེན་མོ་སླེབས་ཉེ་དང་བསྟུན། དེ་རིང་ཉིན་རྒྱབ་སུད་སི་ཆོུད་ ༡ སྟེང་དྲྭ་ཐོག་ནས་བོད་མི་དང་བླངས་པ་ཁག་ཅིག་ལས་གྲུབ་པའི་རུ་ཁག་ཞིག་གིས་གསར་འགོད་ལྷན་ཚོགས་གནང་སྟེ་རིང་མིན་ ༢༠༢༡ ལོའི་བོད་མིའི་འོས་བསྡུ་ཆེན་མོ་དེ་ཚད་དང་ལྡན་པ་ཞིག་ཡོང་ཕྱིར་ SmartVote Tibet འམ་བོད་ཀྱི་རྣམ་དཔྱོད་ལྡན་པའི་འོས་ཞེས་པའི་ལས་འཆར་ཞིག་སྤེལ་རྒྱུུ་ཡིན་པ་ཡོངས་གྲགས་གནང་སོང་། རྣམ་དཔྱོད་ལྡན་པའི་བོད་མིའི་འོས་ཞེས་པ་ནི་མང་གཙོའི་ལས་འཆར་ཞིག་གི་ཐོག་ནས་སྣེ་ཁྲིད་བྱས་པ་དང་། ཚོགས་པ་དེ་ཆབ་སྲིད་ཚན་རིག་དང་ལོ་རྒྱུས། སེམས་ཁམས་རིག་པ། གློག་ཀླད་འཕྲུལ་ཆས། འགྲོ་བ་མིའི་ཐོབ་ཐང་སོགས་ཤེས་ཡོན་གྱི་རྒྱབ་ལྗོངས་ཕུན་ཚོགས་དང་ལྡན་པའི་ཤེས་ལྡན་བོད་མིས་མཉམ་ཞུགས་ཀྱིས་སྣེ་ཁྲིད་བྱས་པའི་ལས་གཞི་ཡིན་པ་དང་། ལས་འཆར་དེ་གཙོ་བོ་དེང་དུས་ཀྱི་དྲྭ་རྒྱའི་ཐབས་ལམ་མ་ལག་བརྒྱུད་མང་ཚོགས་ལ་འོས་མིའི་ལོ་རྒྱུས་དང་ཤེས་ཡོན་རྒྱབ་ལྗོངས། དེ་བཞིན་བཞེངས་ཕྱོགས་དང་སྲིད་བྱུས་སོགས་ཆ་ཚང་བ་ཞིག་ཚན་རིག་དང་མཐུན་པར་ངོ་སྤྲོད་ཞུ་རྒྱུ་དང་། དེ་བཞིན་བོད་མི་འོས་འཕེན་མཁན་རྣམས་ཀྱིས་འོས་བསྡུའི་ཉིན་མོར་གནས་ཚུལ་རྟོགས་ཐོག་འོས་འདེམས་གནང་ཕྱིར་མཐུན་འགྱུར་གནང་མཁན་གྱི་སྤྱོད་ལམ་བསླབ་པའི་མ་ལག་ཞིག་ཆགས་ཀྱི་འདུག རྩ་བའི་རྣམ་དཔྱོད་ལྡན་པའི་འོས་ཞེས་པའི་སྡིངས་ཆ་འདི་ཐོག་མར་སུད་སི་པོ་ལི་ཀྲུལས་བཟོ་ལས་ཁང་ Polittool Assoc. གིས་གསར་སྐྲུན་གནང་བ་ཞིག་ཡིན་འདུག་ཅིང་། ད་བར་འོས་ཤོག་ཐབས་ལམ་མ་ལག་དེ་བཞིན་སུད་སི་དང་། ཨོས་ཀྲི་ལི་ཡ། ལུཀ་ཙམ་བཀ།ཨོས་ཀྲི་ཡ། སི་ཀོཌ་ལེཌ། དེ་བཞིན་ཡུ་རོབ་མཉམ་འབྲེལ་ལ་སོགས་ཀྱི་ལག་བསྟར་བྱས་ཏེ་ལེགས་གྲུབ་ཆེན་པོ་བྱུང་ཡོད་པ་ཞིག་ཆགས་ཀྱི་འདུག ད་ལན་སུད་སི་ Polittool མཉེན་ཆས་བཟོ་ལས་ཁང་གིས་མཉེན་ཆས་མ་ལག་རིང་མིན་བཙན་བྱོལ་བོད་མིའི་འོས་བསྡུའི་ལས་རིམ་ཐོག་བེད་སྤྱོད་གནང་རྒྱུའི་ཆོག་མཆན་གནང་བ་བརྒྱུད་བོད་མི་དང་བླངས་རུ་ཁག་གིས་མཉེན་ཆས་མ་ལག་སྒྲོམ་གཞི་འདིར་གཞིར་བཞག་དེ་རིང་ཁོང་རྣམས་ནས་ https://www.smartvote-tibet.org/ དྲྭ་རྒྱ་གསར་པ་ཞིག་དབུ་འབྱེད་གནང་ཡོད་པ་རེད། རླུང་འཕྲིན་ཁང་གིས་རྣམ་དཔྱོད་ལྡན་པའི་བོད་མིའི་འོས་མི་ཞེས་པའི་ལས་འཆར་དེའི་རྒྱབ་ལྗོངས་དང་དགོས་དམིགས། དགེ་མཚན་སོགས་དང་འབྲེལ་བའི་སྐོར་ལ་སུད་སིར་གནས་བཞུགས་ལས་འཆར་གྱི་ཚོགས་མི་བཀྲས་མཐོང་དབང་པོ་ལགས་སུ་བཅར་འདྲི་ཞུས་ཡོད།

འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་ཐོག་དགོངས་པ་བཞེས་དགོས།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འགྲོ་བ་མིའི་སྤྱི་ཚོགས་ཁྲོད་དུ་འཕྲད་བཞིན་པའི་དབྱེ་འབྱེད་ཀྱི་དཀའ་ངལ་རྣམས་མིའི་དགོངས་པ་བཞེས་སྟངས་ཆེས་གུ་དོག་དྲག་པའི་དབང་གིས་ཡིན་པ་དང་། དཀའ་ངལ་དེ་དག་ལ་གདོང་ལེན་གནང་ཐབས་སུ་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་ཐོག་དགོངས་པ་བཞེས་དགོས་པར་ལམ་སྟོན་མཛད་འདུགཁ་སང་ཨ་མི་རི་ཀའི་ CBS གསར་ཁང་གི་ཨེ་ཤ་ཡའི་སྡེ་ཚན་གྱི་གསར་འགོད་པ་ Ramy Inocencio ལགས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཏོག་དབྱིབས་རིམས་ཀྱི་ཛ་དྲག་གནས་སྟངས་དང་ཨ་རི་ནང་འཕྲད་བཞིན་པའི་མི་རིགས་དབྱེ་འབྱེད་དང་འབྲེལ་བའི་ལས་འགུལ་སོགས་ཀྱི་ཐོག་སྐར་མ་ ༩༠ ཙམ་ཡོད་པའི་བཀའ་འདྲི་ཞུས་པའི་ལེ་ཚན་ཞིག་རྒྱང་བསྲིངས་གནང་འདུག སྐབས་དེར་མགོན་པོ་༸གང་ཉིད་མཆོག་གིས་ནང་ཆོས་ཉམས་ལེན་གནང་མཁན་ཞིག་ཡིན་པའི་ཆ་ནས་ཏོག་དབྱིབས་རིམས་ནད་ཀྱི་ཛ་དྲག་གནས་སྐབས་སུ་མིའི་དགོངས་པ་བཞེས་ཕྱོགས་དེ་ཕྱི་ལུས་པོའི་བྱ་སྤྱོད་ལས་གལ་འགངས་ཆེ་བ་ཞིག་ཏུ་ངོ་འཛིན་མཛད་བཞིན་ཡོད་པ་བཀའ་སྩལ་འདུག དེ་བཞིན་ཨ་རི་ནང་འཕྲད་བཞིན་པའི་མི་རིགས་དབྱེ་འབྱེད་དང་འབྲེལ་བའི་ངོ་རྒོལ་ལས་འགུལ་སོགས་དང་འབྲེལ། དཀའ་ངལ་དེ་དག་མིའི་དགོངས་པ་བཞེས་སྟངས་གུ་དོག་དྲག་པའི་དབང་གིས་བྱུང་བ་ཞིག་ཡིན་པ་དང་། དེ་ཡང་ངོ་དཀར་ནག་སོགས་གང་ཡིན་ལ་བལྟོས་མེད་དང་ཐོག་དེར་ང་ཚོ་ཚང་མ་འགྲོ་བ་མི་ཞིག་ཡིན་པ་གཅིག་མཚུངས་ཡིན་པ་མ་ཟད་རིགས་རུས་དང་ཆོས་དད། དེ་བཞིན་རྒྱལ་ཁབ་སོགས་ཀྱི་ཐོག་ནས་མིའི་རིགས་ལ་དབྱེ་འབྱེད་གནང་རྒྱུའི་དགོངས་པ་བཞེས་པ་དེ་དུས་ཚོད་ཡོལ་ཟིན་པའི་ཆ་ལུགས་རྙིང་པ་ཞིག་རེད་ཅེས་ལམ་སྟོན་བསྩལ་བ་དང་ཆབས་ཅིག རིགས་རུས་སོགས་དབྱེ་འབྱེད་དང་འབྲེལ་བའི་དཀའ་ངལ་དེ་དག་མི་ཡོང་བ་དང་གདོང་ལེན་གནང་ཐབས་སུ་ང་ཚོ་ཚང་མ་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་ཐོག་དགོངས་པ་བཞེས་དགོས་གལ་ཡིན་པ་ལམ་སྟོན་བཀའ་དྲིན་ཆེ་བ་མཛད་འདུག   ༸གོང་ས་མཆོག་གིས་ཨ་མི་རི་ཀའི་སྲིད་འཛིན་ལས་ཐོག་དང་འབྲེལ་བའི་བཀའ་འདྲི་ཁག་ལ་བཀའ་ལན་མཛད་སྐབས་དེ་སྔ་སྐུ་ཞབས་ Trump མཆོག་ཨ་རིའི་སྲིད་འཛིན་ཆགས་མཚམས་སུ་ America First ཞེས་ཨ་རིའི་གནད་དོན་ཨང་དང་པོ་ཡིན་སྐོར་ཡང་ཡང་གསུང་བཤད་སོགས་གནང་བར་དགོངས་པར་བདེ་པོ་མ་བྱུང་ཞེས་བཀའ་བསྩལ་བ་དང་། གསར་འགོད་པས་གལ་སྲིད་སྲིད་འཛིན་ཊམ་མཆོག་གིས་མགོན་པོ་༸གང་ཉིད་མཆོག་ཨ་རིར་གདན་ཞུ་གནང་ཚེ་ཐུག་འཕྲད་མཛད་འདོད་ཡོད་དམ་ཞེས་བཀའ་འདྲི་ཞུས་པར་ད་ལྟའི་ངོས་ལུས་པོའི་གནས་སྟངས་ལ་གཞིགས་ཏེ་ས་ཐག་རིང་པོར་འགྲུལ་བཞུད་བྱེད་རྒྱུ་དེ་ལས་སླ་པོ་ཞིག་མིན་པ་དང་གལ་སྲིད་སྲིད་འཛིན་ཊམ་མཆོག་རྒྱ་གར་ལ་ཕེབས་ན་གནས་སྟངས་ཤིག་འགྲིག་ཀྱང་། བདེན་པར་བརྗོད་ན་སྐབས་རེ་སྲིད་འཛིན་ཊམ་མཆོག་གི་གནང་སྟངས་དེ་ཚོ་མགོ་རྙོག་པོ་རེད་འདུག་ཅེས་བཀའ་བསྩལ་འདུག  རྩ་བའི་ཏོག་དབྱིབས་རིམས་ནད་ཀྱི་ཛ་དྲག་གནས་སྟངས་ཁྲོད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དྲྭ་ལམ་ཐད་གཏོང་བརྒྱུད་བཀའ་ཆོས་བཀའ་དྲིན་བསྐྱངས་པ་མ་ཚད་རྒྱལ་སྤྱིའི་རང་བཞིན་ལྡན་པའི་ཚོགས་འདུ་དང་ལྷན་ཚོགས་ཁག་ལ་དབུ་བཞུགས། དེ་བཞིན་གསར་ཁང་ཁག་གི་བཀའ་འདྲིར་བཀའ་ལན་སོགས་མཛད་མུས་ལྟར། གནངས་ཕྱི་ཚེས་ ༢༦ ཉིན་རྒྱ་གར་ Haryana མངའ་སྡེའི་གྲོང་ཁྱེར་ Gurgaon ནང་རྟེན་གཞི་བྱས་པའི་ Amity གཙུག་ལག་སློབ་གཉེར་ཁང་གི་སློབ་མ་རྣམས་ལ་འཛམ་གླིང་ཞི་བདེ་དང་བྱམས་བརྩེ་ལྡན་པ་ཞིག་སྐྲུན་ཐབས་ཀྱི་འཆར་སྣང་ཞེས་པའི་བརྗོད་གཞིའི་ཐོག་ལམ་སྟོན་མཛད་རྒྱུའི་མཚད་འཆར་ཡོད་པ་རེད།

བོད་མི་དང་ཧོང་ཀོང་སོགས་ཀྱི་མང་ཚོགས་ཐོག་དྲག་གནོན་བྱེད་མཁན་རྒྱ་ནག་གི་དཔོན་རིགས་དག་ལ་ཁྲིམས་ལྟར་ཉེས་ཆད་གཅོད་དགོས།

ཁེ་ན་ཌའི་གྲོས་ཚོགས་གོང་མའི་འཐུས་མི་ ༡༣ ཡིས་ཡུལ་དེའི་སྲིད་བློན་ Justin Trudeau མཆོག་གིས་མཚན་ཐོག་ལ་ཕྱག་ཡིག་ཞིག་ཕུལ་བ་བརྒྱུད་བོད་མི་དང་ཧོང་ཀོང་། ཡུ་གུར་བའི་ཐོག་དྲག་གནོན་བྱེད་མཁན་རྒྱ་ནག་གི་དཔོན་རིགས་རྣམས་ལ་ Global Magnitsky Act ཞེས་པའི་ཁྲིམས་གཞི་ལག་བསྟར་གནང་དགོས་གསུངས་འདུག རྩ་བའི་ Global Magnitsky Act ཞེས་པའི་ཁྲིམས་འཆར་དེ་དེ་སྔ་ཨུ་རུ་སུ་ནང་མང་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་དང་ལྐོག་ས་རུལ་སུངས་དང་དེ་བཞིན་མང་ཚོགས་ཀྱི་དངུལ་རྐུ་འཁྱེར་གྱི་བྱ་སྤྱོད་ཐེར་འདོན་གནང་མཁན་ཡུལ་དེའི་ཁྲལ་བསྡུའི་སློབ་སྟོན་པ་ Sergei Magnitsky ལགས་ཕྱི་ལོ་ ༢༠༠༨ ལོར་འཛིན་བཟུང་རྗེས་ ༢༠༠༩ ལོར་ཁོང་བཙོན་ཁང་ནང་དུ་སྐུ་གྲོངས་བའི་གནད་དོན་དང་འབྲེལ། དེ་ལྟར་བྱེད་མཁན་ཨ་རིའི་དཔོན་རིགས་རྣམས་ལ་ཉེས་ཆད་གཅོད་ཕྱིར་སྲིད་འཛིན་གོང་མ་ Obama མཆོག་གིས་ཕྱི་ལོ་ ༢༠༡༢ ལོར་ཁྲིམས་གཞིར་གཏན་འབེབས་གནང་བ་ཞིག་དང་ཕྱི་ལོ་ ༢༠༡༦ རྗེས་སུ་ཁྲིམས་གཞི་དེ་རྒྱལ་སྤྱི་ཁྱོན་ཡོངས་སུ་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་བཏང་མཁན་དཔོན་རིགས་ཀུན་ལ་ཁྱབ་ཡོད་པ་རེད་འདུགཁ་སང་ཕྱི་ཚེས་ ༢༣ ཉིན་ཁེ་ན་ཌའི་གྲོས་ཚོགས་གོང་མའི་འཐུས་མི་ ༡༣ ནས་ཡུལ་དེའི་སྲིད་བློན་མཆོག་གིས་མཚན་ཐོག་ལ་ཕུལ་བའི་ཕྱག་ཡིག་ནང་རྒྱ་ནག་གཞུང་གིས་ཧོང་ཀོང་ཞི་རྒོལ་བ་རྣམས་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དྲང་བདེན་གྱི་རིན་ཐང་བཅས་ལ་བརྩི་མེད་བཏང་བ་མ་ཟད། ཤིན་ཅང་ནང་དུ་ཁ་ཆེའི་གྲངས་ཉུང་མི་རིགས་ཐོག་དྲག་གནོན་ཁྲོད་མི་ས་ཡ་ ༢ ནས་ ༣ བར་འཛིན་བཟུང་བཀག་ཉར་བྱས་པ། དེ་བཞིན་ལོ་ངོ་བཅུ་ཕྲག་མང་པོའི་སྔོན་ནས་བོད་མིའི་ཐོག་དྲག་གནོན་བྱེད་བཞིན་པའི་བྱ་སྤྱོད་རྣམས་ལུང་འདྲེན་གྱིས་རྒྱ་ནག་གཞུང་གིས་ལོ་ངོ་བཅུ་ཕྲག་མང་པོའི་རིང་མང་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་ཁྲིམས་ཀྱི་དབང་སྒྱུར་བཅས་ལ་བརྩི་མེད་བཏང་བ། དེ་སྔ་ཧོང་ཀོང་ཐད་ཨིན་ཡུལ་དང་ལྷན་དུ་བཞག་པའི་ཆིངས་ཡིག་དང་རྒྱལ་ཚོགས་ཀྱི་གཏན་འབེབས་གནང་བའི་རྒྱལ་སྤྱིའི་ཁྲིམས་བཅས་ལ་བརྩི་མེད་རྡོག་རོལ་གཏོང་བཞིན་ཡོད་པ་བཅས་ལུང་འདྲེན་གནང་འདུག ལྷག་པར་དུ་རྒྱ་གཞུང་གིས་ཁེ་ན་ཌའི་མི་སེར་འཛིན་བཟུང་གིས་ཁོང་རྣམས་ལ་གསང་ཉུང་བའི་ཉེས་མིང་འོག་ཁྲིམས་ཐག་བཅད་པ་དང་ཁེ་ན་ཌའི་ནང་དུའང་ཁུང་རྩིས་སློབ་གླིང་སོགས་རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་དང་འབྲེལ་བའི་སྒྲིག་འཛུགས་ཁག་གིས་ཁེ་ན་ཌའི་སྤྱི་ཚོགས་དང་མང་ཚོགས་ལ་སྡིགས་ར་སྐུལ་བ་དང་སུན་གཙེར་བཟོ་བ་སོགས་མང་ཚོགས་ཀྱི་ཐོབ་ཐང་བརྩི་མེད་གཏོང་བཞིན་པ་བཅས་ལ་གཞིགས་ནས་ཁེ་ན་ཌ་དེ་རྒྱལ་སྤྱིའི་སྤྱི་ཚོགས་དང་རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ཅིག་ཡིན་པ་དང་། རྒྱལ་སྤྱིའི་ཁྲིམས་དང་འགྲོ་བ་མིའི་རིན་ཐང་། དེ་བཞིན་རང་དབང་དང་མང་གཙོ། ཁྲིམས་ཀྱི་དབང་སྒྱུར་བཅས་སྲུང་སྐྱོབ་གནང་དགོས་པ། གཞུང་གི་ངོས་ནས་ Global Magnitsky Act ཞེས་པའི་ཁྲིམས་གཞི་ལག་བསྟར་བརྒྱུད་ཧོང་ཀོང་དང་བོད་བཅས་ཀྱི་མང་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་གྱི་དྲག་གནོན་བྱེད་མཁན་རྒྱ་ནག་གི་དཔོན་རིགས་རྣམས་ཁེ་ན་ཌའི་ནང་ཡོང་མི་ཆོག་པ་དང་ཡུལ་དེའི་ནང་ཡོད་པའི་དཔོན་རིགས་དེ་དག་གི་རྒྱུ་ནོར་རྣམས་གཞུང་བཞེས་གནང་དགོས་པ་གསུངས་འདུག དེའི་ནང་ད་དུང་ཉེ་སྔོན་ཁེ་ན་ཌའི་གྲོས་ཚོགས་ཚོགས་དུས་ ༤༣ པ་དབུ་འབྱེད་ཐོག་སྲིད་སྐྱོང་ལྕམ་ Julie Payette མཆོག་གིས་ཨིན་ཡུལ་རྒྱལ་མོའི་གསུང་འཕྲིན་སྒྲོག་སྦྱང་གནང་བའི་ནང་ཁེ་ན་ཌ་གཞུང་དེ་ཁྲིམས་ཀྱི་སྐྱོང་བའི་རྒྱལ་སྤྱིའི་སྒྲིག་འཛུགས་དེར་དཀའ་ངལ་འཕྲད་སྐབས་ངལ་བ་ལས་སྲུང་སྐྱོབ་ཆེད་དུ་བཞེངས་རྒྱུའི་དམ་བཅའ་ཡོད་པ་ལྟར་ད་ལྟའི་ཆར་རྒྱ་ནག་གི་ངོས་ནས་ཁྲིམས་ཀྱི་སྐྱོང་བའི་རྒྱལ་སྤྱིའི་སྤྱི་ཚོགས་ལ་གནོད་འཚེ་ཆེས་ཆེར་བཟོ་བཞིན་པ་མ་ཟད་རྒྱལ་སྤྱིའི་བདེ་འཇགས་དང་འགྲོ་བ་མིའི་རིགས་ཀུན་ལ་ཉེན་ཁ་བཟོ་བཞིན་ཡོད་སྟབས། ང་ཚོའི་འབོད་སྐུལ་དེ་བཞིན་གཞུང་གི་ལས་འགན་དང་མཐུན་པ་མ་ཟད་ལོ་རྒྱུས་ཐོག་ཁེ་ན་ཌ་འདི་འགྲོ་བ་མིའི་ཐོབ་ཐང་དང་གཞི་རྩའི་རང་དབང་། མང་གཙོ་དང་ཁྲིམས་ཀྱི་དབང་སྒྱུར་སྲུང་སྐྱོབ་བྱེད་མཁན་གྱི་རྒྱལ་ཁབ་ཅིག་ཡིན་པའི་གནས་བབ་དང་འབྲེལ་གསུངས་ཡོད་སྐོར་དང་ཆབས་ཅིག ད་ཆར་ཁེ་ན་ཌ་གཞུང་རང་གི་བཞེངས་ཕྱོགས་རྒྱུན་འཛིན་གྱིས་རྒྱ་ནག་ཐོག་ Magnitsky ཁྲིམས་གཞི་ལག་བསྟར་གནང་རྒྱུའི་དུས་ལ་བབ་ཡོད་པ་གསུངས་འདུག ཁ་སང་ཁེ་ན་ཌའི་སྲིད་བློན་མཆོག་ལ་ཕྱག་ཡིག་ཕུལ་མཁན་གཙོ་བོ་ནི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ Thanh Hai Ngo ལགས་དང་ Leo Housakos ལགས་གཉིས་ཡིན་པ་དང་གྲོས་ཚོགས་འཐུས་མི་ ༡༡ ནས་རྒྱབ་སྐྱོར་གྱི་མཚན་རྟགས་བསྐྱོན་འདུག དེའི་བར་ན་ཁ་ཉིན་ཕྱེ་ཚེས་ ༢༢ ཉིན་ཡུ་རོབ་མཐུན་ཚོགས་དང་རྒྱ་ནག་དབར་གྱི་འབྲེལ་མོལ་ཚོགས་འདུ་ཐེངས་ ༢༢ པ་དེ་ཏོག་དབྱིབས་རིམས་ནད་ཀྱི་གནས་སྟངས་ཁྲོད་དྲྭ་རྒྱ་བརྒྱུད་ཚོགས་ཡོད་པ་དང་། ལྷན་ཚོགས་དེ་རྒྱ་ནག་གི་སྲིད་བློན་ལི་ཁེ་ཆང་དང་སྲིད་འཛིན་ཞི་ཅིན་ཕིང་གཉིས་དང་། ཡུ་རོབ་སྤྱི་མཐུན་ལྷན་ཁང་གི་གཙོ་འཛིན་ Charles Michel མཆོག་དང་ཡུ་རོབ་མཐུན་ཚོགས་ཀྱི་ཚོགས་གཙོ་ Ursula von der Leyen མཆོག ཡུ་རོབ་སྤྱི་མཐུན་ཚོགས་པའི་ཕྱི་འབྲེལ་ལས་ཁུངས་ཀྱི་འགན་འཛིན་གཞོན་པ་་ Josep Borrell མཆོག་བཅས་གཙོས་ཡུ་རོབ་མཐུན་ཚོགས་ཀྱི་འགོ་ཁྲིད་མི་སྣ་ ༢༧ ནས་ལྷན་ཚོགས་གནང་འདུག ཚོགས་འདུའི་ཐོག་ཡུ་རོབ་མཐུན་ཚོགས་ཀྱི་འགོ་ཁྲིད་རྣམས་ཀྱིས་བོད་ནང་གི་ཆེས་ཞན་པའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་འགྲོ་བ་མའི་ཐོབ་ཐང་སྲུང་སྐྱོབ་བྱེད་མཁན། དེ་བཞིན་མང་ཚོགས་ཀྱི་གཞི་རྩའི་རང་དབང་ལ་དམ་དྲག་བྱེད་བཞིན་པ་བཅས་ཀྱི་ཐོག་ཐུགས་འཚབ་ཆེན་པོ་ཡོད་པར་འགྲེལ་བརྗོད་གནང་བ་དང་འབྲེལ། རྒྱ་གཞུང་གིས་བཙོན་འཇུག་བྱས་ཡོད་པའི་བོད་མི་འགྲོ་བ་མིའི་ཐོབ་ཐང་ལས་འགུལ་བ་ཁག་ཅིག་གི་གནད་དོན་ཐེར་འདོན་གནང་སྟེ་རིང་མིན་ཏོག་དབྱིབས་རིམས་ནད་ཀྱི་ངལ་བ་སེལ་རྗེས་ཡུ་རོབ་མཐུན་ཚོགས་དང་རྒྱ་ནག་གཉིས་དབར་འགྲོ་བ་མིའི་ཐོབ་ཐང་གི་གྲོས་མོལ་ཚོགས་འདུ་དེ་འཚོགས་ཐུབ་པའི་རེ་བ་ཡོད་ཅེས་གསུངས་འདུག

Latest news