Tibetan Royal Year of 2151 | Year of the Wood Dragon

གསར་འགྱུར།

ཁེ་ན་ཌའི་བོད་མི་རྣམས་ཀྱིས་གཉན་རིམས་ལ་གདོང་ལེན་གྱིས་ཨ་སྒོར་ལྔ་སྟོང་བརྒྱད་བརྒྱ་ལྷག་གི་ཞལ་འདེབས་གནང་བ།

དེང་སྐབས་འཛམ་གླིང་ཁྱོན་དུ་ཏོག་དབྱིབས་གཉན་རིམས་ཀྱི་དཀའ་ངལ་ཆེན་པོ་འཕྲད་བཞིན་པའི་དུས་སྐབས་སུ་བོད་མི་ཚོགས་སྒེར་ཁག་ནས་རང་རེའི་གནས་ཡུལ་རྒྱལ་ཁབ་ཀྱི་གཞུང་མང་ལ་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་དུ་རོགས་དངུལ་ཞལ་འདེབས་དང་ཟས་གོས་སྦྱིན་གཏོང་སོགས་ཀྱི་ལས་འགུལ་སྣ་མང་སྤེལ་བཞིན་ཡོད་པ་ལྟར། ཁེ་ན་ཌའི་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་གིས་ངལ་སེལ་ཆེད་ཞལ་འདེབས་བསྡུ་རུབ་གནང་ནས་ཨ་སྒོར་ལྔ་སྟོང་བརྒྱད་བརྒྱ་ལྷག་ཁུལ་དེར་རྟེན་གཞི་བྱས་པའི་ Canadian Alliance to End Homelessness ཞེས་ཁེ་ན་ཌའི་ནང་དུ་སྡོད་ཁྱིམ་ཀྱི་ངལ་བ་སེལ་ཐབས་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པར་གནང་འདུགསྐབས་དེར་བྱང་ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་ཀྱིས་ཚོགས་པ་དེའི་ཚོགས་གཙོ་སྐུ་ཞབས་ Tim Ritcher ལགས་སུ་ཞལ་འདེབས་ཕྱག་བྲིས་ཤིག་ཕུལ་བར་ཁེ་ན་ཌའི་གཞུང་གིས་ཕྱི་ལོ་ ༢༠༡༣ ལོར་བཙན་བྱོལ་བོད་མི་མང་དག་ཅིག་ཡུལ་དེའི་ནང་གཞིས་སྤོས་གནང་ཆོགཔའི་དམིགས་བསལ་བཀའ་འཁྲོལ་གནང་བ་ནས་བཟུང་ད་བར་བོད་མིའི་ཁྱིམ་ཚང་མང་དག་ཅིག་ཁེ་ན་ཌའི་མི་སེར་ཆགས་ཡོད་པ་དང་། ད་ཆ་ཏོག་དབྱིབས་གཉན་རིམས་རྐྱེན་པས་ཁེ་ན་ཌའི་མི་མང་ཁག་ཅིག་ལ་བཞུགས་གནས་སོགས་མེད་པའི་དཀའ་ངལ་ཆེན་པོ་འཕྲད་བཞིན་པའི་སྐབས་འདིར་བོད་མི་ཚོས་གདུང་སེམས་མཉམ་བསྐྱེད་དང་ལྷག་དོན་ཁེ་ན་ཌའི་གཞུང་མང་ནས་བོད་མི་ཚོར་ད་བར་རྒྱབ་སྐྱོར་དང་མཐུན་འགྱུར་གང་ལེགས་གནང་བར་བཀའ་དྲིན་བསམ་ཤེས་མཚོན་ཆེད་ཞལ་འདེབས་དེ་ལྟར་ཕུལ་སྐོར་ཆེད་བཀོད་གནང་འདུགཐེངས་འདིའི་ཞལ་འདེབས་ཁོངས་སུ་ཁེ་ན་ཌའི་ Vancouver གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་སྦི་སི་བོད་ཀྱི་རིག་གཞུང་ཚོགས་པ་ནས་ཁེ་ན་ཌའི་སྒོར་ ༦༠༠༠ ཐམ་པ་དང་། ཨོན་ཊ་རོ་བོད་རིགས་སྤྱི་མཐུན་ཚོགས་པ་ནས་སྒོར་ ༡༠༠༠ ཐམ་པ། དེ་བཞིན་ Alberta བོད་རིགས་མཐུན་ཚོགས་ནས་སྒོར་ ༡༠༠༠ ཐམ་པ་བཅས་ཁྱོན་བསྡོམས་ཨ་སྒོར་ ༥༨༧༨ ལྷག་ཕུལ་ཡོད་པ་རེད།རྩ་བའི་ཁེ་ན་ཌའི་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་གིས་ད་རེས་ཡུལ་དེའི་གཞུང་འབྲེལ་མིན་པའི་ཚོགས་པར་ཨ་སྒོར་ལྔ་སྟོང་བརྒྱད་བརྒྱ་ལྷག་གི་ཞལ་འདེབས་ཕུལ་བ་དེ་ནི་བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་ལམ་སྟོན་འོག་འཛམ་གླིང་ས་ཕྱོགས་གང་སར་གནས་པའི་བོད་མི་རྣམས་ནས་དང་བླངས་ཐོག་གནས་ཡུལ་ས་གནས་སོ་སོའི་གཞུང་ལ་ཏོག་དབྱིབས་གཉན་རིམས་ལ་གདོང་ལེན་གནང་བཞིན་པར་རྒྱབ་སྐྱོར་དང་གདུང་སེམས་མཉམ་བསྐྱེད་མཚོན་ཕྱིར་ཞལ་འདེབས་རྒྱ་གང་ཆེ་གནང་དགོས་པའི་གཞེན་སྐུལ་གནང་ཡོད་པ་རེད།  

རྒྱ་ནག་གིས་རྒྱ་གར་ནང་བོད་རིགས་གསང་ཉུལ་བ་གཉིས་ཆེད་གཏོང་།

གྷལ་ཝན་རི་གཤོངས་སུ་ཆགས་པའི་རྒྱ་བོད་ས་མཚམས་སུ་རྒྱ་དཀར་ནག་གཉིས་ཀྱི་དམག་མིའི་དབར་དྲག་པོའི་གདོང་ཐུག་བྱུང་སྟེ་དེང་སྐབས་རྒྱ་དཀར་ནག་གཉིས་དབར་རྩོད་རྙོག་ཇེ་ཆེར་ཕྱིན་པའི་ཁྲོད་འདིར་རྒྱ་གཞུང་གིས་བཀྲིས་དང་རྡོ་རྗེ་ཟེར་བའི་བོད་རིག་གསང་ཉུལ་བ་གཉིས་རྒྱ་གར་གཞུང་ལ་གསང་ཉུལ་བྱེད་རྒྱུའི་བྱ་འགུལ་སྤེལ་ཆེད་བལ་ཡུལ་བརྒྱུད་རྒྱ་གར་ནང་ཆེད་གཏོད་བྱས་ཡོད་པ་མངོན་གསལ་གནང་འདུགཁ་སང་ Defencenews ཞེས་པའི་རྒྱ་གར་གྱི་བདེ་སྲུང་དང་འབྲེལ་བའི་བརྒྱུད་ལམ་གྱིས་གནས་ཚུལ་སྤེལ་བར་རྒྱ་ནག་གི་ཆེད་གཏོང་བྱས་པའི་བོད་རིགས་གཉིས་པོ་ལས་བཀྲིས་ཟེར་བ་དེ་བོད་སྟག་རྩེ་ཁུལ་ནས་ཡིན་པ་དང་དེ་སྔ་ལྷ་སར་བཅའ་སྡོད་བྱས་རྗེས་རྒྱ་ནག་བཅིངས་བཀྲོལ་དམག་གི་མདའ་ཤོག་གཉིས་པར་འཛུལ་ཞུགས་ཀྱིས་ཕྱི་ལོ་ ༢༠༡༧ ལོར་ཁྲིན་ཏུ་ཁུལ་དུ་དམིགས་བསལ་སྦྱོང་བརྡར་ཆེད་ཕྱིན་ཡོད་པའི་སྐོར་ཆེད་བཀོད་གནང་འདུག དེ་བཞིན་རྡོ་རྗེ་ཟེར་བ་དེ་ Torfi ཞེས་ཁ་གསལ་གང་ཡང་མེད་པའི་བོད་ཀྱི་ས་ཁུལ་ཞིག་ནས་ཡིན་སྐོར་བཀོད་འདུག་པ་དང་ཕྱི་ལོ་ ༢༠༡༥ ནས་བཟུང་བོད་ཁུལ་གྱི་བཙོན་ཁང་ཞིག་ཏུ་ལས་ཀ་བྱས་འདུག ཁོ་རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་དང་འབྲས་ལྗོངས་ཁུལ་དུ་འབྲེལ་བ་ཡག་པོ་ཡོད་སྟབས་ཁོ་བརྒྱུད་ནས་རྒྱ་གར་ནང་གི་དགོན་སྡེ་ཁག་ཡོད་སར་རྒྱ་ནག་གི་གསང་ཉུལ་འཛུགས་ཐབས་བྱེད་བཞིན་ཡོད་པ་ཤེས་རྟོགས་བྱུང་ལུགས་བཀོད་འདུག ད་ལྟའི་ཆར་བོད་རིག་གཉིས་པོ་དེ་དག་བལ་ཡུལ་བརྒྱུད་རྒྱ་གར་ནང་བཏང་ཡོད་པ་མ་གཏོགས་ཁོང་གཉིས་ས་ཆ་གང་དུ་འགྲོ་འཆར་ཡོད་མེད་དང་དམིགས་ཡུལ་ག་རེ་ཡོད་མེད་སོགས་ཀྱི་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་མེད་སྟབས་འདྲི་རྩད་གནང་མུས་ཡིན་པ་བཀོད་འདུགདེའི་བར་ན་དེ་རིང་རྒྱ་གར་གྱི་བརྒྱུད་ལམ་ཐོག་ཏུ་དེ་སྔ་གྷལ་ཝན་དུ་རྒྱ་དཀར་ནག་གཉིས་ཀྱི་དམག་མིའི་དབར་གདོང་ཐུག་ཁྲོད་རྒྱ་གར་གྱི་དམག་མི་ ༢༠ ཙམ་འདས་གྲོངས་སུ་ཕྱིན་ཡོད་པ་ཡོངས་གྲགས་ཆགས་ཡོད་ཀྱང་རྒྱ་ནག་ཕྱོགས་ནས་དམག་མི་ཇི་ཙམ་རྐྱེན་འདས་སུ་ཕྱིན་སྐོར་གནས་ཚུལ་ཁ་གསལ་སྤེལ་མེད་ཀྱང་། རྗེས་སུ་རིམ་པས་གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན་སྐབས་དེར་རྒྱ་ནག་གི་དམག་མི་ ༣༨ ཙམ་འདས་གྲོངས་སུ་ཕྱིན་ཡོད་པ་དང་། ཁག་ཅིག་གིས་དམག་མི་ ༥༠ འདས་གྲོངས་སུ་ཕྱིན་ཡོད་པ་གསུང་མཁན་ཡོད་པ་མ་ཟད། ཁག་ཅིག་གི་མིང་ལ་ལྷག་པ་དང་ཚེ་རིང་། དེ་བཞིན་སྐལ་བཟང་སོགས་བོད་ནང་གི་བོད་རིགས་མིང་ཡོད་པ་བརྒྱད་ཙམ་ཡོད་པ་འཁོད་འདུགད་བར་གནས་ཚུལ་དེ་དག་བརྒྱ་ཆ་བརྒྱ་ཐམ་པ་ཁུངས་ལྡན་ཡིན་མིན་རྩད་གཅོད་ཐུབ་མེད་ཀྱང་། རྒྱ་ནག་གཞུང་གིས་གྷལ་ཝན་ས་ཁུལ་དུ་དམག་མི་བཏང་བའི་ནང་བོད་རིགས་ཁག་ཅིག་ཆེད་གཏོང་བྱས་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་བོད་ཀྱི་ས་ཁུལ་ཁག་ཏུ་དམག་གི་སྦྱོང་བརྡར་སྤེལ་བཞིན་པ་དང་། དེའི་ཁོངས་སུ་ས་གནས་ཀྱི་བོད་རིགས་ཁ་ཤས་ལ་དེ་མཚུངས་སྦྱོང་བརྡར་སྤྲད་ནས་རིམ་པས་རྒྱ་གར་ལ་གདོང་ཐུག་ཁྲོད་བོད་དམག་གཏོང་འཆར་ཡོད་པར་ཚོད་དཔག་གནང་བཞིན་འདུག    

རྒྱ་གར་གྱིས་རྒྱ་ནག་གི་མཉེན་ཆས་མང་དག་ཅིག་བཀག་སྡོམ་གནང་བར་རྒྱ་ནག་ནས་བློ་འཚབ།

རེས་གཟའ་ཟླ་བའི་ཉིན་རྒྱ་གར་གཞུང་ནས་རྒྱ་ནག་གི་མཉེན་ཆས་ WeChat གཙོས་མཉེན་ཆས་ ༥༩ བཀག་སྡོམ་བྱས་ཡོད་ཀྱང་རྒྱ་ནག་གཞུང་གིས་དེར་དགག་པ་དང་སྦྲགས་ཏེ་བློ་འཚབ་ཤུགས་ཆེ་བྱས་འདུགརྒྱ་གར་དབུས་གཞུང་གིས་རྒྱལ་ཁབ་ཀྱི་ས་ཁོངས་བདག་དབང་དང་བདེ་འཇགས་གཞི་རྩར་འཛིན་ཐོག་ཁ་སྔོན་རྒྱ་གར་ནང་བཀོལ་སྤྱོད་བྱེད་བཞིན་པའི་རྒྱ་ནག་གི་མཉེན་ཆས་ ༥༩ ཙམ་ཞིག་བཀའ་སྡོམ་བྱས་པའི་གསལ་བསྒྲགས་སྤེལ་ཡོད་པ་དང་། རྒྱ་གཞུང་གིས་ཁ་སང་གནད་དོན་དེར་ངོ་རྒོལ་དང་སྦྲགས་ཏེ་རྒྱ་གར་ནས་རྒྱ་ནག་ལ་དེ་ལྟར་དབྱེ་འབྱེད་གནང་རྒྱུ་མཚམས་འཇོག་དགོས་པར་བརྗོད་འདུག རྒྱལ་ས་ལྡི་ལིར་ཡོད་པའི་རྒྱ་ནག་གི་གཞུང་ཚབ་པས་ད་ལན་རྒྱ་གར་གྱི་བྱེད་ཕྱོགས་དེས་འཛམ་གླིང་གི་ཚོང་འབྲེལ་ལྷན་ཚོགས་ཀྱི་རྩ་འཛིན་ལམ་སྟོན་ལ་བརྩི་མེད་བཏང་བར་དོགས་གཞི་དང་སྒོས་རྒྱ་གར་དབུས་གཞུང་གི་ཐག་གཅོད་དེ་གསལ་ཁ་མེད་པ་ཞིག་དང་གོ་རྒྱུ་མེད་པར་ངོས་འཛིན་གྱིས་སྐྱོན་བརྗོད་བྱས་འདུགདེ་བཞིན་རྒྱ་གཞུང་ནས་རྒྱ་གར་གཞུང་གིས་མཉེན་ཆས་བཀག་སྡོམ་དེས་མཉེན་ཆས་གསར་གཏོད་བྱེད་མཁན་དང་འབྲེལ་ཡོད་ལས་མི། དེ་བཞིན་ཁེ་ལས་པ་སོགས་ཀྱི་འཚོ་བར་ཤུགས་རྐྱེན་སྤྲད་ངེས་ཡིན་པ་དང་། ལྷག་པར་དུ་མཉེན་ཆས་དེ་དག་རྒྱ་གར་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་མཐུན་པའི་ཐོག་ནས་བཀོལ་སྤྱོད་བྱེད་ཀྱི་ཡོད་སྟབས་རྒྱ་གར་ནས་རྒྱ་དཀར་ནག་གཉིས་ཀྱི་དཔལ་འབྱོར་དང་ཚོང་འབྲེལ་མཉམ་ལས་བརྒྱུད་ཕན་ཚུན་གྱི་ཁེ་ཕན་ལ་ངོས་ལེན་ཞུས་ཏེ་ལས་གཞིར་བཅོས་དགོས་པ་དང་ཆབས་ཅིག རྒྱ་གར་ཕྱོགས་ནས་གུ་ཡངས་དང་དྲང་བདེན་གྱི་ཚོང་རའི་ཁོར་ཡུག་སྐྲུན་ནས་ཕྱོགས་གཉིས་ཀྱི་འབྲེལ་ལམ་དང་ཁེ་ཕན་ལ་དགོངས་གནད་ཡིན་པ་བརྗོད་འདུག རྩ་བའི་རྒྱ་གར་གཞུང་ནས་རྒྱ་ནག་གི་མཉེན་ཆས་བཀག་སྡོམ་གྱི་ཐག་གཅོད་དེ་ཉེ་ལམ་རྒྱ་གར་བྱང་ཕྱོགས་ལ་དྭགས་ཁུལ་དུ་ཡོད་པའི་རྒྱ་བོད་གཉིས་ཀྱི་ས་མཚམས་སུ་རྒྱ་དཀར་ནག་གཉིས་ཀྱི་མཐའ་མཚམས་དམག་མིའི་དབར་གདོང་ཐུག་བྱུང་ནས་རྒྱ་གར་གྱི་དམག་མི་ཉི་ཤུ་རྐྱེན་ལམ་དུ་ཤོར་བའི་དོན་རྐྱེན་ལ་འཁོན་ལན་ཚུལ་དུ་བྱས་པ་ཞིག་དང་། ད་ལན་རྒྱ་གར་གཞུང་གིས་རྒྱ་གར་ནང་བཀོལ་སྤྱོད་བྱེད་བཞིན་པའི་རྒྱ་ནག་གི་མཉེན་ཆས་བཀག་སྡོམ་བྱས་པར་མང་ཚོགས་མང་པོས་དགའ་བསུ་ཞུས་ཡོད་པ་དེ་ལྟར་ཡང་། མཉེན་ཆས་བཀག་སྡོམ་ཁྲོད་བོད་ཕྱི་ནང་གཉིས་ཀྱི་འབྲེལ་བ་གནང་སའི་བརྒྱུད་ལམ་གཙོ་བོ་ WeChat འམ་སྐད་འཕྲིན་ཡང་བཀག་སྡོམ་བྱས་ཡོད་སྟབས་བོད་མི་ཁག་ཅིག་ནས་ཐུགས་འཚབ་གནང་བཞིན་འདུག འོན་ཀྱང་ཁ་སང་སྤྱི་ཚོགས་དྲྭ་ལམ་ཐོག་འཕྲུལ་ལས་ཐད་ལ་དོ་དབྱིངས་ཡོད་མཁན་རྣམས་ནས་བོད་མི་ཚོར་ VPN མཉེན་ཆས་ཕབ་ལེན་གྱིས་མཉེན་ཆས་དེ་ཇི་ལྟར་སྤྱོད་ཚུལ་སོགས་ལམ་སྟོན་གནང་བའི་བརྙན་ཐུང་ཡང་མཇལ་རྒྱུ་འདུག ལྷག་དོན་རྒྱ་གར་ནང་གཙོས་ཕྱིའི་རྒྱལ་ཁབ་ཁག་ལ་སྐད་འཕྲིན་བརྒྱུད་འབྲེལ་བ་གནང་མཁན་ཚོས་ད་ཆ་ Whatsapp དང་ Telegram སོགས་འཕྲིན་སྟེགས་ཕབ་ལེན་གནང་བཞིན་འདུག

ཨ་རིའི་གྲོས་ཚོགས་གོང་མའི་ཉན་ཞིབ་ཐོག་རྒྱ་ནག་གི་དམ་དྲག་སྐོར་གླེང་བ།

རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ Richard Gere  ལགས་ཀྱིས་དྲྭ་ཐོག་བརྒྱུད་ཨ་རིའི་གྲོས་ཚོགས་གོང་མའི་རྒྱལ་སྤྱིའི་ཚོང་འབྲེལ་གྱི་ཉན་ཞིབ་ལས་རིམ་ཐོག་ལྷན་ཞུགས་ཀྱིས་རྒྱ་ནག་གཞུང་གིས་ཡུལ་དེ་དང་ལྷག་པར་དུ་བོད་ནང་ལ་དམ་དྲག་ཤུགས་ཆེ་བྱེད་བཞིན་པ་དེས་ཨ་རིའི་ཁེ་ཕན་ལ་དོ་ཕོག་ཆེན་པོ་བཏང་དང་གཏོང་མུས་ཡིན་པར་ནན་བརྗོད་གནང་བ་དང་འབྲེལ། ཨ་རིའི་གྲོས་ཚོགས་ཀྱི་ངོས་ནས་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་ལ་རྒྱབ་སྐྱོར་གནང་དགོས་པའི་ཞེན་སྐུལ་གནང་འདུགཁ་སང་ཕྱི་ཟླ་ ༦ ཚེས་ ༣༠ ཉིན་ཚོགས་པའི་ཉན་ཞིབ་ལས་རིམ་དེ་ནི་ཨ་རིའི་གྲོས་ཚོགས་གོང་མའི་རྒྱལ་སྤྱིའི་ཚོང་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་ John Cornyn ལགས་དང་སྐུ་ཞབས་ Bob Casy ལགས་གཉིས་ཀྱིས་གཙོ་སྐྱོང་གནང་སྟེ་གོ་སྒྲིག་གནང་འདུག་པ་དང་། ལས་རིམ་ཐོག་སྐུ་ཞབས་ Richard Gere ལགས་ཀྱིས་རྒྱ་ནག་གཞུང་ནས་བོད་ནང་གི་བོད་མི་ཚོར་དམ་དྲག་དང་དྲག་གནོན་རིགས་བྱས་པ་ཙམ་མ་ཟད་བོད་མིར་རྒྱབ་སྐྱོར་གནང་མཁན་གྱི་འགྲོ་བ་མིའི་ཐོབ་ཐང་ཐོག་ཕྱག་ལས་གནང་མཁན་ཚོ་ལའང་དྲག་གནོན་བྱེད་བཞིན་པ་དང་། ལྷག་དོན་རྒྱ་ནག་གི་མི་སེར་རྣམས་རང་དབང་ཐོག་ནས་ཨ་རིར་འགྲོ་འོང་གནང་བཞིན་ཡོད་ཀྱང་། ཨ་རིའི་གསར་འགོད་པ་དང་གཞུང་འབྲེལ་མི་སྣ། དེ་བཞིན་མང་ཚོགས་དཀྱུས་མ་རྣམས་རྒྱ་ནག་སྤྱི་དང་སྒོས་བོད་ཀྱི་ས་ཁུལ་ཁག་ཏུ་རང་དབང་ཐོག་འགྲོ་འོང་གནང་རྒྱུའི་ཐོབ་ཐང་སྤྲད་ཀྱི་མེད་སྟབས་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀྱི་གྲོས་ཚོགས་འཐུས་མིས་རྒྱབ་སྐྱོར་གནང་རྗེས་ཕྱི་ལོ་ ༢༠༡༨ ལོར་ཨ་རིའི་སྲིད་འཛིན་གྱིས་མཚན་རྟགས་བསྐྱོན་ཏེ་གཏན་འབེབས་ཟིན་པའི་བོད་ནང་འདྲ་མཉམ་ཐོག་འགྲུལ་སྐྱོད་ཆོག་པའི་ཁྲིམས་འཆར་དེར་དགའ་བསུ་དང་དོན་དངོས་ཐོག་ལག་བསྟར་གནང་དགོས་པར་འབོད་སྐུལ་གནང་འདུག ད་དུང་ཉན་ཞིབ་ལས་རིམ་དེའི་ཐོག་སྐུ་ཞབས་ Richard Gere ལགས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་གནད་དོན་འབྲེལ་ཏེ་ཨ་རིའི་གྲོས་ཚོགས་གོང་མས་གཏན་འབེབས་གནང་བའི་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་གསར་པ་འདིས་ཨ་རི་གཞུང་ནས་བོད་དོན་དང་བོད་མིའི་མངོན་འདོད་ལ་རྒྱབ་སྐྱོར་ཡོད་པ་མངོན་གསལ་གནང་ཡོད་ཅེས་གསུངས་པ་དང་ཆབས་ཅིག ཁྲིམས་འཆར་དེ་རིམ་པས་གྲོས་ཚོགས་འོག་མ་དང་ཨ་རི་སྲིད་འཛིན་བརྒྱུད་དེ་ཡུལ་དེའི་ཁྲིམས་སུ་གཏན་འབེབས་ཡོང་བའི་ཞུ་སྐུལ་གནང་བ་མ་ཟད། ཁྲིམས་འཆར་དེ་བརྒྱུད་༸གོང་ས་མཆོག་གིས་དབུས་པའི་བོད་ཀྱི་བླ་སྤྲུལ་ཡང་སྲིད་ཀྱི་གནད་དོན་ཐོག་རྒྱ་གཞུང་ལ་ཐེ་བྱུས་བྱེད་དབང་མེད་པ་དང་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་བོད་ཀྱི་རྒྱལ་ས་ལྷ་སར་ཨ་རིའི་གཞུང་ཚབ་ལས་ཁུངས་ཆེད་འཛུགས་གནང་ཐུབ་ངེས་ཡིན་པ་སོགས་ཀྱི་དགེ་མཚན་ལྡན་ཡོད་པ་གསུངས་འདུག ཉན་ཞིབ་ཐོག་ཚོགས་ཆུང་ངོས་ནས་སྐུ་ཞབས་གྷེ་རི་ལགས་སུ་རྒྱ་ནག་གི་དམ་དྲག་ལ་གདོང་ལེན་གནང་རྒྱའི་ཐབས་ལམ་ཐད་ཨ་རིའི་ཕོ་བྲང་དཀར་པོར་གཞེན་སྐུལ་གང་ཡོད་དམ་ཞེས་བཀའ་འདྲི་ཞུས་པར་ཁོང་གིས་ཨ་རིའི་གཞུང་ནས་རྒྱ་ནག་ཐོག་འདྲ་མཉམ་གི་སྲིད་བྱུས་ལག་བསྟར་གནང་གལ་ཡིན་པའི་ལམ་སྟོན་གནང་བ་མ་ཟད། དེ་བཞིན་རྒྱལ་སྤྱིའི་གློག་བརྙན་ཁག་གི་ནང་ལ་དེང་སྐབས་རྒྱ་ནག་གི་ཤུགས་རྐྱེན་ཆེ་རུ་འགྲོ་བཞིན་པའི་གནད་དོན་སྐོར་དང་འབྲེལ། ཁོང་ནས་ད་བར་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་སོགས་ཀྱི་ཐོག་བོད་དོན་ལ་རྒྱབ་སྐྱོར་གྱིས་བོད་དང་འགྲོ་བ་མིའི་ཐོབ་ཐང་སྐོར་གཏམ་བཤད་གནང་བ་དེས་ཁོང་རང་ཉིད་ཀྱི་མི་ཚེའི་མདུན་ལམ་ལ་ཐད་ཀར་ཤུགས་རྐྱེན་ཐེབས་ཡོད་པར་གསུང་ཚོད་དཀའ་ཡང་རྒྱལ་སྤྱིའི་གློག་བརྙན་བཟོ་སྐྲུན་ཁང་དང་ལྷག་པར་དུ་དབྱིན་ཇིའི་གློག་བརྙན་སྡེ་ཚོགས་སོགས་ནས་ཁོང་གློག་བརྙན་འཁྲབ་སྟོན་པའི་ཁོངས་སུ་འདེམས་སྒྲུག་གནང་རྒྱུར་ཐེ་ཚོམ་དང་འཛེམས་ཟོན་ཆེན་པོ་གནང་བཞིན་འདུག་ཅེས་གསུངས་པ་མ་ཟད། ལྷག་དོན་རྒྱ་ནག་གི་གློག་བརྙན་བཟོ་སྐྲུན་ཁང་མང་པོ་ཞིག་ནས་རྒྱ་གཞུང་གི་གནོན་ཤུགས་འོག་རང་ཉིད་ཀྱི་འཚོ་བར་ངལ་བ་ཆེན་པོ་འཕྲད་སྲིད་པར་ཞེད་སྣང་འོག་ཁོང་དང་ལྷན་དུ་ཕྱག་ལས་གནང་ཐུབ་ཐབས་མེད་ཅེས་གསུངས་ཡོད་སྐོར་ལུང་འདྲེན་གནང་འདུག

༸གོང་ས་མཆོག་གིས་བཟོད་བཞེས་ཆེན་པོས་དུས་ཚོད་གནང་བར་བརྟེན་ངས་གློག་བརྙན་འདི་བཟོ་ཐུབ་སོང་།

ཨ་རིའི་གློག་བརྙན་བཟོ་སྐྲུན་པ་ལྕམ་ Rosemary Rawcliffe ལགས་ཀྱིས་བཟོ་སྐྲུན་ཞུས་པའི་ The Great 14th : Tenzin Gyatso འམ་༸རྒྱལ་བ་༸སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་བསྟན་འཛིན་རྒྱ་མཚོ་མཆོག་ཅེས་པའི་གློག་བརྙན་འདི་ཉེ་ཆར་ཕྱི་ཚེས་ ༢༧ ཉིན་༸སྐུའི་འཁྲུངས་སྐར་དུས་ཆེན་སླེབས་ཉེ་དང་བསྟུན་རིན་མེད་ཐོག་དྲྭ་ལམ་བརྒྱུད་རྒྱལ་སྤྱིའི་ཁྱོན་ཡོངས་སུ་གཟིགས་འབུལ་ཞུས་ཡོད་པ་དང་སྐབས་དེར་གློག་བརྙན་འདིར་གཟིགས་མཁན་ཁྱོན་མང་ཚོགས་ཁྲི་དྲུག་ལྷག་བྱུང་ཡོད་པ་རེད།གློག་བརྙན་འདི་ནི་ལྕམ་ Rosemary Rawcliffe ལགས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸སྐུ་ཚེའི་མཛད་རྣམ་སྤྱི་དང་ལྷག་པར་དུ་མགོན་པོ་༸གང་ཉིད་མཆོག་གི་ཆོས་ཕྱོགས་དང་ཆབ་སྲིད། མང་གཙོ་སོགས་ཀྱི་ཐོག་མཛད་འཕྲིན་རླབས་པོ་ཆེ་རྒྱ་ཆེ་བསྐྱངས་ཁག་མངོན་གསལ་གནང་བ་ཞིག་ཡིན་པ་དང་། གློག་བརྙ་ནང་དེ་སྔ་མང་ཚོགས་ནས་མཇལ་མྱོང་མེད་པའི་༸གོང་ས་མཆོག་༸སྐུ་གཞོན་དུས་སྐབས་ཀྱི་བརྙན་པར་མང་དག་ཅིག་མཇལ་རྒྱུ་འདུག དེ་རིང་རླུང་འཕྲིན་ཁང་གིས་ལྕམ་ Rosemary Rawcliffe ལགས་སུ་ཞལ་པར་བརྒྱུད་ཁོང་གི་གློག་བརྙན་དང་འབྲེལ་བཀའ་འདྲི་ཁག་ཅིག་ཞུས་པར་གློག་བརྙན་འདི་ནི་འདས་པའི་ལོ་བརྒྱད་ཀྱི་རིང་༸གོང་ས་མཆོག་གི་༸སྐུ་ཚེའི་མཛད་རྣམ་རྒྱུས་ལོན་དང་ལྷག་དོན་༸གོང་ས་མཆོག་དང་ལྷན་དུ་ཡང་ཡང་བཀའ་འདྲི་དགོངས་སྐོར་སོགས་ཞུ་རྒྱུའི་གོ་སྐབས་དམིགས་བསལ་བ་ཞིག་བྱུང་བར་འགྲེལ་བརྗོད་དང་ཆབས་ཅིག ཁྱད་པར་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆེས་བཟོད་བཞེས་ཀྱིས་དུས་ཚོད་གནང་བར་བརྟེན་ཁོང་གིས་གློག་བརྙན་འདི་བཟོ་སྐྲུན་ཞུས་ཡོད་སྐོར་གསུངས་པ་མ་ཟད་མགོན་པོ་༸གང་ཉིད་མཆོག་ལ་བཀའ་དྲིན་བླ་མེད་དུ་ཆེ་ཞེས་ཞུས་སོང་།ཁོང་གིས་གློག་བརྙན་འདི་བཟོ་སྐྲུན་གྱི་རྒྱུད་རིམ་ཁྲོད་༸གོང་ས་མཆོག་གི་མཛད་རྗེས་མང་པོ་དྲན་གསོ་ཞུ་སྐབས་རང་བཞིན་གྱིས་སེམས་ནང་ལ་སྤྲོ་སྣང་དང་སེམས་འགུལ་ཐེབས་པའི་གནས་སྟངས་མང་པོ་བྱུང་སོང་བ་དང་། དེ་དག་ཁྲོད་ནས་མགོན་པོ་༸གང་ཉིད་མཆོག་གིས་བོད་ནས་ཕེབས་པའི་བོད་མི་ཚོ་ལ་དམིགས་བསལ་མང་མཇལ་སྐབས་ཀྱི་ཁོར་ཡུག་དང་དེ་བཞིན་མགོན་པོ་༸གང་ཉིད་མཆོག་གིས་འགྲོ་བ་སྤྱི་ལ་ཉེ་རིང་མེད་པར་བྱམས་བརྩེའི་ཐོག་ནས་དགོངས་བཞེད་གནང་སྟངས་དང་དེ་བཞིན་༸གོང་ས་མཆོག་གིས་༸སྐུའི་ཡོངས་འཛིན་གླིང་རིན་པོ་ཆེ་༸སྐུ་ཐོག་གོང་མའི་སྐོར་ལ་བཀའ་བསྩལ་བའི་མཛད་རྣམ་དེ་ཚོས་སེམས་འགུལ་ཆེན་པོ་ཐེབས་སོང་ཞེས་གསུངས་སོང་། དེ་བཞིན་གློག་བརྙན་འདིའི་ནང་དེ་སྔ་མང་ཚོགས་ནས་མཇལ་དཀའ་བའི་༸གོང་ས་མཆོག་༸སྐུ་ན་གཞོན་དུས་སྐབས་སུ་རྒྱ་ནག་ལ་ཕེབས་པ་དང་། གངས་རྩེད་མཛད་པ། དེ་བཞིན་དྷ་སའི་རི་ཁྲོད་དུ་༸སྐུ་སེང་ལ་ཕེབས་པ་སོགས་ཀྱི་བརྙན་པར་མང་པོ་ཞིག་སྤྱོད་འདུག་པ་དང་འབྲེལ་བཀའ་འདྲི་ཞུས་པར་བརྙན་པར་དེ་དག་༸གོང་ས་མཆོག་གི་༸སྐུ་སྒེར་ཡིག་ཚང་ནས་གསོལ་བསྩལ་གནང་བ་ཞིག་ཡིན་པ་དང་། དེ་དག་མཇལ་སྐབས་རང་བཞིན་གྱིས་སེམས་ནང་སྤྲོ་སྣང་བྱུང་བ་མ་ཟད་དེ་བྱུང་གི་ཆ་ནས་བརྙན་པར་དེ་ཚོ་གལ་ཆེན་པོ་དང་རྩ་ཆེན་ཞིག་རེད་འདུག་བཅས་གསུངས་ཡོད།ཁོང་གིས་ད་དུང་ཉེ་ཆར་གློག་བརྙན་འདི་རིན་མེད་ཐོག་གཟིགས་འབུལ་ཞུ་སྐབས་བོད་མི་ཁག་ཅིག་གིས་ཆོག་མཆན་གང་ཡང་མི་ཞུ་བར་ཁོང་གིས་བཟོ་སྐྲུན་ཞུས་པའི་གློག་བརྙན་དེ་ཕབ་ལེན་བྱས་པ་མ་ཟད། བརྙན་པར་དུམ་གཏུམ་གནང་སྟེ་སྤྱི་ཚོགས་དྲྭ་ལམ་ཁག་ཏུ་སྤེལ་བ་དེ་ནི་གློག་བརྙན་གྱི་བདག་དབང་ལ་གུས་བརྩི་མེད་པའི་རྣམ་པ་ཞིག་འདུག་པ་དེར་བློ་ཕམ་གྱི་གནས་ཡིན་པར་གསུངས་སོང་། གཞི་རྩའི་ལྕམ་ Rosemary Rawcliffe ལགས་ཀྱིས་དེ་སྔ་བོད་ཀྱི་བེུད་དང་༸རྒྱལ་ཡུམ་ཆེན་མོ་ཞེས་པའི་གློག་བརྙན་གཉིས་ཀྱང་བཟོ་སྐྲུན་གནང་ཡོད་པ་དང་། དེ་རེས་ཁོང་གིས་བཟོ་སྐྲུན་ཞུས་པའི་ The Great 14th : Tenzin Gyatso འམ་༸རྒྱལ་བ་༸སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་བསྟན་འཛིན་རྒྱ་མཚོ་མཆོག་ཅེས་པའི་གློག་བརྙན་འདི་སྔ་ལོའི་ཕྱི་ཟླ་ ༡༠ ནང་བཟོ་སྐྲུན་ཁག་ལེགས་གྲུབ་བྱུང་མཚམས་སུ་ Mill Valley དང་ Sedona སོགས་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཆེ་ཁག་ཐོག་གཟིགས་འབུལ་ཞུས་ཡོད་པ་དང་། གློག་བརྙན་དེར་མང་ཚོགས་ནས་དགའ་མོས་ཆེ་ཤོས་གནང་ས་དང་དངོས་བྱུང་གློག་བརྙན་ཡག་ཤོས། དེ་བཞིན་ཆེས་མཐོའི་ Telly གསེར་གྱི་གཟེངས་རྟགས་སོགས་ཐོབ་ཡོད་པ་རེད། ༸རྒྱལ་བ་༸སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་བསྟན་འཛིན་རྒྱ་མཚོ་མཆོག་ཅེས་པའི་གློག་བརྙན་འདི་ད་ལྟའི་ཆར་དབྱིན་སྐད་ཐོག་གཟིགས་འབུལ་ཞུ་བཞིན་ཡོད་ཀྱང་། རིམ་པས་བོད་རྒྱ་གཙོས་རྒྱལ་སྤྱིའི་སྐད་ཡིག་མི་འདྲ་བ་ ༡༤ ཙམ་གྱི་ནང་ Subtitle འམ་མཆན་ཡིག་སྦྱོར་ཏེ་གཟིགས་འབུལ་ཞུ་འཆར་འདུག

རྒྱལ་ཚོགས་ལ་བོད་དོན་ཞུ་གཏུག་གི་གོམ་བགྲོད་ལས་འགུལ་མཇུག་སྒྲིལ།

སུད་སི་རྒྱལ་ས་སྦན་ནས་ཇིི་ནི་ཝར་གྲོང་འཁྱེར་བར་རྒྱལ་སྤྱིའི་མང་ཚོགས་ལ་བོད་ནང་གི་དངོས་ཡོད་གནས་ཚུལ་དང་རྒྱ་ནག་གི་གདོང་རིགས་ངོ་མ་ར་སྤྲོད་གནང་རྒྱུ་འབོད་སྒྲའི་འོག་བོད་དོན་ཞི་བའི་གོམ་བགྲོད་གནང་མཁན་བོད་མི་དང་བླངས་རྣམས་ཁ་སང་ཕྱི་ཚེས་ ༣༠ ཉིན་ཇི་ནི་ཝར་བདེ་འབྱོར་ཡོད་པ་དང་། ས་གནས་སུ་རྟེན་གཞི་བྱས་པའི་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཁང་ལ་བོད་དོན་ཞུ་གཏུག་གནང་བ་དང་འབྲེལ། ཐེངས་འདིའི་བོད་དོན་ཞི་བའི་གོམ་བགྲོད་ལས་འགུལ་མཇུག་སྒྲིལ་གནང་སོང་།ཁ་སང་བོད་དོན་ལས་འགུལ་བ་རྣམས་རྒྱལ་ཚོགས་ཀྱི་འགྲོ་མིའི་ཐོབ་ཐང་གི་ལྷན་ཁང་དུ་བོད་དོན་ཞུ་སྐུལ་སླད་བཅར་སྐབས་ལམ་བར་ལ་ས་གནས་ཉེན་རྟོག་པས་ཁོང་རྣམས་བཀག་པ་མ་ཟད་ཁོང་གི་རྣམ་པས་བསྣམས་པའི་བོད་ཀྱི་རྒྱལ་དར་དང་དགོས་འདུན་འཁོད་པའི་ཤོག་བྱང་བསྡུ་དགོས་པའི་བཙན་བཀའ་བཏང་བ་དང་། ལས་འགུལ་བ་རྣམས་ཀྱི་ངོ་སྤྲོད་ལག་འཁྱེར་ཐོ་འགོད་དང་འདྲི་རྩད་བྱས་པའི་གནས་ཚུལ་བྱུང་ཡོད་པ་རེད། བོད་དོན་གོམ་བགྲོད་ལས་འགུལ་སྣེ་ཁྲིད་གནང་མཁན་བློ་བཟང་དར་རྒྱས་ལགས་ལ་མཚོན་ན་ད་རེས་ཀྱི་ལས་འགུལ་ཙམ་མ་ཟད་དེ་སྔོན་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་སུད་སིར་འབྱོར་སྐབས་རྒྱལ་ཚོགས་ཀྱི་མདུན་དུ་ཡོད་པའི་ལོ་རྒྱུས་རང་བཞིན་ལྡན་པའི་ཞབས་སྟེགས་ཞབས་ཆག་སྟེངས་ཐེངས་གཉིས་ཙམ་འཛེགས་ནས་ངོ་རྒོལ་གནང་རྐྱེན་བར་བརྟེན་ཉེན་རྟོག་པས་འཛིན་བཟུང་གིས་བཀག་སྐྱིལ་གནང་མྱོང་མཁན་ཞིག་ཆགས་ཀྱི་འདུགཟླ་བའི་འདིའི་ཕྱི་ཚེས་ ༢༥ ཉིན་སུད་རྒྱལ་ས་སྦན་ནས་ཡིན་པའི་བོད་མི་བློ་བཟང་དར་རྒྱས་ལགས་ཀྱིས་སྣེ་ཁྲིད་གནང་སྟེ་སུད་སི་རྒྱལ་ས་སྦན་ནས་ཡིན་པ་བོད་མི་རྡོ་རྗེ་དངོས་གྲུབ་ལགས། ཛུ་རིག་གནས་སྡོད་བསྟན་རྣམ་ལགས། དེ་བཞིན་ཨ་རའོ་གནས་སྡོད་བཀྲིས་ལགས་བཅས་བོད་མི་དང་བླངས་པ་བཞིས་རྒྱལ་ས་སྦན་དུ་རྟེན་གཞི་བྱས་པའི་རྒྱལ་ཡོངས་གྲོས་ཚོགས་ཀྱི་མདུན་ངོས་ནས་དབུ་འཛུགས་གནང་ཡོད་ཅིང་། ལས་འགུལ་གྱི་དམིགས་ཡུལ་གཙོ་བོ་ནི་ཉིན་གྲངས་ལྔའི་རིང་གོམ་བགྲོད་དུས་ཡུན་རིང་བོད་དོན་གོམ་བགྲོད་པ་རྣམས་ནས་རྒྱལ་སྤྱིའི་མང་ཚོགས་ལ་བོད་ནང་གི་དངོས་ཡོད་གནས་ཚུལ་སྤྱི་དང་སྒོས་སུད་སི་དང་རྒྱལ་སྤྱིའི་རྒྱལ་གཞུང་སྒེར་ཚོགས་སྡེ་ཁག་ལ་རྒྱ་ནག་ཝུ་ཧན་ནས་ཁྱབ་གདལ་སོང་བའི་ཏོག་དབྱིབས་གཉན་རིམས་རྐྱེན་པས་གོ་ལའི་ཁྱོན་ཡོངས་སུ་འགྲོ་བ་མི་སྟོང་ཕྲག་མང་པོའི་ཚེ་ཤོར་བའི་འགན་ཡོངས་རྫོགས་རྒྱ་གཞུང་ལ་འཁུར་བཅུག་ནས་རྒྱ་ནག་གི་ཅ་དངོས་ཉོ་ཚོང་མཚམས་འཇོག་གནང་དགོས་པ་མ་ཟད། རྒྱ་ནག་གཞུང་གིས་སིམ་འཛུལ་ངང་སུད་སི་རྒྱལ་ཁབ་ཀྱི་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་གི་ལྟ་གྲུབ་རྡོག་རོལ་གཏོང་བཞིན་པར་སུད་སི་གཞུང་ནས་དེར་ཐུགས་སྣང་གང་གཟབ་གནང་དགོས་པ་བཅས་དོན་ཚན་བཞི་ཅན་དགོས་འདུན་ཐོག་ནས་གནང་ཡོད་པ་རེད།ཁ་སང་གོམ་བགྲོད་པ་རྣམས་ཇི་ནི་ཝའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་ཐང་དུ་འབྱོར་སྐབས་སུད་སི་སྐུ་ཚབ་དོན་གཅོད་འཆེ་མེད་རིག་འཛིན་ལགས་དང་ཇི་ནི་ཝའི་བོད་རིགས་ཚོགས་པའི་ཚོགས་གཙོ་དང་རྒྱུན་ལས། སུད་སི་ས་གནས་བེུད་ཀྱི་སྐུ་ཚབ། ཝེ་ལྡན་སི་ལྦན་ཚོགས་ཆུང་གི་སྐུ་ཚབ། སུད་སི་ས་ཁག་གཞན་ནས་འབྱོར་བའི་བོད་མི་བཅས་ཀྱིས་ལས་འགུལ་ལ་རྒྱབ་སྐྱོར་དང་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་སོང། རླུང་འཕྲིན་ཁང་གི་བཅར་འདྲི་དང་ལེན་དང་འབྲེལ་ལས་འགུལ་བ་ཚོས་ཛ་དྲག་གི་དུས་སྐབས་འདིར་བོད་མི་ཚོས་གོ་སྐབས་དམ་འཛིན་གྱིས་ལས་འགུལ་སྤེལ་དགོས་གལ་ཡིན་པ་མ་ཟད་བོད་ཀྱི་གནད་དོན་ཐོག་བོད་མི་ཚང་མར་འགན་ཁུར་ཡོད་པ་དེ་ཤེས་དགོས་ཞེས་ཐུགས་ཚོར་ཆེན་པོས་གཞེན་སྐུལ་སོང་།དེ་བཞིན་ལས་འགུལ་བ་རྣམས་དང་ལམ་བར་དུ་མཉམ་ཞུགས་གནང་མཁན་སུད་བོད་མཛའ་འབྲེལ་ཚོགས་པའི་ཚོགས་མི་ཇག་ཨར་ནལ་ལགས་སུ་བཅར་འདྲི་ཞུས་པར་བོད་མི་ཚོས་བོད་དོན་དང་འབྲེལ་བའི་ལས་འགུལ་འདི་ལྟར་སྤེལ་བར་བསྔགས་བརྗོད་དང་དུས་ཚོད་དང་འཚམས་པ་ཞིག་རེད། རྒྱ་ནག་ནས་མཆེད་པའི་ཏོག་དབྱིབས་གཉམ་རིམས་རྐྱེན་པས་འཛམ་གླིང་སྤྱི་ཡོངས་ལ་མང་ཚོགས་ཧ་ཅང་མང་པོའི་ཚེ་སྲོག་ཤོར་བ་རེད། ད་ལྟ་འཛམ་གླིང་ཡོངས་ཀྱི་རྒྱ་ནག་ལ་དོ་སྣང་བྱེད་བཞིན་པའི་དུས་སྐབས་ཤིག་རེད། རྒྱ་ནག་གཞུང་གིས་མང་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་གུས་བརྩི་མེད་པའི་ཀར་འཛམ་གླིང་སྤྱིའི་བདེ་དོན་ལ་གུས་བརྩི་བྱེད་ཀྱི་མེད་པ་ནི་ད་ཆ་འཛམ་གླིང་མི་མང་ཀུན་གྱིས་ཤེས་གསལ་རེད། དེས་ན་ང་ཚོ་རྒྱ་ནག་ལ་གདོང་ལེན་གྱི་ལས་འགུལ་འདི་ལྟ་བུ་ཤུགས་ཆེ་ཙམ་སྤེལ་དགོས་གལ་ཡིན་པ་སོགས་གསུངས་སོང་།རྩ་བའི་ད་ལན་རྒྱ་ནག་ཝུ་ཧན་ནས་ཐོག་མར་མཆེད་པའི་ཏོག་དབྱིབས་གཉན་རིམས་དང་འབྲེལ་ཟླ་བ་སྔོན་མར་སུད་སི་ནང་གནས་སྡོད་ཚེ་རིང་དབང་འདུས་ལགས་ཀྱིས་སུད་སི་གྲོང་ཁྱེར་ཝུན་ཐ་ཐུར་ནས་ཇི་ཝ་བར་བོད་དོན་གོམ་བགྲོད་ཀྱི་ལས་འགུལ་སྤེལ་གནང་རྗེས་ད་ལན་སླར་ཡང་བོད་དོན་གོམ་བགྲོད་ཀྱི་ལས་འགུལ་སྤེལ་བ་འདི་བོད་མི་སྒེར་གྱིས་གོམ་བགྲོད་ཀྱི་ལས་འགུལ་ཐེངས་གཉིས་པ་ཆགས་ཀྱི་ཡོད་པ་རེད།

རྒྱལ་ཁབ་ཉེར་བདུན་གྱིས་རྒྱ་ནག་གི་ཧོང་ཀོང་བདེ་འཇགས་ཁྲིམས་གཞི་ལ་རྒོལ་རྡུང་།

དབྱིན་ཡུལ་གཞུང་གིས་ཧོང་ཀོང་རྒྱ་ནག་ལ་རྩིས་སྤྲོད་བྱས་ནས་མི་ལོ་ ༢༣ འཁོར་བའི་དེ་རིང་གི་དུས་དྲན་དང་བསྟུན་ནས། རྒྱ་ནག་རྒྱལ་ཡོངས་མི་མང་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཚོགས་ཆུང་གིས་སྤྱི་མོས་ཐོག་ཧོང་ཀོང་གི་བདེ་འཇགས་ཞེས་པའི་ཁྲིམས་གཞི་དངོས་སུ་གཏན་འབེབས་དང་འབྲེལ། ཁ་སང་ཁྲིམས་གཞི་དེ་ཧོང་ཀོང་གི་རྨང་གཞིའི་ཁྲིམས་ལུགས་ནང་ཡར་འཇུག་བྱས་པར།  རྒྱལ་སྤྱིའི་ཐོག་རྒོལ་ལན་སློག་མཁན་མང་པོ་བྱུང་བཞིན་འདུག གསར་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན།  ཁ་སང་ཨོ་གླིང་དང་དབྱིན་ཡུལ། དེ་བཞིན་ཡོ་རོབ་རྒྱལ་ཁབ་ཁག་སོགས་རྒྱལ་ཁབ་ཉེར་བདུན་གྱིས་ཡོ་རོབ་ཀྱི་སུད་སི་རྒྱལ་སར། མཉམ་རུབ་ཀྱི་ཐོག་ནས་བསྒྲགས་གཏམ་ཞིག་སྤེལ་ཡོད་པ་རེད། སྐབས་དེར་དབྱིན་གཞུང་གི་སུད་ཝི་སུའི་གཞུང་ཚབ་པ།  སྐུ་ཞབས་ Julian Braithwaiteལགས་ཀྱིས་ཚང་མའི་ཚབ་བྱས་ཏེ་སྒྲོག་སྦྱངས་ཞུས་པའི་བསྒྲགས་གཏམ་གྱི་ནང་དུ།  རྒྱ་ནག་གིས་ཁ་སང་ཀོང་ཧོང་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་གཞི་ཞེས་པ་ཞིག་གཏན་འབེབས་བྱས་པ་དེས་ཧོང་ཀོང་མི་མང་གི་རང་དབང་ལ་དོ་ཕོག་འགྲོ་ངེས་ཡིན་པར་བརྟེན། རྒྱ་ནག་གཞུང་གིས་བསྐྱར་དུ་ཁྲིམས་གཞི་དེར་བསམ་གཞིགས་བྱེད་དགོས་ཞེས་ཡོངས་གྲགས་ཀྱི་འབོད་སྐུལ་གནང་འདུག གཞན་ཡང་བསྒྲགས་གཏམ་ནང་དུ།   རྒྱ་ནག་གིས་ཧོང་ཀོངགི་ཁྲིམས་བཟོ་དང་ཁྲིམས་ཞིབ་ཁང་གི་འཐུས་མིའི་འཛུལ་ཞུགས་གཅིག་ཀྱང་མེད་པར་ཧོང་ཀོང་གི་བདེ་འཇགས་ཁྲིམས་གཞི་ཟེར་བ་ཞིག་གཏན་འབེབས་བྱས་པ་དེ་ཡིས།  རྒྱ་ནག་གི་རྒྱལ་ཁབ་གཅིག་ལ་་ལམ་ལུགས་གཉིས་ཀྱི་གཞི་རྩའི་སྲིད་བྱུས་ལ་སྣང་ཆུང་བཏང་ཡོད་ལུགས་འགྲེལ་བརྗོད་གནང་བ་དང་ཆབས་ཅིག   གཞི་རྩའི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་བྱུས་ཀྱིས་ཧོང་ཀོང་མི་མང་ལ་ཚད་མཐོའི་རང་སྐྱོང་དང་ཐོབ་ཐང་འགན་ལེན་བྱས་ཡོད་པ་མངོན་གསལ་གནང་སྟེ། རྒྱ་ནག་དང་ཧོང་ཀོང་སྲིད་གཞུང་གིས་མི་མང་གིས་ལོ་མང་གི་རིང་ལ་ལོངས་སུ་སྤྱད་པའི་ཐོབ་ཐང་ཁག་ལ་བརྡབ་གསུག་མི་གཏོང་བའི་རེ་སྐུལ་དང་ལྷན་དུ། ཁྲིམས་གཞི་དེར་བསྐྱར་དུ་བསམ་གཞིགས་གཏོང་དགོས་བར་བསྐྱར་ནན་ཞུས་འདུག གཞན་ཡང་བསྒྲགས་གཏམ་དེའི་སྐབས་སུ། རྒྱ་ནག་གིས་ད་ཆ་ཤིན་ཅང་གི་ནང་དུ་དྲག་གནོན་བྱེད་བཞིན་པ་ཡོངས་གྲགས་ཀྱིས།   རྒྱ་ནག་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་གཙོ་འཛིན།  ལྕམ་Michelle Bachelet ཤིན་ཅང་གི་ནང་དུ་དོན་ཕན་ལྡན་པའི་གཟིགས་སྐོར་གནང་དུ་འཇུག་དགོས་བའི་འབོད་སྐུལ་དང་ལྷན་དུ། རྒྱ་ནག་སྲིད་གཞུང་གིས་ཁུལ་དེར་དྲག་གནོན་གྱིས་མི་མང་གང་བྱུང་འཛིན་བཟུང་དང་དམ་དྲག་ཆེན་པོ་བྱེད་བཞིན་པར་བློ་འཚམ་ཆེན་པོ་ཡོད་པར་མངོན་གསལ་གྱིས། རྒྱལ་སྤྱིའི་ཁྲིམས་ལུགས་ཀྱིས་མི་མང་གི་ཐོབ་ཐང་ལ་འགན་ལེན་ཡོད་པ་གཞིར་བཞག་གིས།  ལྕམ་ Michelle Bachelet ལགས་ཀྱིས་ཧོང་ཀོང་དང་ཤིན་ཅང་ཁུལ་གྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཐད་ནས་དུས་རྒྱུན་སྙན་ཐོ་འདོན་སྤེལ་གནང་དགོས་བར་བསྒྲགས་འདུག དེ་བཞིན་ཀོང་ཧོང་དབྱིན་གཞུང་གི་དབང་བསྒྱུར་འོག་ཏུ་ཡོད་དུས་ཀྱི་སྲིད་སྐྱོང་མཐའ་མ། སྐུ་ཞབས་Chris Patten ལགས་ཀྱིས་ཨ་རིར་རྟེན་གཞི་བྱས་པའི་ Bloomberg  བརྙན་འཕྲིན་ཁང་དུ། ཧོང་ཀོང་གི་ནང་དུ་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་གིས་ཆེས་སྡང་སའི་མང་གཙོའི་ཁྱད་ཆོས་ཡོངས་སུ་མངོན་ཡོད་དུས།   ཐེངས་འདིར་རྒྱ་ནག་གིས་ཧོང་ཀོང་བདེ་འཇགས་ཀྱི་ཁྲིམས་གཞི་གཏན་འབེབས་བྱས་པ་དེ་ཡིས་ཧོང་ཀོང་གི་ནང་དུ་བཟོད་ཐབས་བྲལ་བའི་རྙོག་གླེང་གི་རིགས་མང་དུ་བཟོ་རྒྱུ་ཡིན་པ་ཡོངས་གྲགས་གནང་འདུག ཧོང་ཀོང་གི་བདེ་འཇགས་ཁྲིམས་གཞི་གཏན་འབེབས་དང་འབྲེལ་ནས། འདི་གའི་གསར་འགོད་པས་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་འཆར་འགན་འཛིན། རྒྱལ་མཚན་ལགས་སུ་ཁྲིམས་གཞི་དེའི་སྐོར་བཀའ་འདྲི་ཞུས་པར་ཁོང་གིས་རྒྱ་ནག་གིས་ཁྲིམས་གཞི་དེའི་ནང་དུ་དོན་ཚན་ཆེན་པོ་བཞི་ཡོད་པའི་ནང་ནས་རྒྱལ་ཁབ་ཁ་བྲལ་དང་ཕྱི་ལོག་གི་རྒྱལ་ཁབ་དང་འབྲེལ་བ་སོགས་ཡོངས་སུ་ནག་ཉེས་ཅན་དུ་བསྒྱུར་རྒྱུ་ཡིན་པར་གསལ་བོར་བརྗོད་ཡོད་སྟབས། མ་འོངས་བར། ཧོང་ཀོང་མི་མང་གི་སྔར་ཡོད་ཀྱི་མང་གཙོ་རང་དབང་ཐོབ་ཐང་དེར་གནོད་སྐྱོན་ཆེན་པོ་ཐེབས་རྒྱུ་ཡིན་པར་ངོ་སྤྲོད་གནང་སོང་།

རྒྱ་གར་གཞུང་གིས་རྒྱ་ནག་གི་མཉེན་ཆས་ང་དགུ་བཀག་སྡོམ།

རྒྱ་གར་གཞུང་གིས་རྒྱ་ནག་གི་ WeChat འམ་སྐད་འཕྲིན་གཙོས་མཉེན་ཆས་ལྔ་བཅུ་ང་དགུ་བཀག་སྡོམ་གནང་འདུགཁ་སང་རྒྱ་གར་གཞུང་གིས་རྒྱ་གར་ནང་བཀོལ་སྤྱོད་བྱེད་བཞིན་པའི་རྒྱ་ནག་གི་མཉེན་ཆས་ང་དགུ་ཆེད་འདོན་གྱིས་མཉེན་ཆས་དེ་དག་གིས་རྒྱ་གར་གྱི་ས་ཁོངས་ཀྱི་བདག་དབང་དང་བདེ་འཇགས། དེ་བཞིན་རྒྱལ་སྲུང་སོགས་ལ་གནོད་འཚེ་བཟོ་ཡི་ཡོད་སྐོར་གསུངས་ནས་མཉེན་ཆས་དེ་དག་བཀག་སྡོམ་གནང་རྒྱུའི་སྤྱི་བསྒྲགས་ཤིག་སྤེལ་འདུག གཞི་རྩའི་རྒྱ་གར་ཕྱོགས་ནས་རྒྱ་ནག་གི་མཉེན་ཆས་བཀག་སྡོམ་གནང་བ་དེ་ཉེ་ལམ་རྒྱ་གར་བྱང་ཕྱོགས་ལ་དྭགས་སྤང་གོང་མཚོའི་ཁུལ་དུ་ཆགས་པའི་བོད་དང་རྒྱ་གར་གཉིས་ཀྱི་ས་མཚམས་སུ་རྒྱ་དཀར་ནག་གཉིས་ཀྱི་དམག་མིའི་དབར་གདོང་ཐུག་བྱུང་རྐྱེན་རྒྱ་གར་གྱི་དམག་མི་ཉི་ཤུའི་ཚེ་སྲོག་ཤོར་བའི་གནད་དོན་ལ་འཁོན་ལན་ཚུལ་དུ་དེ་ལྟར་གནང་བ་ཞིག་ལ་ངོས་འཛིན་གནང་གི་འདུག དཔྱད་ཞིབ་པ་ཁག་ཅིག་གིས་རྒྱ་གར་དང་རྒྱ་ནག་དབར་གྱི་གནས་སྟངས་ཛ་དྲག་ཏུ་འགྲོ་མུས་ལ་ལྟོས་མེད་མཉེན་ཆས་དེ་དག་རྒྱ་གར་ནང་བཀོལ་སྤྱོད་གནང་འཇུག་རྒྱུ་མེད་ཅེས་གསུངས་འདུག རྩ་བའི་མཉེན་ཆས་དེ་དག་བཀག་སྡོམ་གནང་བ་དེས་རྒྱ་ནག་གི་དཔལ་འབྱོར་ལ་གྱོང་གུན་གཏང་གི་ཡོད་སྟབས་སྤྱི་ཚོགས་དྲྭ་ལམ་བརྒྱུད་མང་ཚོགས་དུ་མས་དགའ་བསུ་ཞུས་ཡོད་ཀྱང་། སྐད་འཕྲིན་ལྟ་བུ་ནི་བོད་ཕྱི་ནང་གཉིས་སུ་བཞུགས་པའི་བོད་མིའི་དབར་འབྲེལ་མཐུད་མ་ལག་གཙོ་བོ་ཞིག་ཆགས་ཡོད་པར་བརྟེན་བོད་མི་ཁག་ཅིག་གིས་དེ་འབྲེལ་ཐད་ཐུགས་འཚབ་གནང་གི་འདུག རླུང་འཕྲིན་ཁང་གིས་རྣམ་ཀུན་ནས་སྐད་འཕྲིན་བརྒྱུད་བོད་ནང་ཕ་མ་གཙོས་སྤུན་མཆེད་དང་འབྲེལ་བ་གནང་མཁན་ཁག་ཅིག་ལ་མཉེན་ཆས་བཀག་སྡོམ་ཐོག་དགོངས་འཆར་གང་ཡོད་བཅར་འདྲི་ཞུས་པར་ཁོང་རྣམ་པས་སྤྱིར་བཏང་སྐད་འཕྲིན་འདི་བོད་ནང་འབྲེལ་ལམ་ཞུ་རྒྱུའི་མཉེན་ཆས་སྟབས་བདེ་ཞིག་ཆགས་ཀྱི་ཡོད་པ་རེད། འོན་ཀྱང་ཕྱོགས་གཅིག་ནས་རྒྱ་ནག་གིས་མཉེན་ཆས་དེ་དག་བརྒྱུད་སྒེར་གྱི་གནས་ཚུལ་ཁག་གསང་ཁྱེར་བྱེད་ཀྱི་ཡོད་སྟབས་དེས་སྐབས་རེ་སོ་སོའི་ནང་མི་ཚོར་དཀའ་ངལ་འཕྲད་སྲིད་པར་དོགས་ནས་དངངས་སྐྲག་ཡོང་གི་འདུག་པ་མ་ཟད། ད་རེས་རྒྱ་གར་གཞུང་གིས་རྒྱ་ནག་གི་མཉེན་ཆས་དེ་དག་བཀག་སྡོམ་གནང་རྐྱེན་གཞིས་བཞུགས་ནང་མི་དང་སྤུན་མཆེད་དག་དང་རྒྱང་ཐག་རིང་དུ་འགྲོ་ངེས་ཡིན་པར་བརྟེན་བློ་མི་བདེ་བ་བྱུང་སྐོར་སོགས་གསུངས་ཡོད། དེ་བཞིན་མཉེན་ཆས་བཀག་སྡོམ་གྱི་གནད་དོན་ཐད་བོད་ནང་གནས་བཞུགས་རྩོམ་པ་པོ་ཚེ་རིང་འོད་ཟེར་ལགས་ཀྱིས་ཀྱང་སྤྱི་ཚོགས་དྲྭ་ལམ་ཐོག་བློ་འཚབ་ཀྱི་རྣམ་པ་ཆེད་བཏོན་གནང་འདུག རླུང་འཕྲིན་ཁང་ནས་བོད་དོན་ལས་འགུལ་བསྟི་གནས་ཁང་གི་བརྡ་འཕྲིན་སྲུང་སྐྱོབ་ལས་གཞིའི་འགན་འཛིན་བློ་བཟང་རྒྱ་མཚོ་ལགས་སུ་མཉེན་ཆས་བཀག་སྡོམ་ཐད་དགོངས་འཆར་དང་བྱེས་བཞུགས་བོད་མི་རྣམས་ནས་བོད་ནང་འབྲེལ་བ་གནང་ཕྱོགས་ཐད་ལམ་སྟོན་གང་ཡོད་བཅར་འདྲི་ཞུས་པར་ད་ལན་རྒྱ་གར་གཞུང་གིས་བདེ་འཇགས་ལ་དགོངས་ཏེ་རྒྱ་ནག་གི་མཉེན་ཆས་དེ་དག་བཀག་སྡོམ་གནང་རྒྱུར་ཐུགས་ཐག་བཅད་པ་དེ་འོས་འཚམས་ཤིག་ཡིན་པ་དེ་ལྟར་ཡང་།  སྒོས་སྐད་འཕྲིན་དེའང་བཀག་སྡོམ་གནང་བར་བརྟེན་བཙན་བྱོལ་དུ་གནས་བཞུགས་བོད་མིས་བོད་ནང་འབྲེལ་བ་གནང་རྒྱུར་ངལ་བ་འཕྲད་ཆེར་འགྲོ་རྒྱུ་ཡིན་སྐོར་སོགས་གསུངས་སོང་། རྩ་བའི་རྒྱ་ནག་གི་མཉེན་ཆས་དེ་དག་བརྒྱུད་རྒྱ་ནག་ལ་རྒྱ་གར་ཁོ་ན་ནས་བརྒྱ་ཆ་ ༣༠ དང་ ༤༠ ཙམ་གྱི་དཔལ་འབྱོར་གྱི་ཡོང་འབབ་བྱུང་གི་ཡོད་པ་མ་ཟད།   རྒྱ་ནག་གིས་སྙན་གྲགས་ཆེ་བའི་ Tiktok མཉེན་ཆས་བརྒྱུད་རྒྱ་གར་ནས་ཡོང་འབབ་ཕོན་ཆེ་བྱུང་རྒྱུ་དམིགས་ཡུལ་ཀྱང་ཡོད་པ་རེད།  འོན་ཀྱང་ད་ཆ་རྒྱ་གར་དབུས་གཞུང་ནས་མཉེན་ཆས་དེ་དག་བཀག་སྡོམ་བྱེད་པས་ཐག་གཅོད་དེས་རྒྱ་ནག་གི་དཔལ་འབྱོར་ལ་གྱོང་གུད་ཆེན་པོ་བྱུང་ངེས་ཡིན་པ་བརྗོད་ཀྱི་ཡོད་པ་རེད།  

 རྒྱ་ནག་གིས་བོད་ཁུལ་དུ་མ་ཎི་རྡོ་བརྐོས་དང་དར་ལྕོག་སོགས་གཏོར་བཤིག་གཏོང་བཞིན་པ།

རྒྱ་ནག་གིས་ཟླ་བ་འདིའི་ནང་། བོད་མཚོ་སྔོན་ཁུལ་དུ་ཁོར་ཡུག་སྲུང་སྐྱོབ་དང་ཆོས་ལུགས་ཀྱི་བྱེད་སྒོ་རྣམས་དངུལ་གསོག་སྒྲུབ་སོགས་ཚོང་གི་ངོ་བོར་བསྒྱུར་མི་ཆོག་པའི་དྲིལ་བསྒྲགས་ཀྱི་འོག་ནས།  བོད་མཐོ་སྒང་དུ་ལོ་ངོ་སྟོང་ཕྲག་གི་རིང་ལ་ལག་བསྟར་བྱས་ནས་ཡོང་བའི་ཆོས་ལུགས་ཀྱི་བྱེད་སྒོ་མཚོན་བྱེད་དང་མི་མང་གི་དད་རྟེན་དུ་གྱུར་བའི་དར་ལྕོག་དང་མ་ཎི་རྡོ་བརྐོས། དེ་བཞིན་མཆོད་རྟེན་སོགས་རྩ་གཏོང་གཏོང་དགོས་བའི་བྱ་འགུལ་སྤེལ་བཞིན་འདུག དེ་རིང་འདི་གའི་རླུང་འཕྲིན་ཁང་ལ་བོད་ནང་གསར་འགྱུར་འབྱོར་བ་ལྟར་ན།  ད་ཆ་རྒྱ་ནག་གིས་ས་བགོས་བྱས་པའི་མཚོ་སྔོན་ཞིང་ཆེན། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ། བྲག་དཀར་རྫོང་། དཔལ་ཁ་གྲོང་བརྡལ་དུ་རྒྱ་ནག་དམར་ཤོག་གིས་རྩ་འཛུགས་བྱས་པའི་བོད་རིགས་ཏང་ཡོན་པའམ། གྲོང་རྡལ་གྱི་ཞིང་འབྲོག་དམར་ཤོག་ཚོགས་མི་རྣམས་ལ་གོང་རིམ་ནས་མངགས་བཅོལ་བྱས་པ་ལྟར་ན།  དཔལ་ཁ་གྲོང་བརྡལ་ནས་བྲག་དཀར་སྤྲེལ་རྫོང་གི་དགོན་པའི་བར་གྱི་ལམ་གཞུང་གང་སར།  མ་ཎི་རྡོ་བརྐོས་དང་དར་ལྕོག་དང་། དེ་བཞིན་མཆོན་རྟེན་སོགས་ནང་པའི་ཆོས་ལུགས་ཀྱི་མཚོན་བྱེད་ལྡན་པའི་བྱ་འགུལ་གྱི་རིགས་གང་ཡང་སྤེལ་མི་ཆོག་པ་མ་ཟད། རི་སྒང་དུ་ཡང་མ་ཎི་རྡོ་བརྐོས་དང་དར་ལྕོག་སོགས་གཙང་བཟོ་བྱེད་དགོས་བར་མངགས་ཡོད་འདུག གནས་ཚུལ་མཁོ་སྤྲོད་པས་གསུངས་བ་ལྟར་ན།  དཔལ་ཁ་གྲོང་བརྡལ་གྱི་ཡུལ་མི་རྣམས་ཀྱིས་གང་མགྱོགས་ལམ་ཁ་གང་སར་ཡོད་པའི་ཆོས་ལུགས་མཚོན་བྱེད་རྣམས་གཙང་བཟོ་བྱེད་དགོས་བ་དང་། མི་འགྱངས་བར་རྒྱ་ནག་གི་གོང་རིམ་དཔོན་རིགས་དཔལ་ཁ་གྲོང་བརྡལ་ལ་་ཆེད་དུ་བརྟག་དཔྱད་བྱེད་རྒྱུར་ཡོང་རྒྱུ་ཡིན་པར་བསྒྲགས་ཡོད་སྟབས། ཡུལ་མིའི་གྲུབ་པའི་ཚོགས་པ་ཞིག་གིས། གང་མགྱོགས་སྤྱི་ལེ་བརྒྱ་ཙམ་གྱིས་ཆོད་པའི་ལམ་ཁའི་གཡས་གཡོན་གྱི་དར་ལྕོག་དང་མི་ཎི་རྡོ་འབུམ་སོགས་གཙང་བཟོ་བྱེད་པར་གྲ་སྒྲིག་བྱེད་ཀྱི་ཡོད་པར་ངོ་སྤྲོད་གནང་བ་དང་སྦྲགས།  མཚོ་སྔོན་པོའི་གཡས་གཡོན་དུ་ལས་འགུལ་དེ་དངོས་སུ་ལག་བསྟར་གྱིས་གཙང་བཟོ་བྱས་ཟིན་ཡོད་པར་ངོ་སྤྲོད་གནང་སོང་།གཞན་ཡང་ཁོང་གིས།  གཞི་རྩའི་རྒྱ་ནག་གི་དྲིལ་བསྒྲགས་ཀྱི་ངོ་བོར་བལྟས་ན། ཁོར་ཡུག་སྲུང་སྐྱོབ་དང་ཆོས་ལུགས་ཚོང་བསྒྱུར་བྱེད་མི་ཆོག་པའི་སྐད་ཆ་སྙན་པོ་ཞིག་བཤད་བཞིན་ཡོད་ནའང་། དོན་དུ་བོད་མི་རིགས་ཀྱི་ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ལྡན་པའི་ཆོས་ལུགས་རིག་གནས་གནས་ཀྱི་སྣང་ཚུལ་ཞིག་རྩ་གཏོར་གཏོང་གི་ཡོད་པ་དེ་རེད།  གོང་རིམ་ནས་སྲིད་གཞུང་གི་བཀའ་སླེབས་དུས། མི་མང་ལ་དབང་ཆ་མེད་སྟབས་གོང་རིམ་གྱི་གོ་སྒྲིག་ལྟར་གང་མགྱོགས་དཔལ་ཁ་གྲོང་བརྡལ་ནས་བྲག་དཀར་སྤྲེལ་རྫོང་བར་གྱི་ལམ་ཟུར་ཁག་དངོས་སུ་གཙང་བཟོ་བྱེད་རྒྱུ་ཡིན་པར་ངོ་སྤྲོད་གནང་སོང་། དེ་བཞིན། ཁ་སང་རླུང་འཕྲིན་ཁང་གི་རྒྱ་ཡིག་སྡེ་ཚན་ལ་ཡང་བོད་ཁུལ་གྱི་གནས་ཚུལ་མཁོ་སྤྲོད་བྱེད་མཁན་ཞིག་གིས་ཀྱང་། ད་ཆ་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དུ་ཡང་རྒྱ་ནག་གིས་བཙན་བཀའ་བཏང་ནས། མ་ཎི་དར་ལྕོག་སོགས་གཙང་བཟོ་བྱེད་དགོས་ལུགས་ཀྱི་དྲིལ་བསྒྲགས་སྤེལ་ཡོད་ལུགས་ངོ་སྤྲོད་གནང་ཡོད་པ་རེད།

Latest news