Tibetan Royal Year of 2151 | Year of the Wood Dragon

3rd Session of 16th TPiE

སྤྱི་འཐུས་ལྷན་ཚོགས་ནས་སྒོར་ས་ཡ་ཉིས་སྟོང་བཞི་བརྒྱ་ལྷག་གི་སྔོན་རྩིས་བཀའ་འཁྲོལ་གནང་པ།

དེ་རིང་ཕྱི་ལོ་ ༢༠༡༧ ཟླ་ ༣ ཚེས་ ༢༥ རེས་གཟའ་སྤེན་པའི་ཉིན་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གསུམ་པའི་ལས་ཉིན་མཐའ་མའི་ཐོག་དཔལ་འབྱོར་ལས་དོན་མཇུག་སྐྱོང་དང་སྦྲགས། བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ལོ་ ༢༠༡༧་་༡༨ལོའི་གཏོང་ལེན་ཁྲིམས་ཡིག་ལ་གྲོས་ཚོགས་ནས་སྤྱི་མོས་ཐོག་བཀའ་འཁྲོལ་གཏན་འབེབས་གནང་སོང་། ཐེངས་འདིའི་སྔོན་རྩི་གྲོས་ཚོགས་ཁྲོད་སྤྱི་འཐུས་ལྷན་ཚོགས་ནས་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་སྔོན་རྩིས་འཆར་འབུལ་ཟིན་པར་སྒོར་ས་ཡ་ ༥ མན་ཙམ་བཅོག་ཆ་གནང་ཡོད་པ་ཕུད། ཁྱོན་བསྡོམས་ཧིན་སྒོར་ས་ཡ་ ༢༤༣༤ ལྷག་གི་བཀའ་འཁྲོལ་གཏན་འབེབས་གནང་ཡོད་པ་རེད། དེ་རིང་གི་ལས་རིམ་མཐའ་མ་སྤྱི་འཐུས་ཚོགས་གཙོའི་མཇུག་བསྡོམས་གསུང་བཤད་གནང་པའི་ཁྲོད་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་ཐེངས་འདིའི་གྲོས་ཚོགས་ཀྱི་ལས་ཡུན་མང་ཆེ་བ་དེ་དཔལ་འབྱོར་གྱི་ལས་དོན་ཐོག་བཏང་ནས་གྲོས་ཚོགས་འཐུས་མི་རྣམ་པས་བགྲོ་གླེང་གསལ་བཤད་སོགས་ཞིབ་ཚགས་ཡག་པོ་བྱུང་སོང་ཞེས་གསུངས་གནང་པ་དང་ཆབས་ཅིག རྐང་ད་རེས་བཀའ་འཁྲོལ་གཏན་འབེབས་ཟིན་པའི་འཆར་འབུལ་ཐོག་འཛིན་སྐྱོང་བཀའ་ཤག་གིས་བསྲི་ཚགས་དང་ལྷག་བསམ་རྣམ་དག་སྒོ་ནས་ལས་དོན་དོན་ཕན་ལྡན་པ་བསྒྲུབ་གལ་ཡིན་པ་གསུངས་སོང་། ལྷག་པར་དུ་ཚོགས་གཙོ་མཆོག་གིས་བཅའ་ཁྲིམས་ནས་འཛིན་སྐྱོང་ལ་བསྐུར་བའི་ལས་འགན་ཁག་ལས་ཆབ་སྲིད་ཀྱི་ཆ་ནས་བོད་དོན་བདེན་མཐའ་སེལ་སླད་དངོས་ཤུགས་བརྒྱུད་གསུམ་ནས་ནུས་པ་མཐོ་བ་དང་ཤུགས་རྐྱེན་ཆེ་རུ་གཏོང་གལ་དུ་གཟིགས་ཀྱི་ཡོད་པ་གསུངས་ཡོད། དེ་བཞིན་ཚོགས་གཙོ་མཆོག་གིས་མཇུག་བསྡོམས་གསུང་བཤད་འདིའི་ཐོག་ནས་གྲོས་ཚོགས་ཀྱི་ལས་ཉིན་བཅིུག་རིང་ལ་རྒྱལ་གཅེས་པ་པདྨ་རྒྱལ་མཁན་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་པ་དང་། དེ་བཞིན་གསེར་རྟ་ནང་གི་གནས་ཚུལ་སོགས་བོད་ནས་གནས་ཚུལ་ཛ་དྲག་རིགས་མུ་མཐུད་ཐོན་ཡོད་པ་ཕྱིར་དྲན་གནང་པ་དང་སྦྲགས། ཕྱིར་སྡོད་བོད་རིགས་ལས་ཀྱི་སྣེ་མོ་དང་རྒྱ་ཆེ་མང་ཚོགས་ནས་གཞིས་ལུས་བོད་མི་ཚོས་བློས་གཏོང་གནང་པ་དེ་དག་གི་མངོན་འདོད་དང་རེ་བ་ལ་གདུང་སེམས་མཉམ་བསྐྱེད་ཞུ་བ་ཙམ་མ་ཡིན་པར་ཁོང་རྣམ་པའི་མངོན་འདོད་དེ་བསྒྲུབ་ཐུབ་པར་འབད་བརྩོན་གནང་རོགས་ཞེས་སོགས་འབོད་སྐུལ་གནང་སོང་། གཞི་རྩའི་ཐེངས་འདིའི་སྔོན་རྩིས་གྲོས་ཚོགས་སྐབས་རྐང་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་བཅས་པའི་རྩིས་ལོ་ ༢༠༡༧་་༡༨ ལོའི་སྔོན་རྩིས་འཆར་འབུལ་ཐོག་ལ་བཀའ་བསྡུར་བྱུང་ཡོད་པ་དང་། དེ་མིན་གྲོས་ཚོགས་ཀྱི་ལས་ཉིན་དང་པོའི་ཐོག་ནས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སོགས་ལ་གཞིགས་ཏེ་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་དང་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་དང། བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ཁྲིམས་འཆར་ཐོག་བགྲོ་གླེང་གསལ་བཤད་སོགས་ལྷུག་པོ་བྱུང་སྟབས། མཐའ་དོན་གྲོས་ཚོགས་རྗེས་མའི་ཐོག་དེ་དོན་སྒྲིག་གཞི་བསྐྱར་བཅོས་ཀྱི་བཟོ་བཅོས་གྲོས་ཆོད་གྲོས་འཆར་ཞིག་བསྣམ་རྒྱུའི་ཐག་གཅོད་བྱུང་ཡོད་པ་རེད།

སྤྱི་འཐུས་ཚོགས་གཙོ་མཆོག་གིས་འཛིན་སྐྱོང་ནས་གྲོས་ཚོགས་རྗེས་མའི་ཐོག་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་ཀྱི་བཟོ་བཅོས་གྲོས་འཆར་བསྣམ་ཕེབས་དགོས་པའི་ཐག་གཅོད།

བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་ཁོངས་སྲིད་སྐྱོང་དང་སྤྱི་འཐུས་གཉིས་ལ་སྔོན་འགྲོ་དང་དངོས་གཞི་གཉིས་དགོས་མིན་སོགས་ཀྱི་ཐད་ལ་ཐེངས་འདིའི་གྲོས་ཚོགས་སྟེང་། འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་ཀྱི་ཁྲིམས་འཆར་ཞིག་བསྣམས་ཕེབས་པ་ལྟར། འདས་པའི་གྲོས་ཚོགས་ཀྱི་ལས་ཉིན་དེའི་ཁྲོད་ཁྲིམས་འཆར་དེ་དང་འབྲེལ་སྲིད་སྐྱོང་མཆོག་གིས་དབུས་པའི་བཀའ་བློན་རྣམ་པ་ལས་རིམ་ནང་ཆ་ཤས་མ་བཞེས་པར་གྲོས་ཚོགས་ནས་ཕྱིར་ཐོན་གནང་པ་དང་། དེ་དང་འབྲེལ་སྤྱི་འཐུས་རྣམ་པས་སྐྱོན་བརྗོད་དང་གཟིགས་ཚུལ་མཐུན་མིན་སོགས་གླེང་སློང་དང་བགྲོ་གླེང་ལྷུག་པོ་བྱུང་ཡོད་པ་རེད། དེ་རིང་གྲོས་ཚོགས་ཀྱི་ལས་ཉིན་བཅུ་པ་འདིའི་ཐོག་ཁྲིམས་འཆར་དེའི་བརྗོད་པ་གཉིས་པའི་སྐབས་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ཚོགས་གཙོ་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་གིས་བཟོ་བཅོས་གྲོས་འཆར་བསྣམ་ཕེབས་རྒྱུའི་གོ་སྐབས་གནང་སྐྱོང་ཡོང་བ་ཞུས་ཡོད་པ་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་བཀའ་ཤག་ནས་གྲོས་ཚོགས་ཚོགས་ཐུན་རྗེས་མའི་སྟེང་ཁྲིམས་འཆར་དེའི་བཟོ་བཅོས་ཁྲིམས་འཆར་བསྣམ་ཕེབས་དགོས་པའི་ཐག་གཅོད་གནང་སོང་། གཞི་རྩའི་གྲོས་ཚོགས་ཀྱི་ལས་ཉིན་ལྔ་པའི་ཐོག་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་ཚོགས་ཆུང་གི་འཆར་ཟིན་སྙན་ཐོའི་ནང་བཀའ་ཤག་གི་དགོངས་ཚུལ་དང་མི་མཐུན་པ་སྔོན་འགྲོ་དང་དངོས་གཞི་གཉིས་ཀ་སྔར་བཞིན་དགོས་པའི་རྒྱབ་གཉེར་ཞུས་ཡོད་སྟབས། སྲིད་སྐྱོང་མཆོག་གིས་དབུས་པའི་བཀའ་བློན་རྣམ་པས་སྙན་ཐོ་འདིར་འགག་བྱ་གནང་པ་དང་འབྲེལ། བགྲོ་གླེང་ནང་ཆ་ཤས་མི་ལེན་པར་གྲོས་ཚོགས་ནས་ཕྱིར་ཐོན་གནང་ཡོད་པ་རེད། དེ་རིང་ཉིན་རྒྱབ་ལས་ཉིན་བཅུ་པ་འདིའི་ཐོག་ཁྲིམས་འཆར་དེའི་བརྗོད་པ་གཉིས་བསྐྱོད་སྐབས་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་དྲུང་ཆེ་སྤྱི་འཐུས་དགེ་བཤེས་སྨོན་ལམ་ཐར་ཕྱིན་ལགས་ནས་ཚོགས་ཆུང་གི་གྲུབ་དོན་ཁག་ནི་གཞི་རྐང་མང་ཚོགས་དང་ཚོགས་པ་ཁག་གི་བསམ་འཆར་གཞི་བཞག་གནང་ཡོད་པ་ལས་གང་ཟག་སུ་ཡིན་སོགས་ལ་གཞི་བཅོལ་མེད་པ་གསལ་བཤད་གནང་སོང་། ཚོགས་ཆུང་གི་དྲུང་ཆེས་ད་དུང་མུ་མཐུད་བཀའ་ཤག་གི་གསལ་བཤད་ལས་འཕྲོས་ནས་སྔོན་འགྲོ་དངོས་གཞི་གཅིག་བཟོས་པ་ལ་བརྟེན་ནས་མ་འོངས་འོས་བསྡུའི་སྐབས་༸གོང་ས་མཆོག་ཐུགས་ཕམ་བྱུང་གཞི་དང་སྤྱི་ཚོགས་ནང་བརྡབ་གསིག་ཡོང་རེ་མེད་སྐོར་དང། རྒྱ་མིའི་རྒྱུགས་ཁྱི་སོགས་ལ་དཀྲོག་གཏམ་སྤེལ་རྒྱུའི་དུས་ཚོད་མེད་པ་ཁྱབ་པ་ཏན་ནས་མེད་པའི་གྲུབ་བྱེད་ཞིབ་ཕྲ་བཀོད་གནང་ཡོད་པ་རེད། རྩ་བའི་དེ་རིང་གྲོས་ཚོགས་ཀྱི་ལས་ཉིན་བཅུ་པ་འདིའི་ཐོག་ནས་སྤྱི་འཐུས་ཚོགས་གཙོ་མཆོག་གིས་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་ཀྱི་ཁྲིམས་འཆར་ཡིག་ཆ་ ༡༤ པ་དང་འབྲེལ་བའི་ཐོག་ལ་འཛིན་སྐྱོང་ལ་གྲོས་ཚོགས་ཚོགས་དུས་རྗེས་མའི་སྐབས་བཟོ་བཅོས་ཁྲིམས་འཆར་བསྣམ་ཕེབས་དགོས་སྐོར་གསུངས་ཡོད་པ་རེད།

མཆིན་པའི་གཉན་ཚད་དང་ཊི་སྦི། སྐྲན་ནད་བཅས་ནི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་གི་ནད་གཞི་ཛ་དྲག་ཆེ་ཤོས་ཆགས་ཡོད་པ་གསུངས་སོང་།

དེ་རིང་ཟླ་ ༣ ཚེས་ ༢༡ ཉིན་གྲོས་ཚོགས་ཀྱི་ལས་ཉིན་བདུན་པའི་ཐོག་གྲོས་ཚོགས་སུ་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱིས་སྔོན་རྩིས་ཐོག་བགྲོ་གླེང་གནང་སྐབས། བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་གིས་མཆིན་པའི་གཉན་ཚད་དང་ཊི་སྦི། དེ་བཞིན་སྐྲན་ནད་བཅས་ནི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་གི་ནད་གཞི་ཛ་དྲག་ཆེ་ཤོས་ཆགས་ཡོད་པ་གསུངས་སོང་། དེའང་དེ་རིང་གྲོས་ཚོགས་ཀྱི་ལས་ཉིན་བདུན་པའི་སྔ་དྲོའི་ཚོགས་དུས་སྐབས་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་རྩིས་ལོ་ ༢༠༡༧་་་༡༨ ལོའི་སྔོན་རྩིས་འཆར་འབུལ་ཞུས་པ་ལས། དམིགས་བསལ་དང་ཟུར་བཀོལ་ཐོག་སྔོན་རྩིས་ཞུས་པའི་ལས་འཆར་རིམ་པར་བགྲོ་གླེང་གནང་ཚེ་གྲོས་ཚོགས་ཀྱི་འཐུས་མི་རྣམས་པས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཀྱི་ནད་རིགས་སྔོན་འགོག་དང་། ཁོར་ཡུག་གཙང་བཟོའི་ལས་འཆར། འཕྲོད་ལས་པའི་བདེ་དོན་གཟིགས་སྐྱོང་དང་། དེ་བཞིན་འཕྲོད་བསྟེན་ཁྱབ་ཁོངས་ཀྱི་མངོན་དགའ་སློབ་གྲྭའི་གནས་བབས། བེུད་ཚོར་འཕྲོད་བསྟེན་གྱི་སློབ་གསོའི་ལས་འཆར་སོགས་ཀྱི་ཐད་ཚོར་ཤུགས་ཆེན་པོས་གླེང་སློང་དང་དྲི་བ་དྲིས་ལན་བཅས་གནང་སོང་། སྐབས་དེར་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་གིས་གྲོས་ཚོགས་འཐུས་མི་རྣམ་པའི་བཀའ་འདྲིར་བཀའ་ལན་གནང་པ་དང་འབྲེལ། སྤྱིར་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་མཆིན་པའི་གཉན་ཚད་དང་ཊི་སྦི། དེ་བཞིན་སྐྲན་ནད་བཅས་ནི་ནད་གཞི་ཛ་དྲག་ཆེ་ཤོས་ཆགས་ཡོད་པ་གསུངས་སོང་བ་དང་། ད་ལྟའི་ཆར་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ལ་མཆིན་པའི་གཉན་ཚད་གྲངས་འབོར་ལ་གཞིགས་ཚེ་བོད་མི་གྲངས་འབོར་དགུ་དང་བརྒྱད་བར་ལ་མཆིན་པའི་གཉན་ཚད་ཕོག་པ་ཆགས་ཀྱི་འདུག་ཅེས་གསུངས་ཡོད། རྩ་བའི་འདི་ལོའི་འཕྲོད་བསྟེན་ལས་ཁུངས་ནས་གྲོས་ཚོགས་སུ་སྔོན་རྩིས་འཆར་འབུལ་ཞུས་པའི་ནང་མཆིན་པའི་གཉན་ཚད་ཀྱི་ལས་འཆར་ཆེད་ཧིན་སྒོར་འབུམ་ ༡༢ ལྷག་ཙམ་དང་། དེ་བཞིན་ཊི་སྦིའི་ནད་གཞིའི་སྔོན་འགོག་དང་བརྟག་དཔྱད་ཆེད་ཧིན་སྒོར་འབུམ་ ༢༢ ལྷག་ཙམ་འཆར་འབུལ་ཞུས་འདུག ཤེས་རྟོགས་བྱུང་བར། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ལ་གཉན་ནད་རེག་དུག་ཡོད་པ་དང་དེའི་གྲངས་འབོར་དེ་ ༣༨ ལྷག་ཙམ་ཡིན་པ་དང་། དེ་བཞིན་སྨྱོ་རྫས་ངན་གོམས་ཡོད་པའི་གྲངས་འབོར་དེ་ ༤༤ ལྷག་ཙམ་ཆགས་ཀྱི་འདུག འཕྲོད་བསྟེན་ལས་ཁུངས་ནས་འདི་ལོའི་སྔོན་རྩིས་ནངགཉན་ནད་རེག་དུག་གི་ནད་གཞི་སྔོན་འགོག་ཆེད་ཧིན་སྒོར་འབུམ་ ༡༥ ལྷག་དང་། དེ་བཞིན་སྨྱོ་རྫས་ངན་གོམས་སྔོན་འགོག་ཆེད་ཧིན་སྒོར་འབུམ་ ༢༠ ལྷག་ཙམ་འཆར་འབུལ་ཞུས་འདུག

སྲིད་སྐྱོང་མཆོག་གིས་བཀའ་ཤག་ནང་བེུད་ཀྱི་བཀའ་བློན་བསྐོ་གཞག་མ་གནང་པའི་ཐད་དགོས་པ་རྒྱུ་མཚན་མང་དག་ཅིག་ཡོད་སྐོར་གསུངས་པ།

དེ་རིང་ཟླ་ ༣ ཚེས་ ༢༠ ཉིན་གྲོས་ཚོགས་ཀྱི་ལས་ཉིན་དྲུག་པའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཕྱི་དྲིལ་བཀའ་བློན་བསྐོ་གཞག་མ་གནང་པའི་ཐད་དགོས་པ་རྒྱུ་མཚན་མང་དག་ཡོད་སྐོར་གསུངས་སོང་། དེའང་ཁ་ཉིན་ཟླ་ ༣ ཚེས་ ༡༨ ཉིན་གྲོས་ཚོགས་ཀྱི་ལས་ཉིན་ལྔ་པ་དང་དེ་རིང་ལས་ཉིན་དྲུག་པ་བཅས་སུ་གྲོས་ཚོགས་འཐུས་མི་རྣམ་པས་དཔལ་འབྱོར་ལས་ཁུངས་ཀྱི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་སྐོར་ལས་བེུད་ཀྱི་ནུས་སྤེལ་བའི་སྲིད་བྱུས་དང་འབྲེལ་བའི་ཐོག་ལ་དོགས་འདྲི་དང་དགོངས་འཆར། མ་འོངས་ལས་དོན་ཐོག་དགོངས་འཆར་དང་གསལ་བཤད་སོགས་མང་དག་ཕེབས་ཡོད་པ་རེད། ལྷག་པར་དུ་བེུད་ཀྱི་གནད་དོན་སྐོར་ལས་སྤྱི་འཐུས་ཁ་ཤས་ཀྱིས་འཛིན་སྐྱོང་ནས་ཕོ་མོ་འདྲ་མཉམ་གསུང་བཞིན་ཡོད་ནའང་ད་ལྟའི་བཀའ་ཤག་གི་སྒྲུབ་ཆ་ཐད་བསམ་ཚུལ་དང། ཐེངས་འདིའི་གྲོས་ཚོགས་ཐོག་ནས་ཕྱི་དྲིལ་བཀའ་བློན་བེུད་ཅིག་བསྐོ་གཞག་དགོས་སྐོར་གསུངས་ཡོད་སྟབས། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བཀའ་བློན་བསྐོ་གཞག་མ་གནང་པའི་ཐད་ལ་རྒྱུ་མཚན་དུ་མ་ཡོད་ཀྱང་། གཙོ་བོ་སྲིད་སྐྱོང་མཆོག་གི་ལྟ་གྲུབ་གཞི་བཞག་བསྐོ་གཞག་གནང་གི་ཡོད་པ་བཀའ་ལན་གནང་སོང་། རྩ་བའི་དེ་རིང་ཉིན་རྒྱབ་བར་གྲོས་ཚོགས་འཐུས་མི་རྣམ་པས་དཔལ་འབྱོར་ལས་ཁུངས་ཀྱི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་ཁོངས་ཉེ་ཆར་ཚོགས་པའི་བེུད་ནུས་སྟོབས་གོང་སྤེལ་གྱི་ཚོགས་ཆེན་དང་པོའི་ཐོག་ལ་བགྲོ་གླེང་དང་། སྒོས་སུ་བོད་མིའི་སྒྲིག་འཛུགས་ནས་གསལ་བསྒྲགས་བསྐྱངས་པའི་བེུད་ཉིན་མོ་སྲུང་བརྩི་ཞུ་རྒྱུའི་ཐད་ལ་སྤྱི་འཐུས་རྣམ་པའི་དགོངས་ཚུལ་མང་དག་ཅིག་སྤུངས་གནང་སོང་། འོན་ཀྱང་སྲིད་སྐྱོང་མཆོག་གིས་སྐབས་དེར་སྤྱི་འཐུས་རྣམ་པའི་དྲི་བར་བཀའ་ལན་གནང་པ་དང་སྦྲགས། བོད་མིའི་སྒྲིག་འཛུགས་ཀྱི་ཐོག་ནས་ཕོ་མོ་དབྱེ་འབྱེད་རིགས་རྩ་བ་ནས་གནང་གི་མེད་ཀྱང་། བོད་པའི་སྤྱི་ཚོགས་ནང་གོམས་གཤིས་དང་ནང་བསམ་བློའི་ཐོག་ནས་དབྱེ་འབྱེད་ཡོང་གི་ཡོད་པ་དེའང་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་བེུད་ནུས་སྤེལ་བའི་སྲིད་བྱུས་ཀྱི་གོ་རྟོགས་སྤེལ་བའི་བརྒྱུད་ནས་སྤྱི་ཚོགས་ཀྱི་བསམ་བློར་འགྱུར་བ་ཕྱིན་པའི་པའི་ཐོག་ནས་དབྱེ་འབྱེད་ཀྱི་བསམ་བློ་དེ་མེད་པ་ཆགས་དགོས་སྐོར་གསུངས་སོང་བ་མ་ཟད། ཁྱད་པར་དུ་སྲིད་སྐྱོང་མཆོག་གིས་འདི་ལོ་ནས་གསུམ་པའི་ཚེས་བཅིུས་དེ་བེུད་ཉིན་མོར་སྲུང་བརྩི་ཞུ་རྒྱུའི་ཐད་སྤྱི་འཐུས་འགའ་ཡིས་རན་མཚམ་གཟིགས་མིན་སོགས་དགོངས་ཚུལ་འདྲ་མིན་ཕེབས་ཡོད་ནའང་། ལོ་གཅིག་གཉིས་རྗེས་ཕན་གནོན་ཇི་བྱུང་གཟིགས་གནང་རྒྱུ་གལ་ཆེ་ཡིན་པ་གསུངས་ཡོད་པ་རེད། དེ་རིང་ཉིན་རྒྱབ་ནས་གྲོས་ཚོགས་སུ་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་རྩིས་འགོ་དང་འབྲེལ་སྤྱི་འཐུས་རྣམ་པའི་སྤྱི་ཚོགས་འཕྲོད་བསྟེན་གྱི་ལས་དོན་ཐོག་ལ་དྲི་བ་དྲིས་ལན་དང་བགྲོ་གླེང་སོགས་གནང་སོང་།

འོས་བསྡུ་ཐེངས་གཅིག་དགོས་རྒྱུ་གལ་ཆེན་པོ་འདུག་གསུངས་ནས་བཀའ་བློན་རྣམ་པ་གྲོས་ཚོགས་ཀྱི་ལས་རིམ་ཐོག་མུ་མཐུད་མཉམ་ཞུགས་གནང་པ།

བདུན་ཕྲག་སྔོན་མའི་རེས་གཟའ་སྤེན་པ་ཉིན་འཛིན་སྐྱོང་བཀའ་ཤག་གིས་འོས་བསྡུ་སྒྲིག་གཞི་བསྐྱར་བཅོས་ཁྲིམས་འཆར་ལ་དགག་པ་གནང་པའི་ཐོག་སྲིད་སྐྱོང་གིས་གཙོས་པའི་བཀའ་བློན་རྣམ་པ་གྲོས་ཚོགས་ནས་ཕྱིར་ཐོན་གནང་ཡོད་པ་རེད།  འོན་ཀྱང་དེ་རིང་གྲོས་ཚོགས་ཀྱི་ལས་ཉིན་དྲུག་པའི་ཐོག་སྲིད་སྐྱོང་མཆོག་གིས་དབུས་པའི་བཀའ་བློན་རྣམ་པ་གྲོས་ཚོགས་ཀྱི་ལས་རིམ་ཐོག་མུ་མཐུད་མཉམ་ཞུགས་གནང་པ་དང་འབྲེལ། མ་འོངས་པར་བཙན་བྱོལ་བོད་མིའི་འོས་བསྡུ་དེ་སྔོན་འགྲོ་དང་དངོས་གཞི་བཅས་ཐེངས་གཉིས་ལས་ཐེངས་གཅིག་དགོས་སླད་དུ་ཁྲིམས་འཆར་དེར་འགྱུར་བ་གཏོང་རྒྱུ་ནི་འཛིན་སྐྱོང་བཀའ་ཤག་གི་ངོས་ནས་རྩ་ཆེ་ཤོས་ཤིག་ཏུ་བརྩི་བཞིན་ཡོད་ཅེས་གསུངས་སོང་། ཁ་ཉིན་རེས་གཟའ་སྤེན་པའི་ཉིན་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གིས་ཞིབ་འཇུག་གནང་པའི་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་ཀྱི་འཆར་ཟིན་དང། ཚོགས་ཆུང་གི་གྲུབ་དོན། དེ་བཞིན་རྒྱབ་གཉེར་སྙན་ཐོ་བཅས་གྲོས་ཚོགས་སུ་སྙན་སྒྲོན་ཞུས་ཡོད་པ་དང། བསྐྱར་བཅོས་ཁྲིམས་འཆར་དེའི་ནང་སྔོན་འགྲོ་དང་དངོས་གཞིའི་འོས་བསྡུ་སྒྲིག་ལུགས་རང་འཇགས་གཞག་ཡོད་པ་ལྟར། དེ་དག་གཉིས་ཀྱི་དབར་ལ་དུས་ཡུན་དེ་ཟླ་བ་གཉིས་ལྷག་ཙམ་ཐུང་དུ་བཏང་ཡོད་པ་རེད། དེ་རིང་སྲིད་སྐྱོང་མཆོག་གིས་གྲོས་ཚོགས་སུ་རེས་གཟའ་སྤེན་པ་ཉིན་བཀའ་བློན་རྣམ་པ་གྲོས་ཚོགས་ནས་ཕྱིར་ཐོན་གནང་དོན་གང་ཡིན་གསལ་བཤད་གནང་པར་རྒྱལ་སྤྱིའི་རྒྱལ་ཁབ་ཁག་དང་རྒྱ་གར་བཅས་ཀྱི་འོས་བསྡུའི་འགྲོ་ལུགས་སྤྱི་དང། ལྷག་པར་དུ་འདས་པའི་སྲིད་སྤྱིའི་འོས་བསྡུའི་སྐབས་བྱུང་བའི་སྤྱི་ཚོགས་ཁྲོད་ཀྱི་རྙོག་གླེང་དང་སྲིད་སྐྱོང་སྒེར་གྱི་མྱོང་བ། དེ་བཞིན་དུས་ཡུན་རིང་དྲག་པར་བརྟེན་ནས་བཀའ་ཤག་གི་ལས་འཆར་མང་པོ་ཞིག་ཕྱག་བསྟར་གནང་མི་ཐུབ་པའི་ངལ་བ་འཕྲད་ཡོད་སྐོར་སོགས་གསུངས་པ་དང་འབྲེལ། གལ་ཏེ་འོས་བསྡུ་ཐེངས་གཉིས་གནང་སྲོལ་ཡོད་པ་དེ་རང་འཇག་གནས་པ་ཡིན་ན།  དེས་རྒྱ་མིའི་རྒྱུག་ཁྱི་དེ་ཚོར་འོས་བསྡུའི་སྐབས་སུ་དཀྲོག་གཏམ་སྤེལ་རྒྱུར་དུས་ཚོད་མང་པོ་རག་པའི་ཉེན་ཁ་ཆེན་པོ་ཡོད་པ་གསུངས་སོང་། དེ་བཞིན་ད་ལན་འཛིན་སྐྱོང་བཀའ་ཤག་གིས་གྲོས་ཚོགས་ནས་ཕྱི་ཐོན་གནང་པ་དེས་གྲོས་ཚོགས་ལ་བརྩི་འཇོག་མ་ཞུས་པ་ཞིག་མིན་སྐོར་གསུངས་ཡོད། སྲིད་སྐྱོང་མཆོག་གིས་གྲོས་ཚོགས་སུ་གསལ་བཤད་ཞུས་ཟིན་མཚམས་སུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་ཚོགས་གཙོ་སྦྲེལ་པོ་གཉིས་ནས་ཚོགས་ཆུང་ལ་དེ་སྔའི་གྲོས་ཆོད་གཞིར་བཟུང་གིས་ལམ་སྟོན་དང་བཀོད་ཁྱབ་གནང་སྐོར་གསལ་བཤད་དང་འབྲེལ། འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་ཁྲིམས་འཆར་སྙན་ཐོ་འདིར་གྲོས་ཚོགས་འཐུས་མི་དང་བཀའ་ཤག་གཉིས་ཀྱི་ཐོག་ནས་བགྲོ་གླེང་དང། དོན་ཚན་རེ་རེ་བཞིན་གཏན་འབེབས་གནང་རྒྱུ་གཙོས་ཟུར་བརྗོད་གྲོས་འཆར་སོགས་བསྣམ་ཕེབས་རྒྱུར་གྲོས་ཚོགས་སུ་ལམ་ཁ་ཡོད་ཅེས་གསུངས་ཡོད། གཞི་རྩའིདེ་རིང་སྔ་དྲོའི་གྲོས་ཚོགས་ཀྱི་ཚོགས་ཐེངས་དང་པོར་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་དང་འབྲེལ་ནས་སྲིད་སྐྱོང་མཆོག་གིས་གཙོས་པའི་བཀའ་བློན་རྣམ་པ་གྲོས་ཚོགས་ནས་ཕྱིར་ཐོན་གནང་པའི་གནད་དོན་ཐོག  སྲིད་སྐྱོང་གིས་གསལ་བཤད་དང་ཚོགས་གཙོའི་ལམ་སྟོན་གསུང་བཤད་མ་གནང་གོང་ཁ་ཉིན་ཟླ་ ༣ ཚེས་ ༡༨ ཉིན་བོད་ཁམས་ཉ་རོང་ནས་ཡིན་པའི་རང་ལོ་ ༢༤ སོན་པའི་བོད་མི་ན་གཞོན་པདྨ་རྒྱལ་མཚན་ལགས་ཀྱིས་རྒྱ་གཞུང་གིས་བོད་མི་ཐོག་འཛིན་པའི་སྲིད་བྱུས་ལ་ཞི་རྒོལ་སླད་རང་ལུས་མེར་བསྲེགས་གནང་པའི་གནས་ཚུལ་རྣམས་གྲོས་ཚོགས་སུ་སྙན་སྒྲོན་ཞུས་ཏེ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཁོང་གི་ནང་མི་ཉེ་འབྲེལ་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཞུས་སོང་།

སྲིད་སྐྱོང་མཆོག་གི་དབུས་པའི་བཀའ་བློན་རྣམ་པ་གྲོས་ཚོགས་ནས་ཕྱིར་ཐོན།

དེ་རིང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་སུ་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་འཆར་འཛིན་ཚོགས་ཆུང་གི་ཚོགས་གཙོ་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་གིས་ཚོགས་ཆུང་གི་སྙན་ཐོ་འགོད་འབུལ་ཞུས་ཡོད་པ་དང་། སྙན་ཐོའི་ནང་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་སྔོན་འགྲོ་དང་དངོས་གཞི་ཐེངས་གཉིས་འོས་འཕེན་དགོས་མིན་ཐད་དགོངས་ཚུལ་མ་མཐུན་པ་བྱུང་བར་བརྟེན། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དབུས་པའི་བཀའ་བློན་རྣམ་པས་སྙན་ཐོར་ངོ་རྒོལ་མཚོན་ཆེད་གྲོས་ཚོགས་ནས་ཕྱིར་ཐོན་གནང་སོང་།

ཕྱི་རྒྱལ་ཙམ་དུ་མ་ཟད་རྒྱ་བལ་འབྲུག་གསུམ་ནང་དུའང་སྐོར་བསྐྱོད་གནང་རྒྱུ་དགོས་གལ་ཆེན་པོ་འདུག

དེ་ཡང་དེ་རིང་གྲོས་ཚོགས་ནང་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་རྩིས་ལོ་༢༠༡༧་དང་༢༠༡༨ལོའི་སྔོན་རྩིས་ལས། བོད་མིའི་བདེ་དོན་ལྷན་ཚོགས་ཀྱི་རྩིས་འགོ་ལས་འཕྲོས་སྟེ། ཉེ་སྔོན་དཔལ་འབྱོར་བཀའ་བློན་སྔ་རྗེས་གཉིས་ཀས་དངས་བླངས་དཔྱ་དངུལ་ལག་དེབ་ཀྱི་ལས་དོན་ཆེད་བྱང་ཨ་མི་རི་ཀའི་ཁུལ་གྱི་བོད་མིའི་གནས་སྡོད་ས་ཁུལ་ཁག་ཏུ་གཞུང་འབྲེལ་སྐོར་བསྐྱོད་དང་འབྲེལ། སྤྱི་འཐུས་ཁག་གཅིག་གིས་ད་ལན་བྱང་ཨ་རིའི་ཁུལ་གྱི་གཞུང་འབྲེལ་སྐོར་བསྐྱོད་བརྒྱུད་དངས་བླངས་དཔྱ་དངུལ་ལག་དེབ་གསར་བཟོ་མང་དག་བྱུང་བ་ཧ་ཅང་ཕན་ཐོག་ཆེན་པོ་བྱུང་ཡོད་པར་བསྔགས་བརྗོད་གནང་མཁན་མང་པོ་བྱུང་ཡོད་པ་དེ་ལྟར་ཡང་། དེ་དང་དེ་མཚུངས་ཀྱིས་དཔལ་འབྱོར་བཀའ་བློན་མཆོག་ནས་རྒྱ་བལ་འབྲུག་གསུམ་གི་བོད་མིའི་གནས་སྡོད་ས་ཁུལ་ཁག་དུ་སྐོར་བསྐྱོད་གནང་དགོས་པ་ཡང་གལ་ཆེན་པོ་ཡིན་པ་གསུངས་སོང་། སྐབས་དེར་དཔལ་འབྱོར་བཀའ་བློན་མཆོག་གིས་ད་ལྟའི་འཆར་རྒྱ་བལ་འབྲུག་གསུམ་ནང་དུ་བོད་མི་བརྒྱ་ཆ་༩༩ལྷག་གིས་དངས་བླངས་དཔྱ་དངུལ་འབུལ་གྱི་ཡོད་པ་དེ་ལྟར་ཡང་། ཕྱིའི་རྒྱལ་ཁབ་ཁག་ནང་ད་ལྟའི་འཆར་དངས་བླངས་དཔྱ་དངུལ་འབུལ་མཁན་བརྒྱ་༥༠ལྷག་ཙམ་ལས་མེད་པ་རྟེན། ཕྱིའི་རྒྱལ་ཁབ་ཁག་ཏུ་གཙོ་འདོན་བྱས་ནས་སྐོར་བསྐྱོད་གནང་བ་ཡིན་གསུངས་སོང་། གཞི་རྩའི་དཔལ་འབྱོར་བཀའ་བློན་མཆོག་གིས་འདི་ལོའི་སྔོན་རྩིས་གྲོས་ཚོགས་ཀྱི་གསུངས་བཤད་གནང་བའི་སྐབས་སུ། བོད་མིའི་སྒྲིག་འཛུགས་ཀྱི་སྔོན་རྩིས་མ་དངུལ་གྱི་ཡོང་དམིགས་གལ་ཆེ་བ་ཞིག་ནི་དངས་བླངས་དཔྱ་དངུལ་འབུལ་འབབ་དེ་ཡིན་ཞེས་གསུངས་ཡོད་པ་མ་ཟད། འདི་ལོ་དངས་བླངས་དཔྱ་དངུལ་དང་འབྲེལ་ནས། ཡོང་འཆར་སྒོར་ས་ཡ་༡༥༥ལྷག་ཙམ་བྱེད་ཀྱི་ཡོད་པས། སྔ་ལོའི་རྩིས་ལོ་དང་བྱས་ན། སྒོར་ས་ཡ་༥ཡིས་མང་བ་བྱུང་ཡོད་པ་རེད། དེ་ཡང་གཙོ་བོ་ཕྱི་རྒྱལ་སྐུ་འཚབ་དོན་གཅོད་དང། བོད་རིགས་ཚོགས་པ་ཚང་མས་འགན་ཁུར་མཉམ་ལེན་བྱས་ཡོད་པ་རྟེན། ད་ལྟའི་འཆར་ཕྱི་རྒྱལ་ཁག་དུ་གནས་སྡོད་བོད་མི་རྣམས་ནས་དངས་བླངས་དཔྱ་དངུལ་འབུལ་མཁན་ལོ་རེ་བཞིན་མང་དུ་འགྲོ་བཞིན་ཡོད་པ་གསུངས་ཡོད།

གྲོས་ཚོགས་ཀྱི་ལས་ཉིན་གཉིས་པའི་དུས་ཚོད་མང་ཆེ་བ་ཀླུ་མཁར་བྱམས་ཐོག་བཏང་སོང་།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གསུམ་པའི་ལས་ཉིན་གཉིས་པའི་དུས་ཚོད་མང་ཆེ་བ་ཀླུ་མཁར་བྱམས་ཀྱི་གནད་དོན་ཐོག་ལ་བཏང་སོང་། དེ་ཡང་བཞུགས་སྒར་དུ་གནས་སྡོད་བོད་མི་ཆབ་སྲིད་བཙོན་ཟུར་ཀླུ་མཁར་བྱམས་ཀྱིས་ཉེ་སྔོན་ཨ་རིའི་བོད་རིག་པའི་མཁས་པ་སྐུ་ཞབས་ Eliot Sperlingལགས་དགོངས་པ་རྫོགས་རྗེས་ཁོང་ལ་མྱ་ངན་རྗེས་དྲན་གྱི་དཔྱད་རྩོམ་ཞིག་སྤེལ་བའི་མགོ་བརྗོད་དུ། ལོ་ ༡༡༣ ལ་བཞུགས་དགོས་པའི་མི་དེ་ཁྱེད་ཡིན་ཅེས་བྲིས་ཡོད་པ་ལྟར། བོད་མིའི་སྤྱི་ཚོགས་ཁྲོད་དེ་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཟུར་ཟ་བྱས་པ་ཞིག་ལ་ངོས་འཛིན་གྱིས་ངོ་རྒོལ་བྱེད་མཁན་ཤུགས་ཆེ་བྱུང་བ་མ་ཟད། བོད་མིའི་སྒྲིགས་འཛུགས་བཀའ་ཤག་གི་ངོས་ནས་ཀྱང་ཉེ་ལམ་གསུམ་བཅུའི་དུས་དྲན་གྱི་མཛད་སྒོའི་སྟེང་གནད་དོན་དེའི་རིགས་ལ་དགག་པ་མཐའ་གཅིག་ཏུ་ཡོད་པའི་འགྲེལ་བརྗོད་གནང་ཡོད་པ་རེད། དེ་རིང་ཕྱི་ཚེས་ ༡༥ གྲོས་ཚོགས་ཀྱི་ལས་ཉིན་གཉིས་པའི་ཐོག་སྤྱི་འཐུས་མང་པོ་ཞིག་གིས་བོད་ནང་གི་ཛ་དྲག་གནས་སྟངས་དང་འབྲེལ་བའི་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར་ཐོག་བགྲོ་གླེང་གནང་པ་ལས་འཕྲོས་ཏེ། ཀླུ་མཁར་བྱམས་ཀྱིས་སྤེལ་བའི་རྩོམ་ཡིག་དེས་ ༸གོང་ས་མཆོག་ལ་མཚན་སྨད་ཞུས་པར་ངོས་འཛིན་དང་འབྲེལ། གནད་དོན་དེའི་རིགས་ཀྱིས་བོད་མིའི་ཆིག་སྒྲིལ་ལ་གནོད་སྐྱོན་གཏོང་གི་ཡོད་སྟབས། མ་འོངས་པར་དེ་འདྲ་རྩ་བ་ནས་གནང་རྒྱུ་མེད་པའི་འབོད་སྐུལ་གནང་མཁན་བྱུང་བ་དང་། ཡང་ཁག་ཅིག་གིས་དཔྱད་རྩོམ་སྤེལ་བ་དེས་༸གོང་ས་མཆོག་ལ་གོ་གི་ཡོད་མེད་ཀྱི་དཔང་རྟགས་མེད་སྐོར་དང། དེ་བཞིན་དོ་བདག་ཁོང་ནས་རྗེས་སུ་༸གོང་ས་མཆོག་ལ་མཚན་སྨད་ཞུས་མེད་སྐོར་བརྗོད་པ་དེར་ཡིད་ཆེས་གནང་དགོས་པ་སོགས་ཀྱི་བགྲོ་གླེང་ཧ་ཅང་ལྷུག་པོ་བྱུང་སོང་། རྩ་བའི་གནད་དོན་དེའི་ཐོག་ད་སྐབས་སྤྱི་ཚོགས་འབྲེལ་མཐུད་ཀྱི་དྲ་རྒྱའི་ཁྲོད་བསམ་ཚུལ་གླེང་མཁན་མང་དག་ཞིག་འབྱུང་དང་བྱུང་མུས་ཡིན་པ་མ་ཟད། བདུན་ཕྲག་སྔོན་མའི་ནང་བཞུགས་སྒར་དུ་རྩ་དོན་གླིང་སྐད་འཕྲིན་ཚོགས་པ་དང་དེ་བཞིན་རྡ་ས་ ས་གནས་མདོ་སྨད་རྒྱུན་ལས་ཁང་བཅས་ནས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་བརྒྱུད་ཁོང་གིས་བྱེད་སྟངས་དེ་རྒྱ་ནག་གི་བྱེད་སྟངས་དང་གཅིག་པ་ཡིན་པར་ངོས་འཛིན་གྱིས་ངོ་རྒོལ་ཤུགས་ཆེ་གནང་ཡོད་པ་རེད། འོན་ཀྱང་ཕྱོགས་གཞན་ཞིག་ནས་རྒྱ་གར་གཙོས་པའི་་ཕྱི་རྒྱལ་གྱི་ཡུལ་གྲུ་འདྲ་མིན་ཁག་གཅིག་གི་གཙུག་ལག་སློབ་གཉེར་ཁང་ ༡༢ ཙམ་གྱི་སློབ་མ་དང་ཞིབ་འཇུག་པ་ཁག་ཅིག་གིས་སྤྱི་བསྒྲགས་ཤིག་སྤེལ་ཏེ། རྩ་བའི་ཀླུ་མཁར་བྱམས་ཀྱི་དཔྱད་རྩོམ་དེ་༸གོང་ས་མཆོག་ལ་ཟུར་ཟ་ཞུས་པའི་དགོས་མེད་ཀྱི་རྩོམ་ཞིག་ལ་ངོས་འཛིན་གནང་པ་ལྟར། གནད་དོན་དེའི་རྐྱེན་གྱིས་ཁོང་སྤྱི་ཚོགས་ཀྱི་གྲལ་རིམ་ནས་ཕུད་ཐབས་བྱ་རྒྱུའི་ལས་དོན་ལ་དགག་པ་སྐྱོན་པ་དང་འབྲེལ། བྱེད་སྟངས་དེའི་རིགས་ཀྱིས་༸གོང་ས་མཆོག་གིས་ད་བར་སྐུ་ངལ་ཚད་མེད་སྐྱོན་ནས་བོད་མིའི་སྤྱི་ཚོགས་དེ་མང་གཙོ་ཡང་དག་པའི་ལམ་བུར་སྣེ་ཁྲིད་གནང་བ་དེར་དོ་ཕོག་འགྲོ་རྒྱུར་ཉེན་ཁ་ཡོད་པ་དང་། དེས་ཕན་ལས་གནོད་མང་བ་ཡོང་བར་འགྲེལ་བརྗོད་གནང་ཡོད་པ་རེད། དེ་རིང་གི་གྲོས་ཚོགས་སུ་སྤྱི་འཐུས་ཁག་ཅིག་ནས་བོད་མིའི་སློབ་མ་དང་ཞིབ་འཇུག་པས་གནད་དོན་དེ་གླེང་སྟེ་ཀླུ་མཁར་བྱམས་ཀྱི་གནད་དོན་ལ་གདོང་ལེན་བྱེད་ཕྱོགས་ཐོག་ཡིད་གཟབ་གནང་དགོས་གལ་ཡིན་པ་གསུང་མཁན་དང་དེར་དགག་པ་གནང་མཁན་ཡང་བྱུང་སོང་། བོད་མིའི་སྒྲིགས་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་ངོས་ནས་གྲོས་ཚོགས་སུ་སྤྱི་འཐུས་ཁག་ཅིག་གིས་ཀླུ་མཁར་བྱམས་ཀྱི་དཔྱད་རྩོམ་དེ་ཁྲིམས་ཐོག་ནས་༸གོང་ས་མཆོག་ལ་གོ་གི་ཡོད་མེད་ཁུངས་སྐྱེལ་ཐུབ་མིན་དྲི་བ་བཏང་ཡོད་པ་ལྟར་ཁྲིམས་ཐོག་ནས་དེ་ལྟར་ཁུངས་སྐྱེལ་ཐུབ་རྒྱུ་ཡོད་པ་དང་། དོ་བདག་ཁོང་ནས་དཔྱད་རྩོམ་དེ་ཕྱིར་འཐེན་བྱེད་དགོས་པར་ལམ་སྟོན་གནང་སོང་། དེ་བཞིན་ཀླུ་མཁར་བྱམས་ཀྱིས་མང་གཙོ་དང་སྨྲ་བརྗོད་རང་དབང་བཤད་ཀྱི་ཡོད་པ་ལྟར།སྨྲ་བརྗོད་རང་དབང་དང་མཉམ་དུ་འགན་ཞིག་ཀྱང་ཡོད་པར་དྲན་སྐུལ་གནང་སོང་། དེ་རིང་ཉིན་རྒྱབ་བར་གནད་དོན་དེའི་སྐོར་ལ་བགྲོ་གླེང་ཤུགས་ཆེ་གནང་རྗེས་གྲོས་ཚོགས་སུ་མཐར་དོན་ཚན་བདུན་ཅན་འཁོད་པའི་བོད་ནང་གི་ཛ་དྲག་གནས་སྟངས་དང་འབྲེལ་བའི་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་དེ་སྤྱི་མོས་ཀྱི་ཐོག་ནས་གཏན་འབེབས་གནང་ཡོད་པ་དང་། དེ་རྗེས་སྤྱི་འཐུས་རྣམས་ནས་བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ལོ་ ༢༠༡༧ དང་ ༢༠༡༨ ལོའི་ལས་ཁུངས་མ་ལག་དང་བཅས་པའི་སྔོན་རྩིས་འཆར་འབུལ་ཐོག་བགྲོ་གླེང་གནང་ཡོད།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གསུམ་པ་དབུ་འཛུགས་གནང་སོང་།

དེ་རིང་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཕྱི་ལོ་༢༠༠༩ནས་བོད་དོན་ཆེད་རང་ལུས་མེར་སྲེག་གནང་མཁན་རྒྱལ་གཅེས་པ་རྣམས་ཀྱིས་གཙོས་ད་བར་བོད་དོན་ཆེད་སྐུ་སྲོག་བློས་གཏོང་གནང་མཁན་ལ་མྱ་ངན་རྗེས་དྲན་དང་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ལ་གདུང་སེམས་མཉམ་བསྐྱེད་ཞུས་ཏེ་སྔོན་རྩིས་གྲོས་ཚོགས་དབུ་འཛུགས་གནང་སོང་། དེ་རིང་སྔ་འདྲོ་ཚོུད་༩།༣༠ཐོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་ཚོགས་འདུ་དབུ་འཛུགས་ཀྱི་གསལ་བསྒྲགས་བསྐྱངས་པ་དང་སྦྲགས། སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་གྲོས་ཚོགས་ཚོགས་ལས་ཉིན་དང་པོ་ཚོགས་ཡོད། དབུ་འབྱེད་གསུངས་བཤད་སྐབས་ཚོགས་གཙོ་མཆོག་གིས་འདས་པའི་ལོ་ཤས་ནང་དུ་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་བཟང་ཕྱོགས་ཀྱི་རྣམ་པ་ལས་ལྡོག་སྟེ། བོད་མིའི་ཆོས་དད་རང་དབང་རྡོག་རོལ་དང་ཁོར་ཡུག་གཏོར་བཤིག་མཚོན། དམྱལ་བ་མི་ཡུལ་ལྟ་བུར་འགྱུར་བའི་གནས་སྟངས་ཆགས་ཡོད་པ་འགྲེལ་བརྗོད་གནང་སོང་། ལྷག་པར་སྲིད་འཛིན་ཞི་ཅིང་ཕིང་གིས་ལས་ཡུན་གཉིས་པའི་ནང་བོད་རྒྱ་འབྲེལ་མོལ་ཡོང་རྒྱུའི་རེ་བ་ཡོད་པ་ལྟ་བུ་མཐོང་གི་ཡོད་ཅེས་གསུང་སྟེ་རྒྱ་ནག་གི་འགོ་ཁྲིད་ཚོས་ཀྱང་མཁྲེགས་བཟུང་གི་སྲིད་བྱུས་དོར་བའི་ཐོག་ནས་དེའི་ཐོག་བསམ་ཤེས་གནང་དགོས་པའི་བོད་འབོད་སྐུལ་ནན་པོ་ཞུས་སོང། ད་དུང་དེ་རིང་གྲོས་ཚོགས་ཚོགས་དུས་གསུམ་པའི་ཉིན་དང་པོའི་ཐོག ཕྱི་ལོ་༢༠༠༩ནས་བོད་དོན་ཆེད་རང་ལུས་མེར་སྲེག་གནང་མཁན་རྒྱལ་གཅེས་པ་རྣམས་ཀྱི་གཙོས་པས་ད་བར་བོད་དོན་ཆེད་སྐུ་སྲོག་བློས་གཏོང་གནང་མཁན་ཡོངས་ལ་མྱ་ངན་གུས་འདུས་ཀྱི་རྗེས་དྲན་དང་། བོད་ནང་གི་ཛ་དྲག་གནས་སྟངས་ལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར་ཐོག་བགྲོ་གླེང་གནང་ཡོད་པ་མ་ཟད། ཉིན་རྒྱབ་ཏུ་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་ནས་བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ལོ་༢༠༡༧དང་༢༠༡༨ལོའི་ལས་ཁུངས་མ་ལག་དང་བཅས་པའི་ཕྱོགས་བསྡོམས་ཚོད་དཔག་འགྲོ་གྲོན་སྔོན་རྩིས་འཆར་འབུལ་ཞུས་གནང་ཡོད་པ་རེད། འདི་ལོའི་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་ཕྱོགས་བསྡོམས་ཚོད་དཔག་འགྲོ་གྲོན་འཆར་འབུལ་ཞུས་ཡོད་པ་དེ། ཧིན་སྒོར་ས་ཡ་༤༣༨༧ལྷག་ཙམ་ཆགས་ཀྱི་འདུག་པ་དང། འདི་ནི་སྔ་ལོའི་སྔོན་རྩིས་གཏན་འབེབས་གནང་པ་ལས། ཧིན་སྒོར་ས་ཡ་༡༡༣ལྷག་ཙམ་གྱི་མང་བ་ཆགས་འདུག་པ་དང། ད་རེས་འཛིན་སྐྱོང་བཀའ་ཤག་ངོས་ནས་ལས་དོན་འཆར་སྒྲིག་དང་དགོས་དངུལ་རྒྱབ་གཉེར་དངུལ་འབོར་ཆེས་ཤོས་དེ་ཤེས་ཡོན་ཐོག་ལ་ཞུས་འདུག དེ་བཞིན་དཔལ་འབྱོར་བཀའ་བློན་མཆོག་གིས་རྩིས་ལོ་༢༠༡༧དང་༢༠༡༨ལོའི་ལས་ཁུངས་མ་ལག་དང་བཅས་པའི་ཕྱོགས་བསྡོམས་ཚོད་དཔག་འགྲོ་གྲོན་སྔོན་རྩིས་འཆར་འབུལ་ཞུས་གྲུབ་རྗེས་སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་སྙན་ཐོ་སྙན་སྒྲོན་ཡང་ཞུས་ཡོད་པ་རེད། གཞི་རྩའི་དེ་རིང་སྔ་དྲོ་གྲོས་ཚོགས་ལས་ཉིན་དང་པོའི་ཐོག སྤྱི་ཟུར་དམ་པ་ཨ་འབྱུང་རྡོ་རྗེ་ཚེ་རིང་ལགས་དང། དགའ་ལྡན་ཕོ་བྲང་གི་གཞུང་ཞབས་ཟུར་པ་སྣར་སྐྱིད་ངག་དབང་དོན་འགྲུབ་ལགས་དམ་པ་དེ་ཉིད། དེ་བཞིན་ཚེ་འདས་སྤྱི་ཟུར་རྣམ་རྒྱལ་དབང་འདུས་ལགས་བཅས་ཀྱིས་ད་བར་སྐུ་ཚེ་ཧྲིལ་པོ་བོད་བསྟན་སྲིད་མི་རིགས་དང་བཅས་པར་སྲི་ཞུ་ཞབས་འདེགས་ཞུས་པར་ཆེ་བསྟོད་ཀྱིས་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་གྲོས་ཆོད་འཇོག་ཡོད་པ་མ་ཟད་། ཤུལ་ལུས་ནང་མི་ཚོར་གདུང་སེམས་མཉམ་བསྐྱེད་སོགས་ཞུས་ཡོད་པ་རེད།

Latest news