Tibetan Royal Year of 2151 | Year of the Wood Dragon

5th Session of 16th TPiE

བོད་མིའི་སྒྲིག་འཛུགས་ཀྱི་སྔོན་རྩིས་བཀའ་འཁྲོལ་གཏན་འབེབས་དང་སྦྲགས་གྲོས་ཚོགས་ཚོགས་དུས་ལྔ་པ་མཇུག་སྒྲིལ་གནང་བ།

སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ལྔ་པ་མཇུག་སྒྲིག་གནང་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་དགོས་དངུལ་སྔོན་རྩིས་ཧིན་སྒོར་ས་ཡ་ ༢༦༥༢,༥༥༥༧༨༡ བཀའ་འཁྲོལ་གཏན་འབེབས་གནང་སོང་། དེ་རིང་ཕྱི་ཟླ་ ༣ ཚེས་ ༢༤ ཉིན་སྔ་དྲོ་ཐེངས་འདིའི་སྔོན་རྩིས་གྲོས་ཚོགས་ཀྱི་ལས་རིམ་མཐའ་མར་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་མཇུག་བསྡོམ་གསུང་བཤད་གནང་སྐབས་ད་བར་འདས་པའི་གྲོས་ཚོགས་ཀྱི་ལས་ཉིན་བཅུ་པོའི་རིང་ལ་རྐང་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་རྩིས་ལོ་ ༢༠༡༨༌༌༡༩ ལོའི་སྔོན་རྩིས་གཏན་འབེབས་ཆགས་ཡོད་པ་དང་། དེ་དང་དུས་མཉམ་དུ་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་གྲོས་འཆར་ ༣ དང་སྐར་རྟགས་ཅན་གྱི་དྲི་བ་ ༢ ཐུགས་སྣང་གཞེན་སྐུལ་གྱི་གྲོས་ཆོད་གྲོས་འཆར་ ༡ བཅས་ཕེབས་ཡོད་སྐོར་གསུངས་སོང་བ་དང་། ཁྱད་པར་དུ་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་དང་འབྲེལ་ནས་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གཅིག་ཕེབས་གསལ་དེའི་ཐོག་འཛིན་སྐྱོང་བཀའ་ཤག་དང་སྤྱི་འཐུས་རྣམ་པས་རྩལ་དུ་བཏོན་ནས་འགན་འཁུར་གྱི་ཆ་ཤས་བཞེས་པ་དེ་དག་དེ་སྔ་ལས་གནས་ཚད་ཏོག་ཙམ་མཐོ་རུ་སོང་ཡོད་པར་བསྔགས་བརྗོད་གནང་སོང་། ད་ལྟའི་ཆབ་སྲིད་ཀྱི་གནས་བབ་ཆ་ནས་འཛིན་སྐྱོང་བཀའ་ཤག་ལ་བཅའ་ཁྲིམས་རིན་པོ་ཆེས་བསྐུར་བའི་འགན་ཆེ་ཤོས་བོད་དོན་བདེན་མཐའ་གསལ་ཆེད་ཐབས་བྱུས་ལྡན་པའི་ཐོག་ནས་འབད་བརྩོན་གནང་རྒྱུ་དེ་ཆགས་ཡོད་ཅེས་གསུངས་ཡོད། ལྷག་དོན་ང་ཚོ་བཙན་བྱོལ་དུ་གནས་པའི་རིང་ལ་ནང་ཁུལ་གྱི་ཆབ་སྲིད་ཀྱི་འཁོར་ལོ་བསྐོར་བ་མ་ཡིན་པར་གཙོ་ཆེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་ལྟར་བོད་ཆོལ་གསུམ་ཆིག་སྒྲིལ་དང་མཐུན་ལམ་ལ་འགྱུར་བ་མེད་པར་གོང་བུ་གཅིག་ཏུ་སྒྲིལ་ཐོག་ཚང་མས་མནོ་བསམ་གནང་གལ་ཡིན་པ་གསུངས་ཡོད། སྒོས་སུ་ཚོགས་གཙོ་མཆོག་གིས་ད་ལྟའི་བོད་མིའི་སྒྲིག་འཛུགས་ཀྱི་ནུས་པ་དང་། དེ་ལ་ཆེ་མཐོང་དང་ཡིད་ཆེས། དེ་དེ་བཞིན་རྒྱལ་སྤྱིའི་གཞུང་མང་ནས་བོད་ཀྱི་རིག་གཞུང་ལ་དོ་སྣང་ཤུགས་ཆེ་ཡོང་བཞིན་པའི་འབྱུང་ཁུངས་གཙོ་བོ་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་དང་ཐུགས་རྗེ་ལ་བརྟེན་ནས་བྱུང་བ་ཡིན་སྟབས། བོད་མི་ཚང་མས་མགོན་པོ་༸གང་ཉིད་མཆོག་གི་སྐུ་དྲིན་ལ་བསམ་ཤེས་ཀྱིས་༸རྒྱལ་བའི་བཀའ་གསུང་ཅི་བསྒྲུབ་ཞུ་གལ་ཡིན་པ་མ་ཟད། ཁྱད་པར་དུ་ལོ་རྗེས་མ་༸སྐུའི་དགུང་སྐེག་འཁེལ་ཡོད་སྟབས་༸སྐུ་ལ་ངན་འཚེ་ཕྲ་མོ་ཙམ་ཡང་མི་ཡོང་བ་གནང་གལ་ཡིན་པར་འབོད་སྐུལ་བཅས་གནང་སོང་། གཞི་རྩའི་ཐེངས་འདིའི་གྲོས་ཚོགས་ཐོག་ནས་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་རྩིས་ལོ་ ༢༠༡༨༌༌༡༩ ལོའི་དགོས་དངུལ་སྔོན་རྩིས་སྒོར་ས་ཡ་ ༢,༦༥༢,༥༥༥,༧༨༡ བཀའ་འཁྲོལ་གཏན་འབེབས་གནང་ཡོད་པ་དེ་ཡང་ཕྱོགས་བསྡོམས་ཚོད་དཔག་འགྲོ་གྲོན་འཆར་འབུལ་ཞུས་པ་ནས་བརྒྱད་འབུམ་ལྔ་ཁྲི་ཙམ་གཅོག་ཆ་གནང་ཡོད་པ་རེད།

གཞིས་ཁོངས་ཡོད་མེད་ལ་མ་བལྟོས་པར་རྒྱ་གར་མི་སེར་ལེན་མཁན་ཚོས་བོད་མི་སྐྱབས་བཅོལ་བའི་ཁེ་དབང་ལེན་ཆོག་གི་མེད།

བོད་མིའི་སྒྲིག་འཛུགས་ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་གིས་དེ་རིང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་སུ་རྒྱ་གར་མི་སེར་ལག་འཁྱེར་བཟོ་གནང་མཁན་ཚོའི་སྐོར་དང་འབྲེལ་འཛིན་སྐྱོང་གི་བཞེངས་ཕྱོགས་དང་རྒྱ་གར་དབུས་གཞུང་གི་ལམ་སྟོན་བཀོད་ཁྱབ་སྐོར་ཁ་གསལ་གསུངས་པ་དང་སྦྲགས། གཞིས་ཆགས་ཀྱི་ཐོབ་ཁོངས་ཡོད་མེད་ལ་མ་བལྟོས་པར་བཙན་བྱོལ་བོད་མི་རྒྱ་གར་གྱི་མི་སེར་ལག་འཁྱེར་བཟོ་མཁན་ཚོས་སྐྱབས་བཅོལ་བོད་མིའི་ཁེ་དབང་ལེན་ཆོག་གི་མེད་པ་གསུངས་སོང་། དེ་རིང་སྤྱི་འཐུས་གྲོས་ཚོགས་ཀྱི་ལས་ཉིན་དགུ་པའི་སྟེང་གྲོས་ཚོགས་འཐུས་མི་རྣམ་པས་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་སྔོན་རྩིས་དང་འབྲེལ་ནས་འབོད་སྐུལ་དང་དྲི་བ། བགྲོ་གླེང་སོགས་གནང་བའི་ཁྲོད་སྐྱབས་བཅོལ་བོད་མིའི་གཞིས་ཆགས་ཁག་གི་ས་ཁང་དང་སོ་ནམ་ཞིང་ལས་སྐོར་དང་བོད་ནས་ཕེབས་མཁན་ཚོར་སྡོད་ཁང་གསར་རྒྱག ཕྱི་ལོ་ ༢༠༡༤ ལོའི་བཙན་བྱོལ་བོད་མིའི་མཐུན་རྐྱེན་སྦྱོར་སྤྲོད་ཀྱི་སྲིད་བྱུས་ས་གནས་ག་ཚོད་ནང་ལག་བསྟར་དབུ་འཛུགས་གནང་ཡོད་མེད་སོགས་ཐད་ཀར་ནང་སྲིད་ལས་ཁུངས་དང་འབྲེལ་བའི་གནད་དོན་མང་དག་ཐོག་བཀའ་བསྡུར་གནང་ཡོད། ལྷག་པར་དུ་སྤྱི་འཐུས་ཁ་ཤས་ནས་དེང་སང་སྤྱི་ཚོགས་ནང་དུ་བཀའ་མོལ་ཡོང་བཞིན་པ་རྒྱ་གར་མི་སེར་བཟོ་རྒྱུའི་ཐད་ལ་འཛིན་སྐྱོང་གི་བཞེངས་ཕྱོགས་དང་དེའི་ཐོག་ལས་དོན་གནང་ཕྱོགས་ལ་འགྱུར་བ་ཇི་སོང་སོགས་བཀའ་འདྲི་གནང་མཁན་བྱུང་ཡོད། ནང་སྲིད་བཀའ་བློན་མཆོག་གིས་སྐབས་དེར་མི་སེར་བཟོ་མིན་གྱི་རང་དབང་ཡོངས་རྫོགས་དོ་བདག་རང་ཉིད་ལ་བཞག་གནང་ཡོད་པ་འཛིན་སྐྱོང་གི་བཞེངས་ཕྱོགས་སྐོར་དང་། ཁྱད་པར་དུ་རྒྱ་གར་དབུས་གཞུང་གི་བཀོད་ཁྱབ་དོན་ཚན་བཞི་ཅན་ཞིག་ཕེབས་ཡོད་སྐོར་གསལ་བཤད་གནང་སོང་། ནང་སྲིད་ལས་ཁུངས་ཀྱི་རྩིས་འགོ་དང་འབྲེལ་ནས་སྐབས་དེར་སྤྱི་འཐུས་གཅིག་གིས་ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་ལ་སྐྱབས་བཅོལ་བོད་མིའི་གཞིས་ཆགས་ཁག་ནང་གི་ས་ཁང་དང་འཛུགས་སྐྲུན་སྐོར་དང་འབྲེལ་ལ་དྭགས་ནང་གི་བོད་མི་ཁག་ཅིག་ནས་གཞིས་ཆགས་ཀྱི་ས་ཁང་ཉོ་ཚོང་གནང་གི་ཡོད་སྐོར་དྲི་བ་ཞིག་ཕུལ་བ་ལྟར། བཀའ་བློན་མཆོག་གིས་བོད་མིའི་གཞིས་ཆགས་ཁག་གི་ས་ཁང་ཉོ་ཚོང་གི་འགན་དབང་སུ་གཅིག་ལ་མེད་སྐོར་གསལ་བཤད་གནང་ཡོད། དེ་རིང་གྲོས་ཚོགས་ཐོག་ནས་སྤྱི་འཐུས་རྣམ་པས་བོད་ནས་ཕེབས་མཁན་གསར་འབྱོར་བ་རྣམས་ལ་བོད་མིའི་སྒྲིག་འཛུགས་ནས་མཐུན་རྐྱེན་སྦྱོར་སྤྲོད་སྐོར་དང་འབྲེལ། དེ་སྔ་སྦིར་ཁུལ་དུ་བོད་མི་སྐོར་ཞིག་ལ་སྡོད་ཁང་གནང་ཟིན་པ་དང་ད་ལྟ་ལྷོ་ཕྱོགས་མོན་གྷོ་དང་སྦེལ་ཀོབ་བཅས་སུ་སྡོད་ཁང་གསར་རྒྱག་གི་ལས་གཞི་འགྲོ་བཞིན་པ་ལ་བསྔགས་བརྗོད་དང་མུ་མཐུད་དེ་ལྟར་མཐུན་འགྱུར་གནང་གལ་ཡིན་པའི་དགོངས་ཚུལ་གནང་ཡོད། ཁ་སང་ཉིན་རྒྱབ་ནས་དེ་རིང་ཉིན་འཁྱོངས་རིང་ནང་སྲིད་ལས་ཁུངས་ཀྱི་རྩིས་འགོ་དང་འབྲེལ་ནས་གྲོས་ཚོགས་འཐུས་མི་རྣམ་པས་བགྲོ་གླེང་བཀའ་བསྡུར་སོགས་གནང་བའི་ཁྲོད། གྲོས་ཚོགས་སྔ་མ་དང་སྔ་མའི་སྔ་མ་སོགས་ཀྱི་ནང་དུ་ཡང་ཡང་གླེང་སློང་འབྱུང་བཞིན་པ་དྷ་ས་ཡོངས་གླིང་སློབ་གྲྭའི་སྐོར་དང་འབྲེལ་བའི་ཁ་མཆུ་ཨང་ ༨ པའི་སྐོར་དང་བལ་ཡུལ་ཚེ་རིང་རྒན་གསོ་ཁང་གི་འགན་འཛིན་བསྐོ་གཞག་གི་གནད་དོན་སྐོར་ལ་བགྲོ་གླེང་གསལ་བཤད་དང་དྲི་བ་དྲིས་ལན་བཅས་གནང་ནས་དུས་ཚོད་གང་འཚམས་བཏང་གནང་སོང་།

དགེ་རྒན་ཚོར་གསོལ་ཕོགས་འདང་ངེས་ཤིག་ཕུལ་དགོས་གལ་ཡིན་པའི་གླེང་སློང་ཤུགས་ཆེ་གནང་བ།

དེ་རིང་ཟླ་ ༣ ཚེས་ ༢༢ ཉིན་གྲོས་ཚོགས་ཀྱི་ལས་ཉིན་བརྒྱད་པའི་ཐོག་ཤེས་རིག་ལས་ཁུངས་ཀྱི་སྔོན་རྩིས་ཐོག་བགྲོ་གླེང་གནང་བའི་ཁྲོད་སྤྱི་འཐུས་མང་དག་ཞིག་གིས་སློབ་གྲྭའི་དགེ་རྒན་ཚོར་གསོལ་ཕོགས་འདང་ངེས་ཤིག་ཕུལ་དགོས་གལ་ཡིན་པའི་གླེང་སློང་ཤུགས་ཆེ་གནང་སོང་། ལོ་ཤས་སྔོན་ནས་བོད་སློབ་འཛིན་སྐྱོང་ཚོགས་པའི་སློབ་གྲྭ་རྣམས་ཤེས་རིག་ལས་ཁུངས་ནས་རྩིས་བཞེས་གནང་གཏན་འཁེལ་བ་དང་བསྟུན། ད་བར་བོད་སློབ་ ༨ རྩིས་སྤྲོད་ཟིན་ཡོད་པ་དང་འདི་ལོ་ནང་ཤེས་རིག་ལས་ཁུངས་ཀྱི་ངོས་ནས་དགེ་རྒན་ ༡༥༨ གསར་འདེམས་ས་མིག་གསལ་བསྒྲགས་གནང་བའི་ཁྲོད། དགེ་རྒན་དེ་དག་ལ་དེ་སྔ་རྒྱ་གར་གཞུང་ནས་མཐུན་རྐྱེན་གནང་མུས་བཞིན་ཧིན་སྒོར་ཁྲི་གསུམ་ལྷག་གནང་རྒྱུའི་གསལ་བསྒྲགས་བསྐྱངས་ཡོད་པ་ལྟར། དེ་རིང་གྲོས་ཚོགས་སུ་སྤྱི་འཐུས་མང་དག་ཞིག་ནས་ཤེས་རིག་ལས་ཁུངས་ཀྱི་བོད་སློབ་འཛིན་ཚོགས་ཀྱི་སློབ་གྲྭ་ ༨ རྩིས་བཞེས་ཐུབ་པར་ལེགས་གསོ་ཞུས་པ་དང་ཆབས་ཅིག སྤྱིར་བཙན་བྱོལ་བོད་མིའི་ཤེས་ཡོན་སྲིད་བྱུས་ལག་བསྟར་ཐོག་དགེ་རྒན་གལ་ཆེན་པོ་ཆགས་ཡོད་སྟབས། སློབ་གྲྭའི་དགེ་རྒན་ཚོར་གསོལ་ཕོགས་གཙོ་འགྱུར་མཐུན་རྐྱེན་ཁག་སྤར་ཐབས་གནང་དགོས་གལ་ཡིན་པ་གསུངས་སོང་། ཤེས་རིག་བཀའ་བློན་མཆོག་གིས་ཤེས་རིག་ལས་ཁུངས་ཀྱི་ངོས་ནས་གནད་དོན་དེའི་ཐོག་ཐབས་ཤེས་གནང་བཞིན་ཡོད་པ་དེ་ལྟར་ཡང་། གསོལ་ཕོགས་དང་ཁེ་ཕན་གཅིག་པོར་གཟིགས་ནས་མིན་པར་ཕྱག་ལས་གནང་བར་ཕེབས་པ་ཡིན་ཚེ་གནས་སྟངས་བཟང་དུ་འགྲོ་རྒྱུར་དམིགས་གསལ་ཕན་ཐོགས་ཡོང་ཐུབ་སྐོར་དགོངས་ཚུལ་ཡང་གསུངས་སོང་། དེ་བཞིན་ཤེས་རིག་ལས་ཁུངས་ཀྱི་སྔོན་རྩིས་དང་འབྲེལ་ནས་བོད་ཀྱི་སྐད་ཡིག་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོ་གནང་གལ་ཡིན་སྐོར་དང་འབྲེལ། ཕྱིས་སུ་བོད་པའི་སློབ་གྲྭ་ཁག་གི་ནང་དུ་ཧི་མཱ་ལ་ཡའི་རི་རྒྱུད་ཀྱི་སློབ་ཕྲུག་མང་པོ་ཞིག་སློབ་ཞུགས་གནང་གི་ཡོད་སྟབས། བོད་པའི་སྐད་ཡིག་ནང་ཡུལ་སྐད་བསྲེས་ལྷད་ཡོང་བའི་ངལ་བ་འཕྲད་བཞིན་པའི་དངངས་སྐྲག་ཡོད་སྐོར་གསུང་མཁན་བྱུང་བ་དང་། ཤེས་རིག་བཀའ་བློན་མཆོག་ནས་དཀའ་ངལ་དེ་དངོས་འབྲེལ་ཡིན་པར་ངོས་བཞེས་དང་འབྲེལ། དེང་སྐབས་སློབ་གྲྭ་ཟླ་སྒྲིལ་ལ་སོགས་པའི་འགྱུར་བ་ཆེན་པོ་ཞིག་འགྲོ་བའི་ཞོར་ལ་གནད་དོན་དེའི་ཐོག་དོ་སྣང་དང་ཐབས་ལམ་འཚོལ་ཞིབ་གནང་རྒྱུ་ཡིན་ཞེས་གསུངས་ཡོད། རྩ་བའི་དེ་རིང་གྲོས་ཚོགས་ཀྱི་ལས་ཉིན་ ༨ པ་དབུ་འཛུགས་དང་བསྟུན་སྤྱི་ཁྱབ་རྩིས་ཞིབ་ལས་ཁང་དང་། ལས་བྱེད་འདེམས་བསྐོ་ལྷན་ཁང་གཉིས་དང་འབྲེལ་བའི་སྒྲིག་གཞི་བསྐྱར་བཅོས་ཀྱི་ཁྲིམས་འཆར་ཕེབས་ཡོད་པ་དེ་ལྟར་ཡང་། དེའི་ཁོངས་ནས་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་སྒྲིག་གཞི་བསྐྱར་བཅོས་ལ་མང་མོས་རྒྱབ་སྐྱོར་མ་ཐོབ་སྟབས་ཁྲིམས་འཆར་དེ་ཡར་འགྲོ་ཐུབ་མེད་པ་རེད། ཤེས་རིག་ལས་ཁུངས་ཀྱི་སྔོན་རྩིས་ཐོག་བགྲོ་གླེང་གནང་བའི་ཁྲོད། སློབ་གྲྭ་ཁག་གི་ནང་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སློབ་ཁྲིད་གནང་ཕྱོགས་དང་། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་དུ་ལྷག་དཀར་སྲུང་བརྩི་བརྒྱུད་བོད་ཀྱི་སྐད་ཡིག་དང་རིག་གཞུང་གོང་འཕེལ་ཐད་ལ་ཕན་ཐོགས་ཆེན་པོ་ཡོང་བཞིན་ཡོད་པ་སོགས་གནད་དོན་མང་དག་ཞིག་གི་ཐོག་བགྲོ་གླེང་ལྷུག་པོ་གནང་ཡོད། རྩ་བའི་ཐེངས་འདིའི་གྲོས་ཚོགས་ཚོགས་དུས་ ༥ པ་ཐོག་དཔལ་འབྱོར་ལས་ཁུངས་ནས་ཤེས་རིག་ལས་ཁུངས་ཀྱི་བོད་ཕྲུག་ཚོའི་ཤེས་ཡོན་གྱི་ལས་དོན་ཆེད་ཧིན་སྒོར་ས་ཡ་ ༣༠༡ ལྷག་ཙམ་ལ་རྒྱབ་གཉེར་གནང་ཡོད་པ་རེད།

བཀའ་བློན་དུ་བདམས་ཐོན་བྱུང་བ་པདྨ་དབྱངས་ཅན་ལགས་ནས་ཤེས་རིག་ལས་ཁུངས་སུ་ཞབས་ཕྱི་གང་ཐུབ་ཞུ་རྒྱུའི་དགོངས་བཞེས་གནང་བཞིན་འདུག

ཁེ་ན་ཌར་བཅའ་བཞུགས་ཏཱ་ལའི་བླ་མ་མཐོ་སློབ་ཀྱི་སློབ་སྤྱི་གཞོན་པ་ཟུར་པ་འབུམ་རམས་པ་པདྨ་དབྱངས་ཅན་ལགས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་སྐབས་ ༡༥ པའི་བཀའ་བློན་དུ་བདམས་ཐོན་བྱུང་སོང་། དེ་རིང་ཟླ་ ༣ ཚེས་ ༢༡ ཉིན་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ལྔ་པའི་ལས་ཉིན་བདུན་པའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༢༡ པའི་དགོངས་དོན་སྲིད་སྐྱོང་གིས་རང་གི་བཀའ་ཤག་ལྷན་ཚོགས་སུ་བཀའ་བློན་ཇི་དགོས་ཀྱི་འོས་མི་མི་འགྲོའི་མཚན་དང་ལོ་རྒྱུས་གྲོས་ཚོགས་སུ་འབུལ་དགོས་པ་ལྟར། སྲིད་སྐྱོང་མཆོག་གིས་འབུམ་རམས་པ་པདྨ་དབྱངས་ཅན་ལགས་བཀའ་ཤག་གི་བཀའ་བློན་འོས་མི་གཅིག་ཏུ་མཚན་འབོད་གནང་ཡོད་པ་རེད། འོས་མི་དེའི་ཐོག་ལ་སྤྱི་འཐུས་རྣམ་པས་གསང་བའི་འོས་ཤོག་འཕངས་རྗེས་སྤྱི་འཐུས་རྩ་འབོར་ ༤༤ ནས་འོས་པ་ ༢༦ དང་མི་འོས་པ་ ༡༥ བར་བཞུགས་གྲངས་ ༣ བཅས་ཁོང་ལ་མང་མོས་ཐོག་ནས་བཀའ་བློན་དུ་བདམས་ཐོན་བྱུང་ཡོད་པ་རེད། བཀའ་བློན་འོས་མི་དེ་ལ་འགག་པ་གནང་མཁན་སྤྱི་འཐུས་གཅིག་བྱུང་ཡོད་པ་ལས་འཕྲོས་ནས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ད་ལྟ་ཤེས་རིག་ལས་ཁུངས་ལ་ངེས་པར་དུ་བཀའ་བློན་གཅིག་དགོས་ཀྱི་ཡོད་པ་ལྟར་འབུམ་རམས་པ་པདྨ་དབྱངས་ཅན་ལགས་ནི་བཀའ་བློན་འོས་མི་ཚད་མཐོ་པོ་ཞིག་ཐོབ་ཡོད་པར་ངོས་འཛིན་གནང་གི་ཡོད་ཅེས་གསུངས་ཡོད། བཀའ་བློན་དུ་གསར་དུ་བདམས་ཐོན་བྱུང་བ་འབུམ་རམས་པ་པདྨ་དབྱངས་ཅན་ལགས་ནས་འདི་ག་རླུང་འཕྲིན་ཁང་གི་བཀའ་འདྲི་དང་ལེན་དང་སྦྲགས། ཁོང་ད་རེས་བཀའ་བློན་དུ་བདམས་ཐོན་བྱུང་བར་དགའ་ཚོར་དང་བཅས་ཁོང་གིས་ངོས་ནས་བོད་མིའི་སྒྲིག་འཛུགས་ལ་ཞབས་ཕྱི་ཞུ་རྒྱུ་ནི་གོ་སྐབས་དང་སྐལ་བ་བཟང་པོ་ཞིག་ལ་ངོས་འཛིན་གནང་བཞིན་ཡོད་པ་དང་། ཁྱད་པར་དུ་ཤེས་རིག་ལས་ཁུངས་སུ་ཞབས་ཕྱི་གང་ཐུབ་ཞུ་རྒྱུའི་དགོངས་བཞེས་གནང་བཞིན་ཡོད་པ་གསུངས་སོང་། འབུམ་རམས་པ་པདྨ་དབྱངས་ཅན་ལགས་ནས་ཕྱི་ལོ་ ༢༠༡༢ ནས་ ༢༠༡༦ བར་རྒྱ་གར་ལྷོ་ཕྱོགས་སྦེང་ལོར་གྲོང་ཁྱེར་ནང་དུ་རྟེན་གཞི་བྱས་པའི་ཏཱ་ལའི་བླ་མ་མཐོ་སློབ་ཀྱི་སློབ་སྤྱི་གཞོན་པའི་ཐུགས་འགན་བཞེས་འདུག ཁོང་གིས་ཕྱི་ལོ་ ༡༩༩༣ ལོ་ནས་ལྡི་ལི་དང་མ་ཌི་རས་མཐོ་སློབ་ནས་དབྱིན་སྐད་ཐོག་མཐོ་རིམ་དང་ཉེ་བའི་གཙུག་ལག་རབ་འབྱམས་པ་ཐོན་འདུག་པ་དང་། ཕྱི་ལོ་ ༡༩༩༦ ལོར་དགེ་འོས་ཐོན་རྗེས་སུ་ཇཱ་བོད་ཁྱིམ་སློབ་གྲྭར་དབྱིན་སྐད་དགེ་རྒན་གྱི་ཕྱག་ལས་གནང་འདུག ཕྱི་ལོ་ ༢༠༠༡ ནང་དུ་ཁོང་ཨ་རིར་ Fulbright སློབ་ཡོན་ཁོངས་སུ་ལོ་གཅིག་རིང་དབྱིན་ཇི་སློབ་ཁྲིད་ཐོག་སློབ་སྦྱོང་གནང་འདུག་པ་དང་དེའི་རྗེས་སུ་རིམ་པས་གཙུག་ལག་རབ་འབྱམས་པ་དང་མཐར་ཤེས་ཡོན་སློབ་ཁྲིད་ཐོག་འབུམ་རམས་པ་ཐོན་འདུག ད་ལྟའི་གནས་སྐབས་འདིར་འབུམ་རམས་པ་པདྨ་དབྱངས་ཅན་ལགས་ནི་བཀའ་ཤག་འདིའི་ནང་བེུད་བཀའ་བློན་གཅིག་པུ་དེ་ཆགས་ཡོད་པ་རེད། སྲིད་སྐྱོང་བློ་བཟང་སེང་མཆོག་གིས་དེ་སྔ་ ༢༠༡༦ ལོར་ཐོག་མར་རང་གི་བཀའ་ཤག་ཏུ་བེུད་བཀའ་བློན་གཅིག་བསྐོ་གཞག་ཟིན་ཀྱང་། ལོ་ནའི་བབ་ཀྱི་ནས་ཆ་དཀའ་ངལ་འཕྲད་པར་བརྟེན་རྗེས་སུ་བཀའ་བློན་གྱི་མཚན་གནས་ནས་ཕྱིར་འཐེན་གནང་དགོས་བྱུང་ཡོད་པ་རེད། དེའི་རྗེས་སུ་བཀའ་བློན་འོས་མི་དེ་སླར་ཡང་གྲོས་ཚོགས་སུ་བསྣམས་ཀྱང་གྲོས་ཚོགས་ནས་བདམས་ཐོན་བྱུང་མེད་པ་རེད།

འཛིན་སྐྱོང་བཀའ་ཤག་ནས་གྲོས་ཚོགས་འཐུས་མི་རྣམ་པའི་དགོངས་ཚུལ་ལ་གོ་བསྡུར་ནན་པོ་གནང་ཐོག་བྱ་ལམ་བྱ་བདེའི་དགོངས་བཞེས་དགོས་པའི་འབོད་སྐུལ་གནང་བ།

སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ལྔ་པ་དབུ་འཛུགས་གནང་ནས་དེ་རིང་ཉིན་གྲངས་དྲུག་པ་དེ་ཆགས་ཡོད་ཀྱང་། བོད་མིའི་སྒྲིགས་འཛུགས་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་སྔོན་རྩིས་འཆར་འབུལ་གྱི་ལས་རིམ་དུས་ཐོག་ཕྱིན་མ་ཐུབ་པར་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་འཕོ་འགྱུར་གྱི་གནད་དོན་དང་དེའི་རྗེས་འབྲས་སྤྱི་ཚོགས་ནང་ལབ་གླེང་དང་དཀའ་རྙོག་འབྱུང་བཞིན་པའི་གནད་དོན་ཐོག་བགྲོ་གླེང་མུ་མཐུད་གནང་བཞིན་པ་ལྟར། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་དེ་རིང་ཉིན་རྒྱབ་ཀྱི་ཚོགས་ཐེངས་ཐོག་གནད་དོན་ཆེ་ཆུང་ལ་ལྟོས་མེད་དཀའ་ངལ་ཞིག་ཡོད་པ་གསལ་པོ་ཡིན་སྟབས། འཛིན་སྐྱོང་བཀའ་ཤག་ནས་མིག་བཙུམ་ནས་མ་བཞུགས་པར་ད་རེས་ཀྱི་གྲོས་ཚོགས་དེའི་ཐོག་སྤྱི་འཐུས་རྣམ་པས་བགྲོ་གླེང་གནང་བའི་ཐོག་གོ་བསྡུར་གནང་སྟེ་བྱ་ལམ་བྱ་བདེའི་དགོངས་བཞེས་གནང་དགོས་གལ་ཡིན་པའི་འབོད་སྐུལ་གནང་སོང་། དེ་བཞིན་སང་ཉིན་གྲོས་ཚོགས་ཀྱི་ལས་དོན་གནང་ཕྱོགས་དང་འབྲེལ་གནད་དོན་ཁག་ཅིག་གི་ཐོག་བཞུགས་མོལ་ཚོགས་འདུ་ཞིག་ཚོགས་ཀྱི་ཡོད་པ་ལྟར། བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཀྱི་གནད་དོན་ཐོག་བྱ་ལམ་བྱ་བདེ་ཇི་ཡོད་ཐོག་དགོངས་ཚུལ་གསལ་པོ་སྤུངས་དགོས་པ་དང་། དེའི་མཇུག་སྐྱོང་གང་གནང་དགོས་མིན་བཅས་ཀྱི་ཐོག་དགོངས་པ་ནན་པོ་བཞེས་དགོས་པའི་ལམ་སྟོན་གསལ་པོ་གནང་ཡོད། སྤྱིར་ཐེངས་འདིའི་གྲོས་ཚོགས་ཐོག་སྤྱི་འཐུས་རྣམ་པས་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་འཕོ་འགྱུར་དང་འབྲེལ་བའི་གནད་དོན་ཐོག་ཞིབ་འཇུག་ཚོགས་ཆུང་ཆེད་འཛུགས་གནང་དགོས་སྐོར་གསུང་མཁན་དང་། ཡང་ཁག་ཅིག་གིས་དེར་མོས་མཐུན་གནང་གི་མེད་པ་མ་ཟད། སྤྱི་འཐུས་ལ་ལས་བཀའ་ཤག་དང་། བཀའ་སྤྱི་ལྷན་རྒྱས་ནས་གནད་དོན་དེའི་ཐོག་ངོ་རྒོལ་གནང་མཁན་ཚོ་དང་ལྷན་དངོས་སུ་མཇལ་འཕྲད་ཀྱིས་གནས་སྟངས་ཞི་འཇམ་གནང་དགོས་པའི་དགོངས་ཚུལ་བཏོན་ཡོད། འཛིན་སྐྱོང་བཀའ་ཤག་གི་ངོས་ནས་གནད་དོན་དེའི་ཐོག་ཁྲིམས་ཁང་ལ་ཕེབས་རྒྱུ་མ་གཏོགས་ཐབས་ལམ་གཞན་མེད་པའི་འགྲེལ་བརྗོད་གནང་གི་ཡོད་པ་རེད། རྩ་བའི་གྲོས་ཚོགས་ཀྱི་ལས་ཉིན་དྲུག་པ་དེའི་ཐོག་སྔ་དྲོ་བྱང་ཨ་མི་རི་ཀའི་སྐུ་ཚབ་དོན་གཅོད་འཕོ་འགྱུར་གྱི་གནད་དོན་དང་འབྲེལ། སྐར་རྟགས་ཅན་གྱི་དྲི་བ་དྲིས་ལན་གྱི་ལས་རིམ་ཞིག་ཀྱང་ཕེབས་ཡོད་པ་དང་། དེ་བཞིན་ཉིན་རྒྱབ་ཏུ་ཨ་རིའི་དོན་ཁང་གི་སྔོན་རྩིས་འཆར་འབུལ་ཐོག་བགྲོ་གླེང་གནང་སྐབས་སུ་ཆོས་རིག་བཀའ་བློན་མཆོག་གིས་གསལ་བཤད་གནང་པར་འདས་པའི་ཉིན་ཤས་ནང་གནད་དོན་དེའི་སྐོར་བགྲོ་གླེང་རིམ་པ་བྱུང་བའི་ནང་སྤྱི་འཐུས་ཁག་ཅིག་ནས་བཀའ་ཤག་དགོངས་པ་ཞུས་དགོས་པ་སོགས་ཀྱི་བཀའ་མོལ་མང་དག་ཞིག་གསུང་མཁན་བྱུང་ཡོད་པ་ལྟར། དེ་ལྟར་གནང་བ་ཡིན་ན་ད་ལྟའི་བོད་ཀྱི་ཛ་དྲག་གནས་སྟངས་གང་འདྲ་ཆགས་ཀྱི་ཡོད་དམ་ཞེས་དྲི་བ་གནང་སོང་། སྤྱི་འཐུས་གཞན་ཁག་ཅིག་ནས་གནད་དོན་དེའི་ཐོག་ཞིབ་འཇུག་ཚོགས་ཆུང་འཛུགས་དགོས་སྐོར་གསུངས་ཡོད་ཀྱང་ཆོས་རིག་བཀའ་བློན་མཆོག་ནས་དེ་ལྟར་གནང་དགོས་པ་ཞིག་ལ་གཟིགས་ཀྱི་མེད་པ་དང་མོས་མཐུན་རྩ་བ་ནས་མེད་ཅེས་གསལ་བཤད་གནང་སོང་།

༸རྒྱལ་བའི་༸སྐུ་ཕྱྭའི་ཐོག་སྔར་ལྷག་མ་གཏོགས་འཐུས་ཤོར་བཏང་བ་རྩ་བ་ནས་མེད།

དེ་རིང་གྲོས་ཚོགས་ཀྱི་ལས་ཉིན་དྲུག་པ་དེའི་ཐོག་ནས་བོད་མིའི་སྒྲིག་འཛུགས་བདེ་སྲུང་ལས་ཁུངས་ཀྱི་རྩིས་འགོ་དང་ལས་དོན་ཐོག་ལ་གྲོས་ཚོགས་འཐུས་མི་རྣམས་པས་བགྲོ་གླེང་གསལ་བཤད་དང་དྲི་བ་བཅས་གནང་བའི་ཁྲོད། དུས་ཚོུད་དང་དྲི་བ་མང་ཆེ་བ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་ཕྱྭའི་སྐོར་དང་འབྲེལ་མགོན་པོ་མཆོག་དགུང་ནའི་བབ་ཀྱི་ཆ་ནས་ད་ཆ་༸སྐུ་ངལ་གསོ་བཞུགས་ཀྱི་དུས་ཚོུད་ཐོག་དགོངས་པ་བཞེས་གལ་ཡིན་པ་དང་། ཉེ་ཆར་རྡོ་རྗེ་གདན་གྱི་གསུང་ཆོས་ར་བའི་ཉེ་འགྲམ་དུ་འབར་རྫས་རྙེད་སོན་བྱུང་སྐོར་དང་། ༸གོང་ས་མཆོག་གི་གསུང་ཆོས་ཞུ་མཁན་དང་མཇལ་བཅར་ཞུ་མཁན་ཁོངས་དོགས་གཞི་ཅན་མི་སྣ་ཁ་ཤས་ཐོན་བཞིན་པ་སོགས་༸རྒྱལ་བའི་༸སྐུ་ཕྱྭ་ལ་ཉེན་ཁར་གཟིགས་བཞིན་པའི་དགོངས་ཚུལ་ཁག་ཅིག་གསུང་མཁན་བྱུང་ཡོད་སྟབས། བདེ་སྲུང་བཀའ་བློན་འཕགས་པ་ཚེ་རིང་མཆོག་གིས་བདེ་སྲུང་ཀྱི་ལས་དོན་གཙོ་བོ་༸རྒྱལ་བའི་༸སྐུ་ཕྱྭ་ཡིན་པས་ལས་ཁུངས་ཀྱི་ངོས་ནས་༸སྐུ་ཕྱྭའི་ཐད་ལ་སྔར་ལྷག་མ་གཏོགས་འཐུས་ཤོར་བཏང་བ་རྩ་བ་ནས་མེད་ཅེས་གསུངས་སོང་། གཞན་ཡང་བདེ་སྲུང་ལས་ཁུངས་དང་འབྲེལ་ནས་བོད་མི་ཆབ་སྲིད་བཙོན་པའི་གནས་སྟངས་སྐོར་དང་སྐད་འཕྲིན་སོགས་སྤྱི་ཚོགས་འབྲེལ་མཐུད་ཀྱི་བརྒྱུད་ལམ་དང་འབྲེལ་ནས་བོད་པའི་སྤྱི་ཚོགས་ནང་གི་བདེ་འཇགས་སྐོར་སོགས་གནད་དོན་མང་ཅིག་གི་ཐོག་ལའང་དྲི་བ་དང་བགྲོ་གླེང་གནང་སོང་བ་དང་། ཁྱད་པར་དུ་སྤྱི་འཐུས་རྣམ་པས་བདེ་སྲུང་བཀའ་བློན་མཆོག་ལ་དྲི་བ་ཞུ་དོན་གཙོ་གནད་གཞན་གཅིག་ནི་བཙན་བྱོལ་བོད་མི་རྣམས་ཀྱི་སྐྱབས་བཅོལ་ལག་དེབ་དྲ་ཐོག་དེབ་སྐྱེལ་ཞུ་ཕྱོགས་དང་གནས་སྤོ་སྐོར་ལ་ཡིན་སྟབས། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བར་ལམ་བོད་མི་རྣམས་ཀྱི་དྲ་ལམ་དེབ་སྐྱེལ་ཞུ་ཕྱོགས་དང་འབྲེལ་ནས་དཀའ་ངལ་མང་དག་ཅིག་འཕྲད་དང་འཕྲད་བཞིན་པ་སོང་། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་རྒྱ་གར་དབུས་གཞུང་ལ་དེའི་དུས་བཀག་གི་དུས་ཚེས་དེ་ཕྱི་ཟླ་ ༩ པའི་ཟླ་མཇུག་བར་ཕར་འགྱངས་ཡོང་བར་རེ་བ་ཞུས་ཡོད་ཀྱང་། རྒྱ་ཆེ་མང་ཚོགས་ནས་ལྷོད་ཡངས་མེད་པའི་ཐོག་ནས་གསལ་བསྒྲགས་སྔོན་སོང་ལྟར་གང་སྔ་སྔ་དྲ་ཐོག་དེབ་སྐྱེལ་གནང་དགོས་གལ་ཡིན་པའི་འབོད་སྐུལ་གནང་ཡོད། ལྷག་པར་དུ་སྲིད་སྐྱོང་མཆོག་གིས་རྒྱ་གར་གཞུང་ནི་ཕ་མ་ལྟར་བོད་མི་རྣམས་ལ་གཟིགས་སྐྱོང་རྒྱ་ཆེ་གནང་དང་གནང་བཞིན་པ་སོང་ཙང་། ད་ཆ་བོད་མི་ ༩༥༥ ཡི་སྐྱབས་བཅོལ་ལག་དེབ་བཟོ་ཆེད་འབྲེལ་ཡོད་ལས་ཁུངས་སུ་སྐྱེལ་ཡོད་པ་ལྟར་དེ་ཡང་གང་མགྱོགས་བཟོ་ཐུབ་པའི་རེ་བ་དང་། དེ་དེ་བཞིན་བོད་མི་རྣམས་རྒྱ་གར་ནས་ཕྱི་རྒྱལ་དུ་ཐོན་པར་ཕྱིར་ཐོན་མཐོང་མཆན་དང་ཆོག་མཆན་གཉིས་ཀ་སྟབས་བདེ་བ་བཟོ་ཆེད་མ་འོངས་པ་ Traverl Document འམ་ཕྱིར་བསྐྱོད་ངོ་སྤྲོད་ལག་འཁྱེར་ཁོ་ནས་གོ་ཆོད་ཐུབ་རྒྱུའི་འབད་བརྩོན་སྒོ་གང་ས་ནས་གནང་མུས་ཡིན་པ་གསུངས་ཡོད། དེ་རིང་བདེ་སྲུང་ལས་ཁུངས་ཀྱི་རྩིས་འགོ་དང་ལས་དོན་ལས་འཕྲོས་ནས་སྤྱི་འཐུས་གྲོས་ཚོགས་ནང་གི་འཐུས་མི་གཅིག་གིས་རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ལས་ཁང་གི་ལས་བྱེད་དང་མཉམ་དུ་ཞལ་ལག་བཞེས་ཡོད་པའི་གནད་དོན་སྐོར་སླར་ཡང་གླེང་སློང་བྱུང་ཡོད་སྟབས། དོན་གནད་དེ་གསུང་མཁན་སྤྱི་འཐུས་རྣམ་པས་དེའི་ཐོག་ལ་བདེ་སྲུང་ལས་ཁུངས་ནས་ཞིབ་འཇུག་མཐིལ་ཕྱིན་གནང་དགོས་པ་དང་། གནས་ཚུལ་འདི་དངོས་འབྲེལ་ཡིན་ཚེ་ཧ་ཅང་གི་ཚབས་ཆེ་ཡིན་པ་གསུངས་ཡོད། སྤྱི་འཐུས་ཁ་ཤས་ནས་དོགས་གཞི་གནང་ཡུལ་འབྲེལ་ཡོད་སྤྱི་འཐུས་དེ་ཉིད་ནས་གྲོས་ཚོགས་སུ་གསལ་བཤད་གནང་བའི་ཁྲོད། བདེ་སྲུང་བཀའ་བློན་མཆོག་གིས་དེའི་ཐད་ལ་བཀའ་ལན་ལམ་སེང་དང་ཁ་ཐུག་གནང་དགོས་པའི་འབོད་སྐུལ་དང་། མཐར་ཁྲིམས་ཞིབ་ཁང་ལའང་ཞུ་ས་ཡོད་དགོས་སྐོར་གསུངས་སོང་། གཞན་ཡང་སྤྱི་འཐུས་གཅིག་གིས་ད་ཆ་གྲོས་ཚོགས་ཀྱི་ཕྱི་ལ་ངོ་རྒོལ་ལས་འགུལ་སྤེལ་བཞིན་པ་གཙོས་ངོ་རྒོལ་གྱི་ལས་རིགས་ཡོང་སྐབས་བདེ་སྲུང་ལས་ཁུངས་ནས་ཁོང་རྣམ་པ་སུ་ཡིན་སོགས་རྒྱུས་ལོན་དང་སྤྱི་ཚོགས་ཀྱི་བདེ་འཇགས་ཐོག་དགོངས་པ་བཞེས་གནང་གི་ཡོད་མེད་ཐོག་བཀའ་འདྲི་ཞུ་མཁན་བྱུང་ཡོད་སྟབས། བཀའ་བློན་མཆོག་ནས་དེ་དག་ཀུན་ལ་ངོས་ཟིན་པའི་ཐོག་ནས་འགན་འཁུར་བཞིན་ཡོད་པ་གསུངས་ཡོད། ཁ་སང་ཉིན་རྒྱབ་ནས་དེ་རིང་ཉིན་གུང་གསོལ་ཚིགས་བར་གྲོས་ཚོགས་སུ་བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་ལས་ཁུངས་ཀྱི་རྒྱུན་གྲོན་དང་དམིགས་བསལ། དམིགས་བཀར། ཟུར་བཀོལ་དང་བཅས་པ་རྩིས་འགོ་སྤྱིའི་ཐོག་བགྲོ་གླེང་བཀའ་བསྡུར་ཞིབ་ལྷུག་གནང་གྲུབ་རྗེས་ཉིན་གུང་རྒྱབ་ནས་ཕྱི་དྲིལ་ཁྱབ་ཁོངས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་དང་དེ་བཞིན་ཨ་རིའི་སྐུ་ཚབ་དོན་གཅོད་ཁང་གི་རྩིས་འགོ་སྤྱིའི་ཐོག་ཕེབས་ནས་བགྲོ་གླེང་དང་དྲི་བ་དྲིས་ལན་བཅས་གནང་ཡོད་པ་རེད།

འབྱུང་འགྱུར་ལོ་གསུམ་བཞིའི་ནང་བོད་ཀྱི་གནད་དོན་ཐོག་བཟང་ཐག་ངན་ཐག་ཆོད་རྒྱུར་ཚོད་དཔག་བྱེད་བཞིན་ཡོད།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གྲོས་ཚོགས་སུ་བཀའ་ཤག་གི་གསལ་བཤད་གནང་བ་དང་འབྲེལ། བོད་ཀྱི་གནད་དོན་ཐད་འབྱུང་འགྱུར་གྱི་ལོ་གསུམ་བཞིའི་ནང་བཟང་ཕྱོགས་དང་ངན་ཕྱོགས་གཉིས་ཀའི་ཐོག་གནད་འགག་ཆེན་པོ་ཞིག་ཆགས་ཀྱི་ཡོད་པ་གསུངས་སོང་། དེ་རིང་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ལྔ་པའི་ལས་ཉིན་ལྔ་པའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་འཛིན་སྐྱོང་བཀའ་ཤག་གི་གསལ་བཤད་གནང་སྐབས་རྒྱ་ནག་དེ་ཆབ་སྲིད་དང་དཔལ་འབྱོར། དམག་འཐབ་བཅས་ཕྱོགས་གང་ཅིའི་ཐོག་ནས་དེང་གི་འཛམ་གླིང་ཐོག་སྟོབས་ཤུགས་ཇེ་ཆེར་འགྲོ་བཞིན་པ་དེ་ལྟར་ཡང། རྒྱལ་སྤྱིའི་ཚོགས་སྡེ་ཁག་ནས་གནད་དོན་དེའི་ཐོག་དོགས་ཟོན་ཆེན་པོ་བྱེད་འགོ་བཙུགས་ཟིན་པ་མ་ཟད། ཉེ་ལམ་རྒྱ་ནག་གི་སྲིད་འཛིན་གྱི་ལས་ཡུན་ལ་དུས་བཀག་མེད་པ་སོགས་བཟོ་བའི་ཁྲོད་བོད་ཀྱི་གནད་དོན་ཐོག་འབྱུང་འགྱུར་གྱི་ལོ་གསུམ་བཞི་འདི་གནད་འགག་ཆེན་པོ་ཆགས་ཀྱི་ཡོད་སྟབས་ལོ་གསུམ་བཞིའི་དུས་ཡུན་ཁྲོད་བོད་ཀྱི་གནད་དོན་ཐོག་བཟང་ཐག་ངན་ཐག་ཞིག་ཆོད་རྒྱུར་ཚོད་དཔག་གནང་བཞིན་ཡོད་ཅེས་གསུངས་ཡོད།  དེ་བཞིན་སྲིད་སྐྱོང་མཆོག་གིས་ད་ལྟའི་ཆར་འཛམ་གླིང་དེའི་ཁྲོད་སྐྱབས་བཅོལ་བ་མང་པོ་ཡོད་པའི་ནང་ནས་བོད་མི་སྐྱབས་བཅོལ་བ་ཚོ་མི་འདྲ་བ་ཞིག་ཆགས་ཡོད་པ་ནི་གཙོ་བོ་༸གོང་ས་མཆོག་གི་བཀྲིན་ལ་བརྟེན་ནས་ཡིན་པ་དང་། དེ་ལྟ་བུའི་རྒྱལ་སྤྱིའི་སྟེང་ལ་ཆ་འཇོག་དང་ཆེ་བསྟོད་ཀྱིས་ངོས་འཛིན་གནང་བཞིན་པའི་བོད་མི་རིགས་ཀྱི་མཚན་སྙན་དེ་དག་སྲུང་སྐྱོབ་བྱ་རྒྱུ་ནི་ད་ལྟའི་དུས་སྐབས་འདིར་ཧ་ཅང་གི་གནད་ཆེ་ཆགས་ཡོད་པ་གསུངས་ཡོད་པ་རེད། དེ་རིང་གྲོས་ཚོགས་སུ་སྲིད་སྐྱོང་མཆོག་གིས་ཚོུད་གཅིག་མན་ཙམ་རིང་ལ་འཛིན་སྐྱོང་བཀའ་ཤག་གི་གསལ་བཤད་གནང་གྲུབ་པའི་རྗེས་བཀའ་ཤག་གི་གསལ་བཤད་ལ་བགྲོ་གླེང་དགོས་པའི་གཞུང་འབྲེལ་གྱི་གྲོས་འཆར་གནང་དོན་ལྟར་སྤྱི་འཐུས་རྣམ་པ་ཁག་ནས་བགྲོ་གླེང་ལྷུག་པོ་གནང་སོང་བ་དང། སྐབས་དེར་སྤྱི་འཐུས་ལ་ལས་བོད་ནང་གི་ཛ་དྲག་གནས་སྟངས་ལ་གཞིགས་པའི་དམིགས་བསལ་ཚོགས་ཆེན་ཞིག་བསྐོང་ཚོགས་དགོས་པའི་དུས་ལ་བབ་ཡོད་པ་དང། དེ་བཞིན་རྒྱལ་སྤྱིའི་ཁྲོད་རྒྱ་ནག་གི་སྤེལ་བཞིན་པའི་ཆབ་སྲིད་དང་དཔལ་འབྱོར་སྟོབས་ཤུགས་ཀྱི་འགྲེལ་བརྗོད་བྱེད་སྟངས་ལ་གདོང་ལེན་བྱ་རྒྱུ་གནད་འགག་ཡིན་པ་སོགས་གླེང་སློང་ཤུགས་ཆེ་གནང་ཡོད། དེ་བཞིན་སྤྱི་འཐུས་ཁག་ཅིག་ནས་འཛིན་སྐྱོང་བཀའ་ཤག་ལ་ད་ལྟའི་བོད་རྒྱ་འབྲེལ་མོལ་གྱི་གནས་བབ་སྐོར་དང། ལྷག་པར་ཉེ་སྔོན་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་རྒྱ་ནག་ཏུ་ཕེབས་པའི་གནད་དོན་སྐོར་ལའང་འདྲི་རྩད་གནང་མཁན་བྱུང་ཡོད་པ་རེད། ཐེངས་འདིའི་འཛིན་སྐྱོང་བཀའ་ཤག་གི་གསལ་བཤད་དང་འབྲེལ་ནས་སྤྱི་འཐུས་ཁྱོན་ ༡༧ ནས་བགྲོ་གླེང་གི་ཆ་ཤས་བཞེས་ཡོད་པ་དང། དེའི་ཁྲོད་སྤྱི་འཐུས་ཁག་ཅིག་ནས་འཛིན་སྐྱོང་བཀའ་ཤག་གི་གསལ་བཤད་ནང་ཉེ་བའི་ཆར་ཨ་རིའི་དོན་གཅོད་འཕོ་འགྱུར་གྱི་གནད་དོན་ཐོག་གསལ་བཤད་གནང་མེད་པར་བློ་ཕམ་བྱུང་ཡོད་པ་དང། དེའི་ཐོག་དམིགས་བསལ་ཞིབ་འཇུག་ཚོགས་ཆུང་ཞིག་ཚུགས་དགོས་པ་གསུང་མཁན་བྱུང་སོང་། ཕྱོགས་གཞན་ཞིག་ནས་ཚོགས་ཆུང་ཆེད་འཛུགས་ཞུ་རྒྱུའི་བསམ་ཚུལ་ངོས་ལེན་མེད་པ་ཡང་གསུང་མཁན་བྱུང་ཡོད་པ་རེད།

Latest news