Tibetan Royal Year of 2151 | Year of the Wood Dragon

2nd Session of 17th TPiE

རྒྱ་ནག་གིས་རྒྱལ་སྤྱིའི་སྟེང་བོད་ཀྱི་ལོ་རྒྱུས་འགྲེལ་བཤད་རྒྱག་སྟངས་ལ་བསྒྱུར་བཅོས་དང་ཁ་གཏད་གཅོག་རྒྱུ་ཡིན།

དེ་རིང་གྲོས་ཚོགས་ཀྱི་སྔ་དྲོའི་ཚོགས་ཐུན་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་དཔལ་འབྱོར་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག་གིས་བཀའ་བཤག་སྐབས་ ༡༦ པའི་སྔོན་རྩིས་གཏམ་བཤད་དང་འབྲེལ་ནས་གྲོས་ཚོགས་སུ་ཕེབས་པའི་དོགས་འདྲི་ཁག་ལ་མུ་མཐུད་བཀའ་ལན་གནང་བའི་ཁྲོད་རྒྱ་ནག་གིས་རྒྱལ་སྤྱིའི་སྟེང་བོད་དང་འབྲེལ་བའི་ལོ་རྒྱུས་འགྲེལ་བཤད་རྒྱག་སྟངས་ལ་བསྒྱུར་བཅོས་དང་ཁ་གཏད་གཅོག་རྒྱུ་ཡིན་པ་དང་། དེའི་ཕྱིར་རྒྱལ་སྤྱིའི་གཞུང་དང་གྲོས་ཚོགས་འཐུས་མི་བཅས་ལ་བོད་དེ་རང་དབང་གཙང་མའི་རྒྱལ་ཁབ་ཅིག་ཡིན་ཞེས་འཁོད་པའི་ཕྱི་མི་གཉིས་ཀྱིས་བརྩམས་པའི་ཕྱག་དེབ་གཉིས་སྤྱན་འབུལ་ཞུ་ཐབས་གནང་རྒྱུ་ཡིན་ཞེས་གསུངས་སོང་།ཁ་སང་གི་གྲོས་ཚོགས་སུ་སྔོན་རྩིས་རྒྱབ་གཉེར་ཞུ་ཕྱོགས་དང་འབྲེལ་ནས་སྤྱི་འཐུས་གཅིག་གིས་དོན་ཁང་ཁག་གི་སྣེ་ལེན་ནང་ཕྱག་དེབ་བླུ་ཡོན་ཞུས་ཏེ་ཕྱག་རྟགས་ཚུལ་དུ་འབུལ་ལམ་ཞུ་རྒྱུ་ཞེས་པའི་སྐོར་ལ་དོགས་འདྲི་ཞུས་དོན་བཞིན་དཔལ་འབྱོར་བཀའ་བློན་མཆོག་གིས་རྒྱ་ནག་གིས་རྒྱལ་སྤྱིའི་སྟེང་བོད་དང་འབྲེལ་བའི་ལོ་རྒྱུས་འགྲེལ་བཤད་རྒྱག་སྟངས་དེ་ཤུགས་ཆེ་དྲག་པའི་རྐྱེན་གྱིས་ཤེས་ཡོན་ཅན་གྱི་ནང་དུའང་གནད་དོན་ངོ་མ་གང་ཡིན་མ་མཁྱེན་པའི་གནས་སྟངས་འབྱུང་བཞིན་ཡོད་སྟབས། དེ་སྔ་བོད་དེ་རང་དབང་གཙང་མའི་རྒྱལ་ཁབ་ཅིག་ཡིན་པའི་གནས་བབ་དང་། ལྷག་པར་དུ་རྒྱ་ནག་གིས་འགྲེལ་བཤད་རྒྱག་སྟངས་ལ་བསྒྱུར་བཅོས་གཏོང་རྒྱུ་དང་ཁ་གཏད་གཅོག་ཕྱིར་སྐུ་ཞབས་ Michael van Walt ལགས་ཀྱིས་རྒྱ་ནག་གི་མཁས་པ་ཙམ་མ་ཟད་ཨེ་ཤ་ཡའི་ནང་ཁུལ་གྱི་རྒྱལ་ཁབ་མང་པོའི་ལོ་རྒྱུས་ལ་གཞི་བཅོལ་ནས་བརྩམས་པའི་ཕྱག་དེབ Tibet 2020 དང་། དེ་བཞིན་སྐུ་ཞབས་ Lao ལགས་ཀྱིས་མན་ཇུའི་སྐབས་སུ་རྒྱ་ནག་གོང་མ་ཚོས་ཉར་ཚགས་བྱས་པའི་ཡིག་ཚགས་ལ་ཞིབ་འཇུག་གནང་ནས་མན་ཇུའི་དུས་སྐབས་སུའང་བོད་དེ་དུས་ནམ་ཡང་རྒྱ་ནག་གི་ཁོངས་སུ་ཚུད་མྱོང་མེད་པ་སོགས་བཀོད་པའི་ཕྱག་དེ་གཉིས་ཕྱིའི་སྐུ་མགྲོན་རྣམ་པར་ཕུལ་ཐུབ་ཚེ་དགོངས་པ་བཞེས་རྒྱུར་ཕན་ཐོགས་ཡོང་རྒྱུ་མ་ཚད་པར་བོད་དེ་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་གི་གནས་བབ་དེ་བསྒྲུབ་ཀྱི་ཡོད་སྟབས་དབུ་མའི་ལམ་གྱི་སྲིད་བྱུས་ལའང་གདེང་འཇོག་ཐུབ་ངེས་ཡིན་པ་གསུངས་ཡོད།དེ་བཞིན་བོད་དོན་ཞུ་གཏུག་དང་ཆབ་སྲིད་ཀྱི་ལས་གཞི་རྒྱ་ཆེ་རུ་གཏོང་ཐབས་སུ་བྱང་ཨ་རི་དང་ཡོ་རོབ་ཁུལ་དུ་ཟུང་དྲུང་གནས་རིམ་གྱི་ལས་བྱེད་འཕར་མ་རེ་བསྐོ་གཞག་གནང་རྒྱུ་ཞེས་པའི་གནད་དོན་དང་འབྲེལ་གྲོས་ཚོགས་འཐུས་མི་མང་དག་ཅིག་གིས་དོན་གཅོད་ཁག་ཏུ་ཕྱག་ལས་གནང་བར་ཡིག་རྒྱུགས་ཀྱི་ལམ་ནས་གནང་དགོས་པ་ལྟར་ལམ་ལུགས་དེ་སོར་གནས་ཡོད་མེད་དང་། བསྐོ་གཞག་གནང་འཆར་དེ་དམིགས་བསལ་ ༡༨ ཀྱི་ཁོངས་སུ་ཡིན་མིན་སོགས་བཀའ་འདྲི་ཞུས་པར་དཔལ་འབྱོར་བཀའ་བློན་མཆོག་གིས་བཀའ་ཤག་སྐབས་ ༡༦ པས་ཆབ་སྲིད་ཀྱི་ལས་དོན་བྱེད་ཕྱོགས་ཀྱི་སྒྲོམ་གཞི་དང་གནས་ཚུལ་སྟངས་འཛིན་ལ་འགྱུར་བ་ཕྲན་བུ་ཞིག་བཏང་ཡོད་པའི་ཁྲོད་དོན་གཅོད་རྣམ་པ་ས་གནས་བོད་རིགས་ཀྱི་གནད་དོན་དང་འབྲེལ་ནས་ལས་དོན་ཆེད་གང་སར་ལན་མང་བཅར་རྒྱུའི་ལས་འགན་དེ་ཟུང་དྲུང་གི་ངོས་ནས་གནང་རྒྱུ་དང་། དོན་གཅོད་རྣམ་པས་གནས་ཡུལ་གཞུང་དང་གྲོས་ཚོགས་སོགས་ལ་ཐབས་བྱུས་དང་ལྡན་པའི་སྒོ་ནས་འབྲེལ་ལམ་ཞིག་གནང་ཐུབ་ཚེ་འགྲོ་གྲོན་འཕར་མ་ཞིག་འགྲོ་སྲིད་ཀྱང་ལས་དོན་ལ་ཚགས་ཚུད་ཡོང་བར་ཕན་ཐོགས་ཡོད་པ་དང་། ད་ལྟའི་ཆར་ལས་བྱེད་དེ་གཉིས་དམིགས་བསལ་ ༡༨ ཀྱི་ཁོངས་སུ་བསྐོ་གཞག་གནང་འཆར་མེད་ཅེས་གསུངས་སོང་།དེ་རིང་གི་གྲོས་ཚོགས་སུ་སྲིད་སྐྱོང་དང་དཔལ་འབྱོར་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག་གིས་ན་གཞོན་ལས་མེད་ཀྱི་གནད་དོན་དང་འབྲེལ་ནས་ནང་སྲིད་ལས་ཁུངས་བརྒྱུད་ནས་ན་གཞོན་ལས་མེད་ ༢༧༤ གྲངས་ཐོ་དང་ཁོང་རྣམ་པའི་གནང་བློ་ཡོད་པའི་ལས་རིགས་མི་འདྲ་བ་ ༣༣ ཙམ་གྱི་ཐོ་གཞུང་ཞིག་འབྱོར་ཡོད་པ་ལྟར་གྲོས་ཚོགས་ཀྱི་ལས་རིམ་སོགས་དང་འབྲེལ་ཏེ། དཔྱད་པ་གནང་རྒྱུའི་དུས་ཚོད་བྱུང་མེད་ཀྱང་ན་གཞོན་ལས་མེད་ཚོར་རོགས་སྐྱོར་བྱ་རྒྱུའི་ལས་གཞི་རྣམས་བང་སྒྲིག་རྒྱུ་དང་། ས་གནས་སོ་སོའི་མཉམ་སྦྲེལ་གྱི་ངོས་ནས་ཕྱི་ནང་གཉིས་ཀྱི་སྲིད་བྱུས་ལ་འགྱུར་བ་གང་ཕྱིན་ལ་གཞིགས་ཏེ་འགན་བཞེས་པའི་སྒོ་ནས་ན་གཞོན་ལས་མེད་ཚོའི་ལག་ཤེས་ཀྱི་སློབ་སྦྱོང་ཟིན་པའི་རྗེས་སུ་མ་ཤེར་འཛུགས་ནས་ཚོང་ལས་བྱ་ཐུབ་མཁན་ཞིག་འབྱུང་ཚེ་སླད་མར་གཞིས་ཆགས་སུ་གཞོན་སྐྱེས་ཚོ་རྒྱུན་གནས་ཐུབ་པའི་རེ་བ་ཡོད་ཅེས་གསུངས་སོང་།ཁ་སང་གི་གྲོས་ཚོགས་སུ་གླེང་སློང་བྱུང་བའི་དང་བླངས་དཔྱ་དངུལ་སྤར་ཆ་གནང་རྒྱུའི་གནད་དོན་དང་འབྲེལ་དཔལ་འབྱོར་བཀའ་བློན་མཆོག་གིས་གྲོས་ཚོགས་ཚོགས་ཟིན་པའི་རྗེས་སུ་མང་ཚོགས་དང་ལྷན་དུ་དངུལ་འབོར་ག་ཚོད་སྤར་དགོས་མིན་སོགས་ཀྱི་ཐོག་བསམ་ཚུལ་བརྗེ་ལེན་དང་། གཞུང་དངུལ་འདུ་འགོད་ཀྱི་སྒྲིག་གཞི་ལ་བསྒྱུར་བཅོས་དགོས་མིན་ལ་གཞིགས་ཏེ་ལོ་རྗེས་མའི་སྔོན་རྩིས་ནང་བསྣམ་རྒྱུ་ལས་འདི་ལོར་སྤར་ཆ་དཀའ་སྐོར་གསུངས་ཡོད། དེ་བཞིན་ཁ་སང་གི་གྲོས་ཚོགས་སུ་བཀའ་ཤག་སྐབས་གོང་མིའི་ད་ལྟའི་བཀའ་ཤག་གི་ལས་གཞིའི་ཆེད་བཞག་པའི་སྒོར་ས་ཡ་ ༥༠ དེ་སྔོན་རྩིས་གཏམ་བཤད་དང་ཚོད་དཔག་འཆར་རྩིས་ཚོགས་ཚུང་གི་སྙན་ཐོ་བཅས་གང་གི་ནང་དུའང་གསལ་མེད་སྟབས། དངུལ་འབོར་དེ་གང་དུ་བཞག་ཡོད་མེད་བཀའ་འདྲི་ཞུས་དོན་ལྟར་ས་ཡ་ ༥༠ བཞག་ཡོད་ཟེར་བ་ལས་འགྲོ་གྲོན་གང་དུ་གཏོང་རྒྱུ་ཡིན་མིན་གསལ་མེད་པ་དང་། དངུལ་འབོར་དེ་དཔལ་འབྱོར་ལས་ཁུངས་སུ་ཡོད་པར་གསལ་བཤད་བཅས་གནང་ཡོད།

སྐབས་༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པ་མཇུག་སྒྲིལ།

དེ་རིང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་དུས་གཉིས་པའི་ལས་ཉིན་མཐའ་མར་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་དང་བདེ་སྲུང་ལས་ཁུངས་ཀྱི་ཕྱི་ལོ་ ༢༠༢༠་དང་ ༢༡ ལོའི་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་སྙན་སྒྲོན་དང་། དེའི་ཐོག་སྤྱི་འཐུས་རྣམ་པའི་བགྲོ་གླེང་བཅས་གནང་སྟེ་སྐབས་༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པ་མཇུག་སྒྲིལ་གནང་སོང་།དེའང་དེ་རིང་སྔ་དྲོ་ཆོ་འཕྲུལ་དུས་ཆེན་དང་བསྟུན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སྔ་དྲོ་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྐྱེས་རབས་དང་སེམས་བསྐྱེས་ཀྱི་བཀའ་ཆོས་བཀྲིན་བསྐྱངས་བ་ལྟར། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དེ་བཞིན་བཀའ་ཆོས་ཡོངས་སུ་གྲུབ་པའི་རྗེས་སུ་ཚོུད་ ༡༡།༣༠ ཐོག་དབུ་འཛུགས་གནང་བ་དང་། ཚོགས་དུས་དབུ་འཛུགས་ཀྱི་ཐོག་མར་སྤྱི་འཐུས་ཚོགས་གཙོ་མཆོག་གིས་དེ་རིང་༸གོང་ས་མཆོག་གིས་ལོ་གཉིས་ཙམ་གྱི་རྗེས་མང་ཚོགས་ལ་དངོས་སུ་བཀའ་ཆོས་སྩལ་བའི་སྐལ་བཟང་གི་དུས་ཚིགས་དེའི་ཐོག ༸གོང་ས་མཆོག་གིས་བོད་ཀྱི་བདེན་དོན་འཐབ་རྩོད་ཐད་བོད་ཀྱི་ཆོས་དང་རིག་གཞུང་སྲོག་རྩ་ལྟ་བུ་ཡིན་པའི་བཀའ་སློབ་བསྐྱར་ནན་མཛད་པ་བཞིན། ང་ཚོའི་ངོས་ནས་ཀྱང་ནུས་པ་གང་ཡོད་ཀྱིས་ཧུར་ཐག་ཐོག་ནས་ལས་འགན་གཞི་རྒྱ་ཆེ་ཙམ་བཞེས་དགོས་པའི་ཞུ་སྐུལ་གནང་སོང་།དེ་རིང་གི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་མཐའ་མའི་ཐོག་བོད་མིའི་སྒྲིག་འཛུགས་བདེ་སྲུང་ལས་ཁུངས་ཀྱི་ཕྱི་ལོ་ ༢༠༢༠་དང་ ༢༡ ལོའི་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་སྙན་སྒྲོན་དང་དེའི་ཐོག་བགྲོ་གླེང་ཞུས་ཡོད་པ་ལྟར། སྐབས་དེར་སྤྱི་འཐུས་རྣམས་ཀྱིས་གཙོ་བོ་བཙན་བྱོལ་བོད་མིའི་སྐྱབས་བཅོལ་ལག་དེབ་དང་ཕྱིར་སྐྱོད་ལག་དེབ་ཐོག་འཕྲད་པའི་དཀའ་ངལ་ཁག་ཅིག་དང་། ཨོ་གླིང་དུ་བོད་མི་གཞིས་སྤོར་གྱི་གནད་དོན། དམག་ཟུར་རྣམ་པའི་བདེ་དོན། ལྷག་པར་སྐུའི་སྲུང་ཕྱྭ་སོགས་གལ་ཆེའི་གནད་དོན་འདྲ་མིན་ཁག་གཅིག་གི་ཐོག་བཀའ་བློན་མཆོག་ལ་དྲི་རྩད་ནན་པོ་གནང་སོང་།གཞན་ཡང་ཕྱི་དྲོའི་ཚོགས་དུས་ཐོག་སྲིད་སྐྱོང་དང་འཕྲོད་བསྟེན་བཀའ་བློན་གཅིག་ལྕོག་སྤེན་པ་ཚེ་རིང་མཆོག་གིས་འཕྲོད་བསྟེན་ལས་ཁུངས་མ་ལགས་དང་བཅས་པའི་ཕྱི་ལོ་ ༢༠༢༠དང་༢༡ ལོའི་ལས་བསྡོམས་སྙན་སྒྲོན་དང་དེའི་ཐོག་བགྲོ་གླེང་གནང་ཡོད་པ་ལྟར། སྐབས་དེར་སྤྱི་འཐུས་མི་ཉུང་བ་ཞིག་གིས་བཀའ་བློན་མཆོག་ལ་ཏོག་དབྱིབས་ཀྱི་གནས་སྟངས་ཁྲོད་མང་ཚོགས་ལ་སྔོན་འགོག་སྨན་ཁབ་རྒྱག་ཕྱོགས་ཐད་བཀའ་ཤག་གི་ཕྱག་ལས་གནང་ཕྱོགས་ལ་དོགས་འདྲི་དང་། བོད་མིའི་ས་གནས་ཁག་ཏུ་སྨན་པ་འདང་ངེས་མེད་པའི་དཀའ་ངལ་དང་འབྲེལ་བའི་དྲི་བ་ཕུལ་མཁན་བྱུང་བ་མ་ཟད། སྐུའི་བླ་སྨན་པ་རྣམས་ལ་དམིགས་བསལ་ཆེ་མཐོང་དགོས་བའི་འབོད་སྐུལ་ཞུ་མཁན་ཡང་བྱུང་སོང་།དེ་དང་ཆབས་ཅིག    ཐེངས་འདིའི་སྤྱི་འཐུས་གྲོས་ཚོགས་ཀྱི་ཚོགས་དུས་གཉིས་བ་ཡོངས་སུ་མཇུག་སྒྲིལ་གནང་ཡོད་པ་དང་། དེ་རིང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམ་བསྟན་འཕེལ་མཆོག་གིས་མཇུག་བསྡོམས་གསུང་བཤད་གནང་སྐབས། ཐེངས་འདིའི་ཚོགས་དུས་ཐོག་མྱ་ངན་གུས་འདུད་ཀྱི་གྲོས་ཆོད་ཁག་ཅིག་དང་ལྷན་དུ་གཙོ་བོ་བོད་ནང་གི་ཛ་དྲག་གི་གནས་སྟངས་ཐད་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་ཅིག་སྤྱི་མོས་ཀྱིས་གཏན་འབེབས་གནང་ཡོད་པ་ལྟར། གཙོ་བོ་གྲོས་ཆོད་ཀྱི་དགོངས་དོན་གཞིན་རྒྱ་ནག་གི་འགོ་ཁྲིད་དང་ལྷན་གྲོས་མོལ་གྱི་སྒོ་ནས་བོད་ཀྱི་དཀའ་རྙོག་སེལ་ཐབས་དང་། ལྷག་པར་རྒྱ་ནག་གི་ཆབ་སྲིད་ཀྱི་གནས་སྟངས་ལ་འགྱུར་བ་འགྲོ་ཐུབ་པའི་གནས་བབ་ཅིག་བཟོ་ཐུབ་རྒྱུ་གལ་ཆེན་ཡིན་པ་བཅས་གྲོས་ཆོད་དེའི་གནད་འགག་སྐོར་ལ་འགྲེལ་བརྗོད་གནང་སོང་།ཕྱོགས་མཚུངས་ཐེངས་འདིའི་གྲོས་ཚོགས་ཀྱི་ཚོགས་དུས་དེ་བཀའ་ཤག་གོང་མའི་ལས་བསྡོམས་ལྟ་བུ་ཆགས་ཡོད་ཀྱང་། ལས་བསྡོམས་དེ་དག་བཀའ་ཤག་གསར་པར་ལས་དོན་རྒྱུན་འཁྱོངས་ཀྱི་གཞི་ལྟ་བུ་ཞིག་ཆགས་ཡོད་པའི་རེ་བ་དང་། བཀའ་ཤག་གོང་མའི་ཕྱག་ལས་རྣམས་གྲོས་ཚོགས་ཀྱི་དེབ་ཐེར་ནང་ལྷག་ཐུབ་པ་དང་མང་ཚོགས་ཀྱི་མཁྱེན་རྟོགས་ཐུབ་པའི་གནས་སྟངས་ཆགས་ཡོད་པའི་འགྲེལ་བརྗོད་གནང་སོང་། རྩ་བའི་ཐེངས་འདིའི་གྲོས་ཚོགས་ཐོག་དཔལ་འབྱོར་ལས་ཁུངས་ཀྱི་ལས་བསྡོམས་དང་འབྲེལ་སྲིད་སྐྱོང་མཆོག་གིས་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་གནས་སྟངས་ཐད་གྲོས་ཚོགས་ནས་ཚོགས་ཆུང་ཞིག་ཆེད་འཛུགས་ཀྱིས་ཞིབ་འཇུག་མཐིལ་ཕྱིན་པ་གནང་དགོས་པའི་ལམ་སྟོན་དང་།གཞན་ཡང་ཁྲིམས་ཞིབ་པ་ཆེ་བའི་འོས་མི་འདེམས་སྒྲུག་ཚོགས་ཆུང་གིས་དངོས་དང་དྲ་ཐོག་བཅས་སུ་གོ་བསྡུར་དང་། ཁྲིམས་ཞིབ་པ་ཆེ་བའི་འོས་མིའི་ཆེད་ཐབས་ཤེས་ཡོད་རྒུ་ཞུས་ཀྱང་། བཅའ་ཁྲིམས་དོན་ཚན་ ༦༣ པའི་ནང་གསེས་དོན་ཚན་ ༡ དང་ ༢ པ་གཉིས་སུ་གསལ་བའི་འོས་ཆོས་ཡོངས་སུ་ཚང་བའི་འོས་མིའི་མཚན་གཞུང་ཞིག་འབུལ་ཐུབ་མ་སོང་ཞེས་གསུངས་བའི་ཡིག་ཆུང་ཞིག་འཆར་འབུལ་ཞུས་པ་བྱུང་ཡོད་པ་ལྟར།དེ་རིང་ཚོགས་གཙོ་མཆོག་གིས་གསུང་བཤད་ཁྲོད་རྒྱུན་ལས་དང་གོ་བསྡུར་སྒོ་ནས་བདུན་ཕྲག་རྗེས་མའི་ནང་འཚོགས་རྒྱུའི་སྔོན་རྩིས་གྲོས་ཚོགས་ཐོག་ལས་དོན་དེ་དག་ཐད་མཇུག་སྐྱོང་གང་གནང་མིན་བཀའ་བསྡུར་ཡོང་རྒྱུ་ཡིན་པར་གསུངས་ཡོད། སྤྱིར་ལས་རིམ་ལྟར་ན། བདུན་ཕྲག་རྗེས་མའི་རེས་གཟའ་ཟླ་བ་ནས་སྐབས་༡༧་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གསུམ་པ་སྟེ་སྔོན་རྩིས་གྲོས་ཚོགས་དབུ་འཛུགས་གནང་གི་ཡོད་པ་རེད།  

ཁྲིམས་ཞིབ་པ་ཆེ་བའི་འོས་ཆོས་ཚང་བའི་འོས་མི་རག་མི་འདུག

དེ་རིང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་སུ་ཁྲིམས་ཞིབ་པ་ཆེ་བའི་འོས་མི་འདེམས་སྒྲུག་ཚོགས་ཆུང་གི་འཆར་འབུལ་ཡིག་ཆུང་ཞིག་སྲིད་སྐྱོང་བརྒྱུད་སྤྱི་འཐུས་ཚོགས་གཙོར་ཕུལ་བ་ལྟར། ཡིག་ཆུང་དེའི་ནང་ཚོགས་ཆུང་ངོས་ནས་དངོས་དང་དྲ་ཐོག་བཅས་སུ་གོ་བསྡུར་དང་། ཁྲིམས་ཞིབ་པ་ཆེ་བའི་འོས་མིའི་ཆེད་ཐབས་ཤེས་ཡོད་རྒུ་ཞུས་ཀྱང་། བཅའ་ཁྲིམས་དོན་ཚན་ ༦༣ པའི་ནང་གསེས་དོན་ཚན་ ༡ དང་ ༢ པ་གཉིས་སུ་གསལ་བའི་འོས་ཆོས་ཡོངས་སུ་ཚང་བའི་ འོས་མིའི་མཚན་གཞུང་ཞིག་འབུལ་ཐུབ་མ་སོང་ཞེས་གསུངས་འདུག གཞི་རྩའི་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་མཆོག་སྔར་ལོའི་ཟླ་ ༡༡ ཚེས་ ༡༥ ཉིན་ནས་ལས་ཡུན་གཙང་ནས་རྒས་ཡོལ་དུ་ཕེབས་ཡོད་པ་ལྟར། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༦༣ ནང་གསེས་དང་པོའི་ནང་། ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་དང༌། ཁྲིམས་ཞིབ་པ་གཞན་གཉིས་བཅས་སོ་སོའི་གོ་ཡུལ་སྟོང་པ་ནམ་ཐོན་ལ་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་དང༌། སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན། སྲིད་སྐྱོང་བཅས་ཚང་འཛོམས་བྱུང་ན་སྨོས་མེད་དང་། གལ་ཏེ་ཚང་འཛོམས་མ་ཐུབ་ཚེ་ངོ་ཡོད་ལྷན་ཚོགས་ཀྱིས་སྐབས་དེའི་འོས་མི་འདེམས་སྒྲུག་ཁོ་ནའི་ཆེད་བསྐོ་འཛུགས་བྱས་པའི་མི་འགྲོ་གསུམ་མམ་ལྔ་ཡོད་པའི་འདེམས་སྒྲུག་ཚོགས་ཆུང་གིས་ཉིས་ལྡབ་ལས་མ་ཉུང་བའི་འཆར་ཕུལ་ལྟར་སྤྱི་འཐུས་ལྷན་ཚོགས་སུ་འོས་བསྡུའི་ལམ་ནས་མང་མོས་ཐོབ་པ་དེར་ཁྲིམས་ཞིབ་པ་ཆེ་བའམ་ཁྲིམས་ཞིབ་པར་འོས་ཐོན་བྱུང་བར་ངོས་འཛིན་བྱ་རྒྱུ་བཅས་གསལ་བ་ལྟར། ཐེངས་འདིའི་ཁྲིམས་ཞིབ་པ་ཆེ་བའི་འོས་མི་འདེམས་སྒྲུག་ཚོགས་ཆུང་ཁོངས་སུ་ཁྲིམས་ཞིབ་པ་ཆེ་བ་ཟུར་པ་བློ་བཟང་དར་རྒྱས་མཆོག་དང་། བཀའ་ཟུར་རིན་ཆེན་མཁའ་འགྲོ་མཆོག དེ་བཞིན་བཀའ་ཟུར་ཐུབ་བསྟན་ལུང་རིག་མཆོག་བཅས་བསྐོ་གཞག་གནང་ཡོད་པ་རེད།དེ་རིང་འོས་མི་འདེམས་སྒྲུག་ཚོགས་ཆུང་གི་འཆར་འབུལ་ཡིག་ཆུང་ནང་དུ་ཚོགས་ཆུང་གིས་ཐབས་ཤེས་ཡོད་རྒུ་ཞུས་ཀྱང་། བཅའ་ཁྲིམས་དོན་ཚན་ ༦༣ པའི་ནང་གསེས་དོན་ཚན་ ༡ དང་ ༢ པ་གཉིས་སུ་གསལ་བའི་འོས་ཆོས་ཡོངས་སུ་ཚང་བའི་ཁྲིམས་ཞིབ་པ་ཆེ་བའི་འོས་མིའི་མཚན་གཞུང་ཞིག་འབུལ་ཐུབ་མེད་པ་སྙན་གསེང་ཞུས་རྗེས། ཚོགས་གཙོའི་ངོས་ནས་སྤྱི་འཐུས་རྒྱུན་ལས་དང་གོ་བསྡུར་གནང་བའི་ཐོག་གཟའ་འཁོར་རྗེས་མའི་ནང་འཚོགས་རྒྱུའི་སྔོན་རྩིས་གྲོས་ཚོགས་སྐབས་སུ་བཅའ་ཁྲིམས་བསྐྱར་བཅོས་གནང་ཐབས་ཐད་ལ་གོ་བསྡུར་ཞུ་རྒྱུ་ཡིན་ཞེས་གསུངས་སོང་། སྤྱིར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༦༣ ནང་གསེས་གཉིས་པ་དེ་ནི་ཁྲིམས་ཞིབ་པ་ཆེ་བ་དང་། ཁྲིམས་ཞིབ་པ་གཞན་གཉིས་ཀྱི་འོས་ཆོས་སྐོར་ལ་ཡིན་པ་དང་། ནང་གསེས་གཉིས་པའི་ག་པར་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དང་ཁྲིམས་ཞིབ་པ་གཞན་གཉིས་བཅས་ནི་ཁྲིམས་ཁང་ཞིག་ནང་ལོ་ལྔའི་རིང་མུ་མཐུད་ཁྲིམས་དཔོན་གྱི་ལས་འཁུར་བྱས་མྱོང་བའམ། ཡང་ན་ཉུང་མཐར་ལོ་བཅུའི་རིང་ཁྲིམས་རྩོད་མཁས་པའི་གྲས་སུ་ཚུད་པ་བཅས་ལ་མ་གཏོགས་འོས་བབ་ཡོད་པ་མ་ཡིན། འོན་ཀྱང་བཅའ་ཁྲིམས་འདི་ཉིད་ལག་ལེན་འགོ་འཛུགས་བྱས་པ་ནས་བཟུང་ལོ་སུམ་ཅུའི་རིང་ཁྲིམས་ཞིབ་པ་ཆེ་བ་དང༌། ཁྲིམས་ཞིབ་པ་གཞན་གཉིས་བཅས་བསྐོ་གཞག་དགོས་རིགས་ནང་གསེས་འདིའི་ཆ་རྐྱེན་ཁག་ལ་བསྟུན་གནང་མི་དགོས་ཅེས་གསལ་ཡོད་པ་རེད། ད་ཆ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཏན་འབེབས་གནང་སྟེ་ལོ་ངོ་ ༣༠ སོང་ཟིན་སྟབས། བཅའ་ཁྲིམས་ལ་བསྐྱར་བཅོས་མ་གནང་བར་དུ་ཁྲིམས་ཞིབ་པ་ཆེ་བ་དང་ཁྲིམས་ཞིབ་པ་གཞན་གཉིས་ལ། བཅའ་ཁྲིམས་དོན་ཚན་ ༦༣ པའི་ནང་གསེས་དོན་ཚན་ ༢ པའི་ག་པར་གསལ་བའི་འོས་ཆོས་ཚང་དགོས་ཀྱི་ཡོད་སྟབས། སྔར་ལོའི་ཕྱི་ཟླ་ ༡༠ པའི་ནང་ཚོགས་པའི་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དང་པོའི་ཐོག བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཁྲིམས་འཆར་ཞིག་ཕེབས་ཡོད་ཀྱང་། སྐབས་དེར་སྤྱི་འཐུས་ཁག་གཅིག་གིས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་འཕོ་འགྱུར་གྱི་གྲོས་ཆོད་དེ་གཙང་མ་མ་ཆགས་ཀྱི་བར་དུ་ཆེས་མཐོའི་ཁྲིམས་ཞིབ་ཁང་དང་འབྲེལ་བའི་ལས་དོན་ཚང་མར་དགག་པ་ཡོད་ཅེས་གསུངས་མཁན་བྱུང་ཡོད་ལ། ཁག་གཅིག་གིས་བཅའ་ཁྲིམས་ལ་བསྐྱར་བཅོས་མ་གནང་གོང་ལ་ད་ཡོད་ཀྱི་དོན་ཚན་ལྟར་ཁྲིམས་ཞིབ་པའི་འོས་མི་ཐོབ་མིན་འབད་བརྩོན་གནང་དགོས་པ་གསུང་མཁན་བྱུང་སྟེ་བཅའ་ཁྲིམས་བསྐྱར་བཅོས་གནང་ཐུབ་མེད་པ་རེད།

ནད་ཡམས་ཁྲོད་འཐུས་ཤོར་ཕྱིན་པའི་བོད་ཕྲུག་ཚོའི་ཤེས་ཡོན་ཐོག་སྔར་ལྷག་ཤུགས་བསྐྱོན་རྒྱུའི་འབོད་སྐུལ།

དེ་རིང་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་བཞི་པའི་ཐོག་ཤེས་རིག་ལས་ཁུངས་ཀྱི་བཀའ་བློན་ཐར་ལམ་སྒྲོལ་མ་མཆོག་ནས་བཀའ་ཤག་གོང་མའི་ཤེས་རིག་ལས་ཁུངས་མ་ལག་དང་བཅས་པའི་ལོ་འཁོར་ལས་བསྡོམས་སྙིང་བསྡུས་སྙན་སྒྲོན་དང་དེ་འབྲེལ་སྤྱི་འཐུས་རྒྱུན་ལས་ཀྱི་དྲི་བ་ཕེབས་ཁག་ལ་ལན་འདེབས་གསལ་བཤད་གནང་བ་དང་སྦྲགས། སྤྱི་འཐུས་ ༡༣ ཙམ་ནས་ཤེས་རིག་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་ཐོག་བགྲོ་གླེང་གི་ཆ་ཤས་བླངས་བའི་ཁྲོད་ནད་ཡམས་ཁྲོད་འཐུས་ཤོར་ཕྱིན་པའི་བོད་ཕྲུག་ཚོའི་ཤེས་ཡོན་ཐོག་སྔར་ལྷག་ཤུགས་བསྐྱོན་རྒྱུའི་འབོད་སྐུལ་ཞུས་སོང་། དེ་ཡང་དེ་རིང་གི་བགྲོ་གླེང་གི་ལས་རིམ་ཐོག་དགེ་རྒན་གྱི་གསོལ་ཕོགས་ཆ་སྙོམས་དགོས་པ་དང་སློབ་གྲྭ་ཟླ་སྒྲིལ་ཐད་ད་ལྟའི་བཀའ་ཤག་གི་སྲིད་བྱུས་གང་འདྲ་འཛིན་བཞིན་པ་དང་། ནད་ཡམས་ཁྲོད་བོད་ཕྲུག་ཚོར་སློབ་སྦྱོང་ཐོག་འཐུས་ཤོར་ཕྱིན་ཡོད་པ་སོགས་ཀྱི་གནད་དོན་སྐོར་བགྲོ་གླེང་བྱུང་ཡོད། དེའི་ཁྲོད་སྤྱི་འཐུས་ཁག་ཅིག་གིས་སློབ་གྲྭ་ཁག་ཏུ་གསོལ་ཕོགས་དང་མཐུན་རྐྱེན་མ་འདང་བའི་རྐྱེན་གྱིས་དགེ་རྒན་རྣམས་རྒྱུན་གནས་མ་ཐུབ་པའི་དཀའ་ངལ་འཕྲད་པའི་སྐོར་དང་། དེ་བཞིན་སློབ་མ་གྲངས་འབོར་གོང་འཕེལ་གནང་དགོས་གལ་དང་དེ་མིན་སློབ་གྲྭ་སྒོ་བརྒྱབ་པ་སོགས་གནང་ན་འགྲིག་གི་མེད་པའི་དགོངས་ཚུལ་འདོན་མཁན་བྱུང་སོང་བ་དང་། དེར་ཤེས་རིག་བཀའ་བློན་མཆོག་གིས། སློབ་གྲྭར་དགེ་རྒན་སྤུས་དག་དགོས་གལ་ངོས་འཛིན་དང་སྦྲགས་དེ་འབྲེལ་ཐད་དགོངས་འཆར་གནང་བ་གཞིར་བཟུང་ལག་ལེན་འཁེལ་བ་གནང་གི་ཡིན་གསུངས་སོང་ལ། སློབ་གྲྭ་ཟླ་སྒྲིལ་གཏོང་དགོས་པ་དེ་ཡང་གནས་སྟངས་ཀྱི་ཆ་ནས་དེ་ལྟར་གནང་དགོས་བྱུང་སྐོར་གསུངས་སོང་ལ།དེ་བཞིན་སྤྱི་འཐུས་གཅིག་གིས་ནད་ཡམས་ཁྲོད་ཤེས་རིག་ལས་ཁུངས་ནས་སློབ་ཕྲུག་ཚོའི་ཤེས་ཡོན་དང་འབྲེལ་དྲ་ཐོག་བརྒྱུད་སློབ་ཁྲིད་སོགས་གནང་ཡོད་ཀྱང་སློབ་གྲྭ་ཁྱོན་ཡོངས་ཀྱི་བོད་ཕྲུག་ཚོའི་ཤེས་ཡོན་ཐོག་ལ་འཐུས་ཤོར་ཕྱིན་ཡོད་པས། ད་ཆ་སློབ་གྲྭ་ཁག་འགོ་འཛུགས་གནང་ཡོད་དུས་བོད་ཕྲུག་ཚོའི་ཤེས་ཡོན་ཐོག་སྔར་ལྷག་ཤུགས་སྐྱོན་གནང་རོགས་ཞེས་འབོད་སྐུལ་ཞུས་སོང་བ་ལྟར། ཤེས་རིག་བཀའ་བློན་མཆོག་གིས་ནད་ཡམས་ཁྲོད་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་གཏོང་མ་ཐུབ་པའི་རྐྱེན་དེར་བརྒྱ་ཆ་སྤྲོད་ཕྱོགས་འགྲེལ་བརྗོད་དང་འབྲེལ། དེར་འབྲེལ་གྲུབ་འབྲས་ཧ་སངས་དགོས་པ་ཐོན་ཡོད་ཀྱང་གྲུབ་འབྲས་ཐོན་པ་གཞིར་བཟུང་དེ་ལྟར་གྱི་གནས་ཚད་བྱུང་ཡོད་པ་ཞིག་ལ་ངོས་འཛིན་གནང་གི་མེད་སྟབས། དེའི་ཐོག་སློབ་གྲྭ་ཁག་ནས་ངེས་པར་དུ་འཐུས་ཤོར་ཕྱིན་པ་དེ་གུན་གསབ་བྱེད་ཐུབ་རྒྱུར་གནད་འགག་ཆགས་ཀྱི་ཡོད་སྐོར་གསུངས་སོང་། མ་ཟད། བགྲོ་གླེང་ཐོག་སྤྱི་འཐུས་ཁག་ཅིག་གིས་ལྡི་ལིར་རྟེན་གཞི་བྱས་པའི་ JNU གཙུག་ལག་སློབ་ཁང་དུ་བོད་ཕྲུག་ཚོ་ཕྱིའི་རྒྱལ་ཁབ་ཀྱི་སློབ་མའི་ཁོངས་སུ་བཅུག་ནས་སློབ་ཡོན་སྤར་བའི་རྐྱེན་གྱིས་དཀའ་ངལ་འཕྲད་འཕྲད་བཞིན པས། དེ་འབྲེལ་དཀའ་ངལ་སེལ་བར་འབད་བརྩོན་གནང་དགོས་གལ་གསུངས་པར། ཤེས་རིག་བཀའ་བློན་མཆོག་གིས་དེར་འབྲེལ་ཐད་དཀའ་ངལ་སེལ་བར་འབྲེལ་ཡོད་ཚོ་དང་ལྷན་ཐུག་འཕྲད་ཀྱིས་ཐབས་ཤེས་གང་ཐུབ་གནང་རྒྱུ་ཡིན་པའི་ཞལ་བཞེས་གནང་སོང་། གཞན་ཡང་ད་རེས་ཀྱི་བགྲོ་གླེང་ཐོག་སློབ་གྲྭ་ཁག་ཟླ་སྒྲིལ་བཏང་བ་དང་ལྷན་སློབ་གྲྭ་ཁག་ནང་ཧི་མ་ལ་ཡ་དང་ཡུལ་མིའི་སློབ་ཕྲུག་གི་གྲངས་འབོར་བརྒྱ་ཆ་དེ་གང་ལ་གང་ཙམ་མང་པོ་ཆགས་ཡོད་སྟབས། སློབ་གྲྭ་ཐ་དད་དགོས་སྐོར་གྱི་དགོངས་ཚུལ་གསུངས་མཁན་ཡང་བྱུང་སོང་། ད་རེས་ཉིན་རྒྱབ་ཤེས་རིག་ལས་ཁུངས་ཀྱི་ལས་བསྡོམས་ཐོག་བགྲོ་གླེང་གྲུབ་མཚམས་ཕྱི་དྲིལ་ལས་ཁུངས་མ་ལག་དང་བཅས་པའི་ཕྱི་ལོ་ ༢༠༢༠་་༢༡ ལོའི་ལོ་འཁོར་ལས་བསྡོམས་ཐོག་ལ་ཕེབས་སོང་།

གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་གནས་སྟངས་ལ་བལྟས་ན་མ་འོངས་གཡང་མ་གཏོགས་མཐོང་གི་མེད།

དེ་རིང་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་གསུམ་པའི་ཚོགས་དུས་གསུམ་པ་དང་བཞི་པའི་ཐོག་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་ཕྱི་ལོ་ ༢༠༢༠ ཟླ་ ༤ ཚེས་ ༡ ནས་ཕྱི་ལོ་ ༢༠༢༡ ཟླ་ ༣ ཚེས་ ༣༡ བར་གྱི་ལོ་འཁོར་ལས་བསྡོམས་སྙིང་བསྡུས་དང་། ལས་བསྡོམས་རྒྱས་པར་སྤྱི་འཐུས་རྒྱུན་ལས་ནས་བལྟ་ཞིབ་གནང་བའི་སྙན་ཐོའི་ཐོག་བགྲོ་གླེང་གནང་བའི་ཁྲོད། བཀའ་ཤག་གོང་མའི་སྐབས་སུ་ཆེད་བཙུགས་གནང་བའི་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་གནས་སྟངས་ཐད་དྲི་རྩད་ནན་པོ་ཕེབས་པ་ལྟར། སྲིད་སྐྱོང་དང་དཔལ་འབྱོར་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག་གིས་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་དཔལ་འབྱོར་གྱི་གནས་སྟངས་ལ་བལྟས་ན་གཡང་མ་གཏོགས་མཐོང་གི་མེད་པ་བཅས་མ་འོངས་པར་ཁུངས་འཁྱོལ་རྒྱུ་ཁག་པོ་ཞིག་གཟིགས་ཀྱི་ཡོད་པར་འགྲེལ་བརྗོད་དང་འབྲེལ། ལས་གཞི་དེ་མུ་མཐུད་མཇུག་སྐྱོང་གནང་རྒྱུར་གྲོས་ཚོགས་ནས་ཚོགས་ཆུང་ཞིག་ཆེད་འཛུགས་ཀྱིས་ཞིབ་འཇུག་མཐིལ་ཕྱིན་པ་གནང་ནས་ལམ་སྟོན་ཞིག་གནང་ཚེ་ལས་གཞི་མཇུག་སྐྱོང་གནང་རྒྱུ་ཡིན་ཞེས་གསུངས་སོང་།དེའང་དཔལ་འབྱོར་ལས་ཁུངས་ཀྱི་༢༠༢༠ དང་ ༢༡ ལོའི་ལོ་འཁོར་ལས་བསྡོམ་རྒྱས་པར་སྤྱི་འཐུས་རྒྱུན་ལས་ནས་བལྟ་ཞིབ་གནང་བའི་ཁོངས་སུ་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་ལས་གཞི་ཁག་མཇུག་སྐྱོང་གི་གནས་སྟངས་ལ་བགྲོ་གླེང་དགོས་པའི་གྲོས་འཆར་ལྟར། སྤྱི་འཐུས་གསུམ་གྱིས་ལས་གཞི་དེ་ནི་བོད་མིའི་སྤྱི་ཚོགས་སུ་འཕྲལ་ཕུགས་རྒྱང་གསུམ་ལ་ཕན་ཐོགས་ཡོད་ཅིང་ལོ་གསུམ་ལ་གསོ་སྐྱོང་གནང་བ་ཞིག་ཡིན་ཡང་བཀའ་ཤག་སྐབས་གསར་པའི་ངོས་ནས་སྒོ་རྒྱག་རྒྱུའི་སྐོར་གནད་དོན་ཞིག་བྱུང་བཞིན་པའི་རྒྱབ་ལྗོངས་དང་ད་ལྟའི་བཀའ་ཤག་ནས་ལས་གཞི་མཇུག་སྐྱོང་གནང་འདོད་མེད་པ་ཞིག་ཡིན་ནམ་ཞེས་དང་མ་འོངས་གནང་ཐབས་སོགས་ཀྱིས་སྐོར་ལ་དྲི་རྩད་བྱས་་ཡོད།སྐབས་དེར་དཔལ་འབྱོར་བཀའ་བློ་སྤེན་པ་ཚེ་རིང་མཆོག་གིས་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་ད་ལྟའི་གནས་སྟངས་སྐོར་ལ་གནས་ཚུལ་ཞིབ་ཁྲ་ངོ་སྤྲོད་ཁྲོད། ཞབས་ཞུ་ཁང་དེ་ཐོག་མར་ ༢༠༡༣ ལོའི་ནང་དངུལ་ཁང་ཆུང་ཆུང་ཞིག་འཆར་གཞིའི་འོག་ནས་༢༠༡༧ ལོར་འབུམ་གཅིག་དང་ཁྲི་གཉིས་མ་འཛུགས་གནང་ནས་ཚོང་ལས་ཀྱི་ངོ་བོའི་ཐོག་དེབ་སྐྱེས་ཞུས་པ་ཞིག་དང་། དེ་ལྟ་བུའི་ཚོང་ལས་གཉེར་བར་ཉུང་མཐུར་མ་རྩ་འབུམ་ཉིས་སྟོང་དགོས་ཀྱི་ཡོད་སྟབས། སྐུ་ཚབ་དོན་གཅོད་ཁག་གསུམ་གྱི་གཙོས་བོད་མིའི་ཁྱིམ་ཚང་ ༢༥ ནས་མ་འཛུགས་གནང་ནས་ཁྱོན་འབུམ་ ༧༦༠ ཡས་མས་ཤིག་ཡོད་པ་དང་། ཨ་རིའི་གཞུང་གིས་བུན་གཏོང་གི་ལས་གཞི་དེའི་ཆེད་ལོ་རེ་འཆར་འགོད་ཀྱིས་འབུམ་༢༥༠༠ སླེབས་ཡོད་ཀྱང་། དངུལ་འབོར་དེ་དཔལ་འབྱོར་ལས་ཁུངས་ཀྱི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་ནང་སླེབས་ཡོད་དུས་དངུལ་འབོར་དེ་ཚོང་ལས་ཀྱི་ངོ་བོའི་ཐོག་ཁྲིམས་མཐུན་གྱི་སྒོ་ནས་དངུལ་ཁང་ལ་གཏང་མ་ཐུབ་པ་མ་ཟད། དེར་ཕན་ཆེད་སྒྲིག་འཛུགས་གཞན་ཞིག་ཀྱང་བཙུགས་ཡོད་ཀྱང་། གང་ལྟར་ཁྲིམས་ཐོག་ནས་དེ་ལྟར་གནང་མ་ཐུབ་པ་དང་། གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་ངོ་བོ་བཅས་ཀྱི་རྒྱུ་མཚན་བཅས་ལ་བརྟེན། གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་དཔལ་འབྱོར་གྱི་གནས་སྟངས་ལ་བལྟས་ན་མ་འོངས་གཡང་མ་གཏོགས་མཐོང་གི་མེད་པ་གསུང་སོང་།དཔལ་འབྱོར་བཀའ་བློན་མཆོག་གིས་ད་དུང་ད་ལྟའི་ཆར་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་རང་གི་ནང་དུ་འབུམ་ ༧༦༠ ཙམ་ཡོད་ཀྱང་། ད་བར་འགྲོ་འགྲོན་འབུམ་༤༨༠ ལྷག་སོང་བ་དང་། དཔལ་འབྱོར་ལས་ཁུངས་ངོས་ནས་ཕྱིས་སུ་མ་རྩ་འཛུགས་མཁན་གྱི་ཁྱིམ་ཚང་དེ་དག་དང་ལྷན་དུ་ཐེངས་གསུམ་ཙམ་གྲོས་བསྡུར་རིམ་པར་གནང་བའི་ཁྲོད་ཁྱིམ་ཚང་བཅོ་ལྔས་མ་འཛུགས་ཕྱིར་འཐེན་གནང་རྒྱུ་སོགས་ཀྱི་བཀའ་མོལ་བྱུང་བ་ངོ་སྤྲོད་དང་འབྲེལ། གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་དེ་བཞིན་མ་འོངས་པར་ཁུངས་འཁྱོལ་རྒྱུ་ཁག་པོ་ཞིག་གཟིགས་ཀྱི་ཡོད་ཀྱང་། གལ་ཏེ་གྲོས་ཚོགས་ནས་མུ་མཐུད་མཇུག་སྐྱོང་གནང་དགོས་ཞེས་གསུང་གི་ཡོད་ན་གྲོས་ཚོགས་ནས་ཚོགས་ཆུང་ཞིག་ཆེད་འཛུགས་ཀྱིས་ཞིབ་འཇུག་མཐིལ་ཕྱིན་པ་གནང་ནས་མ་འོངས་ལམ་སྟོན་ཞིག་གནང་ཚེ་ལས་གཞི་མཇུག་སྐྱོང་གནང་རྒྱུ་ལས། བཀའ་ཤག་སྐབས་ ༡༦ ནས་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་དེ་སྒོ་རྒྱག་རྒྱུ་ཡིན་པ་གསུངས་མེད་ཅེས་གསལ་བཤད་གནང་སོང་། ལར་ནས་བཀའ་བློན་མཆོག་གིས་ཨ་རིའི་གཞུང་གིས་དཔལ་འབྱོར་ལས་ཁུངས་ཀྱི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་ནང་བཏང་བའི་རོགས་དངུལ་འབུམ་ ༣༠༠༠ ཙམ་ཡོད་པ་དེ་ད་ལྟ་གནང་བ་བཞིན་མུ་མཐུད་མང་ཚོགས་ལ་བུན་གཡར་སླད་མུ་མཐུད་བེད་སྤྱོད་གནང་རྒྱུ་དང་ཡང་ན་བྱེད་སྟངས་བྱེད་ཕྱོགས་ལ་འགྱུར་བ་བཏང་བའི་ཐོག་མུ་མཐུད་གནང་རྒྱུར་དགོངས་པ་བཞེས་བཞིན་ཡོད་པར་གསུང་ཡོད།གཞན་ཡང་དེ་རིང་གི་གྲོས་ཚོགས་སུ་བོད་མིའི་ཁྱད་ལས་དྭངས་བླངས་ཞབས་ཞུའི་གནད་དོན་དང་འབྲེལ། སྤྱི་འཐུས་ཁག་ཅིག་གིས་དཔལ་འབྱོར་བཀའ་བློན་མཆོག་ནས་རོགས་དངུལ་རྒྱུ་མཚན་དུ་བྱས་ཏེ་ལས་གཞི་དེ་སྒོ་བརྒྱབ་པ་ཡིན་ཞེས་པ་ཙམ་མིན་པར་ལས་གཞི་དེ་སྒྲིག་འཛུགས་དང་མི་རབས་གསར་པའི་དབར་གྱི་འབྲེལ་བ་མཐུད་ས་ཞིག་ཡིན་སྟབས། ལས་གཞི་དེ་མུ་མཐུད་གནས་རྒྱུའི་དགོངས་པ་བཞེས་རོགས་གསུངས་པ་ལྟར། དཔལ་འབྱོར་བཀའ་བློན་མཆོག་གིས་ལས་གཞི་འདི་ཐོག་མར་ཕྱི་རྒྱལ་ལ་བཞུགས་པའི་བོད་རིགས་གཞོན་སྐྱེས་ལ་དམིགས་པ་ཞིག་ཡིན་རུང་འདི་ལོའི་ལོ་མགོར་ཕྱི་རྒྱལ་ནས་བུ་མོ་གཅིག་གིས་ཟླ་ཤས་རིང་ཕྱག་ལས་གནང་ཡང་མང་ཆེ་བ་རྒྱ་གར་ནས་ཡིན་པ་ངོ་སྤྲོད་དང་སྦྲགས། ཁོང་རྣམ་པར་ཁང་དོད་དང་ཟླ་རེར་ལག་དངུལ་སོགས་སྤྲོད་ཀྱི་ཡོད་སྟབས་རོགས་ཚོགས་ནས་ཐོག་མའི་དམིགས་ཡུལ་ལྟར་འགྲོ་ཐུབ་ཀྱི་མེད་པ་ཞིག་ལས་མ་འོངས་ལས་གཞི་དེ་དང་འབྲེལ་ནས་གཞི་རྒྱ་ཆེ་རུ་ཇི་ལྟར་གཏོང་དགོས་མིན་གྱི་ཐད་ལ་དགོངས་པ་བཞེས་བཞིན་ཡོད་པ་གསུངས་སོང་།

ཉམ་ཐག་དང་གསར་འབྱོར་ལ་སྡོད་ཁང་ཐད་ནང་སྲིད་བཀའ་བློན་མཆོག་ལ་དྲི་རྩད་ནན་པོ་གནང་སོང་། 

ཁ་སང་ཉིན་རྒྱབ་ཀྱི་གྲོས་ཚོགས་ཚོགས་དུས་ཐོག་ལ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་ནང་སྲིད་བཀའ་བློན་གཅིག་ལྕོག་སྐུ་ཞབས་སྤེན་པ་ཚེ་རིང་མཆོག་གིས་བཀའ་ཤག་གོང་མའི་ཕྱི་ལོ་ ༢༠༢༠ ནས་ ༢༠༢༡ བར་གྱི་ལས་བསྡོམས་སྙན་སྒྲོན་དང་དེ་འབྲེལ་སྤྱི་འཐུས་རྒྱུན་ལས་ཀྱིས་དྲི་བ་ཕེབས་ཁག་ལ་ལན་འདེབས་གསལ་བཤད་གནང་བ་དང་སྦྲགས།  དེ་རྗེས་ནང་སྲིད་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་ཐོག་སྤྱི་འཐུས་རྣམ་པས་བགྲོ་གླེང་གི་ཆ་ཤས་བླངས་ཡོད་པ་དང་།   བགྲོ་གླེང་ལས་རིམ་ཐོག་སྤྱི་འཐུས་རྣམ་པས་ཉམ་ཐག་དང་གསར་འབྱོར་ལ་སྡོད་ཁང་སོགས་ཀྱི་ཐད་ནང་སྲིད་བཀའ་བློན་མཆོག་ལ་དྲི་རྩད་ནན་པོ་གནང་སོང་།དེ་ཡང་ཁ་སང་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་གཉིས་པའི་ཉིན་རྒྱབ་དང་དེ་རིང་ལས་ཉིན་གསུམ་པའི་སྔ་དྲོའི་དུས་ཡུན་རིང་ནང་སྲིད་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་ཐོག་སྤྱི་འཐུས་ ༡༤ ཙམ་ནས་བགྲོ་གླེང་གི་ཆ་ཤས་བླངས་ཏེ་བགྲོ་གླེང་ལྷུག་པོ་གནང་ཡོད།  སྤྱི་འཐུས་ཁག་ཅིག་གིས་བོད་མིའི་སྤྱི་ཚོགས་ཁྲོད་ཉམ་ཐག་ཞིབ་འཇུག་ཚད་ལྡན་ཞིག་གནང་དགོས་པའི་སྐོར་དགོངས་ཚུལ་དང་།  དེ་བཞིན་སྒྲིག་འཛུགས་ནས་ཉམ་ཐག་གི་ཚད་འཛིན་ས་དེ་ག་རེ་ཆགས་མིན་གྱི་དྲི་བ་སོགས་ཕུལ སོང་བ་དང་།  སྐབས་དེར་ནང་སྲིད་བཀའ་བློན་མཆོག་གིས་ཉམ་ཐག་ཞིབ་འཇུག་སླད་སྒྲིག་འཛུགས་ནས་ནང་འཕྲོད་ཤེས་གསུམ་གྱི་གནས་རིམ་མཐོ་བའི་ལས་བྱེད་རེར་ས་གནས་ནང་ཕེབས་ནས་ཞིབ་འཇུག་གནང་དགོས་པར་མངགས་པ་ལྟར།  ད་བར་ལྷོ་ཕྱོགས་གཞིས་ཆགས་ལྔ་དང་ཧི་མ་ཅལ་ཁུལ་དུ་ཕེབས་ཟིན་པ་དང་། རིང་མིན་བྱང་ཤར་ཁུལ་དུ་ཕེབས་རྒྱུ་ཡིན་པས།   རིམ་བཞིན་དེར་འབྲེལ་ཐད་ཞིབ་འཇུག་ཟིན་པའི་རྗེས་ཉམ་ཐག་ཞིབ་འཇུག་གི་སྙན་ཐོ་གྲོས་ཚོགས་ལ་འབུལ་ཐུབ་པ་གནང་གི་ཡིན་ཞེས་གསུངས་སོང་།དེ་བཞིན་གསར་འབྱོར་ཚོར་སྡོད་ཁང་དང་འབྲེལ་བགྲོ་གླེང་ཁག་ཅིག་བྱུང་བ་དང་སྐབས་དེར་སྤྱི་འཐུས་རྣམ་པས་ལྡེ་ར་ལྡུན་དུ་ཆོལ་གསུམ་གསར་འབྱོར་སྐྱིད་སྡུག་ཚོགས་པའི་མཚན་གཞུང་ནང་ཡོད་པའི་མི་གྲངས་ ༡༠༨ ལ་སྡོད་ཁང་གི་སྐུ་ངལ་འཕྲད་པ་དེར་དགོངས་པ་བཞེས་སྐྱོང་ཡོང་བ་དང་།  ཕྱོགས་མཚུངས་ནོར་བུ་གླིང་ཁའི་ཆོལ་གསུམ་གསར་འབྱོར་ཚོའི་བདེ་སྡུག་སྙན་གསེང་དང་། ལྷག་པར་འཛིན་སྐྱོང་ནས་རྗེས་འབྱོར་ཚོར་དམིགས་སུ་བཀར་ནས་སྡོད་ཁང་གནང་རོགས་ཞེས་གསུངས་སོང་།  སྐབས་དེར་ནང་སྲིད་བཀའ་བློན་མཆོག་གིས་སྡོད་ཁང་དང་འབྲེལ་ལས་དོན་གནང་ཟིན་པ་ཁག་འགྲེལ་བརྗོད་དང་སྦྲགས།  སྐབས་ ༡༦ ནས་སྡོད་ཁང་དང་འབྲེལ་རྒྱ་ཆེ་ས་ནས་འཆར་གཞི་ལྡན་པའི་ཐོག་ནས་ལས་གཞི་སྒྲིག་རྒྱུ་ཡིན་པ་མ་ཟད།   འདི་ལོའི་སྔོན་རྩིས་ནང་སྡོད་ཁང་སྤྲོད་ས་དང་སྤྲོད་ཡུལ་གྱི་ས་ཆ་མཁོ་སྒྲུབ་བྱེད་ཆེད་དུ་སྔོན་རྩིས་བཀའ་ཁྲོལ་ཞུས་ཡོད་སྐོར་གསུངས་སོང་།གཞན་ཡང་སྤྱི་འཐུས་ཁག་ཅིག་གིས་བལ་ཡུལ་ནང་གི་བོད་མི་ཚོར་གནས་སྡོད་ཆོག་པའི་ཡིག་ཆ་མེད་པའི་དཀའ་ངལ་སྐོར་གླེང་བ་དང་སྦྲགས་དེའི་ཐད་དགོངས་པ་ག་རེ་བཞེས་ཡོད་མིན་དང་།  དེ་བཞིན་བཀའ་ཤག་ངོས་ནས་བལ་ཡུལ་གཞུང་དང་འབྲེལ་བ་གནང་དགོས་གལ་སོགས་ཀྱི་སྐོར་དགོངས་ཚུལ་བཏོན་པར།  ནང་སྲིད་བཀའ་བློན་མཆོག་གིས་བལ་ཡུལ་གཞུང་ལ་བཀའ་ཤག་ངོས་ནས་འབྲེལ་བ་གནང་འདོད་ཡོད་སྐོར་དང་།  ལྷག་པར་ཁ་ཚ་དགོས་གཏུགས་ཀྱིས་ ཁྱིམ་མཚེས་རྒྱལ་ཁབ་ཚོར་འབྲེལ་བ་གནང་འགོ་བཙུགས་ཟིན་པ་དང་།  དེ་བཞིན་ཡིག་ཆ་དང་འབྲེལ་བའི་གནད་དོན་ཐད།  བོད་མིའི་སྒྲིག་འཛུགས་ཁོ་ན་མིན་པར་ས་གནས་ནས་ཀྱང་འགན་བཞེས་ཀྱི་ཡོད་པ་དང་།  དེ་མིན་རྒྱལ་ཁབ་གཞན་ཚོས་ཐབས་ཤེས་གནང་གི་ཡོད་པའི་ལན་བྱུང་གི་ཡོད་པ་དང་བལ་ཡུལ་ནང་དཀའ་ངལ་སེལ་རྒྱུའི་རེ་བ་ཡོད་ཅེས་གསུངས་མཁན་ཡོང་གི་འདུག་སྐོར་གསུངས་སོང་།ད་དུང་བགྲོ་གླེང་ཁྲོད་སྤྱི་འཐུས་ཁག་ཅིག་གིས་ཉེ་སྔོན་ཨམ་བྷ་ལའི་བོད་མིའི་སུད་ཚོང་ལ་མེ་སྐྱོན་བྱུང་སྐབས།  དེའི་ཐོག་ནང་སྲིད་ལས་ཁུངས་ནས་ཞིབ་འཇུག་མཐིལ་ཕྱིན་པ་གནང་དགོས་ཀྱང་དེ་ལྟར་གནང་ཐུབ་མེད་པའི་ཚོར་སྣང་བྱུང་བ་མ་ཟད།  ནང་སྲིད་ནས་དེའི་ཐོག་ཞིབ་འཇུག་མཐིལ་ཕྱིན་པ་གནང་ཐུབ་མེད་པ་དེ་འཐུས་ཤོར་ཆེན་པོ་ཞིག་ལ་གཟིགས་ཀྱི་ཡོད་སྟབས།  སླད་མར་འཛིན་སྐྱོང་ནས་དེའི་ཐད་ངེས་པར་དུ་ཞིབ་འཇུག་མཐིལ་ཕྱིན་པ་གནང་དགོས་སྐོར་གྱི་དགོངས་ཚུལ་གསུངས་མཁན་བྱུང་བ་ལྟར།    ནང་སྲིད་བཀའ་བློན་མཆོག་ནས་གནད་དོན་དེའི་ཐོག་ནང་སྲིད་ལས་ཁུངས་ནས་ཐུགས་འགན་བཞེས་ཡོད་པ་དང་མ་འོངས་པར་རོགས་རམ་གྱི་བརྒྱུད་རིམ་ཚད་ལྡན་བཟོ་དགོས་གལ་དང་སྒྲིག་འཛུགས་ནས་ཀྱང་དེ་འབྲེལ་འགྲོ་ལུགས་འགྲོ་སྟངས་ཚད་ལྡན་ཞིག་བཟོ་བར་འབད་བརྩོན་ཞུ་རྒྱུ་ཡིན་སྐོར་གསུངས་ཡོད།ད་རེས་ཀྱི་ནང་སྲིད་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་ཐོག་བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་ ༢༠༡༤ ཐོག་བསྐྱར་ཞིབ་སླད་རྒྱ་གར་གཞུང་ལ་ཞུ་དགོས་གལ་དང་།  རིས་མེད་གྲྭ་བཙུན་རྣམས་ལ་སྐད་ཡིག་གཞན་སྦྱོང་རྒྱུའི་མཐུན་རྐྱེན་སྦྱོར་ཐབས།  དྭང་ཟུར་ཉམ་ཐག་རོགས་སྐྱོར་ལས་གཞི།  བུན་གཏོང་ལས་འཆར་སོགས་ཀྱི་སྐོར་གླེང་སློང་བྱུང་སོང་།      

བོད་གཞིས་བྱེས་མཉམ་འཛོམས་སླད་བཀའ་སྤྱི་གཉིས་ནས་གཞི་རྒྱ་ཆེ་བའི་བོད་དོན་ཞུ་གཏུག་གི་ལས་འགུལ་སྤེལ་རྒྱུ།

དེ་རིང་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་གཉིས་པའི་ཐོག་བོད་བསྟན་སྲིད་མི་རིགས་ཆེད་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་གཏོང་གནང་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཡོངས་ཀྱི་ལྷག་བསམ་དང་སྙིང་སྟོབས་ལ་ཡི་རངས་དང་སྦྲགས། བོད་དོན་བདེན་མཐའ་གསལ་ཐབས་དང་གཞིས་བྱེས་མཉམ་འཛོམས་ཡོང་ཆེད་བཀའ་སྤྱི་གཉིས་ནས་སྣེ་ཁྲིད་ཀྱིས་རྒྱལ་སྤྱིའི་ནང་གཞི་རྒྱ་ཆེ་བའི་བོད་དོན་ཞུ་གཏུག་གི་ལས་འགུལ་སྤེལ་གནང་རྒྱུ་བཅས་དོན་ཚན་བདུན་ཅན་གྱི་གྲོས་ཆོད་ཅིག་སྤྱི་མོས་ཀྱིས་གཏན་འབེབས་གནང་སོང་།དེ་ཡང་བོད་ནང་གི་ཛ་དྲག་གནས་སྟངས་དང་འབྲེལ་བའི་གཞུང་འབྲེལ་གྱི་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོས་གྲོས་འཆར་ཐོག་ཁ་སང་དང་དེ་རིང་བཅས་ཉིན་ཕྱེད་གཉིས་རིང་སྤྱི་འཐུས་བཞི་བཅུ་ལྷག་ནས་ཆ་ཤས་བླངས་པའི་སྒོ་ནས་གྲོས་བསྡུར་ལྷུག་པོ་གནང་རྗེས་དོན་ཚན་གཉིས་ལ་བཟོ་བཅོས་ཀྱི་གྲོས་འཆར་ཐོག་ནས་སྤྱི་མོས་ཀྱིས་གཏན་འབེབས་བྱུང་ཡོད།  གྲོས་ཆོད་དེའི་ནང་ བོད་བསྟན་སྲིད་མི་རིགས་ཆེད་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་གཏོང་གནང་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཡོངས་ཀྱི་ཤུལ་ལུས་ནང་མི་བཅས་ལ་ཐུགས་གསོ་ཞུ་རྒྱུ་དང་། རྒྱ་ནག་གཞུང་གིས་སླར་ཡང་གདུག་རྩུབ་ཅན་གྱི་རིག་གནས་གསར་བརྗེའི་ལས་འགུལ་བསྐྱར་ལོག་བྱེད་བཞིན་པ་དེའི་རིགས་འཕྲལ་དུ་མཚམས་འཇོག་དགོས་པ། དེ་བཞིན་པཎ་ཆེན་སྐུ་ཕྲེང་༡༡ པ་མཆོག་གི་གཙོས་རྩོམ་པ་པོ་སྒོ་ཤེས་རབ་རྒྱ་མཚོ་སོགས་བོད་ཀྱི་ཆབ་སྲིད་བཙོན་པ་རྣམ་ཀྱི་ཚེ་སྲོག་ལ་རྒྱ་གཞུང་གིས་འགན་འཁུར་དགོས་པ་མ་ཟད། བཙོན་ནས་གློད་གྲོལ་གྱིས་ཁོང་རྣམས་ཀྱི་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་རྣམས་ལོངས་སུ་སྤྱོད་དུ་འཇུག་དགོས་པ་ནན་སྐུལ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་འགན་འཛིན་ལྕམ་སྐུ་ Michelle Bachelet མཆོག་འདི་ལོའི་ཕྱི་ཟླ་ ༥ ནང་ཤར་ཏུར་ཀི་སི་ཐན་དུ་གཟིགས་སྐོར་སླད་ཆེད་ཕེབས་གནང་གཏན་འཁེལ་བ་བཞིན་བོད་ནང་དུའང་ཕེབས་ཐབས་གནང་དགོས་པའི་འབོད་སྐུལ། གཞན་ཡང་བོད་དོན་བདེ་མཐའ་གསལ་ཐབས་དང་གཞིས་བྱེས་མཉམ་འཛོམས་ཡོང་ཆེད་བཀའ་སྤྱི་གཉིས་ནས་སྣེ་ཁྲིད་ཀྱིས་རྒྱལ་སྤྱིའི་ནང་གཞི་རྒྱ་ཆེ་བའི་བོད་དོན་ཞུ་གཏུག་གི་ལས་འགུལ་སྤེལ་གནང་རྒྱུ་སོགས་འཁོད་ཡོད། ཐེངས་འདིའི་གཞུང་འབྲེལ་གྱི་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་དེ་སྤྱི་མོས་ཀྱིས་གཏན་འབེབས་མ་གནང་གོང་དུ་སྤྱི་འཐུས་རྣམས་ཀྱིས་བགྲོ་གླེང་གནང་བའི་ཁྲོད། སྤྱི་འཐུས་ཁག་ཅིག་གིས་གདུང་སེམས་མཉམ་སྐྱེད་ཅེས་པ་ནི་ཡིག་ཐོག་ཙམ་དང་། མཆོད་འབུལ་སྨོན་ལམ་བྱ་རྒྱུ་གཙོས་ཟླ་བ་དྲུག་རེ་མཚམས་ནས་གྲོས་ཚོགས་ནས་གྲོད་ཆོས་གཏན་འབེབས་གནང་རྒྱུ་ཙམ་མིན་པར་རྒྱལ་གཅེས་པ་ཡོངས་ཀྱི་འབོད་ཚིག་དང་ཞལ་ཆེམས་ལྟར་བཀའ་སྤྱི་གཉིས་གཙོས་བོད་མི་རྣམས་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་སྡིངས་ཆའི་སྟེང་དུ་ཕྱིན་ནས་ལས་འགུལ་སྤེལ་དགོས་པར་གསུངས་དོན་ལྟར། སྲིད་སྐྱོང་མཆོག་གིས་ཀྱང་སྤྱིར་ལས་འགུལ་ཞེས་པར་ངོ་བོ་དང་རྣམ་གྲངས་མང་དག་ཅིག་ཡོད་པར་འགྲེལ་བརྗོད་དང་འབྲེལ། བཀའ་ཤག་ངོས་ནས་སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན་དང་ལྷན་དུ་གོ་བསྡུར་གྱིས་ཚོགས་ཆུང་ཆེད་འཛུགས་ཐོག་ནས་འཕྱར་གྲུ་མཉམ་འདེགས་གནང་རྒྱུར་ཆོད་སེམས་བརྟན་པོ་ཡོད་པར་གསུང་སོང་། མ་ཟད་སྐབས་དེར་སྲིད་སྐྱོང་མཆོག་གིས་བཀའ་ཤག་ངོས་ནས་ཕྱག་ལས་གནང་རྒྱུའི་ཐད་ལ་སྐུ་ལས་སྐྱོན་རྒྱུར་ཐེ་ཚོམ་གང་ཡང་མེད་གསུངས་པ་དང་སྦྲགས། གྲོས་ཚོགས་ནས་མཐུན་རྐྱེན་སྦྱོར་དགོས་པ་སྟེ་བཀའ་ཤག་ཆ་ཚང་བ་ཞིག་གནང་ཚེ་མ་འོངས་ལས་དོན་གནང་ཕྱོགས་ཀྱི་ཐད་ལ་མ་འགྲིག་པའི་སྐོར་ལ་གང་གསུངས་ཀྱང་སྐབས་དེའི་དུས་སུ་འགན་བཞེས་རྒྱུ་ཡིན་ཞེས་གསུངས་སོང་།ད་དུང་དེ་རིང་གི་གྲོས་ཚོགས་སུ་སྤྱི་འཐུས་ཁག་ཅིག་གིས་བོད་མིའི་སྒྲིག་འཛུགས་ཀྱི་བཞེངས་ཕྱོགས་དང་འཛིན་སྐྱོང་གནང་ཕྱོགས་དེ་བོད་མིའི་མང་ཚོགས་དང་བོད་དོན་རྒྱབ་སྐྱོར་གནང་མཁན་ཚོར་གོ་བརྡ་གསལ་པོ་ཞིག་འཕྲོད་ཀྱི་མེད་པའི་གནད་དོན་དང་འབྲེལ་ཉེ་ལམ་གསུམ་བཅུའི་དུས་དྲན་ཐེངས་༦༣པའི་ཐོག་བཀའ་ཤག་གི་གསུང་འཕྲིན་དེ་ཉམས་དམའ་བོ་བྱུང་ཡོད་པའི་ཚོར་བ་ཞིག་སླེབས་ཡོད་སྐོར་གསུངས་ཏེ། དགྲ་གཉེན་ངོ་ཤེས་པའི་སྒོ་ནས་བཞེངས་ཕྱོགས་བརྟན་པོ་ཞིག་བཟོ་དགོས་པའི་དགོངས་ཚུལ་ཕེབས་དོན་ལྟར། སྲིད་སྐྱོང་མཆོག་གིས་བཀའ་ཤག་སྐབས་༡༦པ་ཕེབས་ནས་གྲོས་ཚོགས་ནང་ཐེངས་གཉིས་ལས་ཕེབས་མེད་པའི་ཁྲོད་སྐབས་༡༦པའི་བཀའ་ཤག་གི་ཆབ་སྲིད་ཀྱི་བཞེངས་ཕྱོགས་དེ་གསལ་བཤད་གནང་རྒྱུ་བྱུང་མེད་སྟབས།  གྲོས་ཚོགས་ཚོགས་དུས་གསུམ་པའི་ཐོག་བཀའ་ཤག་ནས་གསལ་བཤད་གནང་རྒྱུ་ཡིན་པ་གསུངས་པ་དང་ཆབས་ཅིག    གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན་ནང་རྒྱ་ནག་གཞུང་ལ་མགོ་སྒུར་དགོས་པ་དང་ཉམས་དམའ་བའི་ཚིག་དོན་གང་ཡང་མེད་ཀྱང་དབུ་མའི་ལམ་ཀྱི་སྲིད་བྱུས་ཀྱི་འོག་ནས་རྒྱ་གཞུང་ལ་འབྲེལ་བ་ཞིག་བྱ་དགོས་དུས་ཚིག་འབྲུ་ལ་བསམ་བློ་བཏང་ནས་འབྲི་དགོས་བ་ལས་སྤྲེལ་ལད་བྱས་མེད་པ་གསུངས་སོང་།གཞན་ཡང་སྤྱི་འཐུས་ཁག་ཅིག་གིས་འདི་ལོའི་རྒྱ་ནག་གི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཐོག་རྒྱ་ཁབ་མང་དག་ཅིག་ནས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ལ་ངོ་རྒོལ་མཚོན་ཆེད་གཞུང་འབྲེལ་མི་སྣ་སོགས་འགྲན་ཚོགས་ལ་ཆེད་གཏོང་མ་གནང་བའི་ཁྲོད། བོད་ཀྱི་གནད་དོན་གླེང་སློང་གནང་མ་ཐུབ་པའི་འཐུས་ཤོར་དེ་ཇི་ལྟར་བྱུང་བ་ཞིག་དང་སྐབས་དེའི་དུས་སུ་བཀའ་ཤག་ནས་བསྒྲགས་གཏམ་ཡང་སྤེལ་མེད་པར་ཐུགས་འཚབ་ཀྱི་རྣམ་པ་སྟོན་མཁན་དང་དོགས་འདྲི་ཞུ་མཁན་ཁག་ཅིག་བྱུང་ཡོད།གཞན་ཡང་སྤྱི་འཐུས་རྣམས་ཀྱིས་བགྲོ་གླེང་གནང་སྐབས་དོན་དམ་པའི་གདུང་སེམས་མཉམ་སྐྱེད་ནི་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་སྐད་ཡིག་སྲུང་སྐྱོབ་བྱ་རྒྱུ་དེ་ཡིན་པའི་དགོངས་ཚུལ་གསུང་མཁན་བྱུང་བ་བཞིན་སྲིད་སྐྱོང་ངོས་ནས་ཀྱང་། དེ་རིང་གི་གྲོས་ཚོགས་ཐོག་བོད་ནང་དུ་ད་ལྟའི་ཆར་ཛ་དྲག་ཤོས་དེ་རྒྱ་གཞུང་གིས་བོད་མིའི་སྐད་ཡིག་དང་ནང་ཆོས་རྩ་མེད་བཟོ་རྒྱུའི་སྲིད་བྱུས་དེ་ཡིན་པ་གསུངས་པ་དང་སྦྲགས། གཞིས་བཞུགས་བོད་མིའི་ཚོའི་ལ་རྒྱ་དང་སྙིང་སྟོབས་ལ་བརྟེན་ནས་ད་བར་བོད་མིའི་སྐད་ཡིག་དང་ནང་ཆོས་རྣམས་བདག་གཅེས་གནང་བ་ལྟར་མུ་མཐུད་ཕྱིའི་སྲིད་བྱུས་ཇི་འདྲ་ཞིག་ཡོད་མིན་ལ་ལྟོས་མེད་ནང་སེམས་ཀྱི་སྙིང་སྟོབས་ལ་ཞུམ་པ་མེད་པའི་སྒོ་ནས་ཡིད་ལ་བཅིངས་རོགས་ཞེས་ཞུ་སྐུལ་ནན་པོ་གནང་སོང་།གཞུང་འབྲེལ་གྱི་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་དེ་སྤྱི་མོས་ཀྱིས་གཏན་འབེབས་བྱུང་མཚམས། དེ་རིང་གྲོས་ཚོགས་ཀྱི་ལས་ཉིན་གཉིས་པའི་ཉིན་རྒྱབ་ནས་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་ལས་ཁུངས་ཀྱི་ ༢༠༢༠ དང་༢༡ ལོའི་ལས་ཁུངས་མ་ལག་དང་བཅས་པའི་ལོ་འཁོར་ལས་བསྡོམས་སྙན་སྒྲོན་དང་དེའི་ཐོག་བགྲོ་གླེང་གི་ལས་རིམ་ཐོག་ཕེབས་ཡོད་པ་རེད།

སྐབས་ ༡༧ བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པ་དབུ་འཛུགས།

དེ་རིང་ཕྱི་ཟླ་ ༣ ཕྱི་ཚེས་ ༡༤ ཉིན་བཞུགས་སྒར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་སུ་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པ་དབུ་འཛུགས་གནང་བ་དང་སྦྲགས། ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་ཚོགས་དུས་དབུ་འཛུགས་ཀྱི་གསུང་བཤད་གནང་བར་བོད་ནང་གི་ཛ་དྲག་གནས་སྟངས་དང་ད་ལྟའི་རྒྱལ་སྤྱིའི་ཆབ་སྲིད་ཀྱི་འགྱུར་འགྲོས་ཆེན་པོ་འགྲོ་བཞིན་པའི་ཁྲོད་རྒྱ་ནག་ལ་ཤུགས་རྐྱེན་གང་དང་གང་ཐེབས་པ་སོགས་ཀྱི་ཐོག་འབྲེལ་ཡོད་ཚང་མས་དོ་སྣང་དང་གོ་སྐབས་དམ་འཛིན་གནང་སྟེ་རྒྱལ་སྤྱིའི་ཐོག་བོད་དོན་ཞུ་གཏུག་གཙོས་པའི་ལས་འགུལ་སྤེལ་གལ་ཆགས་ཀྱི་འདུག་ཅེས་གསུངས་སོང་།ཚོགས་གཙོ་མཆོག་གིས་ཐེངས་འདིའི་གྲོས་ཚོགས་ཀྱི་ཚོགས་དུས་གཉིས་པའི་ཐོག་དེ་སྔ་གྲོས་ཚོགས་ཚོགས་མ་ཐུབ་པའི་གནས་སྟངས་སོགས་ཀྱི་ཁྲོད་ལུས་པའི་བཀའ་ཤག་སྐབས་གོང་མའི་ཕྱི་ལོ་ ༢༠༢༠ ལོའི་ཕྱི་ཟླ་ ༤ ཚེས་ ༡ ནས་ ༢༠༢༡ ཕྱི་ཟླ་ ༣ ཕྱི་ཚེས་ ༣༡ བར་གྱི་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་ལོ་འཁོར་ལས་བསྡོམས་ཐོག་བགྲོ་གླེང་གནང་རྒྱུ་ཡིན་པར་གསུངས་པ་དང་ཆབས་ཅིག འདས་པའི་དུས་ཚོད་ནང་སྐབས་ ༡༧ པའི་གྲོས་ཚོགས་འཐུས་མི་རྣམས་ནས་ས་གནས་ཁག་ལ་འཚམས་གཟིགས་དང་རྒྱ་གར་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་སླར་གསོ་གནང་བ་སོགས་སྙན་སེང་ཞུས་ཡོད།ལྷག་པར་དུ་ཚོགས་གཙོ་མཆོག་ནས་ཆབ་སྲིད་ཀྱི་གནད་དོན་དང་འབྲེལ་ཏེ་བོད་ཀྱི་གཞས་པ་གྲགས་ཅན་ཚེ་དབང་ནོར་བུ་ལགས་ཀྱིས་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་དྲག་གནོན་ཅན་གྱི་སྲིད་བྱུས་ཁག་ལ་ཞི་རྒོལ་ཆེད་རང་ལུས་མེར་བསྲེགས་གནང་སྟེ་འདས་གྲོངས་སུ་གྱུར་བའི་གནས་ཚུལ་དངོས་བདེན་དུ་གྱུར་བ་དང་རྒྱ་ནག་གཞུང་གིས་སྒོ་ཤེས་རབ་རྒྱ་མཚོ་ལགས་ལ་ལོ་ངོ་ ༡༠ ཡི་བཙོན་འཇུག་ཁྲིམས་ཐག་བཅད་པ། ཁམས་བྲག་མགོ་ནང་གི་གནས་སྟངས་ཛ་དྲག་ཆགས་ཡོད་པ་སོགས་བོད་ནང་གི་གནད་དོན་ཁག་ཅིག་མངོན་གསལ་དང་། དེ་བཞིན་རྒྱལ་སྤྱིའི་ཐོག་ ཆབ་སྲིད་ཀྱི་འགྱུར་འགྲོས་ཆེན་པོ་འགྲོ་བཞིན་པའི་ཁྲོད་འདིར་རྒྱ་ནག་ལ་ཤུགས་རྐྱེན་ངེས་ཅན་ཞིག་ཐེབས་བཞིན་པ་དེ་དག་ཐོག་འབྲེལ་ཡོད་ཚང་མས་དོ་སྣང་གནང་སྟེ་རྒྱལ་སྤྱིའི་ཐོག་བོད་དོན་ཞུ་གཏུག་གཙོས་པའི་ལས་འགུལ་སྤེལ་གལ་ཆགས་ཀྱི་འདུག་ཅེས་གསུངས་སོང་།ཚོགས་གཙོའི་དབུ་འབྱེད་གསུང་བཤད་གྲུབ་མཚམས་སུ་ཉེ་ཆར་ཕྱི་ཟླ་ ༢ ཕྱི་ཚེས་ ༢༥ ཉིན་བོད་ཀྱི་རྒྱལ་ས་ལྷ་སའི་རྩེ་པོ་ཏ་ལའི་མདུན་ཐང་དུ་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་དྲག་གནོན་ཅན་གྱི་སྲིད་བྱུས་ཁག་ལ་ཞི་རྒོལ་ཆེད་རང་ལུས་མེར་བསྲེགས་གནང་སྟེ་འདས་གྲོངས་སུ་གྱུར་བ་བོད་ཀྱི་གཞས་པ་གྲགས་ཅན་ཚེ་དབང་ནོར་བུ་ལགས་དང་དེ་བཞིན་བོད་མི་དང་བོད་སྤྱིའི་རྩ་དོན་གྱི་ལས་འགུལ་སོགས་ལ་ཡུན་རིང་ནས་རྒྱབ་སྐྱོར་གནང་མྱོང་མཁན་༸གོང་ས་མཆོག་གི་ཆེས་ཐུགས་ཉེ་བའི་མཛའ་གྲོགས་ཡི་ཤུའི་བླ་ཆེན་སྐུ་ཞབས་དམ་པ་ Archbishop Desmond Tutu མཆོག་དང་། ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་དང་རྒྱ་གར་དབུས་གཞུང་གི་བློན་ཆེན་གནང་མྱོང་མཁན་སྐུ་ཞབས་དམ་པ་ Virbhadra Singh མཆོག བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་ཟུར་པ་སྐུ་ཞབས་དམ་པ་ཁྲི་འདུ་དཔོན་འཆི་མེད་རྣམ་རྒྱལ་མཆོག་དང་སྤྱི་འཐུས་ཟུར་པ་སྐུ་ཞབས་དམ་པ་འབྲོག་སྨད་ཚེ་བརྟན་ནོར་བུ་ལགས་བཅས་ཀྱི་མཛད་རྗེས་ལ་ཆེ་བསྟོད་དྲན་གསོ་དང་སྦྲགས་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་ཁག་ཅིག་གྲོས་ཚོགས་སུ་སྙན་སྒྲོན་ཞུས་ཡོད།སྐབས་དེར་གྲོས་ཚོགས་འཐུས་མི་ཁག་ཅིག་ནས་གྲོས་ཆོད་གྲོས་འཆར་ཁོངས་སུ་ལོ་རྒྱུས་ཀྱི་གནད་དོན་ཁག་ཁ་གསལ་དགོས་རྒྱུ་དང་གྲོས་ཆོད་གྲོས་འཆར་དེ་དག་དབྱིན་ཡིག་ཐོག་ཕབ་སྒྱུར་གྱིས་འབྲེལ་ཡོད་ཚོ་ལ་ཕུལ་ཐུབ་པ་ཞིག་གནང་དགོས་པའི་དགོངས་ཚུལ་གསུང་མཁན་བྱུང་ཡོད།  གྲོས་ཚོགས་སུ་དེ་བཞིན་བོད་ནང་གི་ཛ་དྲག་གནས་སྟངས་དང་འབྲེལ་ད་བར་བོད་བསྟན་སྲིད་མི་རིགས་ཆེད་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློ་བཏང་གནང་བའི་རྒྱལ་གཅེས་པ་ཡོངས་ཀྱི་སྙིང་སྟོབས་ལ་ཡི་རངས་དང་། ཤུལ་ལུས་ནང་མི་ཡོངས་ལ་ཐུགས་གསོ། དེ་བཞིན་རྒྱ་ནག་གཞུང་གིས་བོད་ནང་ལ་དགོན་པ་དང་སྐུ་བརྙེན་གཏོར་བཤིག་སོགས་རིག་གནས་གསར་བརྗེའི་ལས་འགུལ་བསྐྱར་ལོག་བྱེད་བཞིན་པ་དེ་དག་མཚམས་འཇོག་དགོས་པ་དང་།  ༸པཎ་ཆེན་སྐུ་ཕྲེང་ ༡༡ པ་མཆོག་གིས་དབུས་པའི་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་གློད་བཀྲོལ་དགོས་པ། བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་དབུ་མའི་ལམ་གྱི་སྲིད་བྱུས་བརྒྱུད་བོད་རྒྱ་འབྲེལ་མོལ་གནང་སྟེ་ཞི་འགྲིག་ཡོང་ཐབས་བྱེད་དགོས་པ་སོགས་གྲོས་ཆོད་དོན་ཚན་ ༦ ཅན་གྱི་གྲོས་ཆོད་གྲོས་འཆར་ཞིག་ཕེབས་དོན་ལྟར་སྤྱི་འཐུས་རྣམ་པས་བགྲོ་གླེང་གནང་ཡོད།གཞི་རྩའི་བོད་ནང་གི་ཛ་དྲག་གནས་སྟངས་དང་འབྲེལ་བའི་གཞུང་འབྲེལ་གྱི་གདུང་སེམས་མཉམ་བསྐྱེད་གྲོས་ཆོད་གྲོས་འཆར་ནང་བོད་འདི་བཞིན་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པ་གཙོས་དོན་ཚན་ཁག་ཅིག་གསལ་འདོན་དང་ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་དམར་པོ་གཞུང་གིས་བོད་ལ་དྲག་པོའི་བཙན་འཛུལ་བྱས་ཏེ་ད་བར་བོད་བཅིངས་བཀྲོལ་དང་། མང་གཙོ་བཅོས་བསྒྱུར། རིག་གནས་གསར་བརྗེ་ཟེར་བ་སོགས་ཀྱི་མིང་བྱང་སྣ་ཚོགས་འོག་བོད་ཀྱི་སྣོད་བཅུད་གཉིས་ཀྱི་དཔལ་ཡོན་ལ་ཉམས་གུད་ཚད་མེད་བཏང་བ་མ་ཟད། ཉེ་བའི་ལོ་དུས་ནང་རྒྱ་ནག་གཞུང་གིས་ཁམས་བྲག་མགོ་དགོན་གྱི་སྐུ་བརྙན་གཙོས་དགོན་པའི་སློབ་གྲྭ་དང་གྲྭ་ཤག་ཁག་གཏོར་བཤིག་བཏང་བ་དང་། བོད་མིའི་རྩོམ་པ་པོ་སྒོ་ཤེས་རབ་རྒྱ་མཚོ་ལགས་ལ་བཙོན་འཇུག་གི་ཁྲིམས་ཐག་བཅད་པ་སོགས་གསལ་འདོན་གནང་བ་དང་སྦྲགས་ཏེ་རྒྱ་གཞུང་གི་དྲག་པོའི་སྲིད་བྱུས་དེ་དག་ཁྲོད་གཞིས་ལུས་སྤུན་ཟླ་རྣམས་ཀྱིས་རྒྱ་གཞུང་གི་གཉའ་གནོན་དང་བསླུ་བྲིད་ཀྱི་སྲིད་བྱུས་འོག་མགོ་མ་སྒུར་བར་བློས་བཏང་ཆེན་པོས་ལས་འགུལ་སྤེལ་བ་རྣམས་དུས་ནམ་ཡང་ཆུད་ཟོས་སུ་མི་འགྲོ་བར་སེམས་ཤུགས་བསྐྱེད་གཞིར་གྱུར་ཡོད་པ་སོགས་བཀོད་འདུགདེ་རིང་གྲོས་ཚོགས་སུ་གྲོས་ཆོད་གྲོས་འཆར་དེ་དག་ཐོག་སྤྱི་འཐུས་ ༡༥ ཙམ་ནས་བགྲོ་གླེང་གི་ཆ་ཤས་བཞེས་ཏེ་གྲོས་ཆོས་གྲོད་འཆར་དེ་དག་ཚིག་ཐོག་ཏུ་བཀོད་པ་ཙམ་མིན་པར་བཙན་བྱོལ་ནང་ལས་འགུལ་གྱི་རྣམ་པ་ཤུགས་ཆེ་རུ་གཏོང་དགོས་པ་དང་། རྒྱ་གཞུང་གི་བོད་མིའི་བླ་སྤྲུལ་ངོས་འཛིན་ཐོག་ཐེ་བྱུས་བྱེད་བཞིན་པར་ངོས་ལེན་མེད་པ། དེ་བཞིན་ཡུཀ་རེན་ནང་གི་གནད་དོན་དང་འབྲེལ་ཡུལ་དེའི་མི་མང་ལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་ཅིག་ གཏན་འབེབས་དགོས་པ་སོགས་ཀྱི་དགོངས་ཚུལ་གསུང་མཁན་མི་ཉུང་བ་ཞིག་བྱུང་སོང་བ་དང་། ཚོགས་གཙོ་མཆོག་ནས་གཞུང་འབྲེལ་མྱ་ངན་གུས་འདུད་དང་། གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར་དེར་ཁ་སྣོན་དགོས་རིགས་སོགས་ལ་དམིགས་ཏེ་སང་སྔ་དྲོར་འཕྲོ་སྐྱོང་གནང་རྒྱུའི་ལམ་སྟོན་གནང་ཡོད།སྐབས་དེར་སྤྱི་འཐུས་ཁག་ཅིག་ནས་ཉེ་ལམ་ཚེ་དབང་ནོར་བུ་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་བའི་གནད་དོན་ལས་འཕྲོས་ཏེ་རང་ལུས་མེར་སྲེག་མི་གནང་བའི་འབོད་སྐུལ་དང་། བོད་མིའི་ངོས་ནས་རྒྱལ་སྤྱིའི་ཐོག་འཇམ་པོའི་སྟོབས་ཤུགས་ཤུགས་ཆེ་རུང་གཏོང་གལ་ཡིན་པ། དེ་བཞིན་ཁག་ཅིག་གིས་ཕྱི་ལོ་ ༢༠༠༨ ལོར་བོད་རྒྱ་འབྲེལ་མོལ་གྱི་བརྒྱུད་རིམ་ཁྲོད་རྒྱ་ནག་གི་སྐུ་ཚབ་ལ་སྤྲད་པའི་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་དེ་དུས་ཚོད་ངེས་ཅན་ཞིག་ནང་ཕྱིར་འཐེན་གནང་དགོས་སྐོར་གསུངས་ཡོད།གཞི་རྩའི་དེ་རིང་ནས་དབུ་འཛུགས་ཀྱིས་ཕྱི་ཚེས་ ༡༨ བར་ཚོགས་རྒྱུའི་གྲོས་ཚོགས་འདི་ནི་ཕྱི་ལོ་ ༢༠༢༠ ལོའི་ཕྱི་ཟླ་ ༤ ཚེས་ ༡ ནས་ ༢༠༢༡ ཕྱི་ཟླ་ ༣ ཕྱི་ཚེས་ ༣༡ བར་གྱི་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་དང་འབྲེལ་བའི་ཐོག་བགྲོ་གླེང་གནང་རྒྱུའི་ལས་བསྡོམས་གྲོས་ཚོགས་ཆགས་ཀྱི་ཡོད་པ་དང་། དེའི་རྗེས་སུ་ཟླ་ ༣ ཚེས་ ༢༡ ནས་ ༣༡ བར་སྐབས་༡༧ བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༣ པ་དེ་འཚོགས་གཏན་ཁེལ་དོན་ལྟར་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་རྩིས་ལོ་ ༢༠༢༢་༢༣ ལོའི་སྔོན་རྩིས་གཏན་འབེབས་གནང་རྒྱུ་ཡིན་པ་རེད། པར་ཁག བོད་མིའི་སྒྲིག་འཛུགས། བོད་མི་མང་སྤྱི་འཐུས་ལྷན་ཚོགས།

Latest news