Tibetan Royal Year of 2151 | Year of the Wood Dragon

4th Session of 17th TPiE

བཀའ་ཤག་གིས་གནང་བའི་བཟོ་བཅོས་གྲོས་ཆོད་གྲོས་འཆར་ལ་མང་མོས་རྒྱབ་སྐྱོར་ཐོག་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་ལས་དོན་མུ་མཐུད་རྒྱུན་སྐྱོང་གནང་གཏན་ཁེལ་བ།  

སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཞི་པའི་ལས་ཉིན་མཐའ་མའི་ཐོག་དཔལ་འབྱོར་ལས་ཁུངས་ཀྱི་ཁྱབ་ཁོངས་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་ལས་དོན་མཇུག་སྐྱོང་དང་འབྲེལ་བའི་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་གཏན་འབེབས་ཀྱི་ལས་རིམ་ཐོག་ཕེབས་སྐབས་བཀའ་ཤག་གིས་གནང་བའི་བཟོ་བཅོས་གྲོས་ཆོད་གྲོས་འཆར་ལ་མང་མོས་རྒྱབ་སྐྱོར་ཐོག་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་ལས་དོན་མུ་མཐུད་རྒྱུན་སྐྱོང་གནང་གཏན་ཁེལ་སོང་། དེ་རིང་གྲོས་ཚོགས་ཐོག་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་ཁེ་ཉེན་གནས་སྟངས་ཞིབ་འཇུག་ཚོགས་ཆུང་གི་སྙན་ཐོ་འགོད་འབུལ་ཞུས་པར་སྲིད་སྐྱོང་མཆོག་གིས་གསལ་བཤད་དང་སྤྱི་འཐུས་རྣམ་པས་དེ་འབྲེལ་བཀའ་འདྲི་ཞུས་ཁག་ལ་ལན་འདེབས་སོགས་གནང་སྟེ། དེ་རིང་ལས་ཉིན་མཐའ་མའི་ཐོག་བོད་མི་མང་སྤྱི་འཐུས་རྒྱུན་ལས་ནས་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་ལས་དོན་མཇུག་སྐྱོང་དང་འབྲེལ་བའི་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་ཞིག་བསྣམས་པའི་ནང་འཛིན་སྐྱོང་གིས་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་མུ་མཐུད་གནས་རྒྱུར་ཉེན་ཁ་ལ་གདོང་ལེན་གནང་སྟེ་སྐྱོབ་ཐུབ་པའི་ཐབས་ལམ་གང་ཡིན་ལམ་སྟོན་གནང་དགོས་པ་དང་། གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་འཛིན་སྐྱོང་གནང་ཕྱོགས་ཀྱང་གནས་སྟངས་ལ་གཟིགས་ནས་ད་མུས་ཇི་བཞིན་ནམ། རང་སྐྱོང་གི་ངོ་བོར་སྒྱུར་རྒྱུ། གཞན་ཇི་འགབ་བཀའ་ཤག་ནས་ཐག་གཅོད་གནང་རྒྱུ། གལ་ཏེ་མུ་མཐུད་གནས་ཐབས་མེད་པའི་ཟློག་མེད་གནས་སྟངས་འགྱུར་ཚེ་དེ་ལུགས་གྲོས་ཚོགས་སུ་སྙན་སེང་གིས་ཐག་གཅོད་ཡོང་ཐབས་དགོས་རྒྱུ་ཞེས་གསལ་ཡོད་པ་རེད།སྐབས་དེར་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སྤྱི་འཐུས་རྒྱུན་ལས་ཀྱི་གྲོས་ཆོད་གྲོས་འཆར་དེ་ལ་བཟོ་བཅོས་གྲོས་འཆར་ཞིག་ཆེད་འདོན་གནང་སོང་བ་དང་། དེའི་ནང་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་དེ་ཉིད་རང་སྐྱོང་ལྡན་པའི་ཁེ་གཉེར་ཁང་མིང་དོན་མཚུངས་པ་ཞིག་བཟོ་ཐབས་སུ་ཚོགས་གཙོ་སྦྲེལ་པོས་བསྐོ་བཙུགས་བྱས་པའི་སྤྱི་འཐུས་གསུམ་དང་། འཛིན་སྐྱོང་གི་བསྐོ་གཏོང་བྱས་པའི་མི་འགྲོ་གཉིས་བཅས་ལས་གྲུབ་པའི་ཚོགས་ཆུང་ཞིག་ཆེད་འཛུགས་ཀྱིས་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་དེབ་སྐྱེལ་ཚོགས་མི་མིང་སྒྱུར་དང་འཛུགས་ཡུལ་ས་གནས། འགན་འཛིན་ལྷན་ཚོགས་ཀྱི་གྲུབ་ཆ་དང་དེ་དག་ཡོང་སྟངས། འགན་འཁུར་ཞུ་ཡུལ་དང་ལས་དོན་བྱེད་ཕྱོགས། འཛིན་སྐྱོང་སྒྲོམ་གཞི། ལས་བྱེད་འདེམས་སྒྲུག་བསྐོ་གཞག་དང་། དེ་དག་གི་ཕོགས་དང་ཐོབ་ཐང་། མ་འཛུགས་དང་ལས་དོན་མཇུག་སྐྱོང་ལག་བསྟར་འཆར་གཞི་བཅས་ཀྱི་འགྲོ་ལུགས་བཟོ་བཀོད་འཆར་འབུལ་བྱས་པའི་ཚོགས་ཆུང་གི་སྙན་ཐོ་གྲོས་ཚོགས་ཚོགས་དུས་ལྔ་པར་འབུལ་ལམ་ཞུ་ཐུབ་པ་བྱེད་དགོས་ཞེས་གསལ་ཡོད། གྲོས་ཆོད་གྲོས་འཆར་གཏན་འབེབས་ཀྱི་ལས་རིམ་ཐོག་ཕེབས་སྐབས་སྤྱི་འཐུས་བཅུ་ཙམ་ནས་བགྲོ་གླེང་གི་ཆ་ཤས་བླངས་ཏེ་ཁག་གཅིག་གིས་བཀའ་བཤག་གི་བཟོ་བཅོས་གྲོས་ཆོད་གྲོས་འཆར་ལ་དགག་པ་དང་སྦྲགས་ཏེ་ཚོགས་ཆུང་དགོས་མཁོ་མེད་པ་དང་། ཚོགས་ཆུང་ནང་ཁྱད་ལས་མི་སྣ་ཁོ་ན་དགོས་གལ། དེ་བཞིན་སྤྱི་འཐུས་རྒྱུན་ལས་ཀྱི་གྲོས་ཆོད་གྲོས་འཆར་ནང་འཛིན་སྐྱོང་ལ་སྐུ་དབང་ཆ་ཚང་ཕུལ་ཡོད་པ་སོགས་གསུངས་སོང་ལ། ལ་ལས་གྲོས་ཆོད་གྲོས་འཆར་གཉིས་ཀར་རྒྱབ་སྐྱོར་གནང་མི་དགོས་པའི་དགོངས་ཚུལ་དང་། དེ་བཞིན་ཕྱག་ལས་དངོས་སུ་གནང་མཁན་འཛིན་སྐྱོང་ཡིན་སྟབས་བཟོ་བཅོས་གྲོས་ཆོད་གྲོས་འཆར་ལ་རྒྱབ་སྐྱོར་ཡོད་པ་སོགས་གསུངས་ཡོད།    སྐབས་དེར་སྲིད་སྐྱོང་མཆོག་གིས་སྤྱི་འཐུས་རྣམ་པའི་དྲི་བ་དང་དགོངས་ཚུལ་ཁག་ལ་གསལ་བཤད་དང་ལན་འདེབས་སོགས་གནང་རྗེས། ཚོགས་གཙོས་གཏན་འབེབས་ཀྱི་ལས་རིམ་ཐོག་ཕེབས་སྐབས་བཀའ་ཤག་གི་བཟོ་བཅོས་གྲོས་ཆོད་གྲོས་འཆར་ལ་རྒྱབ་སྐྱོར་གནང་མཁན་སྤྱི་འཐུས་ ༢༠ དང་སྤྱི་འཐུས་རྒྱུན་ལས་ཀྱི་གྲོས་ཆོད་གྲོས་འཆར་ལ་རྒྱབ་སྐྱོར་གནང་མཁན་སྤྱི་འཐུས་ ༡༣ བཅས་བྱུང་མཐར་བཀའ་ཤག་གི་བཟོ་བཅོས་གྲོས་ཆོད་གྲོས་འཆར་མཐའ་མའི་གཏན་འབེབས་ཐོག་ཕེབས་ཡོད། མཐའ་མའི་གཏན་འབེབས་ཀྱི་ལས་རིམ་སྐབས་སུ་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་ལས་དོན་མཇུག་སྐྱོང་དང་འབྲེལ་བའི་བཀའ་ཤག་གི་བཟོ་བཅོས་གྲོས་ཆོད་གྲོས་འཆར་ལ་དགག་པ་གནང་མཁན་སྤྱི་འཐུས་ ༩ དང་རྒྱབ་སྐྱོར་གནང་མཁན་སྤྱི་འཐུས་ ༡༦ བཅས་བྱུང་སྟེ་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་ལས་དོན་མུ་མཐུད་མཇུག་སྐྱོང་དང་སྦྲགས། སྤྱི་འཐུས་ལྷན་ཚོགས་དང་འཛིན་སྐྱོང་གཉིས་ལས་གྲུབ་པའི་མི་སྣ་ལྔ་ཅན་གྱི་ཚོགས་ཆུང་ཞིག་ཆེད་འཛུགས་ཐོག་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་དེ་ཉིད་རང་སྐྱོང་ལྡན་པའི་ཁེ་གཉེར་ཁང་མིང་དོན་མཚུངས་པ་ཞིག་བཟོ་ཐབས་དང་། གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་དེབ་སྐྱེལ་ཚོགས་མི་མིང་སྒྱུར་དང་འཛུགས་ཡུལ་ས་གནས། དེ་བཞིན་ལས་བྱེད་འདེམས་སྒྲུག་བསྐོ་གཞག མ་འཛུགས་དང་ལས་དོན་མཇུག་སྐྱོང་ལག་བསྟར་འཆར་གཞི་སོགས་ཀྱི་འགྲོ་ལུགས་བཟོས་ཏེ་ལོ་རྗེས་མའི་ཕྱི་ཟླ་གསུམ་པའི་གྲོས་ཚོགས་སུ་འབུལ་ལམ་ཞུ་ཐུབ་པ་གནང་གཏན་ཁེལ་ཡོད།གཞི་རྩའི་ཐེངས་འདིའི་གྲོས་ཚོགས་ཚོགས་དུས་བཞི་པ་འདི་ཟླ་ ༩ ཚེས་ ༧ ནས་དེ་རིང་ཚེས་ ༡༦ བར་ཁྱོན་ལས་ཉིན་དགུ་ཚོགས་གཏན་ཁེལ་ཡོད་ཀྱང་། ལས་ཉིན་བཞི་པའི་སྐབས་སུ་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པའི་འོས་ཆོས་དང་འབྲེལ་བའི་བསྐྱར་བཅོས་ཀྱི་ཁྲིམས་འཆར་ཐོག་ཕེབས་སྐབས་ཡིག་ཆ་ཨང་ ༣༩ པ་དང་འབྲེལ་ཏེ་གླེང་སློང་མང་དག་ཅིག་གནང་རྐྱེན་སྤྱི་འཐུས་ཁག་གཅིག་གྲོས་ཚོགས་ནས་ཕྱིར་ཐོན་གནང་སྟབས་གྲོས་ཚོགས་ཀྱི་ངོ་ཡོད་རྩ་འབོར་གྱི་གསུམ་ཆ་གཉིས་མ་ཚང་པར་བརྟེན་གྲོས་ཚོགས་ཀྱི་ལས་ཉིན་གཉིས་དང་ཕྱེད་ཀ་ཙམ་ཚོགས་མ་ཐུབ་པའི་གནས་སྟངས་བྱུང་ཡོད། གྲོས་ཚོགས་མཇུག་སྡོམ་དང་འབྲེལ་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་ད་རེས་གྲོས་ཚོགས་ཀྱི་ཚོགས་དུས་སྐབས་སུ་བར་ཆད་རེ་ཟུང་འཕྲད་ཡོད་ཀྱང་། སླད་མར་དེ་ལྟར་མི་ཡོང་བར་དགོངས་པ་ཆེ་བཞེས་གནང་དགོས་པ་དང་། ད་ཆ་རྒྱལ་སྤྱིའི་ཆབ་སྲིད་ཀྱི་འགྱུར་གྲོས་ཁྲོད་དུ་གོ་སྐབས་བཞེས་ཐུབ་གལ་ཡིན་པ་སོགས་གསུངས་ཡོད།

དབུས་བོད་སློབ་འཛིན་ཚོགས་ཁྱབ་ཁོངས་སློབ་གྲྭ་ཁག་རྩིས་ལེན་ཟིན་པ་དང་འབྲེལ་རྒྱ་གར་གཞུང་མང་ཡོངས་ལ་ཐུགས་རྗེ་ཆེ་ཞུའི་གྲོས་ཆོད་གཏན་འབེབས། 

དེ་རིང་གྲོས་ཚོགས་ཀྱི་ལས་ཉིན་མཐའ་མའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་དབུས་བོད་སློབ་འཛིན་ཚོགས་ཀྱི་ཁྱབ་ཁོངས་སུ་ཡོད་པའི་བོད་པའི་སློབ་གྲྭ་ཁག་ཤེས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་སཾ་བྷོ་ཊ་བོད་སློབ་ཚོགས་པར་རྩིས་སྤྲོད་རྩིས་ལེན་ཆ་ཚང་ཟིན་པ་དང་འབྲེལ་རྒྱ་གར་གཞུང་མང་ཡོངས་ལ་ཐུགས་རྗེ་ཆེ་ཞུའི་གཞུང་འབྲེལ་གྲོས་ཆོད་ཅིག་གྲོས་ཚོགས་སུ་སྙན་སྒྲོན་གནང་བ་དང་སྦྲགས་ཏེ་གྲོས་ཚོགས་ནས་སྤྱི་མོས་ཐོག་གཏན་འབེབས་གནང་སོང་།   སྐབས་དེར་སྲིད་སྐྱོང་མཆོག་གིས་སྙན་སྒྲོན་གནང་བའི་གྲོས་ཆོད་ཀྱི་སྔོན་གླེང་ནང་རྒྱ་གར་གཞུང་གི་བཀོད་ཁྱབ་དང་བཀའ་འཁྲོལ་ལྟར་ཐོག་མར་བོད་མིའི་གཞིས་ཆགས་ཁག་ཏུ་ཡོད་པའི་སྔོན་འགྲོའི་སློབ་གྲྭ་ ༣༣ དང་། དེ་ནས་ཕྱི་ལོ་ ༢༠༡༦ ནས་ ༢༠༢༡ ཕྱི་ཟླ་ ༡༢ ཕྱི་ཚེས་ ༣༡ ནང་ཚུད་ལ་གཞི་རིམ་འོག་མ་དང་། གཞི་རིམ་བར་མ། དེ་བཞིན་གཞི་རིམ་གོང་མ་བཅས་ཀྱི་སློབ་གྲྭ་ཁག་དབུས་བོད་སློབ་འཛིན་ཚོགས་ཀྱི་ཁྱབ་ཁོངས་ནས་ཤེས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་སཾ་བྷོ་ཊ་བོད་སློབ་ཚོགས་པར་རྩིས་སྤྲོད་རྩིས་ལེན་ཆ་ཚང་གྲུབ་པ་དང་བསྟུན། ཕྱི་ལོ་ ༢༠༢༢ ཕྱི་ཟླ་ ༣ ཕྱི་ཚེས་ ༣༡ ཉིན་དབུས་བོད་སློབ་འཛིན་ཚོགས་ཀྱི་ལས་དོན་མཚམས་འཇོག་གནང་ཟིན་ཡོད་པ་སོགས་གསུངས་ཡོད་པར་མ་ཟད། གྲོས་ཆོད་ནང་འདས་པའི་ལོ་ངོ་ ༦༠ ལྷག་གི་རིང་རྒྱ་གར་གཞུང་མང་གཉིས་ཀྱིས་བོད་མི་བཙན་བྱོལ་བ་ཚོར་བཀའ་དྲིན་གཞལ་ཟླ་མེད་པ་ཞིག་གནང་བ་དང་ལྷག་པར་དུ་དབུས་བོད་སློབ་འཛིན་ཚོགས་ཀྱི་ཚོགས་གཙོ་དང་ལས་བྱེད་རིམ་བྱོན། ཁྱབ་ཁོངས་སློབ་གྲྭ་ཁག་གི་དགེ་ལས་འདས་གསོན་ཡོངས་ཀྱིས་བོད་རིགས་གཞོན་སྐྱེས་ཀྱི་ཤེས་ཡོན་ཐོག་མཐུན་འགྱུར་རོགས་རམ་གནང་བར་བཀའ་དྲིན་བླ་མེད་དང་ཐུགས་རྗེ་ཆེ་ཞེས་གསུངས་འདུག    རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་གྲོས་ཆོད་ཀྱི་སྔོན་གླེང་ནང་ད་དུང་ཕྱི་ལོ་ ༡༩༥༩ ལོར་༸གོང་ས་མཆོག་གིས་དབུས་པའི་བོད་མི་མི་ཉུང་བ་ཞིག་རྒྱ་གར་ནང་བཙན་བྱོལ་དུ་འབྱོར་མཚམས་སུ་ཉམས་མྱོང་དང་དཔལ་འབྱོར་གནས་བབ་སོགས་ཀྱི་ཐོག་ནས་དཀའ་ངལ་སྣ་ཚོགས་ཤིག་འཕྲད་ཡོད་ཀྱང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ཕྲུག་རྣམས་མ་འོངས་བོད་ཀྱི་ས་བོན་དུ་གཟིགས་ཏེ་ཕྱི་ལོ་ ༡༩༦༠ ཟླ་ ༣ ཚེས་ ༣ ཉིན་བོད་ཕྲུག་ ༥༠ ཡོད་པའི་བཙན་བྱོལ་བོད་མིའི་སློབ་གྲྭ་དང་པོ་མ་སུ་རི་གཏན་སློབ་གསར་འཛུགས་མཛད་པ་དང་། རིམ་བཞིན་བོད་པའི་སློབ་གྲྭ་ཟུར་འཛུགས་ཐུབ་རྒྱུ་སོགས་ལ་དགོངས་ཏེ་སྐབས་དེའི་རྒྱ་གར་གྱི་སྲིད་བློན་སྐུ་ཞབས་ Jawaharla Nehru མཆོག་ལ་འབོད་སྐུལ་ཇི་ལྟར་ཞུས་པ་ལྟར་རྒྱ་གར་གཞུང་ནས་བོད་མིའི་སློབ་གྲྭའི་ཚོགས་སྡེ་ཞེས་པ་ཞིག་ཆེད་འཛུགས་གནང་སྟེ་མ་སུ་རི་གཏན་སློབ་ཐོག་གཏན་སློབ་གཞན་བརྒྱད་གསར་འཛུགས་དང་། ཕྱི་ལོ་ ༡༩༦༦ ལོར་བོད་མིའི་སློབ་གྲྭའི་ཚོགས་སྡེ་ཞེས་པ་དེ་དབུས་བོད་སློབ་འཛིན་ཚོགས་ཞེས་མཚན་སྒྱུར་གནང་སྟེ་སྔར་ཡོད་གཏན་སློབ་ཁག་ལ་ཉིན་སློབ་དང་གཏན་སློབ་གཞན་གསར་འཛུགས་རྒྱ་ཆེར་གནང་སྟེ་ཁྱོན་བོད་པའི་གཞིས་ཆགས་ཁག་ཏུ་གཞི་རིམ་འོག་མ་ནས་གོང་མ་བར་གྱི་སློབ་གྲྭ་ ༢༨ དང་། སྔོན་འགྲོའི་སློབ་གྲྭ་ ༣༣ བཅས་གསར་འཛུགས་དང་སྦྲགས་ཏེ་དགེ་ལས་དང་དཔལ་འབྱོར་སོགས་ཀྱི་མཐུན་རྐྱེན་རོགས་རམ་རྒྱ་ཆེར་གནང་བ་མ་ཟད། ལས་དོན་རྣམས་སྔར་ལྷག་ཚགས་ཚུད་ཡོང་སླད་ཕྱི་ལོ་ ༡༩༩༩ ལོར་སཾ་བྷོ་ཊ་བོད་སློབ་ཚོགས་པ་གསར་འཛུགས་གནང་བ་དང་། ཕྱི་ལོ་ ༡༩༩༩ དང་གཏན་སློབ་ཁག་གི་གནས་སྟངས་ལ་ཉམས་ཞིབ་དང་སྦྲགས་ཏེ་ཕྱི་ལོ་ ༢༠༡༣ ལོ་ནས་བོད་པའི་སློབ་གྲྭ་ཁག་གི་འཛིན་སྐྱོང་ལས་དོན་དང་ཤེས་ཡོན་གྱི་སྤུས་ཚད་བཟང་དུ་གཏོང་རྒྱུ་སོགས་ལ་གཟིགས་ནས་དབུས་བོད་སློབ་འཛིན་ཚོགས་ཀྱི་ཁྱབ་ཁོངས་སུ་ཡོད་པའི་བོད་པའི་སློབ་གྲྭ་ཁག་ཤེས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་སཾ་བྷོ་ཊ་བོད་སློབ་ཚོགས་པར་རྩིས་སྤྲོད་དབུ་འཛུགས་གནང་བ་སོགས་འདས་པའི་མི་ལོ་ ༦༠ ལྷག་གི་བཙན་བྱོལ་བོད་མིའི་ཤེས་ཡོན་དང་འབྲེལ་བའི་ལས་དོན་གྱི་འཕེལ་རིམ་ཁག་གཅིག་མངོན་གསལ་གནང་འདུག

ཕྱི་དྲིལ་དང་འཕྲོད་བསྟེན་གཉིས་ཀྱི་ལོ་འཁོར་ལས་བསྡོམས་ཐོག་སྤྱི་ཡོངས་ཀྱི་བགྲོ་གླེང་གནང་བ།

དེ་རིང་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༤ པའི་ལས་ཉིན་ ༩ པའི་ཐོག་ཕྱི་དྲིལ་ལས་ཁུངས་དང་འཕྲོད་བསྟེན་ལས་ཁུངས་ཀྱི་ཕྱི་ལོ་ ༢༠༢༡༌༢༢ ལོའི་ལོ་འཁོར་ལས་བསྡོམས་སྙན་སྒྲོན་དང་བགྲོ་གླེང་བཅས་གནང་སོང་།ཕྱི་དྲིལ་ལས་ཁུངས་ཀྱི་ལས་བསྡོམས་ཐོག་བགྲོ་གླེང་གནང་སྐབས་སྤྱི་འཐུས་རྣམ་པས་ཕྱི་དྲིལ་བཀའ་བློན་མཆོག་ལ་བོད་ནང་གི་ཛ་དྲག་གནས་སྟངས་རྣམས་རྒྱ་མི་རིགས་ལའང་ངོ་སྤྲོད་གནང་རྒྱུའི་གལ་འགངས་དང། V-Tag ཞེས་བོད་དོན་ཞུ་གཏུག་ལས་འགུལ་གྱི་ལས་དོན། དེ་བཞིན་རྒྱལ་སྤྱིའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐོག་རྒྱལ་སྤྱིའི་གསར་འགོད་པ་མ་ཕེབས་པ་དང་དེའི་ཐོག་ཨ་རི་གཞུང་གི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་མ་ཕེབས་པ་བཅས་ཀྱི་རྒྱུ་མཚན་གང་ཡིན་དང་འབྲེལ་བའི་བཀའ་རྩད་གནང་བ་སོགས་ཁྱོན་སྤྱི་འཐུས་བཅུས་བགྲོ་གླེང་ནང་ཆ་ཤས་བཞེས་ཡོད།དེ་རྗེས་ཉིན་རྒྱབ་འཕྲོད་བསྟེན་ལས་ཁུངས་མ་ལག་དང་བཅས་པའི་ལོ་འཁོར་ལས་བསྡོམས་སྙན་སྒྲོན་དང་དེའི་ཐོག་སྤྱི་ཡོངས་ཀྱི་བགྲོ་གླེང་ལས་རིམ་ཐོག་ཕེབས་སྐབས་བོད་ཀྱི་སྨན་རྩིས་ཁང་དེ་འགྲོ་ཕན་སྨན་རྩིས་ཁང་ཞེས་མིང་སྒྱུར་གནང་བར་ངོ་རྒོལ་དང་། སྦེང་ལོར་སྨན་གྱི་མཐོ་སློབ་དང་དྷ་ས་སྨན་གྱི་མཐོ་སློབ་གཉིས་པོ་སྲོལ་རྒྱུན་སྨན་ལུགས་ Ayush ཁོངས་སུ་དེབ་སྐྱེལ་གྱི་ལས་རིམ་དང་འབྲེལ། དེ་སྔ་བོད་གཞུང་སྨན་རྩིས་ཁང་གི་ལྷ་རྗེ་མང་པོས་རྒྱ་གར་གྱི་སྲོལ་རྒྱུན་སྨན་ལུགས་ཁོངས་སུ་དེབ་སྐྱེལ་གནང་ན་ཕུགས་ལ་ཕན་ལས་གནོད་ཆེ་བར་ངོས་འཛིན་གནང་མཁན་བྱུང་ཡོད་པ་དང་འབྲེལ་བའི་བཀའ་འདྲི་ཁག་གཅིག་ཞུས་ཡོད།གཞན་ཡང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་སྨྱོ་རྫས་ངན་གོམས་ཀྱི་ངལ་བ་དང་སེམས་ཁམས་བདེ་མིན་གྱི་ངལ་འཕྲད་ཅན་གྱི་གྲངས་འབོར་སྐོར་ལ་དོགས་དྲི་ཞུས་པར་མ་ཟད། བོད་ནང་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་འོག་བོད་མི་རྣམས་ལ་དཀའ་ངལ་ཧ་ཅང་ཆེན་པོ་འཕྲད་བཞིན་ཡོད་པའི་གནས་སྟངས་དང་འབྲེལ་བའི་དགོངས་འཆར་དང་བཀའ་འདྲི་ཁག་གཅིག་ཞུས་ཡོད།

ཤེས་རིག་དང་བདེ་སྲུང་བཀའ་བློན་རྣམ་གཉིས་མཆོག་ལ་སྤྱི་འཐུས་རྣམས་ཀྱིས་བཀའ་རྩད་ནན་པོ་གནང་བ།   

ཁ་སང་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དུས་བཞི་པའི་ལས་ཉིན་བརྒྱད་པའི་ཉིན་རྒྱབ་ཀྱི་ཚོགས་ཐུན་བཞི་པ་དང་ལྔ་པའི་ཐོག་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་དང་བདེ་སྲུང་ལས་ཁུངས་གཉིས་ཀྱི་ཕྱི་ལོ་ ༢༠༢༡་༢༢ ལོའི་ལོ་འཁོར་ལས་བསྡོམས་སྙན་སྒྲོན་དང་སྤྱི་འཐུས་རྣམས་ཀྱིས་དེར་བགྲོ་གླེང་གིས་ཆ་ཤས་བཞེས་སོང་། ཤེས་རིག་ལས་ཁུངས་ཀྱི་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་ཤེས་རིག་ལས་ཁུངས་མ་ལག་དང་བཅས་པའི་ཕྱི་ལོ་ ༢༠༢༡་༢༢ ལོའི་ལོ་འཁོར་ལས་བསྡོམས་སྙིང་བསྡུས་སྙན་སྒྲོན་དང་དེ་འབྲེལ་སྤྱི་འཐུས་རྒྱུན་ལས་ཀྱིས་དྲི་བ་ཕེབས་ཁག་ལ་ལན་འདེབས་གསལ་བཤད་གནང་ཡོད་པ་རེད།སྐབས་དེར་སྤྱི་འཐུས་རྣམ་པས་ཤེས་རིག་ལས་ཁུངས་ཀྱིས་སློབ་གྲྭའི་ཟས་བཅུད་ཐོག་ཐུགས་སྣང་དང་སློབ་གྲྭར་ཟས་གོས་གནས་མལ་གྱི་དོད་ལ་ཆག་ཡང་། བོད་སྒྲུང་འགྲེམས་སྤེལ་མང་ཙམ་གནང་དགོས་པ། ངག་རྒྱུན་གྱི་གནའ་གཏམ་རྣམས་བདག་སྐྱོང་འགན་འཁུར་དགོས་པ། ད་ཆ་བོད་ཁྱིམ་གྱི་སློབ་གྲྭ་ཁག་གཅིག་གི་འཛིན་ཁང་དང་ཁྱིམ་ཚང་སྟོང་པ་ཆགས་ཡོད་པས་དེ་དག་སློབ་གྲྭ་ཟླ་སྒྲིལ་གནང་སྟེ་བོད་ནས་རྗེས་འབྱོར་བ་ ཚོར་མཁོ་སྤྲོད་གནང་ན་ཧ་ཅང་ལེགས་པོ་ཡོད་པ་དང་། ཕྱི་རྒྱལ་དུ་བོད་སློབ་གསར་འཛུགས་དགོས་པ། དེ་བཞིན་སློབ་གྲྭ་ནང་བཙན་གཡེམ་གྱི་གནད་དོན་བྱུང་ཁག་སོགས་ཀྱི་སྐོར་ལ་བཀའ་འདྲི་དགོངས་སྐོར་གནང་མཁན་བྱུང་ཡོད།དེའི་ཁྲོད་སྤྱི་འཐུས་གཞན་ཞིག་གིས་མ་འོངས་བོད་ཀྱི་སོན་རྩ་རྣམས་གལ་ཆེན་པོ་ཆགས་ཀྱི་ཡོད་པ་དང་ལྷག་པར་བོད་ཕྲུག་ཚོར་སློབ་སྦྱོང་སྤྲོད་མཁན་གྱི་དགེ་རྒན་ཚད་ལྡན་དགོས་རྒྱུ་གལ་ཡིན་པར་མ་ཟད། སྒོས་དམིགས་བསལ་བོད་ཡིག་དགེ་རྒན་ཚོར་ཤུགས་རྒྱག་དགོས་པ་དང་གལ་ཏེ་དེ་ལྟར་མ་གནང་ཚེ་སླད་མར་ཉེན་འཕྲད་སྲིད་པས་དགེ་རྒན་རྣམས་སློབ་གྲྭར་མུ་མཐུད་རྒྱུན་གནས་ཐུབ་ཐབས་སུ་ཤེས་རིག་ལས་ཁུངས་ནས་གསོལ་ཕོགས་ངེས་པར་དུ་སྤར་དགོས་སྐོར་གསུངས་པ་དང་། དེར་ཤེས་རིག་བཀའ་བློན་མཆོག་གིས་ད་ཆ་སམ་བྷོ་ཊ་ཁོངས་གཏོགས་ཡོད་པའི་བོད་སློབ་འཛིན་ཚོགས་ནས་རྩིས་བཞེས་པའི་སློབ་གྲྭ་ཚོར་གསོལ་ཕོགས་སྤར་ཆ་གང་ལེགས་གནང་ཡོད་སྐོར་བཀའ་ལན་གནང་སོང་།   དེ་བཞིན་སྤྱི་འཐུས་ཁག་གཅིག་གིས་ཤེས་རིག་ལས་ཁུངས་ནས་དཔེ་དེབ་དཔར་སྐྲུན་གང་མང་གནང་དགོས་པའི་གནད་འགག་དང་དཔེ་དེབ་རྣམས་དགོན་སྡེ་ཁག་གཙོས་བོད་ཡིག་སློབ་ཁྲིད་གནང་མཁན་ཚོགས་སྒེར་རྣམས་ལ་བརྒྱ་ཆ་ ༧༠ ཙམ་ཆག་ཡང་གནང་བའི་དགོངས་པ་བཞེས་རོགས་ཞེས་ཞུས་སོང་ལ། སྤྱི་འཐུས་ལ་ལས་ད་བར་སློབ་གྲྭ་ག་ཚོད་ཙམ་ཟླ་སྒྲིལ་གནང་ཡོད་མེད་གསལ་ཁ་དང་སློབ་གྲྭ་ཟླ་སྒྲིལ་མ་གནང་གོང་དེ་འབྲེལ་གསལ་བརྡ་ནམ་ཕུལ་ཡོད་མེད། དེ་བཞིན་སློབ་གྲྭ་ཟླ་སྒྲིལ་གནང་ཕྱོགས་གང་འདྲ་གནང་གི་ཡོད་མེད་བཀའ་འདྲི་ཞུས་པར་ཤེས་རིག་བཀའ་བློན་མཆོག་གིས་སློབ་གྲྭ་ཟླ་སྒྲིལ་གནང་ཕྱོགས་སྐོར་འགྲེལ་བརྗོད་དང་སྦྲགས། ས་གནས་གཅིག་ནང་གལ་ཏེ་སློབ་གྲྭ་གཅིག་ལས་མེད་ཚེ་དེ་མེད་པ་བཟོ་ཐབས་བྲལ་བར་མ་ཟད་ལྷག་པར་དམའ་རིམ་སློབ་གྲྭའི་སློབ་ཕྲུག་རྣམས་ངེས་པར་དུ་ཕ་མའི་སར་འཇོག་དགོས་གལ་ཡིན་སྐོར་བཀའ་ལན་གནང་སོང་། སྤྱི་འཐུས་གཅིག་གིས་སཱི་ཤེས་ཡོན་སློབ་གསོ་དེ་བོད་ཀྱི་ནང་པའི་གཞུང་ལུགས་ནས་བསྟན་པའི་མིའི་བསམ་བློ་བསྒྱུར་བཅོས་གཏོང་སྟངས་ཀྱི་ཤེས་ཡོན་སློབ་སྦྱོང་དེ་བཞིན་ནུབ་ཕྱོགས་ལ་འཁྱེར་ཏེ་རྣམ་པ་གསར་པ་བཟོས་ཏེ་དེ་ཕྱིར་ང་ཚོའི་སྤྱི་ཚོགས་ནང་སློབ་ཁྲིད་གནང་ཚེ་རན་པོ་ཞིག་ཆགས་ཀྱི་ཡོད་དམ་ཞེས་དགོངས་ཚུལ་ཕུལ་སོང་།དེ་ཉིན་ཤེས་རིག་ལས་ཁུངས་ཀྱི་ལས་བསྡོམས་ཐོག་བགྲོ་གླེང་གྲུབ་རྗེས་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་བདེ་སྲུང་ལས་ཁུངས་མ་ལག་དང་བཅས་པའི་ཕྱི་ལོ་ ༢༠༢༡་༢༢ ལོའི་ལོ་འཁོར་ལས་བསྡོམས་སྙིང་བསྡུས་སྙན་སྒྲོན་གནང་ཡོད་པ་དང་། སྤྱི་འཐུས་རྒྱུན་ལས་ཀྱི་དྲི་བ་ཁག་ལ་ལན་འདེབས་གསལ་བཤད་ཀྱིས་བདེ་སྲུང་ལས་ཁུངས་ཀྱི་ལས་བསྡོམས་ཐོག་བགྲོ་གླེང་སྐབས་སྤྱི་འཐུས་རྣམ་པའི་༸གོང་ས་མཆོག་རྒྱ་གར་དུ་༸ཞབས་སོར་བདེ་བར་འཁོད་པ་ནས་བཟུང་རྒྱ་གར་གཞུང་མང་གཉིས་ཀྱིས་ད་བར་༸རྒྱལ་བའི་༸སྐུ་ཕྱཱ་འཐུས་ཤོར་མེད་པའི་ཐོག་ལོ་ངོ་བདུན་ཅུར་ཉེ་བར་སྲུང་སྐྱོབ་ཞུས་ཡོད་པས་འབྲེལ་ཡོད་ཚན་པ་དང་བདེ་སྲུང་ལས་ཁུངས་ཀྱི་འགོ་ལས་ཡོངས་ལ་ཐུགས་རྗེ་ཆེ་ཞུ་མཁན་བྱུང་སོང་ལ། དེ་བཞིན་སྤྱི་འཐུས་ཁག་གཅིག་གིས་རྒྱ་གར་ནས་ཕྱིར་སྐྱོད་སྐབས་ཕྱིར་ཐོན་དང་ཕྱིར་ལོག་ཆོག་པའི་བཀའ་འཁྲོལ་ Exit Permit  དང་ Return Visa ཞུ་མི་དགོས་པར་ཕྱིར་སྐྱོད་ཐུབ་ཐབས་སུ་མཐུན་རྐྱེན་བསྐྲུན་ཐུབ་མིན་དང་། དེ་བཞིན་ཆབ་སྲིད་བཙོན་ཟུར་གྱི་གཞིས་སྤོས་ལས་གཞི་དང་འབྲེལ་ཡོད་སྐོར་བཀའ་རྩད་གནང་ཡོད།སྐབས་དེར་བདེ་སྲུང་བཀའ་བློན་མཆོག་གིས་རྒྱ་གར་ནས་ཕྱིར་སྐྱོད་སྐབས་ཐོན་ཆོག་པ་དང་ལོག་ཆོག་པའི་བཀའ་འཁྲོལ་ཞུ་མ་དགོས་པར་བསྐྱོད་འཐུས་བཟོ་ཐབས་དཀའ་གནད་ཡིན་སྐོར་དང་སྦྲགས་དེ་འབྲེལ་གྱི་འགྲོ་སྟངས་འགྲོ་ལུགས་དེ་རྒྱ་གར་གཞུང་གིས་རྒྱལ་ཁབ་གཞན་དང་བསྟུན་ནས་གཏན་འབེབས་གནང་བ་ཞིག་ཡིན་པར་བཀའ་ལན་གནང་སོང་།དེ་བཞིན་ཨོ་གླིང་དུ་ཆབ་སྲིད་བཙོན་ཟུར་གྱི་གཞིས་སྤོས་ལས་གཞི་དང་འབྲེལ་ཏེ་བཀའ་འདྲི་ཞུས་ཁག་ལ་བདེ་སྲུང་བཀའ་བློན་མཆོག་གིས་འབྲེལ་ཆགས་དེ་སྒྲིག་གཞི་དགོངས་དོན་བཞིན་ཆབ་སྲིད་བཙོན་ཟུར་གྱི་བུ་ཕྲུག་དང་ཕ་མ་གཅིག་གི་སྤུན་མཆེད་ལ་ངོས་འཛིན་གནང་དགོས་པ་དང་། ལྷག་པར་ནད་ཡམས་ཀྱི་རྐྱེན་གྱིས་ཨོ་གླིང་ནང་དེ་སྔོན་མི་མང་དག་ཅིག་འགྲོ་མ་ཐུབ་པའི་གནས་སྟངས་བྱུང་ཡོད་ཀྱང་ཕྱིས་སུ་ནད་ཡམས་ཀྱི་གནས་སྟངས་ཇེ་བཟང་དུ་འགྲོ་བའི་སྐབས་མི་གྲངས་ ༡༠༠ ལྷག་ཕེབས་ཐུབ་པ་དང་ལྷག་པར་ད་ལྟའི་ཆར་མི་གྲངས་ ༣༠ ཞིག་ལ་རྒྱན་འཕངས་ཡོད་པ་དང་། སླད་མར་དེ་འབྲེལ་གྱི་གྲངས་ཀ་དེ་འཕར་རྒྱུའི་ཐུགས་རེ་གནང་བཞིན་ཡོད་སྐོར་བཀའ་ལན་གནང་སོང་། བདེ་སྲུང་བཀའ་བློན་མཆོག་གིས་རྒྱ་ནག་གུང་ཁྲན་གྱི་དྲ་ལམ་བརྒྱུད་འཁྱོག་བཤད་དང་དེ་བཞིན་བོད་མིའི་ཆིག་སྒྲིལ་རྩ་གཏོར་གཏོང་ཐབས་བྱེད་བཞིན་པར་ང་ཚོ་ཚང་མས་ཡིད་གཟབ་གནང་དགོས་ཞེས་གཞེལ་སྐུལ་ནན་པོ་གནང་ཡོད། པར་ཁག་བོད་མིའི་སྒྲིག་འཛུགས་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས།

དང་བླངས་དཔྱ་དངུལ་ལག་དེབ་སྤར་བ་ལས་ཚང་མར་ཕུལ་ཐུབ་པ་བཟོ་དགོས་པའི་གཞེན་སྐུལ།

དེ་རིང་གྲོས་ཚོགས་ཀྱི་ཉིན་རྒྱབ་ཚོགས་དུས་ཐོག་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་ལོ་འཁོར་ལས་བསྡོམས་ཐོག་བགྲོ་གླེང་གནང་བའི་ཁྲོད་གནད་དོན་གཙོ་བོ་གཅིག་དང་བླངས་དཔྱ་དངུལ་ལག་འབུལ་ཕྱོགས་སྐོར་ལ་གླེང་གནང་སོང་།དེ་རིང་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ལས་ཉིན་བརྒྱད་པའི་སྔ་དྲོའི་ཚོགས་དུས་ཐོག་གཞུང་འབྲེལ་སྒྲིག་གཞི་བསྐྱར་བཅོས་ཀྱི་ཁྲིམས་འཆར་ཐོག་ཕེབས་རྗེས་ཉིན་རྒྱབ་དཔལ་འབྱོར་ལས་ཁུངས་ཀྱི་ལོ་འཁོར་ལས་བསྡོམས་ཐོག་བགྲོ་གླེང་གནང་ཡོད་པ་དང་། སྐབས་དེར་དུས་ཚོད་རྐྱེན་གྱིས་སྤྱི་འཐུས་གསུམ་ལ་མ་གཏོགས་ཆ་ཤས་བཞེས་རྒྱུའི་གོ་སྐབས་གནང་ཐུབ་མེད། སྤྱི་འཐུས་དེ་དག་གི་དོགས་འདྲི་དང་དགོངས་འཆར་ཁག་གཅིག་ཕུལ་བའི་ཁོངས་སུ་ཉེ་ལམ་བཀའ་ཤག་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་དང་བླངས་དཔྱ་དངུལ་སྤར་ཆ་གནང་དགོས་མིན་དང་འབྲེལ་བའི་འགེངས་ཤོག་འགེང་བཞིན་པའི་གནད་དོན་གླེང་སློང་དང་འབྲེལ་ཏེ་དང་བླངས་དཔྱ་དངུལ་སྤར་ཆ་གནང་བ་ལས་དཔྱ་ཁྲལ་ཕུལ་མཁན་གྱི་གྲངས་འབོར་མང་དུ་གཏོང་གལ་ཡིན་པ་གསུངས་སོང་། སྲིད་སྐྱོང་མཆོག་གིས་སྐབས་དེར་རྒྱ་གར་ནང་དང་བླངས་དཔྱ་དངུལ་ལག་དེབ་སྤར་དགོས་མིན་གྱི་བཀའ་མོལ་དེ་དེ་སྔའི་གྲོས་ཚོགས་སུ་བསླེབས་ཟིན་པར་བརྟེན་སྤྱི་འཐུས་ལྷན་ཚོགས་སུ་སྙན་སེང་ཞུས་རྗེས་མང་ཚོགས་ཁྲོད་དེ་འབྲེལ་འགེངས་ཤོག་འགེང་བཞིན་ཡོད་སྟབས། གྲོས་ཚོགས་ཀྱི་ངོས་ནས་ལམ་སྟོན་གསལ་པོ་དགོས་པ་གསུངས་སོང་།དེ་བཞིན་སྲིད་སྐྱོང་མཆོག་གིས་ད་ལྟའི་ཆར་བཙན་བྱོལ་བོད་མིའི་ཁྲོད་ནས་དང་བླངས་དཔྱ་དངུལ་མ་ཕུལ་མཁན་གྱི་གྲངས་འབོར་ཁ་གསལ་མེད་སྐོར་གསུངས་པ་དང་འབྲེལ། བཀའ་ཤག་གི་ངོས་ནས་དང་བླངས་དབྱ་དངུལ་ཕུལ་མཁན་མང་དུ་གཏོང་རྒྱུར་འབད་བརྩོན་གནང་བཞིན་པའི་ཐོག་ད་ཆར་དཔྱ་དངུལ་ཕུལ་མིན་ལ་ལྟོས་མེད་སྔོན་ལ་ཚང་མར་ལག་དེབ་ཕུལ་རྒྱུའི་དགོངས་བཞེས་གནང་བཞིན་ཡོད་པ་གསུངས་ཡོད། སྤྱི་འཐུས་ཤིག་གིས་བཀའ་ཤག་གི་ངོས་ནས་ལྷོ་ཕྱོགས་གཞིས་ཆགས་ལྔའི་ནང་ཕེབས་ནས་ས་གནས་བོད་མི་ཚོའི་དཔྱ་ཁྲལ་ལག་དེབ་དང་འབྲེལ་བའི་ཡིག་ཆའི་དཀའ་ངལ་ཁག་གསལ་ཐབས་ཡོང་བའི་དགོངས་འཆར་ཞུས་པར་སྲིད་སྐྱོང་མཆོག་གིས་གསལ་བཤད་བཀའ་ལན་གནང་སོང་།བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་ལོ་འཁོར་ལས་བསྡོམས་ཐོག་བགྲོ་གླེང་གནང་སྐབས་གཞན་ཡང་། དཔལ་འབྱོར་ལས་ཁུངས་ནས་འདི་ལོ་བོད་མི་སུད་ཚོང་བ་ཚོར་བུ་ལོན་གཡར་ཕྱོགས་དང་བུ་ལོན་ཇི་ཙམ་གཡར་མིན་སོགས་ཀྱི་བཀའ་འདྲི་ཞུ་མཁན་བྱུང་ཡོད་པར་སྲིད་སྐྱོང་གི་དེ་འབྲེལ་ལན་འདེབས་གསལ་བཤད་གནང་ཡོད་པར་མ་ཟད། དེ་སྔ་བཀའ་ཤག་གི་ངོས་ནས་སུད་ཚོང་བ་ཚོར་རོགས་སྐྱོར་སླད་བོད་མིའི་སྒྲིག་འཛུགས་ཀྱི་འབྲེལ་ཡོད་ལས་བྱེད་གཉིས་བསྐོ་གཞག་གནང་རྒྱུ་ཞལ་བཞེས་གནང་བ་བཞིན་ད་ལྟའི་ཆར་ལས་བྱེད་གཅིག་བསྐོ་གཞག་ཟིན་དོན་ལྟར་ས་གནས་སུ་ཆེད་གཏོང་གནང་ཡོད་སྐོར་འགྲེལ་བརྗོད་གནང་སོང་།

བོད་ནས་ཕེབས་པའི་རྗེས་འབྱོར་བ་དང་དགོས་མཁོ་ཅན་ཚོར་དམིགས་ཏེ་ས་ཁང་གི་སྒྲིག་གཞི་དོན་ཚན་ཁག་ཅིག་གཏན་འབེབས།

དེ་རིང་གྲོས་ཚོགས་ཀྱི་ལས་ཉིན་བརྒྱད་པའི་སྔ་དྲོའི་ཚོགས་དུས་ཐོག་ལ་གཞུང་འབྲེལ་སྒྲིག་གཞི་བསྐྱར་བཅོས་ཀྱི་ཁྲིམས་འཆར་ཐོག་ཕེབས་སྐབས་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་གི་ས་ཁང་བདག་འཛིན་དང་བེད་སྤྱོད་བྱེད་ཕྱོགས་ཀྱི་སྒྲིག་གཞིའི་དོན་ཚན་ཁག་ཅིག་མང་མོས་ཐོག་གཏན་འབེབས་གནང་སོང་བ་དང་། སྐབས་དེར་སྲིད་སྐྱོང་དང་ནང་སྲིད་བཀའ་བློན་གཅིག་ལྕོགས་སྐུ་ཞབས་སྤེན་པ་ཚེ་རིང་མཆོག་ནས་ད་རེས་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་གི་ས་ཁང་བདག་འཛིན་དང་བེད་སྤྱོད་བྱེད་ཕྱོགས་ཀྱི་སྒྲིག་གཞིའི་དོན་ཚན་ཁག་ཅིག་བསྐྱར་བཅོས་གནང་རྒྱུའི་དགོས་དམིགས་གཙོ་བོ་ནི་འཛིན་སྐྱོང་ནས་སྒྲིག་གཞི་ཁག་དངོས་སུ་ལག་བསྟར་ཐུབ་ཐབས་དང་། དབུས་བོད་མིའི་ངལ་སེལ་ཚོགས་པར་རྩིས་འབུལ་བྱུང་བའི་ས་ཆ་རྣམས་གཞིས་སྐལ་མ་ཐོབ་པའམ། དགོས་མཁོ་ཅན། ལྷག་པར་དུ་བོད་ནས་ཕེབས་པའི་རྗེས་འབྱོར་བ་དང་མཐའ་མཚམས་སོགས་ཁ་ཐོར་དུ་གནས་པའི་བོད་མི་ཚོར་བགོ་འགྲེམས་ཐུབ་རྒྱུའི་ཆེད་དུ་ཡིན་པ་སོགས་གསུངས་ཡོད།དེ་ཡང་ནང་སྲིད་བཀའ་བློན་མཆོག་ནས་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་གི་ས་ཁང་བདག་འཛིན་དང་བེད་སྤྱོད་བྱེད་ཕྱོགས་ཀྱི་གཞུང་འབྲེལ་སྒྲིག་གཞིའི་དོན་ཚན་ལྔ་པ་ས་ཞིང་བེད་སྤྱོད་དང་། དོན་ཚན་དྲུག་པ་ས་ཁང་ཚོང་བསྒྱུར་དང་ཕུལ་སྦྱིན། དོན་ཚན་བདུན་པ་ས་ཁང་བོགས་གཡར། དོན་ཚན་བརྒྱད་པ་རྗེས་ཤུལ་ལ་ས་ཁང་བགོ་སྤྲོད། དོན་ཚན་དགུ་པ་གནས་སྐབས་གཞིས་ཐོན། དོན་ཚན་བཅུ་པ་གཏན་འཇགས་གཞིས་ཐོན། དོན་ཚན་བཅུ་གཅིག་ས་ཁང་ཕྱིར་བསྡུ་དང་བགོ་སྤྲོད། དོན་ཚན་བཅུ་གཉིས་ཧམ་ཟོས་དང་རྒྱ་བསྐྱེད། དོན་ཚན་བཅུ་གསུམ་ས་ཁང་བདག་གཅེས། དེ་བཞིན་དོན་ཚན་བཅུ་བཞི་པ་ས་གནས་ས་ཁང་ཞིབ་འཇུག་ཚོགས་ཆུང་བཅས་ཁྱོན་དོན་ཚན་བཅུ་དང་འབྲེལ་བའི་ནང་གསེས་དོན་ཚན་ཁག་གི་ཐོག་བསྐྱར་བཅོས་ཁྲིམས་འཆར་བསྣམས་ཕེབས་ཡོད་པ་དང་། སྐབས་དེར་ཁྲིམས་འཆར་དང་འབྲེལ་བའི་བརྗོད་པ་དང་པོའི་ཐོག་ཕེབས་སྐབས་སྤྱི་འཐུས་ཁག་ཅིག་ནས་སྒྲིག་གཞི་འདི་བསྐྱར་བཅོས་གནང་པའི་རྗེས་སུ་ལག་བསྟར་ཐུབ་རྒྱུའི་གདེང་ཚོད་ག་ཚོད་ཡོད་མེད་སོགས་ཀྱི་བཀའ་འདྲི་ཁག་ཅིག་ཕེབས་ཡོད།སྐབས་དེར་ནང་སྲིད་བཀའ་བློན་མཆོག་ནས་བོད་མིའི་སྒྲིག་འཛུགས་ནས་བོད་ནས་ཕེབས་པའི་རྗེས་འབྱོར་བ་ས་ཁང་མེད་མཁན་ ༡༩༩༩ དང་། སྒུག་ཐོའི་ནང་ཡོད་པའི་ཁ་ཐོར་དང་མཐའ་མཚམས་ཁག་ཏུ་ས་ཁང་མེད་པའི་བོད་མི་ཚོར་ས་ཁང་གི་མཐུན་རྐྱེན་བསྐྲུན་ཐབས་སུ་ནང་སྲིད་ལས་ཁུངས་ལ་ས་ཆ་མེད་ན་ལས་གཞི་ལག་བསྟར་ཐུབ་རྒྱུ་ཁག་པོ་ཆགས་ཀྱི་ཡོད་སྟབས། ད་རེས་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་གི་ས་ཁང་བདག་འཛིན་དང་བེད་སྤྱོད་བྱེད་ཕྱོགས་ཀྱི་སྒྲིག་གཞི་དེ་བསྐྱར་བཅོས་སུ་བསྣམས་ཕེབས་པ་ཞིག་ཡིན་ཞེས་གསུངས་ཡོད། དེ་བཞིན་བཀའ་བློན་མཆོག་ནས་ད་ལྟའི་ཆ་ལ་བོད་པའི་གཞིས་ཆགས་རེ་བཟུང་ནང་ལ་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་གི་ས་ཁང་བདག་འཛིན་དང་བེད་སྤྱོད་བྱེད་ཕྱོགས་ཀྱི་སྒྲིག་གཞི་ལག་བསྟར་བྱེད་ཀྱི་མིན་ཞེས་གསུངས་མཁན་ཡོད་པ་རྣམས་ལ་སྒྲིག་གཞི་འདི་ལག་བསྟར་དགོས་གལ་སྐོར་སྒྲིག་འཛུགས་ནས་འབད་བརྩོན་ཞུ་རྒྱུ་དང་། གལ་སྲིད་སྒྲིག་འཛུགས་ཀྱིས་འབད་བརྩོན་ལྟར་མུ་མཐུད་སྒྲིག་གཞི་ལག་བསྟར་མ་བྱེད་ཚེ་མ་འོངས་པར་རྒྱ་གར་གཞུང་དང་དཀའ་ངལ་རིགས་འཕྲད་སྐབས་བོད་མིའི་སྒྲིག་འཛུགས་ནས་ལྟ་རྟོག་བྱ་རྒྱུ་ཁག་པོ་ཆགས་ཀྱི་རེད་ཅེས་གསུངས་ཡོད། མ་ཟད་སྒྲིག་གཞི་བསྐྱར་བཅོས་ཀྱི་དོན་ཚན་བཅུའི་ནང་ནས་དོན་ཚན་ལྔ་པ་ས་ཞིང་བེད་སྤྱོད་ཞེས་པའི་ཁོངས་སུ་དེ་སྔ་ས་ཁང་ཐོབ་པའི་གཞིས་མིའམ། དེའི་འདོད་གཅིག་ནང་མི་སུ་རུང་གཅིག་ལས་མ་ཉུང་བ་གཞིས་ཁང་སོ་སོའི་ནང་ལོ་རེར་ཉུང་མཐར་ཟླ་གསུམ་གནས་སྡོད་བྱེད་དགོས་སྐོར་འཁོད་པ་དེ། ལོ་གཉིས་རེར་ཉུང་མཐར་ཟླ་བ་གཅིག་གནས་སྡོད་བྱེད་དགོས་སྐོར་དུ་བསྐྱར་བཅོས་དང་། དོན་ཚན་དགུ་པ་གནས་སྐབས་གཞིས་ཐོན་ཞེས་པའི་ཁོངས་སུ་ལོ་གཉིས་རེར་ཉུང་མཐར་ཟླ་བ་གཅིག་གཞིས་ཆགས་དེར་གནས་སྡོད་མ་བྱེད་ཚེ་གཏན་འཇགས་གཞིས་ཐོན་དུ་ངོས་འཛིན་གྱིས་གཞིས་སྐལ་ཐོབ་ཐང་རྣམས་ས་གནས་ས་ཁང་ཞིབ་འཇུག་ཚོགས་ཆུང་བརྒྱུད་དབུས་བོད་མིའི་འགོ་འཛིན་ནས་སྡོད་ངལ་སེལ་ཚོགས་པར་རྩིས་འབུལ་བྱ་དགོས་པ་གསུངས་འདུག སྒྲིག་གཞི་བསྐྱར་བཅོས་ཀྱི་བརྗོད་པ་དང་པོའི་ཐོག་ཕེབས་ཟིན་པའི་རྗེས་སུ་སྤྱི་འཐུས་ཁག་ཅིག་ནས་སྒྲིག་གཞི་བསྐྱར་བཅོས་ཀྱི་དོ་ཚན་ཁག་གི་ཐོག་ལ་བགྲོ་གླེང་གཏིང་ཟབ་པོ་བྱེད་རྒྱུའི་དུས་ཚོད་མེད་པ་སོགས་གསུངས་ཏེ་ད་རེས་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་གི་ས་ཁང་བདག་འཛིན་དང་བེད་སྤྱོད་བྱེད་ཕྱོགས་ཀྱི་སྒྲིག་གཞི་དེ་ཆེད་འཛུགས་ཚོགས་ཆུང་ཞིག་ལ་བཏང་སྟེ་མ་འོངས་དེ་འབྲེལ་སྙན་ཐོ་འབྱོར་མཚམས་སུ་བསྐྱར་བཅོས་གཏན་འབེབས་གནང་གལ་སོགས་གསུངས་མཁན་བྱུང་སོང་ལ། ཁག་ཅིག་ནས་ཆེད་འཛུགས་ཚོགས་ཆུང་མི་དགོས་པར་ད་རེས་གྲོས་ཚོགས་ཐོག་ཕེབས་པའི་དོན་ཚན་རེ་རེའི་ཐོག་ལ་གྲོས་བསྡུར་གནང་སྟེ་གཏན་འབེབས་གནང་དགོས་པ་སོགས་གསུངས་མཁན་བྱུང་ཡོད། སྐབས་དེར་ནང་སྲིད་བཀའ་བློན་མཆོག་དང་བདེ་སྲུང་བཀའ་བློན་མཆོག་ནས་ཆེད་འཛུགས་ཚོགས་ཆུང་ལ་གཏང་རྒྱུར་དགག་པ་གང་ཡང་མེད་ཀྱང་ད་ལྟའི་འཆར་སྡོད་ཁང་བགོ་འགྲེམས་དང་འབྲེལ་བའི་ས་ཆ་མཁོ་སྒྲུབ་བྱ་རྒྱུའི་དུས་ཚོད་ལ་ཡིན་པ་སོགས་འགྲེལ་བརྗོད་དང་སྦྲགས། ད་རེས་གྲོས་ཚོགས་ནས་སྒྲིག་གཞིའི་དོན་ཚན་ཁག་བསྐྱར་བཅོས་གཏན་འབེབས་ཐུབ་དགོས་པའི་གལ་གནད་ཁག་ཅིག་གསུངས་ཡོད།ད་རེས་གྲོས་ཚོགས་སུ་ནང་སྲིད་བཀའ་བློན་མཆོག་གིས་བསྣམས་པའི་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་གི་ས་ཁང་བདག་འཛིན་དང་བེད་སྤྱོད་བྱེད་ཕྱོགས་ཀྱི་སྒྲིག་གཞིའི་དོན་ཚན་ཁག་བཅུ་པོ་དེ་དག་ཡོངས་ལ་དགག་པ་རྒྱག་མཁན་བྱུང་ཡོད་པ་དང་། དོན་ཚན་རེ་རེའི་ཐོག་གཏན་འབེབས་ཀྱི་ལས་རིམ་ཐོག་ཕེབས་སྐབས་དོན་ཚན་ཆ་ཚང་མང་མོས་ཐོག་ནས་གཏན་འབེབས་གནང་སོང་བ་དང་། ད་རེས་བསྐྱར་བཅོས་ཟིན་པའི་སྒྲིག་གཞིན་འདི་ནི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གི་མཚན་རྟགས་བཀོད་པའི་ཉིན་མོ་ནས་དངོས་སུ་ལག་བསྟར་གནང་རྒྱུ་ཡིན་པ་རེད། རྩ་བའི་དེ་རིང་གྲོས་ཚོགས་ཀྱི་ལས་རིམ་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཤག་དང་བགྲེས་ཤག་བགོ་འགྲེམས་དང་འབྲེལ་བའི་གཞུང་གི་སྒྲིག་གཞི་བསྐྱར་བཅོས་ཀྱི་ཁྲིམས་འཆར་ཞིག་དང་། བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་དང་འབྲེལ་བའི་གཞུང་འབྲེལ་ཁྲིམས་ཡིག་བསྐྱར་བཅོས་ཀྱི་ཁྲིམས་འཆར་ཅིག་བཅས་བསྣམས་ཕེབས་ཡོད་ཀྱང་། གྲོས་ཚོགས་ཀྱི་ལས་ཉིན་མཇུག་སྒྲིལ་ལ་ཉེ་བ་སོགས་ཀྱི་རྐྱེན་པས་བསྐྱར་བཅོས་དེ་དག་གྲོས་ཚོགས་ཚོགས་དུས་རྗེས་མའི་ནང་བསྣམས་ཕེབས་རྒྱུ་ཡིན་པ་རེད།

དཔལ་འབྱོར་ཞབས་ཞུ་ཁང་རྒྱུན་སྐྱོང་གནང་དབང་དུ་བཏང་ན་མ་འོངས་པའི་གནས་སྟངས་ཇི་ཆགས་ལ་འགན་མཉམ་འཁུར་བྱེད་དགོས།

དེ་རིང་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཞི་པའི་ལས་ཉིན་ ༧ པའི་ཐོག་འབྱོར་ལས་ཁུངས་ཀྱི་ཁྱབ་ཁོངས་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་ཁེ་ཉེན་གནས་སྟངས་ཞིབ་འཇུག་ཚོགས་ཆུང་གི་སྙན་ཐོ་འགོད་འབུལ་ཞུས་ཡོད་པ་དང་། སྙན་ཐོ་ནང་གཙོ་བོ་འཛིན་སྐྱོང་བཀའ་ཤག་གི་ངོས་ནས་དཀའ་ངལ་གང་ཡོད་ལ་གདོང་ལེན་གྱིས་ཡར་རྒྱས་གཏོང་ཆེད་འབད་བརྩོན་གནང་དགོས་པ་ཧ་ཅང་གལ་ཆེན་པོ་ཆགས་པ་དང་། ཞབས་ཞུ་ཁང་དེ་བཞིན་ད་མུས་བཞིན་བསྐྱོད་པར་འཛིན་སྐྱོང་བྱེད་སྟངས་ཀྱི་ཐོག་ནས་དཀའ་ངལ་ཡོད་ན། གཞུང་སྒེར་མཉམ་འབྲེལ་གྱི་རང་སྐྱོང་སྡེ་ཚན་ཞིག་ཏུ་བསྒྱུར་དགོས་པ་སོགས་ཀྱི་རྒྱབ་གཉེར་ཁག་གཅིག་ཞུས་པ་ལྟར་སྙན་ཐོའི་ཐོག་བགྲོ་གླེང་གནང་སྐབས་དཔལ་འབྱོར་བཀའ་བློན་དང་སྲིད་སྐྱོང་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག་གིས་བཀའ་ཤག་གི་ངོས་ནས་ད་ལྟའང་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་གནས་བབ་དེ་གཡང་གཟར་ལྟ་བུའི་ཉེན་ཁ་ཞིག་ལ་གཟིགས་ཀྱི་ཡོད་པའི་བཞེངས་ཕྱོགས་ཐོག་མུ་མཐུད་གནས་ཡོད་པ་དང་། གལ་ཏེ་གྲོས་ཚོགས་ཀྱི་ངོས་ནས་ཞབས་ཞུ་ཁང་དེ་མུ་མཐུད་རྒྱུན་སྐྱོང་དགོས་པའི་ལམ་སྟོན་གནང་ཚེ་མ་འོངས་པའི་གནས་སྟངས་ཇི་ཆགས་ལ་བཀའ་སྤྱི་གཉིས་འགན་མཉམ་འཁུར་དགོས་པ་དང་། དེ་ལྟ་བུའི་ཞབས་ཞུ་ཁང་དེའི་ངོ་བོ་ཡང་གསལ་པོ་དགོས་པའི་འགྲེལ་བརྗོད་གནང་སོང་།སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གསུམ་པའི་ཐོག་འཛིན་སྐྱོང་བཀའ་ཤག་ནས་དེ་སྔའི་བཀའ་ཤག་སྐབས་ ༡༥ པའི་འགོ་འཛུགས་གནང་བའི་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་ལས་གཞི་དེའི་གནས་བབ་གཡང་གཟར་ལྟ་བུ་ཞིག་ལ་གཟིགས་ཀྱི་ཡོད་སྐོར་དང་འབྲེལ། གྲོས་ཚོགས་ནས་སྡེ་ཚན་དེའི་ཁེ་ཉེན་གནས་སྟངས་ལ་ཞིབ་འཇུག་དགོས་པའི་དགོངས་འཆར་ཕེབས་པ་བཞིན་གྲོས་ཚོགས་ནས་མང་མོས་གྲོས་ཆོད་ལམ་ནས་དེ་འབྲེལ་ཆེད་འཛུགས་ཚོགས་ཆུང་གསར་འཛུགས་གནང་བ་ལྟར་གྲོས་ཚོགས་སུ་མི་འགྲོ་ལྔ་ལས་གྲུབ་པའི་ཚོགས་ཆུང་གི་དྲུང་ཆེ་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་ལགས་ཀྱིས་ཚོགས་ཆུང་གི་སྙན་ཐོ་འགོད་འབུལ་ཞུས་ཡོད་པ་རེད།སྙན་ཐོའི་ནང་ཚོགས་གཙོ་སྦྲེལ་པོས་ལམ་སྟོན་བཞིན་ཚོགས་ཆུང་གི་ངོས་ནས་འདི་ལོའི་ཕྱི་ཟླ་ ༦ ནས་ཞིབ་འཇུག་འགོ་འཛུགས་ཀྱིས་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་དེ་ཉིད་གནས་ཡུལ་གཞུང་གི་ཁྲིམས་དང་མཐུན་མིན། མ་འཛུགས་བྱེད་སྟངས་དང་ད་ལྟའི་གནས་སྟངས། མ་འོངས་པའི་གནས་བབ། ཡིག་ཆ་ཁག་དང་འབྲེལ་ཡོད་ལས་ཟུར་ཡོངས་ལ་དྲི་ཞིབ་སོགས། གཙོ་བོ་ཆེད་ལས་མཁས་པ་ Rahul Joshi ལགས་ཀྱི་ཞིབ་འཇུག་དང་དེའི་ཐོག་ཚོགས་ཆུང་གིས་ཞིབ་བསྡུར་གནང་འདུག དེའི་ནང་སྡེ་ཚན་དེའི་བཟང་ཕྱོགས་ཀྱི་ནུས་པ་དང་། ཞན་ཆ། གོ་སྐབས། དེ་བཞིན་ཉེན་ཁ་སོགས་མངོན་གསལ་གནང་བའི་ཁྲོད་ཆེད་ལས་པ་ Rahul Johi ལགས་ཀྱིས་ཞིབ་འཇུག་ཁྲོད་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་ལ་བཙན་བྱོལ་དུ་ཡོད་པའི་བོད་མི་ཚོས་གཡོ་བ་མེད་པའི་རྒྱབ་སྐྱོར་ཡོད་པ་དང་། བུན་ནག་ཆགས་པའི་ཉེན་ཁ་ཉུང་བ། རྒྱ་གར་གཞུང་གི་སྡེ་ཚན་ཁག་ནས་གཟིགས་སྐྱོང་ཡག་པོ་ཡོད་པའི་ནུས་པ་ཡོད་པ། ད་ལྟའི་ཆར་སྒྲིག་འཛུགས་དེ་རང་སྐྱོང་མིན་པ་དང་མ་རྩ་འདང་ངེས་མེད་པ། དེ་བཞིན་ཆེད་ལས་ལྡན་པའི་ལས་བྱེད་མེད་པའི་ཞན་ཆ། དེ་བཞིན་བཙན་བྱོལ་བོད་མི་རྣམས་ལ་དཔལ་འབྱོར་གྱི་རོགས་འདེགས་དགོས་པ་ནི་དངོས་བདེན་ཡིན་པ་དང་རི་རྒྱུད་ཁུལ་དུ་ཆགས་པའི་སྤྱི་ཚོགས་སུ་མཐུན་རྐྱེན་ཞན་པར་ཁྲོམ་རའི་གོ་སྐབས་བསྐྲུན་པའི་གོ་སྐབས་ཡོད་པ་བཅས་དང་དེའི་ཐོག་དེ་སྔ་ Dalberg ཞིབ་འཇུག་ཁང་གི་ཞིབ་འཇུག་སྙན་ཐོ་དང་འབྲེལ་ནས་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གསར་འཛུགས་གནང་བ་བཅས་ལ་གཞིགས་ཏེ། ཆེད་ལས་པའི་ངོས་ནས་ད་ལྟའི་དགོས་མཁོར་གཞིགས་ནས་གངས་ལྗོང་དཔལ་འབྱོར་ཞབས་ཞུ་ཁང་དེ་གནས་དགོས་པ་དེ་ལྟར་ཡང་། སྒྲིག་འཛུགས་དེ་རང་སྐྱོང་གི་གནས་བབ་ཐོག་ནས་དགོས་གལ་དང་། ཆེད་ལས་མི་སྣ་དགོས་པ། དེ་བཞིན་ལས་བྱེད་པར་དབང་ཚད་ལྡན་དགོས་པ་སོགས་ཀྱི་ཆ་རྐྱེན་ཐོག་ནས་མུ་མཐུད་གནས་དགོས་གལ་ལ་གཟིགས་ཀྱི་ཡོད་པ་གསུངས་འདུག ཆེད་འཛུགས་ཚོགས་ཆུང་གི་ངོས་ནས་སྐུ་ཞབས་ Rahul Joshi ལགས་ཀྱི་ཞིབ་འཇུག་སྙན་ཐོ་གཙོ་བོ་གཞིར་བཞག་དོན་ཚན་ ༧ ཅན་གྱི་རྒྱབ་གཉེར་ཞིག་ཕུལ་འདུག་པའི་ནང་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་དམིགས་ཡུལ་ལྟར་དུས་ཚོད་ཐུང་ཐུང་ནང་ཁྲིམས་ཐོག་ནས་ NBFC ཆོག་མཆན་ཐོབ་པ་དང་། མ་རྩ་བསྡུ་རུབ་གང་འཚམ་བྱུང་བ། ཡར་རྒྱས་གཏོང་དགོས་པ་དང་མ་འདང་པའི་ཆ་མང་པོ་ཡོད་ཀྱང་། ཁྲིམས་མཐུན་གྱི་ཐོག་ནས་བུན་གཏོང་ལས་གཞི་དངོས་སུ་སྤེལ་ཐུབ་པ་ཞིག་ཏུ་གྱུར་ཡོད་པ་མངོན་གསལ་དང་སྦྲགས། སྤྱིར་ད་བར་བུན་གཡར་གྱི་ལས་གཞི་སྤེལ་བ་རྣམས་ཕྱིར་ལོག་གི་དུས་ཚོད་དང་འབྲེལ་ནས་ཕྱི་ལོ་ ༢༠༢༦ བར་གང་ལྟར་སྒོ་རྒྱག་ཐབས་མེད་སྟབས། དེའི་བར་འཛིན་སྐྱོང་གི་ངོས་ནས་དཀའ་ངལ་གང་ཡོད་ལ་གདོང་ལེན་གྱིས་ཡར་རྒྱས་གཏོང་ཆེད་འབད་བརྩོན་གནང་དགོས་པ་གལ་ཆེན་པོར་གཟིགས་ཀྱི་ཡོད་པ་དང་། འཛིན་སྐྱོང་བྱེད་སྟངས་ཀྱི་ཐོག་ནས་ད་མུས་བཞིན་བསྐྱོད་པར་དཀའ་ངལ་ཡོད་ན། Public Private Partnership ཞེས་རང་སྐྱོང་ལྡན་པའི་ཁེ་གཉེར་ཁང་ཞིག་ཏུ་བསྒྱུར་ཐུབ་ན་དགེ་མཚན་ཆེན་པོ་གཟིགས་ཀྱི་ཡོད་པ། དེ་བཞིན་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་ལ་དེ་སྔ་ཨ་རིའི་གཞུང་ནས་གནང་བའི་ཧིན་སྒོར་བྱེ་བ་ ༣༣ དཔལ་འབྱོར་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་ནང་ཡོད་པ་དེ་ཚུར་རག་ཐབས་དགོས་པ། དེ་བཞིན་ཞབས་ཞུ་ཁང་གི་ཆེད་དུ་ཨ་རིའི་གཞུང་ལ་རོགས་དངུལ་ཞུས་ནས་མ་རྩ་མང་དུ་གཏོང་ཐབས་བྱ་རྒྱུ་དང་། རྒྱ་གར་གཞུང་ནས་རོགས་རམ་གནང་ཐབས་ཡོད་མེད། དུས་ཡུན་རྒྱས་བཅད་ནང་སྐྱེད་མེད་བུན་གཡར་ཡོང་བའི་སྐྱབས་འཇུག་ཁྲིམས་ལུགས་གཞིར་བཟུང་ཞུ་ན་གྲུབ་འབྲས་ཡོང་བའི་རེ་བ་ཆེན་པོ་ཡོད་པ་བཅས་གསུངས་འདུགཚོགས་ཆུང་གི་སྙན་ཐོ་འགོད་འབུལ་ཞུས་པའི་རྗེས་སུ་སྤྱི་འཐུས་བཅུ་གཅིག་ཙམ་གྱིས་དགོངས་ཚུལ་དང་བཀའ་ཤག་ལ་བཀའ་འདྲི་རིམ་པ་གནང་བའི་ཁྲོད་ཁག་གཅིག་གིས་བཀའ་ཤག་གིས་དེ་སྔོན་ཞིབ་འཇུག་ཚད་ལྡན་མེད་པར་སྡེ་ཚན་དེ་སྒོ་རྒྱག་དགོས་པའི་དགོངས་ཚུལ་གནང་བ་དེར་བློ་འཚབ་རང་བཞིན་དང་འཐུས་ཤོར་གྱི་རྣམ་པ་ཡིན་པར་སྐྱོན་བརྗོད་དང་། ད་ལྟའི་ཆར་གངས་ལྗོང་དཔལ་འབྱོར་ཞབས་ཞུ་ཁང་གི་ལས་བྱེད་པ་མང་དག་ཅིག་དགོངས་པ་ཞུས་པའི་གནད་དོན་ཐད་འདྲི་རྩད། མ་ཤེར་བདག་པོ་ཕྱིར་ཐེན་བྱས་པའི་གནས་སྟངས་སོགས་ཀྱི་ཐོག་དགོངས་ཚུལ་གསུང་མཁན་བྱུང་སོང་། སྐབས་དེར་སྲིད་སྐྱོང་མཆོག་བཀའ་ཤག་གི་ངོས་ནས་ཞིབ་འཇུག་མཐིལ་ཕྱིན་པ་གནང་སྟེ་དངོས་ཡོད་གནས་སྟངས་གཞིར་བཞག་གིས་ད་ལྟའང་ལས་གཞི་དེ་གཡང་གཟར་ལྟ་བུ་མ་གཏོགས་གཟིགས་ཀྱི་མེད་པ་དང་། སྙན་ཐོ་ནང་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་དེ་ ༢༠༢༦ བར་དུ་རང་བཞིན་གྱིས་སྒོ་རྒྱག་ཐབས་མེད་སྐོར་བཀོད་ཡོད་པ་བཞིན། གྲོས་ཚོགས་ནས་ ༢༠༢༦ བར་སྒོ་རྒྱག་དགོས་མིན་དང་རྒྱུན་སྐྱོང་ཇི་ལྟར་གནང་དགོས་པའི་ལམ་སྟོན་དང། རང་སྐྱོང་གི་སྒྲིག་འཛུགས་ཤིག་བཟོ་དགོས་པ་སོགས་འཛིན་སྐྱོང་གི་ངོ་བོ་གསལ་པོ་དགོས་པར་འགྲེལ་བརྗོད་གནང་བ་དང་འབྲེལ། མ་འོངས་པའི་གནས་སྟངས་ཇི་ཆགས་ལ་འགན་མཉམ་འཁུར་བྱེད་དགོས་ཞེས་གསུངས་ཡོད།

དེ་རིང་སླར་ཡང་གྲོས་ཚོགས་ཚོགས་ཐུབ་མ་སོང་།

ཁ་ཉིན་རེས་གཟའ་སྤེན་པའི་ཉིན་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཞི་པའི་ལས་ཉིན་བཞི་པའི་ཐོག་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པའི་འོས་ཆོས་དང་འབྲེལ་བའི་བསྐྱར་བཅོས་ཀྱི་ཁྲིམས་འཆར་ཐོག་བརྗོད་པ་གཉིས་པར་ཕེབས་སྐབས་ཡིག་ཆ་ཨང་ ༣༩ པ་དང་འབྲེལ་ཏེ་གླེང་སློང་མང་དག་ཅིག་གནང་རྐྱེན་སྤྱི་འཐུས་ཁག་གཅིག་གྲོས་ཚོགས་ནས་ངོ་རྒོལ་ཕྱིར་ཐོན་གནང་སྟབས་གྲོས་ཚོགས་ཀྱི་ངོ་ཡོད་རྩ་འབོར་གྱི་གསུམ་ཆ་གཉིས་མ་ཚང་པར་བརྟེན་ལས་ཉིན་བཞི་པའི་ཚོགས་གསུམ་ ༣ དང་ ༤ ཚོགས་ཐུབ་མེད་པའི་ཁར་དེ་རིང་ཕྱི་ཟླ་ ༩ ཚེས་ ༡༢ སྟེ་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཞི་པའི་ལས་ཉིན་ ༥ པའི་སྔ་དྲོའི་ཚོུད་  ༩།༣༠ ཐོག་ཏུའང་ཁ་ཉིན་གྲོས་ཚོགས་ར་བ་ནས་ངོ་རྒོལ་ཕྱིར་ཐོན་གནང་མཁན་སྤྱི་འཐུས་གཙོ་བོར་གྱུར་པའི་སྤྱི་འཐུས་གཞན་ཁག་གཅིག་མུ་མཐུད་གྲོས་ཚོགས་ནང་ཕེབས་མེད་པར་བརྟེན་སླར་ཡང་གྲོས་ཚོགས་ཚོགས་མ་ཐུབ་པའི་གནས་སྟངས་ཆགས་ཡོད།གསར་འགོད་པས་གནད་དོན་དེ་དང་འབྲེལ་ནས་སྤྱི་འཐུས་ཚོགས་གཙོ་མཆོག་ལ་བཀའ་འདྲི་ཞུ་ཐབས་ཞུས་ཀྱང་ད་ལྟའི་ཆར་གང་ཡང་གསུང་རྒྱུ་མེད་ཅེས་གསུངས་སོང་། འོན་ཀྱང་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གྲོས་ཚོགས་ནས་ཕྱིར་ཕེབས་སྐབས་གསར་འགོད་པས་བཀའ་འདྲི་ཞུས་པར་སྲིད་སྐྱོང་མཆོག་གིས་གྲོས་ཚོགས་ཀྱི་ལས་དོན་གནང་མིན་ཐོག་ཚོགས་གཙོ་སྦྲེལ་པོའི་ངོས་ནས་ཐུགས་ཐག་གཅོད་གནང་རྒྱུ་ཡིན་པ་དང་། ཡིག་ཆ་ཨང་ ༣༩ པ་དང་འབྲེལ་བའི་ཐད་བཀའ་ཤག་གི་དེ་སྔའི་བཞེངས་ཕྱོགས་གང་ཡིན་པ་དེ་རང་འཇགས་ཡིན་ཅེས་གསུངས་སོང་།དེ་བཞིན་ཁ་ཉིན་གྲོས་ཚོགས་ནས་ཕྱིར་ཐོན་གནང་མཁན་ཁོངས་སུ་ཡོད་པའི་སྤྱི་འཐུས་ཁག་གཅིག་ལ་བཀའ་འདྲི་ཞུས་སྐབས་ཁོང་རྣམས་ཀྱིས་ཁ་ཉིན་བྱུང་བའི་གནད་དོན་དེའི་ཐད་བཀའ་ལན་གསར་པ་གང་ཡང་གནང་རྒྱུ་མེད་སྐོར་གསུངས་ཡོད།རྩ་བའི་ཁ་ཉིན་ལས་ཉིན་བཞི་པའི་ཉིན་རྒྱབ་ཀྱི་གྲོས་ཚོགས་ཚོགས་སྐབས་སུ་ཚོགས་གཙོ་མཆོག་གིས་ཉིན་རྒྱབ་ཀྱི་ལས་རིམ་ལ་བསྒྱུར་བཅོས་གནང་སྟེ་ལྷན་ཁང་ཁག་གི་ལས་བསྡོམས་ཐོག་ཕེབས་རྒྱུ་ཡིན་པའི་གསལ་བསྒྲགས་གནང་ཡོད་ཀྱང་། ཕྱིར་ཐོན་གནང་བའི་སྤྱི་འཐུས་རྣམས་འཚོགས་ཞུགས་མ་གནང་བར་བརྟེན་ངོ་ཡོད་རྩ་འབོར་གྱི་གསུམ་ཆ་གཉིས་མ་ཚང་བའི་གནས་སྟངས་འོག་ནས་དེ་རིང་རེས་གཟའ་ཟླ་བའི་སྔ་དྲོ་བར་ཚོགས་སེང་གནང་དགོས་བྱུང་ཡོད། སྐབས་དེར་གསར་འགོད་པས་ཕྱིར་ཐོན་གནང་མཁན་གྲས་སུ་ཡོད་པའི་སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་སུ་བཀའ་འདྲི་ཞུས་པར་ཁོང་གིས་ཁ་ཉིན་སྔ་དྲོ་གྲོས་ཚོགས་ནང་བསྣམས་ཕེབས་པའི་ཁྲིམས་ཞིབ་པའི་འོས་ཆོས་དང་འབྲེལ་བའི་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཁྲིམས་འཆར་དེ་གལ་གནད་ཆེན་པོ་ཡིན་པ་དང་། གནད་དོན་དེའི་ཐོག་ཐུགས་ཐག་གཙང་མ་ཞིག་མ་གནང་བར་ཁོང་རྣམས་ནས་གྲོས་ཚོགས་ནང་ཆ་ཤས་བཞེས་རྒྱུ་མིན་པར་གསུངས་ཡོད།ཤེས་རྟོགས་བྱུང་བར་གཞིགས་ན། རེས་གཟའ་སྤེན་པའི་ཉིན་གྲོས་ཚོགས་ནང་གནད་དོན་དེ་བྱུང་འཕྲལ་ཉིན་རྒྱབ་ཚོུད་ ༣ ཐོག་སྤྱི་འཐུས་རྣམ་པ་བཞུགས་མོལ་ཚོགས་འདུ་འཚོགས་ཤིག་གཏན་ཁེལ་ཡོད་ཀྱང་། སྤྱི་འཐུས་ཁག་གཅིག་བཞུགས་མོལ་ཚོགས་འདུ་ཐོག་མ་ཕེབས་སྟབས། བཞུགས་མོལ་ཚོགས་འདུ་དེའང་ཚོགས་མེད་པ་རེད།དེ་རིང་གི་ལས་རིམ་གཞིགས་ཚེ་གྲོས་ཚོགས་ཀྱི་ལས་ཉིན་ ༥ ཐོག་དཔལ་འབྱོར་ལས་ཁུངས་ཀྱི་ལས་ཁུངས་མ་ལག་བཅས་པའི་ལོ་འཁོར་ལས་བསྡོམས་ཐོག་ཕེབས་རྒྱུ་དང་། དཔལ་འབྱོར་ལས་ཁུངས་ཁྱབ་ཁོང་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་རྒྱུན་གནས་དགོས་མིན་ཐོག་ཆེད་འཛུགས་ཚོགས་ཆུང་གི་སྙན་ཐོ་གྲོས་ཚོགས་སུ་འགོད་འབུལ་དང་དེའི་ཐོག་བགྲོ་གླེང་སོགས་ཀྱི་ལས་རིམ་སྔོན་སྒྲིག་གནང་འདུག པར་ཁག བོད་མིའི་སྒྲིག་འཛུགས། བོད་མི་མང་སྤྱི་འཐུས་ལྷན་ཚོགས།

སྤྱི་འཐུས་ཁག་གཅིག་གྲོས་ཚོགས་ནས་ཕྱིར་ཕེབས་རྐྱེན་གནངས་སྔ་དྲོ་བར་གྲོས་ཚོགས་ཚོགས་སེང་།

དེ་རིང་གྲོས་ཚོགས་ཀྱི་སྔ་དྲོའི་ལས་རིམ་ཐོག་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པའི་འོས་ཆོས་དང་འབྲེལ་བའི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་རེ་གསུམ་པའི་ནང་གསེས་གཉིས་པའི་ག་པའི་ཐོག་བསྐྱར་བཅོས་ཀྱི་ཁྲིམས་འཆར་ཐོག་བརྗོད་པ་གཉིས་པར་ཕེབས་སྐབས། སྤྱི་འཐུས་ཁག་གཅིག་གིས་ད་ཡོད་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བའི་ལས་ཚབ་དང་ཁྲིམས་པ་གཞན་གཅིག་བཅས་རྣམ་པ་གཉིས་ནི་ཁྲིམས་འགལ་གྱིས་བཙན་འཛུལ་བྱས་པར་ངོས་འཛིན་གནང་སྟེ་ཡིག་ཆ་ཨང་ ༣༩ པ་གླེང་སློང་རིམ་པ་གནང་སྟབས། སྤྱི་འཐུས་ཁག་གཅིག་གྲོས་ཚོགས་ནས་ངོ་རྒོལ་ཕྱིར་ཐོན་གནང་རྐྱེན་གྲོས་ཚོགས་ཀྱི་ངོ་ཡོད་རྩ་འབོར་གྱི་གསུམ་ཆ་གཉིས་མ་ཚང་པས་གྲོས་ཚོགས་བར་མཚམས་འཇོག་དགོས་བྱུང་ཡོད།དེའང་སྔ་ལོའི་ཕྱི་ཟླ་ ༡༡ ནང་སྐབས་དེའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་ལས་ཡུན་གཙང་ནས་རྒས་ཡོལ་དུ་ཕེབས་རྗེས། ཁྲིམས་ཞིབ་པ་ཆེ་བའི་འོས་མི་འདེམས་སྒྲུག་ཚོགས་ཆུང་གིས་ཐབས་ཤེས་ཡོད་དགུ་གནང་ཡོད་ཀྱང་བཅའ་ཁྲིམས་དོན་ཚན་ ༦༣ པའི་ནང་གསལ་བའི་འོས་ཆོས་ཡོངས་སུ་ཚང་བའི་ཁྲིམས་ཞིབ་པ་ཆེ་བའི་འོས་མི་རག་མེད་པ་ལྟར་སྐབས་སྔོན་མའི་གྲོས་ཚོགས་ནང་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པའི་འོས་ཆོས་དང་འབྲེལ་བའི་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཁྲིམས་འཆར་གྲོས་ཚོགས་སུ་བསྣམས་ཕེབས་ཡོད་པ་དང་། སྐབས་དེར་རྒྱབ་སྐྱོར་གནང་མཁན་ངོ་ཡོད་སྤྱི་འཐུས་ ༢༡ ལས་མ་བྱུང་རྐྱེན་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཁྲིམས་འཆར་དེ་གཏན་འབེབས་གནང་ཐུབ་མེད།དེ་རིང་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཞི་པའི་ལས་ཉིན་བཞི་པའི་སྔ་དྲོའི་ལས་རིམ་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སླར་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ནང་དོན་ཕུལ་བའི་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཁྲིམས་འཆར་ཡིག་ཆ་ཨང་ ༢༡ པ་བསྣམས་ཕེབས་པ་དང་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པའི་འོས་ཆོས་དང་འབྲེལ་བཅའ་ཁྲིམས་ཀྱི་ཚིག་བརྗོད་རྙིང་པར་ཁྲིམས་ཁང་ཞིག་ནང་ལོ་ལྔའི་རིང་མུ་མཐུད་ཁྲིམས་དཔོན་གྱི་ལས་འཁུར་བྱས་མྱོང་བའམ། ཡང་ན་ཉུང་མཐར་ལོ་བཅུའི་རིང་ཁྲིམས་རྩོད་མཁས་པའི་གྲས་སུ་ཚུད་པ་བཅས་ལ་མ་གཏོགས་འོས་བབ་ཡོད་པ་མ་ཡིན། འོན་ཀྱང་བཅའ་ཁྲིམས་འདི་ཉིད་ལག་ལེན་འགོ་འཛུགས་བྱས་པ་ནས་བཟུང་ལོ་སུམ་ཅུའི་རིང་ཁྲིམས་ཞིབ་པ་ཆེ་བ་དང་ཁྲིམས་ཞིབ་པ་གཞན་གཉིས་བཅས་བསྐོ་གཞག་དགོས་རིགས་ནང་གསེས་འདིའི་ཆ་རྐྱེན་ཁག་ལ་བསྟུན་གནང་མི་དགོས་ཞེས་འཁོད་ཡོད་པ་དེར་བསྐྱར་བཅོས་བསྣམས་ཕེབས་སྟེ། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་རྣམས་ཁྲིམས་ཁང་ངམ་ཁྲིམས་ཞིབ་ཁང་འོག་མ་ཞིག་ནང་ལོ་ལྔའི་རིང་མུ་མཐུད་ཁྲིམས་དཔོན་ནམ་ཁྲིམས་ཞིབ་པའི་ལས་འཁུར་བླངས་མྱོང་བའམ། དམའ་མཐར་ཉེ་བའི་ཁྲིམས་ལུགས་རམ་འབྱམས་པའི་ལག་ཁྱེར་ LLB ཡོད་པ་གང་ཞིག་ལོ་བཅུ་ཡན་ཁྲིམས་དོན་དང་འབྲེལ་བའི་ལས་འགན་བླངས་མྱོང་བའམ། བཙན་བྱོལ་བོད་མིའི་ཁྲིམས་དང་ལམ་ལུགས་ཀྱི་ཁྲིམས་རྩོད་པའི་ལག་ཁྱེར་ཡོད་པ་གང་ཞིག་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ལོ་ངོ་ ༡༥ ཡན་ལས་འགན་བླངས་མྱོང་བ། ཡང་ན་བོད་མིའི་སྒྲིག་འཛུགས་མ་ལག་ཏུ་ལོ་ངོ་ ༡༥ ཡན་གྱི་ཞབས་ཞུའི་ཉམས་མྱོང་ལྡན་པ་ཞིག་དགོས་པ་ཡིན་ཅེས་བཀོད་འདུག འོན་ཀྱང་གྲོས་ཚོགས་ཀྱི་ལས་དོན་འགྲོ་ལུགས་གཞིར་བཟུང་བཅའ་ཁྲིམས་བསྐྱར་བཅོས་ཁྲིམས་འཆར་དེའི་བརྗོད་པ་དང་པོའི་ཐོག་ཕེབས་སྐབས་སྤྱི་འཐུས་ཁག་གཅིག་གིས་ཆ་རྐྱེན་བཞི་པོའི་ཁྱབ་ཚད་གསལ་པོ་མེད་པ་དང་། དེའི་ནང་དུ་བོད་མི་མང་སྤྱི་འཐུས་རྣམས་ཚུད་ཀྱི་མེད་པའི་ཐབས་བྱུས་ལྟ་བུ་མངོན་རྒྱུ་ཡོད་པ། དེ་བཞིན་གྲོས་ཚོགས་ཚོགས་དུས་སྔོན་མའི་སྐབས་འཛག་པའི་བཅའ་ཁྲིམས་བསྐྱར་བཅོས་དང་དོན་གཅིག་པ་ཡིན་པ་སོགས་ཀྱི་དོགས་དྲི་མང་དག་ཅིག་གནང་ཡོད།དེ་འབྲེལ་སྲིད་སྐྱོང་མཆོག་གིས་ཆེས་མཐོའི་ཁྲིམས་ཞིབ་ཁང་དང་གྲོས་བསྡུར་ཞུས་རྗེས་དེ་རིང་ཚོགས་དུས་གཉིས་པའི་སྐབས་དོགས་དྲི་ཁག་གཅིག་ཁ་གསལ་དང་ཟུར་བརྗོད་ཀྱི་ཚིག་བརྗོད་ཕྱིར་འཐེན་གྱིས་དེའི་ནང་མང་གཙོའི་བཀའ་བ་གསུམ་གྱི་མཛད་གཙོ་རྣམ་པ་ཡོངས་རྫོགས་ཚུད་ཀྱི་ཡོད་ཅེས་གསུངས་སོང་།དེ་རྗེས་བརྗོད་པ་གཉིས་པའི་ཐོག་ཕེབས་སྐབས་སྤྱི་འཐུས་ཁག་གཅིག་གིས་ད་ལྟའི་ཁྲིམས་འཆར་དེ་ད་ཡོད་ཆེས་མཐོའི་ཁྲིམས་ཞིབ་པ་རྣམ་པས་ཕུལ་བ་ཞིག་ཡིན་སྟབས། དེ་སྔའི་ཡིག་ཆ་ཨང་ ༣༩ པ་གསོན་གནས་ཡིན་པར་ངོས་འཛིན་གྱིས་ཁྲིམས་ཞིབ་པ་དེ་དག་ཁྲིམས་འགལ་ཡིན་པས་ཁྲིམས་འཆར་ལ་རྒྱབ་སྐྱོར་མེད་ཅེས་གསུངས་ཡོད་སྟབས། སྤྱི་འཐུས་གཞན་ཁག་གཅིག་གིས་བསྐྱར་བཅོས་ཁྲིམས་འཆར་འདི་མ་འོངས་ཁྲིམས་ཞིབ་པ་བདམ་རྒྱུའི་སྐོར་ཡིན་པ་ལས་ཡིག་ཆ་ཨང་ ༣༩ པ་དང་འབྲེལ་བ་གང་ཡང་མེད་པ་རེད་ཅེས་གསུངས་ཡོད། ལྷག་དོན་ཡིག་ཆ་ཨང་ ༣༩ པ་ད་ལྟ་གསོན་གནས་ཡིན་པར་ངོས་འཛིན་གྱིས་ཁྲིམས་ཞིབ་རྣམས་ཁྲིམས་འགལ་རེད་ཅེས་གསུངས་ཚེ་གྲོས་ཚོགས་ནང་ཡོད་པའི་སྤྱི་འཐུས་ཡོངས་རྫོགས་ཁྲིམས་འགལ་ཡིན་པའི་ལས་རིམ་རྣམ་གཞག་གཅིག་རྗེས་གཉིས་མཐུད་ཀྱིས་ཆེད་བཏོན་གནང་ཡོད་ཀྱང་། ཡིག་ཆ་ཨང་ ༣༩ པའི་གནད་དོན་མུ་མཐུད་གླེང་སློང་གནང་མཁན་ཁ་ཤས་བྱུང་རྗེས་སྤྱི་འཐུས་ ༡༣ གྱིས་ངོ་རྒོལ་ཕྱིར་ཐོན་གནང་རྐྱེན་གྲོས་ཚོགས་ནང་སྤྱི་འཐུས་ ༢༨ ལས་མེད་སྟབས་གྲོས་ཚོགས་ཀྱི་ངོ་ཡོད་རྩ་འབོར་གྱི་གསུམ་ཆ་གཉིས་མ་ཚང་པའི་གནས་སྟངས་དང་འབྲེལ་གྲོས་ཚོགས་འཚོགས་མ་ཐུབ་པའི་གནས་སྟངས་བྱུང་ཡོད།ཉིན་རྒྱབ་ཀྱི་ཚོགས་དུས་དབུ་འཛུགས་གནང་སྐབས་སུའང་སྤྱི་འཐུས་མང་དག་ཅིག་མུ་མཐུད་ཚོགས་བཅར་གནང་མེད་པ་དང་། ཚོགས་གཙོ་མཆོག་གིས་ཁྲིམས་འཆར་བསྐྱར་བཅོས་ཀྱི་ལས་རིམ་མིན་པར་ལས་བསྡོམས་ཐོག་ཕེབས་རྒྱུ་ཡིན་སྐོར་གསུངས་ཡོད་ཀྱང་། ཕྱིར་ཐོན་གནང་བའི་སྤྱི་འཐུས་རྣམས་འཚོགས་ཞུགས་མ་གནང་བར་བརྟེན་ངོ་ཡོད་རྩ་འབོར་གྱི་གསུམ་ཆ་གཉིས་མ་ཚང་བའི་གནས་སྟངས་འོག་ནས་གྲོས་ཚོགས་གནངས་སྔ་དྲོ་བར་ཚོགས་སེང་འཇོག་དགོས་བྱུང་སོང་། པར་ཁག བོད་མིའི་སྒྲིག་འཛུགས། བོད་མི་མང་སྤྱི་འཐུས་ལྷན་ཚོགས།

Latest news