Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག

དབུ་མ་ལ་འཇུག་པའི་རང་འགྲེལ་གྱི་བཀའ་ཆོས་དབུ་འཛུགས།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སིངྒ་པོར་ནང་པའི་ཆོས་ཚོགས་གཙོས་པའི་ལྷོ་ཤར་ཨེ་ཤ་ཡའི་ནང་པའི་ཆོས་ཚོགས་ཁག་བཅུས་ཇི་ལྟར་གསོལ་བ་བཏབ་པ་ལྟར་སློབ་དཔོན་ཟླ་བ་གྲགས་པས་མཛད་པའི་དབུ་མ་ལ་འཇུག་པའི་རང་འགྲེལ་གྱི་བཀའ་ཆོས་དབུ་འཛུགས་བཀའ་དྲིན་བསྐྱངས་ཡོད།དེ་རིང་སྔ་དྲོ་ཆུ་ཚོད་ ༩ ནས་ ༡༠ བར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དྷ་རམ་ས་ལའི་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་གི་གཟིམ་ཆུང་ནས་དྲྭ་རྒྱ་བརྒྱུད་སིངྒ་པོར་གཙོས་པའི་ལྷོ་ཤར་ཨེ་ཤ་ཡའི་ནང་པའི་ཆོས་ཚོགས་ཁག་བཅུའི་དད་ལྡན་མང་ཚོགས་རྣམས་ལ་དབུ་མ་ལ་འཇུག་པའི་རང་འགྲེལ་གྱི་བཀའ་ཆོས་དབུ་འཛུགས་མ་བསྐྱང་གོང་སྔོན་འགྲོའི་ནང་ཆོས་ངོ་སྤྲོད་སྩལ་བ་དང་འབྲེལ་ཏེ་སངས་རྒྱས་ཀྱི་ཆོས་ ནི་དད་པ་དང་ཡིད་ཆེས་ཁོ་ནའི་རྗེས་སུ་འབྲང་རྒྱུ་ཞིག་མིན་པ་དང་། སྟོན་པ་བཅོམ་ལྡན་འདས་ཀྱིས་དགེ་སློང་དག་གམ་མཁས་རྣམས་ཀྱིས། བསྲེག་བཅད་བརྡར་བའི་གསེར་བཞིན་དུ། ལེགས་པར་བརྟག་ལ་ང་ཡི་བཀའ། བླང་བར་བྱ་ཡི་གུས་ཕྱིར་མིན་ཞེས་བཀའ་སྩལ་བ་ལྟར་དཔྱད་པ་དང་བརྟག་པའི་ཐོག་ནས་ཉམས་སུ་ལེན་རྒྱུ་ཞིག་ཡིན་པར་བཀའ་སྩལ་ཡོད།  དེ་བཞིན་༸གོང་ས་མཆོག་གིས་བོད་ཀྱི་སྐད་ཡིག་ཐོག་ཡོད་པའི་ནང་པའི་ཆོས་འདི་དུས་རབས་བདུན་པའི་སྐབས་ནས་ཆོས་རྒྱལ་རྣམ་པ་ཚོས་སྐུ་ལས་བསྐྱོན་པའི་སྐུ་དྲིན་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པ་དང་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་དུས་སུ་མཁན་ཆེན་ཞི་བ་འཚོ་བོད་ལ་གདན་ཞུས་ཀྱིས་སངས་རྒྱས་ཀྱི་བཀའ་དང་བསྟན་བཅོས་མང་པོ་ཞིག་བོད་སྒྱུར་གནང་ཡོད་པ་སོགས་ངོ་སྤྲོད་མཛད་ཡོད། འཛམ་གླིང་ཐོག་ཆགས་སྡང་གི་རྐྱེན་གྱིས་དཀའ་ངལ་མང་པོ་ཞིག་འཕྲད་བཞིན་ཡོད་པ་སོགས་བཀའ་སྩལ་བ་དང་འབྲེལ་ཏེ་མགོན་པོ་༸གང་ཉིད་མཆོག་གིས་དཀའ་ངལ་དེ་དག་སེལ་ཐབས་དང་འགྲོ་བ་སྤྱིར་ཕན་ཐོགས་ཡོང་རྒྱུར་དགོངས་པ་ཆེ་བཞེས་ཀྱིས་བྱམས་པ་དང་བརྩེ་བའི་བསམ་པ་སྤེལ་རྒྱུའི་ཐོག་ཐུགས་བརྩོན་མཛད་བཞིན་ཡོད་པ་དང་། སྡུག་བསྔལ་དང་དཀའ་ངལ་དེ་དག་གི་རྒྱུ་གཙོ་བོ་ནི་ཆགས་སྡང་དང་ཁོང་ཁྲོ་ལ་བརྟེན་ནས་ཡོང་གི་ཡོད་སྟབས་བྱམས་བརྩེ་དང་སྙིང་རྗེའི་བསམ་པ་གོང་སྤེལ་གནང་ཐུབ་ཚེ་འགྲོ་བ་ཕན་ཚུན་དབར་བརྩེ་སེམས་དང་འཆམ་མཐུན་ཡོང་ངེས་ཡིན་པ་མ་ཟད་འཛམས་གླིང་འདི་བདེ་ཞིང་སྐྱིད་པ་ཞིག་ཡོང་གི་རེད་ཅེས་ལམ་སྟོན་བཀྲིན་ཆེ་བ་སྩལ་ཡོད། སྔོན་འགྲོའི་ནང་ཆོས་ངོ་སྤྲོད་གྲུབ་མཚམས་སུ་༸གོང་ས་མཆོག་གིས་དད་ལྡན་མང་ཚོགས་རྣམས་ལ་སློབ་དཔོན་ཟླ་བ་གྲགས་པས་མཛད་པའི་དབུ་མ་ལ་འཇུག་པའི་རང་འགྲེལ་གྱི་བཀའ་ཆོས་དབུ་འཛུགས་བཀའ་དྲིན་བསྐྱངས་པ་དང་། མགོན་པོ་༸གང་ཉིད་མཆོག་ནས་སྙིང་རྗེ་ཉམས་སུ་ལེན་རྒྱུ་ནི་འགྲོ་བ་མི་ཙམ་མིན་པར་སེམས་ཅན་དུད་འགྲོ་ཚུན་ཆད་ལ་ཕན་པ་དང་བདེ་བ་བསྐྲུན་ཐུབ་པའི་རྒྱུ་གལ་ཆེན་པོ་ཞིག་ཡིན་སྐོར་བཀའ་སྩལ་བ་དང་ཆབས་ཅིག སྟོང་པ་ཉིད་ཀྱི་ལྟ་བའི་གལ་ཆེའི་རང་བཞིན་སོགས་ངོ་སྤྲོད་མཛད་ཡོད།དེ་རིང་བཀའ་ཆོས་མཇུག་སྒྲིལ་མ་གནང་གོང་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དྲ་ཐོག་ནས་ལྷན་ཞུགས་གནང་བའི་དད་ལྡན་ཆོས་ཞུ་ཁག་ཅིག་གི་བཀའ་འདྲི་དགོངས་སྐོར་ཞུས་པར་བཀའ་ལན་སྩལ་བའི་ཁྲོད་བཟང་པོའི་ལས་ལ་ཆགས་པ་མེད་པར་ཇི་ལྟར་འཇུག་ཚུལ་དང་། འཛམ་གླིང་ཐོག་སྐྱབས་བཅོལ་བའི་གནས་སྟངས་དང་འབྲེལ་ནས་དཀའ་ངལ་འདྲ་མིན་འཕྲད་བཞིན་པའི་གནད་དོན་སོགས་ཀྱི་ཐོག་བཀའ་འདྲི་ཞུས་དོན་བཞིན་ལམ་སྟོན་མཛད་ཡོད་པ་རེད།ཆོས་ཞུ་བ་ཁག་ཅིག་གིས་ཚན་རིག་དང་ནང་ཆོས་དབར་གྱི་འབྲེལ་བ་དང་ད་ལྟ་འཛམ་གླིང་ཐོག་འཕྲད་བཞིན་པའི་རིམས་ནད་ཀྱི་དཀའ་ངལ་སོགས་དང་འབྲེལ་བའི་བཀའ་འདྲི་ཞུས་པར་༸གོང་ས་མཆོག་གིས་ཚན་རིག་དང་ནང་ཆོས་དབར་འབྲེལ་བའི་ཆ་ཤས་གཙོ་བོ་ནི་སེམས་ཁམས་རིག་པའི་རྣམ་གཞག་ཡིན་པ་དང་། དེའང་ནང་པའི་གཞུང་ལུགས་ཏུ་གསུངས་པའི་སེམས་ཁམས་ཀྱི་རྣམ་གཞག་དེ་དག་གིས་ཚན་རིག་པར་ཕན་ཐོགས་ཆེན་པོ་བྱུང་གི་ཡོད་པ་སོགས་བཀའ་སྩལ་བ་མ་ཟད། ད་ལྟའི་ནད་ཡམས་དང་འབྲེལ་བའི་གནད་དོན་ཐོག་སྨན་པ་དང་ཚན་རིག་མཁས་པ་ཚོས་དཔྱད་ཞིབ་གནང་བའི་གྲུབ་དོན་ལ་ཐུགས་སྣང་གནང་གལ་ཡིན་པ་དང་། ནད་ཡམས་ཀྱི་རྐྱེན་གྱིས་སེམས་མ་སྐྱིད་པའི་གནད་དོན་རིགས་བྱུང་སྐབས་ནང་པའི་གཞུང་ལུགས་ཏུ་གསུངས་པའི་སེམས་ཁམས་རིག་པ་དང་འབྲེལ་བའི་རྣམ་གཞག་ལ་ཐུགས་སྣང་གནང་ན་ཕན་ཐོགས་ཆེན་པོ་ཡོད་པར་ལམ་སྟོན་བཀྲིན་ཆེ་བ་སྩལ་ཡོད།

༸གོང་ས་མཆོག་གི་དྲྭ་རྒྱའི་མཛད་འཆར་ཁག་ཅིག་བསྐྱང་གཏན་ཁེལ་བ།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དྲྭ་རྒྱ་བརྒྱུད་ནས་ཟླ་བ་འདིའི་ཚེས་ ༨ དང་ཚེས་ ༩ དེ་བཞིན་ཚེས་ ༢༢ གཞན་ཡང་ཕྱི་ཟླ་བཅུ་པ་དང་བཅུ་གཅིག བཅུ་གཉིས་བཅས་སོ་སོར་བཀའ་ཆོས་དང་བཀའ་སློབ་ཀྱི་མཛད་འཆར་ཁག་ཅིག་བསྐྱང་གཏན་འཁེལ་འདུག༸དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དྷ་རམ་ས་ལའི་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་གི་གཟིམ་ཆུང་ནས་དྲྭ་རྒྱ་བརྒྱུད་བཀའ་ཆོས་དང་བཀའ་སློབ་ཁག་ཅིག་སྩལ་གཏན་ཁེལ་དོན་ལྟར་བསྐྱང་རྒྱུའི་མཛད་འཆར་ཁག་ཅིག་ཡོངས་བསྒྲགས་གནང་འདུགཟླ་བ་འདིའི་ཕྱི་ཚེས་ ༨ དང་ཚེས་ ༩ ཉིན་གཉིས་རིང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སིངྒ་པོར་ནང་པའི་ཆོས་ཚོགས་ TBC གཙོས་ལྷོ་ཤར་ཨེ་ཤ་ཡའི་ནང་པའི་ཆོས་ཚོགས་ཁག་བཅུས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་རྒྱ་གར་གྱི་སྔ་དྲོ་ཆུ་ཚོད་ ༩ ནས་ ༡༠ བར་སློབ་དཔོན་ཟླ་བ་གྲགས་པས་མཛད་པའི་དབུ་མ་ལ་འཇུག་པའི་རང་འགྲེལ་གྱི་བཀའ་ཆོས་དང་། དེ་རྗེས་བཀའ་འདྲི་དགོངས་སྐོར་ཞུས་པ་ཁག་ལ་བཀའ་ལན་སྩལ་རྒྱུ་བཅས་ཀྱི་དྲྭ་ཐོག་མཛད་འཆར་ཐུགས་གཏན་ཁེལ་འདུག དེ་བཞིན་ཚེས་ ༢༢ ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིིའི་མོན་མའོ་ཐི་གཙུག་ལག་སློབ་ཆེན་གྱིས་ཇི་ལྟར་གསོལ་བ་བཏབ་པ་བཞིན་རྒྱ་གར་གྱི་སྔ་དྲོའི་ཆུ་ཚོད་ ༩ ནས་ ༡༠ བར་བཀའ་སློབ་བསྩལ་རྒྱུ་དང་ཚོགས་པའི་བཀའ་འདྲི་དགོངས་སྐོར་ཞུས་ཁག་ལ་བཀའ་ལན་སྩལ་རྒྱུ་ཡིན་པ་རེད།གཞན་ཡང་ཕྱི་ཟླ་ ༡༠ ཚེས་ ༩ དང་ཚེས་ ༡༠ བཅས་ཉིན་གཉིས་རིང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐེ་ཝན་གྱི་དད་ལྡན་ཆོས་ཞུ་བ་རྣམས་ཀྱིས་ཇི་ལྟར་གསོལ་འདེབས་ཞུས་པ་ལྟར་རྒྱ་གར་གྱི་སྔ་དྲོའི་ཆུ་ཚོད་ ༩ ནས་ ༡༠ བར་བཀའ་ཆོས་སྩལ་རྒྱུ་དང་ཆོས་ཞུ་བའི་བཀའ་འདྲི་དགོངས་སྐོར་ཞུས་ཁག་ལ་བཀའ་ལན་སྩལ་རྒྱུ་མ་ཟད། ཕྱི་ཚེས་ ༢༦  ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བྷོལ་ཌར་ས་གནས་ཀྱི་ཀོ་ལོ་ར་ཌོ་གཙུག་ལག་སློབ་ཆེན་གྱི་རི་ནི་ཁཱརོན་བདེ་གནས་སློབ་གྲྭ་དང་སེན་ཌིའེ་གོའི་ཁ་ལི་ཕོ་ཉའི་གཙུག་ལག་སློབ་ཆེན་གྱི་བྱམས་བརྩེའི་སློབ་ཁང་གཉིས་ཀྱིས་ཇི་ལྟར་གསོལ་བ་བཏབ་པ་བཞིན་རྒྱ་གར་གྱི་སྔ་དྲོའི་ཆུ་ཚོད་ ༩ ནས་ ༡༠ བར་བྱམས་བརྩེའི་སྐོར་ལ་བཀའ་སློབ་སྩལ་རྒྱུ་དང་དེ་རྗེས་བཀའ་འདྲི་དགོངས་སྐོར་ཞུས་པ་ཁག་ལ་བཀའ་ལན་སྩལ་རྒྱུ་བཅས་ཀྱི་དྲྭ་ཐོག་མཛད་འཆར་ཐུགས་གཏན་ཁེལ་ཡོད།དེ་བཞིན་ཕྱི་ཟླ་ ༡༡ ཚེས་ ༤ དང་ཚེས་ ༥ ཉིན་གཉིས་རིང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨུ་རུ་སུའི་ནང་པའི་རྗེས་འཇུག་པ་རྣམས་ཀྱིས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་ རྒྱ་གར་གྱི་སྔ་དྲོ་ཆུ་ཚོད་ ༩ ནས་ ༡༠ བར་༸རྗེ་བཙུན་བྱམས་པ་མགོན་པོས་མཛད་པའི་མདོ་སྡེ་རྒྱན་གྱི་བཀའ་ཆོས་དང་བཀའ་འདྲི་ཁག་ལ་བཀབའ་ལན་སྩལ་རྒྱུ་དང་། ཕྱི་ཟླ་ ༡༢ ཚེས་ ༡ ཉིན་༸གོང་ས་མཆོག་གིས་འཛམ་གླིང་ཡེ་ཤུའི་སྒོམ་སྒྲུབ་ཚོགས་སྡེ་ World Community of Christian Meditation ཞེས་པ་དབུ་བརྙེས་ནས་ལོ་ངོ་ ༣༠ འཁོར་བའི་དུས་དྲན་དང་བསྟུན་རྒྱ་གར་སྔ་དྲོ་ཆུ་ཚོད་ ༩ ནས་ ༡༠ བར་དྲ་ལམ་བརྒྱུད་ཚོགས་པ་གསར་འཛུགས་གནང་མཁན་དང་དགེ་རྒན་ཡེ་ཤུའི་རབ་བྱུང་བ། Father Laurence Freeman ལགས་དང་ལྷན་དུ་བགྲོ་གླེང་མཛད་གཏན་ཁེལ་འདུག་པ་མ་ཟད། དེ་བཞིན་ཚེས་ ༨ ཉིན་རྒྱ་གར་གྱི་སྔ་དྲོ་ཚོུད་ ༩ ནས་ ༡༠ བར་ཚོུད་གཅིག་རིང་ The Mind and Life Institute ཞེས་པའི་སེམས་དང་སྲོག་གི་ཚོགས་པས་གོ་སྒྲིག་དང་གསོལ་འདེབས་ཞུས་པ་ལྟར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དྲ་ལམ་ཐོག་ནས་བགྲོ་གླེང་དང་དེ་རྗེས་བཀའ་འདྲི་དགོངས་སྐོར་ཞུས་ཁག་ལ་བཀའ་ལན་སྩལ་རྒྱུ་བཅས་ཀྱི་དྲྭ་ཐོག་མཛད་འཆར་ཁག་ཅིག་ཐུགས་གཏན་ཁེལ་ཡོད་པ་རེད།གཞི་རྩའི་དྲྭ་ལམ་ཐད་གཏོང་བརྒྱུད་བཀའ་ཆོས་དང་བཀའ་སློབ་དེ་དག་དགའ་ལྡན་ཕོ་བྲང་གི་གཞུང་འབྲེལ་བརྒྱུད་ལམ་ཁག་ནས་བོད་དབྱིན་རྒྱ་སྐད་སོགས་སྐད་རིགས་སྣ་མང་ཐོག་གསུང་བསྒྱུར་གྱིས་ཐད་གཏོང་གནང་གི་ཡོད་པ་དང་། ཏོག་དབྱིབས་གཉན་རིམས་ ༡༩ དེ་ཉིད་རྒྱ་ནག་ནས་ཆེས་ཐོག་མར་ཁྱབ་གདལ་བྱུང་བ་ནས་བཟུང་སྟེ་གསན་གཟིགས་གནང་མཁན་ཚོས་རང་ཉིད་ཀྱི་གནས་ཡུལ་རྒྱལ་ཁབ་དང་དེའི་ས་གནས་སོ་སོར་བཅས་པའི་སྤྱི་ཚོགས་རྒྱང་བཀྱེད་ཀྱི་བཀའ་རྒྱ་ལས་མི་འདའ་བར་གསན་གཟིགས་གནང་དགོས་པའི་གཞེན་སྐུལ་གནང་ཡོད་སྟབས། མང་ཚོགས་ནས་དེ་དོན་དགོངས་འཇགས་ཞུ།།

ཨུ་ཏྟར་པྲདེཤའི་སློབ་གྲྭ་ཁག་ཏུ་བདེ་སྐྱིད་སྐྲུན་ཐབས་ཀྱི་བསླབ་གཞི་གསར་པ་ཕྱག་བསྟར་གནང་འཆར། 

རྒྱ་གར་བྱང་ཕྱོགས་ཁུལ་དུ་ཆགས་པའི་ Uttar Pradesh མངའ་སྡེ་ནང་གི་སློབ་གྲྭ་ཁག་ཏུ་བདེ་སྐྱིད་སྐྲུན་ཐབས་སམ་ Happiness Curriculum ཞེས་པའི་བསླབ་གཞི་གསར་པ་དེ་ཕྱག་བསྟར་གནང་འཆར་འདུགཁ་སང་རྒྱ་གར་གྱི་ News18 ཞེས་པའི་གསར་ཁང་གིས་གནས་ཚུལ་སྤེལ་བར་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ Yogi-Adityanath མཆོག་གིས་དབུ་ཁྲིད་པའི་ཨུ་ཏྟར་པྲདེཤ་མངའ་སྡེ་གཞུང་གིས་མངའ་སྡེའི་ཁྱབ་ཁོངས་སུ་ཡོད་པའི་རྫོང་ཁག་ ༡༥ ནང་གི་སློབ་གྲྭ་ཁག་ཏུ་བདེ་སྐྱིད་སྐྲུན་ཐབས་ཀྱི་བསླབ་གཞི་དངོས་སུ་ཕྱག་བསྟར་གནང་འཆར་ཡོད་པ་དང་། དེའང་སྔོན་འགྲོའི་ཆ་ལ་རྫོང་ཁག་བཅོ་ལྔ་ནང་ཡོད་པའི་སློན་གྲྭ་བཅུ་རེའི་ནང་ཕྱག་བསྟར་གནང་རྒྱུ་ཡིན་པར་གསུངས་འདུགདེ་བཞིན་ཡུ་པི་མངའ་སྡེའི་བདེ་སྐྱིད་སྐྲུན་ཐབས་ཀྱི་བསླབ་གཞི་གཏན་འབེབས་གནང་མཁན་གྱི་ཚོགས་ཆུང་ཁོངས་སུ་ཡོད་པ་སྐུ་ཞབས་ Ambikesh Tripathi ལགས་ཀྱིས་དེ་སྔ་ཨ་རིའི་སྲིད་འཛིན་སྐུ་ཞབས་ Donald Trump མཆོག་རྒྱ་གར་ནང་འཚམས་གཟིགས་སུ་ཕེབས་ཏེ་རྒྱལ་ས་ལྡི་ལིར་བདེ་སྐྱིད་སྐྲུན་ཐབས་ཀྱི་བསླབ་གཞི་སློབ་ཁྲིད་གནང་ཡུལ་གྱི་སློབ་གྲྭ་ཁག་ལ་གཟིགས་སྐོར་དང་གྲོས་བསྡུར་གྱི་ལས་རིམ་ཁག་ཅིག་གནང་སྐབས་ཨུ་ཏྟར་པྲདེཤ་མངའ་སྡེ་ནས་ཡིན་པའི་དགེ་རྒན་ Shravan Kumar ལགས་དངོས་སུ་མཉམ་ཞུགས་གནང་རྒྱུའི་གོ་སྐབས་བྱུང་དོན་ལྟར་ཁོང་གིས་ཕྱིས་སུ་ཡུ་པི་མངའ་སྡེ་གཞུང་ལ་བདེ་སྐྱིད་སྐྲུན་ཐབས་ཀྱི་བསླབ་གཞི་དེ་མངའ་སྡེའི་སློབ་གྲྭ་ཁག་གི་བསླབ་གཞིའི་ཁོངས་སུ་ངེས་པར་དུ་འཇོག་གནང་ཡོང་བའི་རེ་སྐུལ་ཞུས་པ་བཞིན་ད་རེས་མངའ་སྡེ་གཞུང་གིས་ Happiness Curriculum འམ་བདེ་སྐྱིད་སྐྲུན་ཐབས་ཀྱི་བསླབ་གཞིའི་མིང་ལ་འགྱུར་བ་ཕྲན་བུ་བཏང་སྟེ་  Realization Curriculum འམ་ངེས་ཤེས་ཀྱི་བསླབ་གཞི་ཞེས་མིང་བཏགས་ཏེ་སློབ་གྲྭ་ཁག་གི་སློབ་ཚན་ཁོངས་སུ་སློབ་ཁྲིད་གནང་འཆར་ཡོད་པ་དང་བསླབ་གཞིའི་ནང་དོན་གྱི་ཆ་ནས་བདེ་སྐྱིད་སྐྲུན་ཐབས་གཅིག་མཚུངས་ཡིན་པར་གསུངས་ཡོད།ཁོང་གིས་ད་དུང་ད་ལྟའི་ཆར་བསླབ་གཞི་དེ་འཛིན་རིམ་དང་པོ་ནས་ལྔ་པ་བར་གྱི་སློབ་མ་ཚོར་སློབ་ཁྲིད་གནང་རྒྱུ་དང་བསླབ་གཞི་འདི་སློབ་ཁྲིད་བརྒྱུད་སློབ་མ་རྣམས་ལ་བཟང་ཕྱོགས་ཀྱི་ཤུགས་རྐྱེན་ངེས་ཅན་ཞིག་བསྐྲུན་ཐུབ་པར་ཐུགས་རེ་ཡོད་ཅེས་གསུངས་འདུགགཞི་རྩའི་ Happiness Curriculum ཞེས་བདེ་སྐྱིད་སྐྲུན་ཐབས་ཀྱི་བསླབ་གཞི་དེ་ལྡི་ལིའི་མངའ་སྡེ་གཞུང་གིས་འགན་བཞེས་ཐོག་ཤེས་ཡོན་དང་སློབ་མའི་འཚར་ལོངས་སོགས་ཀྱི་ཐོག་ཕྱག་ལས་གནང་མཁན་གྱི་སྐུ་ཚབ་འདྲ་མིན་བསྡུ་བསྐོང་གིས་གཏན་འབེབས་གནང་བའི་འགྲོ་བ་མིའི་བཟང་སྤྱོད་དང་འབྲེལ་བའི་བསླབ་གཞི་གནད་ཆེ་ཞིག་ཆགས་ཀྱི་ཡོད་པ་དང་། བསླབ་གཞི་དེ་ཐོག་མར་ཕྱི་ལོ་ ༢༠༡༨ ཕྱི་ཟླ་ ༧ པ་ནང་ལ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་འབྱེད་བཀའ་དྲིན་བསྐྱངས་ཏེ་ད་ཆ་རྒྱལ་ས་ལྡི་ལི་ནང་ཡོད་པའི་གཞུང་གི་སློབ་གྲྭ་ཆིག་སྟོང་ལྷག་གི་སྔོན་འགྲོ་ནས་འཛིན་རིམ་བརྒྱད་པ་བར་གྱི་སློབ་མ་ཚོར་སློབ་ཁྲིད་གནང་བཞིན་ཡོད་པ་དང་། མགོན་པོ་༸གང་ཉིད་མཆོག་གིས་དེ་སྔ་བདེ་སྐྱིད་སྐྲུན་ཐབས་ཀྱི་བསླབ་གཞི་གསར་པ་དབུ་འབྱེད་མཛད་སྐབས་འགྲོ་བ་མི་རྣམས་ནས་རང་ཉིད་ཀྱི་མི་ཚེའི་ནང་བྱམས་སྙིང་རྗེ་དང་བདེ་སྐྱིད་ཀྱི་བསླབ་བྱ་དེ་དག་ལག་བསྟར་གང་མང་གནང་ཐུབ་ཚེ་ཁོང་ཁྲོ་སོགས་སེམས་ཚོར་དྲག་པོའི་ཆ་དེ་དག་ཉུང་དུ་གཏོང་རྒྱུར་ཕན་ཐོགས་ཡོད་པ་སོགས་ཀྱི་ལམ་སྟོན་སྩལ་བ་དང་ཆབས་ཅིག བདེ་སྐྱིད་སྐྲུན་ཐབས་ཀྱི་བསླབ་གཞི་དེ་དག་སློབ་ཁྲིད་ཡང་དག་པ་ཞིག་ཐུབ་པར་དགེ་རྒན་གསོ་སྐྱོང་གནང་རྒྱུ་དེ་གལ་ཆེན་པོ་ཡིན་པ་དང་བསླབ་གཞིའི་ཁོངས་སུ་བདེ་སྐྱིད་དང་བྱམས་བརྩེའི་སྐོར་ཙམ་མིན་པར་རྒྱ་གར་གྱི་གནའ་བོའི་རིག་གཞུང་ནང་གསུངས་པའི་སེམས་ཁམས་རིག་པའི་རྣམ་གཞག་དེ་དག་ཀྱང་དེ་མཚུངས་སུ་སློབ་ཁྲིད་གནང་ཐུབ་ཚེ་དགེ་མཚན་ཆེན་པོ་ལྡན་ཡོད་པ་སོགས་བཀའ་སྩལ་ཡོད།ད་ལྟའི་ཆར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དུས་ནས་དུས་སུ་བྱམས་སྙིང་རྗེ་དང་གཞན་ཕན་དང་འབྲེལ་བའི་བཟང་སྤྱོད་ཀྱི་རྣམ་གཞག་དེ་དག་ཆོས་ཀྱི་ངོ་བོ་ཁོ་ནར་མ་བཞག་པར་དེང་དུས་ཀྱི་ཤེས་ཡོན་སློབ་གསོའི་ནང་སློབ་ཁྲིད་གནང་རྒྱུ་གལ་ཆེན་པོ་ཡིན་པར་བཀའ་སློབ་ལམ་སྟོན་མཛད་དོན་ལྟར་ད་ཆ་རྒྱ་གར་གྱི་མངའ་སྡེ་ཆེ་ཁག་གཉིས་ཀྱི་ནང་ལ་བདེ་སྐྱིད་སྐྲུན་ཐབས་ཀྱི་བསླབ་གཞི་དང་། དེ་མིན་རྒྱ་གར་གྱིས་གཙོས་པའི་རྒྱལ་སྤྱིའི་ཡུལ་གྲུ་མང་དག་ཅིག་གི་སློབ་གྲྭར་ཕྱི་ལོ་ ༢༠༡༩ ལོར་༸གོང་ས་མཆོག་གིས་དབུ་འབྱེད་མཛད་པའི་བྱམས་བརྩེ་དང་བློ་གྲོས་གོང་འཕེལ་གྱི་ཤེས་ཡོན་བསླབ་གཞི་ SEE Learning ཞེས་པ་དེ་དངོས་སུ་ཕྱག་བསྟར་གནང་བཞིན་པའི་གནས་སྟངས་བྱུང་ཡོད།

བློན་ཆེན་གྱི་དགོངས་རྫོགས་སྨོན་ལམ་དང་འབྲེལ་བོད་དང་ཁུ་ནུའི་འབྲེལ་ལམ་སྐོར་གྱི་བགྲོ་གླེང་།

དེ་རིང་སྔ་དྲོ་ཕྱག་ཚོད་༩།༣༠ ཐོག   བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་གོ་སྒྲིག་འོག་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་རཱ་ཇཱ་བཱིར་བྷ་དྲ་སིངྷ་ Virbhadra Singh མཆོག་གི་དགོངས་རྫོགས་ཞེ་དགུའི་སྨོན་ལམ་དང་བསྟུན་ཁུ་ནུ་དང་བོད་དབར་འབྲེལ་བའི་ལོ་རྒྱུས་བགྲོ་གླེང་ཞིག་སྐོང་འཚོགས་གནང་སོང་།དེ་རིང་གི་ལས་རིམ་དེའི་ཐོག  སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་ཀྱི་གཙོ་བྱས་པའི་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་ལས་བྱེད་ཁག་ཅིག་དང་། སཱ་ར་སློབ་གཉེར་ཁང་གི་སློབ་མ་ཁག་ཅིག་གིས་མཉམ་ཞུགས་གནང་བ་མ་ཟད། ཉིན་གཅིག་རིང་གི་ལས་རིམ་དེའི་ཐོག་ཁུ་ནུའི་ཆེད་མཁས་བ་མང་དག་ཅིག་གིས་དྲ་ཐོག་ནས་འཛུལ་ཞུགས་བྱས་པའི་ཐོག   ཁུ་ནུ་བ་བློན་ཆེན་དམ་པ་ཁོང་གི་ལོ་རྒྱུས་ངོ་སྤྲོད་དང་། དུས་རབས་བཅུ་བདུན་པའི་ནང་བོད་དང་ཁུ་ནུའི་བར་གྱི་ཆིངས་ཡིག་སྐོར། ཕྱོགས་གཉིས་ཀྱི་ཚོང་འབྲེལ། དེ་བཞིན་ཁུ་ནུའི་ནང་གི་དགེ་ལུགས་དང་འབྲུག་པ་བཀའ་བརྒྱུད་ཀྱི་དགོན་པ་ཁག་གི་སྐོར་སོགས་བརྗོད་གཞི་སྣ་མང་ཐོག་གཏམ་བཤད་གནང་སོང་།དེ་རིང་གི་མཛད་རིམ་ཐོག་མར་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་ཀྱིས་ཁུ་ནུ་དང་བོད་བར་གྱི་འབྲེལ་བའི་སྐོར་ནས་ངོ་སྤྲོད་གཏམ་བཤད་གནང་བའི་ནང་དུ།  འདས་བའི་མི་ལོ་དྲུག་ཅུ་ལྷག་གི་ནང་དུ། ཚེ་འདས་དམ་པ། ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་རཱ་ཇཱ་བཱིར་བྷ་དྲ་སིངྷ་མཆོག་གིས་ཁུ་ནུ་དང་བོད་ཀྱི་མཛའ་མཐུན་འབྲེལ་བ་དེ་མུ་མཐུད་རྒྱུན་སྐྱོང་དང་། ལྷག་པར་༸གོང་ས་མཆོག་ལ་སྙིང་ཉེ་ཞིང་བོད་དོན་རྒྱབ་སྐྱོར་གནང་བ་དང་བཙན་བྱོལ་བོད་མིའི་ལོ་རྒྱུས་ཐོག་ཕན་ཚུན་ཆིག་ཡིག་གཞིར་བཟུང་མཛའ་བརྩེའི་འབྲེལ་ལམ་རྒྱུན་གནས་ཡོང་བ་བཅས་ལ་དམིགས་ནས་དེ་རིང་གི་བརྒྱ་མཆོད་སྨོན་ལམ་དང་བགྲོ་གླེང་གི་ལས་རིམ་དེ་གོ་སྒྲིག་ཞུ་བཞིན་ཡོད་སྐོར་འགྲེལ་བརྗོད་གནང་བ་མ་ཟད།  ཁུ་ནུའི་ནང་བོད་ཀྱི་ཆོས་དང་རིག་གཞུང་གི་མཁས་བ་མང་པོ་བྱུང་ཡོད་པའི་ཁྲོད།  ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཟབ་ཆོས་ཞུ་ས་ཡང་ཁུ་ནུའི་བླ་མ་བསྟན་འཛིན་རྒྱལ་མཚན་མཆོག་ཆགས་སྐོར་སོགས་ཀྱི་གཏམ་བཤད་གནང་སོང་། སྐབས་དེར་ཁུ་ནུ་ཁུལ་གྱི་རྒྱ་གར་གྱི་ཆབ་སྲིད་ཚོགས་པའི་ཚོགས་གཙོ་ཟུར་བ་སྐུ་ཞབས་ Bhagat Singh Kinnar ལགས་ཀྱིས་གཏམ་བཤད་གནང་བའི་ནང་དུ། བོད་རང་དབང་རང་བཙན་སྐབས་ནས་ཁུ་ནུ་དང་བོད་ཀྱི་དབར་ལོ་རྒྱུས་ཡུན་རིང་ལྡན་པའི་དམིགས་བསལ་གྱི་འབྲེལ་བ་ཡོད་པར་འགྲེལ་བརྗོད་ཀྱིས་བོད་ཀྱི་ཁ་འབབ་ཆེན་པོ་བཞི་ལས་གླང་ཆེན་ཁ་འབབ་དེ་བོད་ནས་སྟོད་མངའ་རི་བརྒྱུད་དེ་ཁུ་ནུའི་ཁུལ་དུ་འབབ་ཀྱི་ཡོད་པར་གསུངས་པ་དང་སྦྲགས། ལྷག་དོན་ཁུ་ནུ་ནང་གི་བླ་མ་དང་དགེ་འདུན་པ་མི་ཉུང་བ་ཞིག་བོད་ལ་ཆེད་ཕེབས་ཀྱི་སློབ་གཉེར་གནང་བའི་ཐུན་མིན་གྱི་འབྲེལ་སོགས་ཀྱི་སྐོར་ལ་གསུངས་སོང་།དེ་བཞིན་སྐབས་དེར་སྐྱབས་རྗེ་ལོ་ཆེན་རིན་པོ་ཆེ་མཆོག་གིས་བོད་དང་ཁུ་ནུའི་འབྲེལ་ལམ་གྱི་ལོ་རྒྱུས་སྤྱི་བཤད་ཅེས་པའི་ཐོག་གཏམ་བཤད་གནང་བའི་ནང་དུ། ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་རཱ་ཇཱ་བཱིར་བྷ་དྲ་སིངྷ་དམ་པ་དེ་ཉིད་མཆོག་ནི་ཁུ་ནུའི་རྒྱལ་རྒྱུད་ཡིན་རབས་དང་འབྲེལ་ནས། ཁུ་ནུ་དང་བོད་ཀྱི་བར་དུ་ལོ་ངོ་མང་པོའི་ནང་དུ་ཆོས་དང་རིག་གཞུང་གི་འབྲེལ་བ་ཡག་པོ་ཡོད་པ་ཟད།  སྟོད་མངའ་རི་དང་ཁུ་ནུ་གཉིས་ནི་རི་བོ་ཞིག་གི་ཕར་ཚུར་ལ་ཡོད་པ་སོགས་ཀྱི་ལོ་རྒྱུས་དང་འབྲེལ་ནས། ཁུ་ནུའི་ཁུལ་དུ་སྔ་མོའི་བོད་ཀྱི་བོན་ཆོས་ཀྱི་ཆོས་ལུགས་ཀྱི་ཆོ་ག་སྟེ། དམར་མཆོད་བྱེད་སྟངས་དང་དེ་བཞིན་བྲག་རི་ལ་བོན་ཆོས་ཀྱི་ཆོ་གའི་རི་མོ་བྲིས་བཞག་པ་སོགས་དུས་ད་ལྟ་ཡང་མཇལ་རྒྱུ་ཡོད་པ་མ་ཟད། སྔ་མོ་བོད་དང་ཁུ་ནུ་གཉིས་ཀྱི་བར་དུ་གཉེན་སྒྲིག་གི་འབྲེལ་ལམ་ཡང་བྱུང་ཡོད་པ་སོགས་ཀྱི་ལོ་རྒྱུས་ངོ་སྤྲོད་གནང་སོང་། གཞི་རྩའི་དེ་རིང་གི་བགྲོ་གླེང་གི་ལས་རིམ་དེར་ཁུ་ནུའི་རྒྱལ་རྒྱུད་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་རཱ་ཇཱ་བཱིར་བྷ་དྲ་སིངྷ་མཆོག་གི་དགོངས་རྫོགས་ཞེ་དགུའི་སྨོན་ལམ་དང་བསྟུན་ནས་གོ་སྒྲིག་ཞུས་པ་ཞིག་ཡིན་ཞིང་། དམ་པ་དེ་ཉིད་ནི་དུས་ཡུན་རིང་པོར་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་ཞིག་དང་། ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ལོ་མང་གི་རིང་མཛའ་འབྲེལ་ཡོད་པའི་རྒྱ་གར་གྱི་དཔོན་རིགས་ཤིག་ཆགས་ཡོད་པ་དང་། དེ་རིང་གི་ལས་རིམ་ཐོག་ཁུ་ནུའི་ཁུལ་གྱི་མཁས་དབང་བཅུ་གྲངས་ཤིག་གིས་ཁུ་ནུ་དང་བོད་བར་གྱི་ཆོས་དང་རིག་གཞུང་དང་དེ་བཞིན་ཚོང་ལས་དང་ཆིངས་ཡིག་སོགས་ཀྱི་མཛའ་འབྲེལ་གྱི་སྐོར་ནས་དྲ་ཐོག་བརྒྱུད་ནས་གཏམ་བཤད་གནང་ཡོད་པ་རེད།

རྒྱལ་སྤྱི་དང་རྒྱ་ནག་ཏུ་བོད་བརྒྱུད་ནང་བསྟན་དར་སྤེལ་ཆེན་པོ་ཕྱིན་ཡོད་པ་དེས་མར་ཁེ་སི་རིང་ལུགས་དེ་ནུས་མེད་དུ་གྱུར་བ་གསལ་པོ་རེད་ཅེས་བཀའ་སྩལ་བ།

དེ་རིང་ Tibet Initiative Deutschland ཞེས་ Germany ནང་གི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཆེ་ཤོས་ཀྱིས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་སྔ་དྲོ་ཕྱག་ཚོད་ ༩ ནས་ ༡༠༌༣༠ བར་བོད་ཀྱི་རིག་གཞུང་གིས་འཛམ་གླིང་ཞི་བདེ་ལ་ཞབས་འདེགས་ཀྱི་ནུས་པའི་སྐོར་ལ་བཀའ་སློབ་དང་ཚོགས་བཅར་བའི་བཀའ་འདྲི་དགོངས་སྐོར་ཞུས་ཁག་ལ་བཀའ་ལན་སྩལ་ཡོད་པ་རེད།སྐབས་དེར་མགོན་པོ་༸གང་ཉིད་མཆོག་གིས་བོད་ཀྱི་ཆོས་དང་རིག་གཞུང་དེ་གཙོ་བོ་ཡིད་ཆེས་དང་ལུང་ལ་བརྟེན་པ་མ་ཡིན་པར་རིགས་པར་བརྟེན་ནས་བྱམས་པ་དང་བརྩེ་བ་ཉམས་ལེན་བྱེད་ཀྱི་ཡོད་སྟབས་གཞན་ལའང་རྒྱུ་མཚན་གཙོ་བོ་གཞིར་བཞག་སྟེ་སློབ་སྦྱོང་སྤྲོད་བདེ་པོ་ཡོད་པ་དང་། ལྷག་དོན་སྤྱིར་འཛམ་གླིང་ཞི་བདེ་ཟེར་སྐབས་སུ་ཞི་བདེ་ཐོག་མ་དེ་ནང་སེམས་ཀྱི་ཐོག་ནས་ཡོང་གི་ཡོད་སྟབས། ནང་སེམས་ཀྱི་ཞི་བདེ་བསྐྲུན་ཐབས་ཐོག་འཛམ་གླིང་ལ་བོད་པའི་རིག་གཞུང་ཐོག་ནས་ལེགས་སྐྱེས་དབུལ་རྒྱུའི་ནུས་པ་ཆེན་པོ་ལྡན་ཡོད་ལྟར་དེ་ལྟར་ཡོང་བར་༸གོང་ས་མཆོག་གིས་ཐུགས་བརྩོན་ཆེན་པོ་མཛད་ཀྱི་ཡོད་སྐོར་བཀའ་སྩལ་བ་དང་སྦྲགས། ནང་པའི་གཞུང་ལུགས་དག་ལས་གསུངས་པའི་བསླབ་བྱ་དེ་གོ་ལའི་ཞི་བདེར་སྨན་ཕྱིར་མཛད་འཁུར་བཞེས་མུས་ཡིན་པ་བཀའ་སྩལ་ཡོད།དེ་རིང་གི་བཀའ་སློབ་སྩལ་གྲུབ་མཚམས་སུ་ཚོགས་བཅར་བའི་ཁྲོད་ནས་བཀའ་འདྲི་དགོངས་སྐོར་ཞུ་རྒྱུའི་གོ་སྐབས་གནང་དོན་ལྟར་བོད་ནང་གི་བོད་མི་ཚོས་རྒྱའི་མནར་སྤྱོད་འོག་ངལ་བ་དུ་མ་མྱོང་བཞིན་ཡོད་སྟབས་བོད་མི་ཚོའི་ངོས་ནས་བོད་ཀྱི་ཆོས་དང་རིག་གཞུང་དེ་དག་གཅེས་འཛིན་ཇི་ལྟར་གནང་ཐུབ་བམ་ཞེས་བཀའ་འདྲི་ཞུས་པར་༸གོང་ས་མཆོག་གིས་དེ་སྔ་མགོན་པོ་༸གང་ཉིད་མཆོག་མའོ་ཙེ་ཏུང་དང་ལྷན་དུ་མཇལ་འཕྲད་སྐབས་མའོས་ཆོས་དུག་རེད་ཅེས་ཞུས་སྐོར་ཐུགས་དྲན་གསོས་པ་དང་འབྲེལ་ཏེ། རྒྱ་མིས་བོད་ཐོག་མར་བཙན་བཟུང་བྱེད་སྐབས་དང་ད་ལྟའི་དུས་ཚོད་དབར་འགྱུར་བ་ཆེན་པོ་ཕྱིན་ཡོད་ཅེས་བཀའ་སྩལ་ཡོད། དེའང་དེང་སྐབས་འཛམ་གླིང་ཁྱོན་ཡོངས་སུ་ནང་པའི་ཆོས་དང་ལྷག་པར་དུ་བོད་བརྒྱུད་ནང་བསྟན་ལ་དོ་སྣང་བྱེད་མཁན་ཇེ་མང་དུ་འགྲོ་མུས་ཡིན་སྟབས། བོད་ནང་ལ་ཡོད་པའི་མཁས་པ་མང་པོས་ཆབ་སྲིད་ཀྱི་ཐོག་ནས་རྒྱ་ནག་གི་བོད་ལ་དབང་སྒྱུར་བྱས་ཡོད་ཀྱང་། ཆོས་ཕྱོགས་ཀྱི་ཐོག་ནས་བོད་པས་ཕར་རྒྱ་ནག་ལ་ཕན་ཐོགས་བྱེད་ཀྱི་ཡོད་པར་གསུང་བཞིན་ཡོད་པ་ལུང་འདྲེན་དང་ཆབས་ཅིག དེང་སྐབས་ནུབ་ཕྱོགས་དང་ཨེ་ཤ་ཡ་རྒྱལ་ཁབ་ཕལ་མོ་ཆེ། ལྷག་པར་དུ་རྒྱལ་སྤྱི་དང་རྒྱ་ནག་ཏུ་བོད་བརྒྱུད་ནང་བསྟན་དར་སྤེལ་ཆེན་པོ་ཕྱིན་ཡོད་པ་དེས་མར་ཁེ་སི་རིང་ལུགས་དེ་ནུས་མེད་དུ་གྱུར་བ་གསལ་པོ་རེད་ཅེས་བཀའ་སྩལ་སོང་།དེ་བཞིན་བཀའ་འདྲི་དགོངས་སྐོར་གྱི་ལས་རིམ་དེའི་ཐོག་མགོན་པོ་༸གང་ཉིད་མཆོག་གིས་བོད་པའི་གཞོན་སྐྱེས་ཚོས་བོད་ཀྱི་སྐད་ཡིག་ཐོག་སློབ་གཉེར་བྱེད་རྒྱུའི་གལ་གནད་སྐོར་ལམ་སྟོན་སྩལ་བ་མ་ཟད་དེང་སྐབས་བོད་པའི་དགོན་སྡེ་ཁག་ཏུ་གྲྭ་བཙུན་ཙམ་མ་ཡིན་པར་མི་སྐྱ་ཕོ་མོ་དབྱེ་མེད་ནས་ནང་ཆོས་ཐད་སློབ་སྦྱོང་བྱེད་རྒྱུའི་གོ་སྐབས་ཡོད་པ་དང་། ལྷག་དོན་བོད་པ་ཙམ་མ་ཡིན་པར་ཧི་མཱ་ལ་ཡའི་རི་རྒྱུད་ཀྱི་ནང་པ་རྣམས་ལའང་སློབ་སྦྱོང་བྱེད་རྒྱུའི་གོ་སྐབས་དང་མཐུན་རྐྱེན་ཡག་པོ་ཡོད་སྟབས། བོད་པའི་སྐད་ཡིག་དེར་སངས་རྒྱས་ཀྱི་ཆོས་ཀྱི་ལྟ་གྲུབ་འགྲེལ་བཤད་རྒྱག་རྒྱུའི་སྐད་ཡིག་ལེགས་ཤོས་དེ་ཆགས་ཡོད་པས་ནང་ཆོས་ལ་དོ་སྣང་ཡོད་མཁན་ཚོས་ངེས་པར་དུ་བོད་ཀྱི་སྐད་ཡིག་གཉིས་པོར་དོ་སྣང་མ་བྱེད་ཐབས་མེད་ཆགས་ཡོད་པར་ལམ་སྟོན་མཛད་ཡོད།རྒྱ་ནག་གིས་དེང་སྐབས་ཕྱི་ནང་གཉིས་དབར་བཙན་འཛུལ་ཤུགས་ཆེ་བྱེད་བཞིན་པའི་སྐབས་སུ་ཆབ་སྲིད་ཀྱི་ཐོག་ནས་རྒྱ་ནག་དང་འབྲེལ་བ་གང་འདྲ་བྱེད་དགོས་སམ་ཞེས་བཀའ་འདྲིར་༸གོང་ས་མཆོག་གིས་རྒྱ་ནག་དེ་རྒྱལ་ཁབ་སྟོབས་ཆེན་པོ་གང་ཡིན་ལ་མ་བལྟོས་པར་འཛམ་གླིང་འདིའི་ཆ་ཤས་ཤིག་ཆགས་ཡོད་སྟབས། ཁྱིམ་མཚེས་རྒྱལ་ཁབ་ཀྱིས་གཙོས་པའི་རྒྱལ་ཁབ་གཞན་དང་ལྷན་དུ་འབྲེལ་བ་བཟང་པོ་བཞག་རྒྱུ་དེ་གལ་ཆེན་པོ་ཡིན་པ་དང་།ལྷག་པར་དུ་རྒྱ་གར་ལྟ་བུའི་ལོ་རྒྱུས་དང་རིག་གཞུང་གི་འབྲེལ་བ་ཡོད་པའི་རྒྱལ་ཁབ་དང་ལྷན་དུ་འབྲེལ་བ་དམ་ཟབ་བཞག་རྒྱུ་གལ་ཆེན་པོ་ཡིན་པ་མ་ཟད། དེ་བཞིན་ཐེ་ཝན་ལྟ་བུར་ཆ་མཚོན་ན་ཆབ་སྲིད་ཀྱི་ཐོག་ནས་འགལ་ཟླ་ཡོད་ཀྱང་། རིག་གཞུང་གི་ཆ་ནས་རྒྱ་ནག་ལས་ལོ་ངོ་སྟོང་ཕྲག་མང་པོའི་སྔོན་ནས་དར་བའི་རིག་གཞུང་དེ་མེད་པ་བཟོ་ཐབས་མེད་སྟབས། ཆབ་སྲིད་ཀྱི་ཐོག་ནས་ཕུགས་རྒྱང་རིང་པོའི་བསམ་བློ་བཏང་སྟེ་རྒྱ་ནག་ལ་ཉི་ཧོང་དང་བྷར་མ། རྒྱ་གར་བཅས་ཁྱིམ་མཚེས་རྒྱལ་ཁབ་ཚོ་དང་ལྷན་དུ་ཞི་བདེ་མཉམ་གནས་བྱེད་དགོས་པའི་གནས་སྟངས་ཤིག་ཀྱང་ཆགས་ཡོད་སྐོར་བཀའ་སྩལ་བ་དང་འབྲེལ། མིའི་བསམ་བློ་གཏོང་ཕྱོགས་དེ་དུས་ཚོད་ལ་དཔག་པའི་འགྱུར་བ་ཐེབས་བཞིན་ཡོད་སྟབས་རྒྱ་ནག་ལའང་དེ་ལྟར་འགྱུར་བ་ཐེབས་སྲིད་པ་རེད་ཅེས་བཀའ་སྩལ་ཡོད།

༸གོང་ས་མཆོག་གིས་བྱམས་བརྩེ་དང་འཚེ་མེད་ཞི་བའི་སྐོར་ལ་བཀའ་སློབ་སྩལ་བ།

དེ་རིང་སྔ་དྲོར་ཀོ་རི་ཡ་བོད་དགོན་བསླབ་གསུམ་བཤད་སྒྲུབ་གླིང་གིས་ཇི་ལྟར་གསོལ་བ་བཏབ་པ་ལྟར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་དྲ་ལམ་ཐད་གཏོང་བརྒྱུད་བྱམས་བརྩེ་དང་འཚེ་མེད་ཞི་བའི་ Compassion and Non-Violence སྐོར་ལ་བཀའ་སློབ་ལམ་སྟོན་སྩལ་ཡོད་པ་རེད། མགོན་པོ་༸གང་ཉིད་མཆོག་གིས་སྐབས་དེར་འགྲོ་བ་མིའི་རིགས་ལ་ཁམས་དང་མོས་པ་སྣ་ཚོགས་ཡོད་པར་བརྟེན་ནས་ཆོས་ལུགས་ཀྱི་ལྟ་གྲུབ་ཀྱང་མི་འདྲ་བ་ཡོད་པ་དང་དེ་ལྟར་ཡོད་པ་དེས་ཀྱང་འགྲོ་བ་མིར་ཕན་ཐོགས་ཡོང་གི་ཡོད་པ་མ་ཟད་སེམས་བཟང་པོ་བྱ་རྒྱུ། གཞན་ལ་གནོད་འཚེ་སྤང་བ། བྱམས་བརྩེ་ཉམས་ལེན་བྱ་རྒྱུ་དེ་ཆོས་ལུགས་ཚང་མས་བསླབ་བྱ་གཅིག་གྱུར་གནང་གི་ཡོད་པར་བཀའ་སྩལ་བ་དང་སྦྲགས། འདས་པའི་ལོ་རྒྱུས་ནང་ཆོས་ལུགས་མི་འདྲ་བའི་རྒྱུ་མཚན་དུ་བྱས་ནས་མི་ཕན་ཚུལ་དབར་གསོད་རེས་བྱས་ཡོད་ཀྱང་། སླད་མར་ང་ཚོས་རྒྱ་གར་གྱི་ཆོས་ལུགས་མཐུན་སྒྲིལ་ལས་ལེགས་བྱ་བཞེས་དགོས་གལ་ཡིན་པར་ལམ་སྟོན་བཀྲིན་ཆེ་བ་སྩལ་ཡོད།༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བདག་ཅག་གི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་པ་ལྟར་སེམས་ཅན་གྱི་སྡུག་བསྔལ་དེ་སརྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཕྱག་གིས་མི་སེལ་བ་དང་འགྲོ་བའི་སྡིག་པ་ཆུ་ཡིས་མི་འཁྲུ་ཞིང༌། སྟོན་པའི་ཐུགས་རྒྱུད་དུ་ཡོད་པའི་ཡོན་ཏན་ནམ་སྤངས་རྟོགས་ཀྱི་མཁྱེན་པ་དེ་ང་ཚོར་སྤོ་རྒྱུ་མེད་པ་རེད་ཅེས་བཀའ་བ་སྩལ་དང་ཆབས་ཅིག་ཏུ་ཆོས་བྱོས་ཤིག་ཅེས་བརྗོད་སྐབས་སྒོ་ལྔའི་ཤེས་པ་དག་གི་སྟེང་ནས་ཡོང་རྒྱུ་མེད་པར་གཙོ་བོ་ཡིད་བློའི་ཐོག་ནས་སེམས་མ་འཁྲུག་པ་བྱ་རྒྱུ་དང་། ཡིད་བློར་བསྒྱུར་བཅོས་གཏོང་བར་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་དེ་གལ་ཆེན་པོ་ཡིན་པར་བཀའ་སྩལ་སོང་། ༸གོང་ས་མཆོག་གིས་བཀའ་སློབ་ལམ་སྟོན་སྩལ་གྲུབ་མཚམས་སུ་ཐུགས་བརྩེ་བ་ཆེན་པོས་མང་ཚོགས་ཀྱི་དོགས་དྲིར་བཀའ་ལན་སྩོལ་སྐབས་ Joong-Ang Sangha གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ཞིག་གིས་ནད་ཡམས་འདིའི་དབང་གིས་མིའི་བསམ་བློ་དང་དཔལ་འབྱོར་སོགས་ལ་དཀའ་ངལ་ཆེས་ཆེར་འཕྲད་བཞིན་ཡོད་པ་མ་ཟད་ཡུལ་ལུང་མང་པོར་ཆུ་ལོག་དང་རླུང་འཚུབ། མེའི་འཇིགས་པ་སོགས་རིམ་པར་འབྱུང་བཞིན་ཡོད་སྟབས་དཀའ་ངལ་དེ་དག་ལ་གདོང་ལེན་ཇི་ལྟར་གནང་དགོས་སམ་ཞེས་བཀའ་འདྲི་ཞུས་པར་མགོན་པོ་༸གང་ཉིད་མཆོག་གིས་འཛམ་གླིང་འདིར་མིའི་འགྲོ་བ་ཆགས་ནས་ལོ་ས་ཡ་དང་བྱེ་བ་མང་པོ་སོང་ཟིན་པ་ཞིག་དང་། སངས་རྒྱས་བཅོན་ལྡན་འདས་ཕེབས་སྐབས་ཚེ་ལོ་བརྒྱ་པའི་དུས་ཞེས་བརྗོད་ཀྱི་ཡོད་ཀྱང་དུས་ཚོད་དེའི་ནང་འབྱུང་བའི་འགྱུར་ལྡོག་རིམ་པ་དང་མིའི་ཚེའང་ཐུང་དུ་འགྲོ་བཞིན་ཡོད་པ་ལྟར་ད་ལྟའི་དུས་རབས་ཀྱི་མཐའ་མ་དེ་མེ་འཇིགས་ཀྱི་ཕྱོགས་སུ་ཆས་ཀྱི་ཡོད་སྟབས། གསོན་པའི་དུས་འདིར་མིའི་རྣམ་དཔྱོད་ལེགས་པར་སྤྱད་དེ་མི་ལུས་དོན་ལྡན་ཞིག་བྱེད་དགོས་པ་་སོགས་ལམ་སྟོན་མཛད་ཡོད།༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ལམ་སྟོན་དང་དོགས་འདྲིེ་ཁག་ལ་བཀའ་ལན་སྩལ་གྲུབ་མཚམས་སུ་ཐེངས་འདིའི་ལས་རིམ་གསོལ་འདེབས་ཞུ་མཁན་ཀོ་རི་ཡ་བོད་དགོན་བསླབ་གསུམ་བཤད་སྒྲུབ་གླིང་གི་མཚན་བྱང་ལ་ཆ་མཚོན་ན། བསླབ་པ་གསུམ་གྱི་ཉམས་ལེན་མཐིལ་ཕྱིན་པ་ཞིག་ཡོང་རྒྱུའི་ཐུགས་རེ་གནང་སྟེ་གསོལ་སྩལ་མཛད་པ་ཞིག་ཡིན་ཞེས་བཀའ་སྩལ་བ་དང་འབྲེལ་ཏེ་ཆོས་གྲོགས་ཚོས་ཀྱང་ཐོག་མར་ཐོས་བྱུང་གི་ཤེས་རབ་དང་།དེ་ནས་བསམ་བྱུང་གི་ཤེས་རབ། དེ་རྗེས་མཐར་སྒོམ་བྱུང་གི་ཤེས་རབ་རྒྱུད་ལ་སྐྱེས་ནས་ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས་ཞེས་པ་ལྟར་དེ་ལྟར་གནང་ཐུབ་པར་ཐུགས་སྨོན་མཛད་བཞིན་ཡོད་པར་བཀའ་སྩལ་སོང་།

ཆོས་སྡེ་ཚོར་བྱམས་པ་དང་སྙིང་རྗེའི་ཉམས་ལེན་གོང་མཐོ་གནང་ཕྱིར་དམིགས་བསལ་འགན་ཡོད།

ཨིན་ཌོ་ནེ་ཤི་ཡའི་ནང་པའི་ཆོས་ཚོགས་བཀའ་གདམས་ཆོས་གླིང་གིས་ཇི་ལྟར་གསོལ་བ་བཏབ་པ་ལྟར་དེ་རིང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་དྲ་ལམ་ཐད་གཏོང་བརྒྱུད་རྒྱ་གར་གྱི་ཚོུད་ ༩ མ་ཟིན་ཙམ་ནས་ཚོུད་ ༡༠ ཡོལ་ཙམ་བར་དུ་ཨིན་ཌོ་ནེ་ཤི་ཡའི་རྒྱལ་ཡོངས་སློབ་གྲྭ་འདྲ་མིན་གྱི་སློབ་ཕྲུག་རྣམས་ལ་སངས་རྒྱས་པའི་ཆོས་ཀྱི་སྤྱི་བཤད་སྐོར་བཀའ་ཆོས་དང་བཀའ་འདྲི་དགོངས་སྐོར་ཞུས་ཁག་ལ་བཀའ་ལན་སྩལ་བ་དང་འབྲེལ་ཏེ་ཆོས་སྡེ་སོ་སོར་བྱམས་པ་དང་སྙིང་རྗེའི་ཉམས་ལེན་གོང་མཐོ་གནང་ཕྱིར་དམིགས་བསལ་འགན་ཡོད་ཅེས་ལམ་སྟོན་བཀྲིན་ཆེ་བ་སྩལ་ཡོད།དེ་རིང་གི་བཀའ་ཆོས་འདི་ནི་ཨིན་ཌོ་ནེ་ཤི་ཡའི་ནང་སློབ་གྲྭ་འདྲ་མིན་དུ་སྟོན་པ་བཅོམ་ལྡན་འདས་ཀྱི་སྐྱེས་རབས་འཆད་སྤེལ་གྱི་ལས་རིམ་ཁོངས་སུ་གོ་སྒྲིག་ཞུས་པ་ཞིག་ཡིན་པ་དང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་ཀྱི་ཐོག་མར་མགོན་པོ་༸གང་ཉིད་མཆོག་གི་ཐུགས་བསྐྱེད་ཆེན་པོ་བཞི་ལས་གཉིས་པ་ཆོས་ལུགས་མཐུན་འབྲེལ་གོང་མཐོ་གནང་རྒྱུ་དེ་ཡིན་པ་དང་། སྤྱིར་ནང་པ་དང་ཧིཾདྷུ། ཡེ་ཤུ། གཅེར་བུ་བ། ཁ་ཆེ་ཆོས་ལུགས་སོགས་ནས་བསླབ་བྱ་གཅིག་མཚུངས་གནང་བ་ནི་བྱམས་པ་དང་བརྩེ་བ་ཆགས་ཀྱི་ཡོད་སྟབས་ཆོས་ལུགས་ཚང་མས་མི་ལ་ཕན་ཐོགས་ཡོད་པ་ཞིག་རེད། དེས་ན་འགྲོ་བ་མི་རྣམས་བྱམས་བརྩེ་དང་ལྡན་པ་ཞིག་གནང་རྒྱུ་ནི་དམིགས་ཡུལ་གཙོ་བོ་ཡིན་པར་བཀའ་སྩལ་སོང་།དེ་བཞིན་མགོན་པོ་༸གང་ཉིད་མཆོག་གིས་ཆོས་ལ་ཁས་ལེན་མིན་ནི་གང་ཟག་སྒེར་སོ་སོར་རག་ལུས་ཡོད་པ་དང་འགྲོ་བ་མི་རྣམས་ཐོག་མར་མ་ལས་བཙས་པ་ནས་བཟུང་ཨ་མའི་བྱམས་སྐྱོང་ལ་བརྟེན་ནས་འཚོ་བ་ཞིག་ཡིན་པ་དང་བྱམས་པ་དང་བརྩེ་བ་ནི་ང་ཚོ་འཚོ་བར་བྱེད་པའི་རྒྱུ་རྐྱེན་གཙོ་བོ་ཞིག་ཆགས་ཡོད་པར་བཀའ་སྩལ་མཛད་པ་དང་ཆབས་ཅིག འཛམ་གླིང་ནང་རྙོག་གླེང་ཆེས་ཆེར་བྱུང་བ་དེ་དག་བྱམས་བརྩེའི་བསམ་ལ་མ་འདང་བའི་རྐྱེན་གྱིས་ཡིན་སྟབས། ཆོས་སྡེ་སོ་སོར་བྱམས་པ་དང་སྙིང་རྗེའི་ཉམས་ལེན་གོང་མཐོ་གནང་ཕྱིར་དམིགས་བསལ་འགན་ཡོད་ཅེས་ལམ་སྟོན་བཀྲིན་ཆེ་བ་སྩལ་ཡོད།༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་ཆོས་གྲུབ་མཚམས་སུ་བཀའ་འདྲི་དགོངས་སྐོར་གྱི་ལས་རིམ་སྐབས་སློབ་ཕྲུག་ཞིག་གིས་ནད་ཡམས་ཀྱི་དུས་སྐབས་སུ་གཞན་ལ་རོགས་རམ་ཇི་ལྟར་ཞུ་དགོས་སམ་ཞེས་བཀའ་འདྲི་ཞུས་པར་མགོན་པོ་༸གང་ཉིད་མཆོག་གིས་གཉན་རིམས་དེ་འཛམ་གླིང་གི་ས་ཕྱོགས་གང་སར་ཁྱབ་གདལ་ཕྱིན་པའི་ཁར་ད་ཆ་གོ་ལའི་ཚ་དྲོད་ཆེ་བའི་རྐྱེན་གྱིས་གནམ་གཤིས་ལ་འགྱུར་ལྡོག་ཕྱིན་ཏེ་རང་གཞན་ཀུན་ལ་ངལ་བ་མང་དག་ཅིག་འཕྲད་བཞིན་ཡོད་སྟབས། ང་ཚོར་དཀའ་ངལ་དེ་དག་ཇེ་ཉུང་དུ་གཏོང་རྒྱུའི་ཐབས་ལམ་ཡོད་སྐོར་བཀའ་སྩལ་སོང་བ་དང་སྦྲགས། ལྷག་དོན་ད་ལྟ་ནད་ཡམས་ཀྱི་དུས་ཚིགས་འདིའི་ཁྲོད་སྨན་པ་དང་སྨན་ཞབས་པ་ཚོས་ནད་པ་དྲག་སྐྱེད་སླད་ཞབས་འདེགས་བསྒྲུབས་དང་སྒྲུབ་བཞིན་པར་བསྔགས་བརྗོད་མཛད་པ་དང་གཉན་རིམས་དེ་གནས་སྐབས་རིང་ཁྱབ་གདལ་བྱུང་བ་ཞིག་ཡིན་པས་ང་ཚོས་བློ་མ་ཞུམ་པར་དེར་གདོང་ལེན་གནང་དགོས་ཞེས་ལམ་སྟོན་སྩལ་སོང་། གཞན་ཡང་༸གོང་ས་མཆོག་གིས་བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་ཀྱིས་ང་ཚོ་ཚང་མར་སངས་རྒྱས་ཀྱི་རིགས་ཁྱབ་ཡོད་ཅེས་གསུངས་ཡོད་པ་རེད། འོན་ཀྱང་ཕྱིའི་གཟུགས་པོའི་རྣམ་འགྱུར་ཇི་ལྟར་ཡོད་མེད་ལ་ལྟོས་མེད་གཙོ་བོ་སེམས་དེ་ཆགས་ཀྱི་ཡོད་སྐོར་བཀའ་སྩལ་ཡོད།  མགོན་པོ་༸གང་ཉིད་མཆོག་གིས་ད་དུང་ཨིན་ཌོ་ནེ་ཤི་ཡའི་ནང་པ་ཚོ་ཕྱོགས་གཅིག་ནས་ཁ་ཆེ་རྒྱལ་ཁབ་ཆེན་པོ་གཅིག་ནང་བཞུགས་མཁན་གྱི་ནང་པ་ཆགས་ཀྱི་ཡོད་པ་དང་། ཁྱེད་ཚོས་ཁ་ཆེ་ཚོར་སངས་རྒྱས་ཀྱི་ཆོས་ནས་གསུངས་པའི་བྱམས་པ་དང་སྙིང་རྗེའི་ཉམས་ལེན་ངོ་སྤྲོད་དང་ཕན་ཚུན་དབར་སྦྱང་བཤད་གནང་ཚེ་རང་གཞན་གཉིས་ཀར་སྤྱི་ཚོགས་འདི་བྱམས་བརྩེའི་རང་བཞིན་དང་ལྡན་པ་ཞིག་ཏུ་སྐྲུན་རྒྱུའི་དགོངས་པ་འཁོར་ཐུབ་ཀྱི་རེད་ཅེས་ལམ་སྟོན་བཀའ་དྲིན་ཆེ་བ་མཛད་ཡོད།མཛད་རིམ་བསྐྱང་གཏན་ཁེལ་ཁག་ལ་གཞིགས་ན། བདུན་ཕྲག་རྗེས་མའི་རེས་གཟའ་ལྷག་པ་སྟེ་ཕྱི་ཚེས་ ༡༨ ཉིན་ཀོ་རི་ཡ་བོད་དགོན་བསླབ་གསུམ་བཤད་སྒྲུབ་གླིང་གིས་ཇི་ལྟར་གསོལ་བ་བཏབ་པ་ལྟར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཚོགས་མགོན་དུ་དབུ་བཞུགས་ཐོག་རྒྱ་གར་གྱི་ཆུ་ཚོད་ ༩ ནས་ ༡༠ བར་བྱམས་བརྩེ་དང་འཚེ་མེད་ཞི་བའི་སྐོར་ལ་བགྲོ་གླེང་གནང་རྒྱུ་དང་བཀའ་འདྲི་དགོངས་སྐོར་ཞུས་ཁག་ལ་བཀའ་ལན་སྩལ་རྒྱུ་རེད་འདུག དེ་བཞིན་ཕྱི་ཚེས་ ༢༥ ཉིན་འཇར་མན་གྱི་བོད་དོན་རྒྱབ་སྐྱོར་ཚོགས་པས་གོ་སྒྲིག་འོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་ཆུ་ཚོད་ ༩ ནས་ ༡༠ བར་བོད་ཀྱི་རིག་གཞུང་གིས་འཛམ་གླིང་ཞི་བདེ་ལ་ཞབས་འདེགས་ཀྱི་ནུས་པ་ (Tibetan Culture and Its Potential to Contribute to Peace)  ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་དང་བཀའ་འདྲི་དགོངས་སྐོར་ཞུས་ ཁག་ལ་བཀའ་ལན་བསྩལ་རྒྱུའི་མཛད་འཆར་ཐུགས་གཏན་ཁེལ་འདུག

ཨ་རིའི་གཞུང་ཚབ་ཆེན་མོ་མཆོག་གིས་ལྡི་ལི་སྐུ་ཚབ་དོན་གཅོད་དང་མཇལ་འཕྲད་གནང་བ།

རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ཨ་རིའི་གཞུང་ཚབ་ཁང་དུ་ཟླ་སྔོན་མའི་ཚེས་ ༡ ཉིན་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་བའི་སྐུ་ཞབས་ Atul Keshap མཆོག་གིས་ཁ་སང་ཚེས་ ༡༠ ཉིན་༸གོང་ས་མཆོག་གི་ལྡི་ལི་སྐུ་ཚབ་དོན་གཅོད་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་དང་མཇལ་འཕྲད་ཀྱིས་བོད་ཀྱི་ཐུན་མིན་ལེགས་བྱང་དང་སྐད་ཡིག་བཅས་པ་སྲུང་སྐྱོབ་གནང་རྒྱུར་རྒྱབ་སྐྱོར་སྔར་ལྷག་གནང་ངེས་ཡིན་པར་ཞལ་བཞེས་གནང་འདུགཁ་སང་རེས་གཟའ་མིག་དམར་ཉིན་གྱི་སྔ་དྲོར་ཨ་རིའི་གཞུང་ཚབ་ཁང་དུ་སྐུ་ཞབས་ Atul Keshap མཆོག་དང་ལྡི་ལི་སྐུ་ཚབ་དོན་གཅོད་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་རྣམ་གཉིས་དབར་ཕྱག་ཚོད་གཅིག་རིང་མཇལ་མོལ་གནང་ཡོད་པ་དང་། སྐུ་ཞབས་ Keshap མཆོག་གིས་རང་ཉིད་ཀྱི་ Twitter དྲ་གནས་ཐོག་ལྷན་རྒྱས་ཀྱི་མཇལ་འཕྲད་སྐོར་འགྲེལ་བརྗོད་གནང་བ་དང་འབྲེལ་ཏེ་ཨ་རི་གཞུང་གི་ངོས་ནས་བོད་མིའི་ཆོས་དད་རང་དབང་དང་། ལྷག་པར་དུ་བོད་ཀྱི་ཐོུང་མ་ཡིན་པའི་རིག་གནས་དང་སྐད་ཡིག་བཅས་སྲུང་སྐྱོབ་ཀྱི་འཐབ་རྩོད་ལ་རྒྱབ་སྐྱོར་གནང་བཞིན་པ་མ་ཟད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་འགྲོ་བ་མི་ཀུན་གྱི་འདྲ་མཉམ་ཐོབ་ཐང་གི་དགོངས་གཞིར་གུས་བརྩི་ཞུ་བཞིན་ཡོད་སྐོར་གསུངས་འདུགཐེངས་འདིའི་ཨ་རིའི་གཞུང་ཚབ་ཆེན་མོ་མཆོག་དང་ལྡི་ལི་སྐུ་ཚབ་དོན་གཅོད་དབར་གྱི་མཇལ་མོལ་འདི་ནི་ཉེ་སྔོན་ཟླ་ ༧ ཚེས་ ༢༨ ཉིན་ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ Antony Blinken མཆོག་གིས་རྒྱ་གར་ནང་གཞུང་འབྲེལ་གཟིགས་སྐོར་ཁྲོད་ཡུལ་དེའི་གནད་ཡོད་དབུ་ཁྲིད་ཚོ་དང་མཇལ་འཕྲད་མ་གནང་བའི་གོང་དུ་ལྡི་ལི་སྐུ་ཚབ་དོན་གཅོད་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་དང་ཟུར་དུ་མཇལ་འཕྲད་གནང་བ་དང་དེའི་རྗེས་སུ་རྒྱ་གར་གྱི་གཞི་རིམ་མི་མང་དང་ཆོས་ལུགས་ཀྱི་སྐུ་ཚབ་ཁག་ཅིག་དང་མཇལ་མོལ་གནང་སྐབས་སུ་ལྡི་ལི་བོད་ཁང་གི་ངེས་སྟོན་པ་དགེ་བཤེས་རྡོ་རྗེ་དགྲ་འདུལ་ལགས་དང་མཇལ་འཕྲད་གནང་བ་བཅས་ཀྱི་རྗེས་འབྲེལ་ལྟ་བུ་ཆགས་ཡོད་པ་རེད།བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ཀྱིས་ Wion གསར་ཁང་ལ་ད་རེས་ཀྱི་མཇལ་མོལ་འདི་ནི་གཙོ་བོ་བོད་ནང་གི་ད་ལྟའི་གནས་སྟངས་སྤྱི་དང་ལྷག་པར་དུ་ཆོས་དད་རང་དབང་གི་གནས་བབ་བཅས་ཀྱི་སྐོར་ལ་གོ་རྟོགས་གང་ལེགས་སྤེལ་ཐབས་ཆེད་ཡིན་པར་གསུངས་འདུགགཞི་རྩའི་ཉེ་ལམ་ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ Antony Blinken མཆོག་དང་ད་རེས་ཨ་རིའི་གཞུང་ཚབ་ཆེན་མོ་སྐུ་ཞབས་ Atul Keshap མཆོག་བཅས་རྣམ་གཉིས་ཀྱིས་སྔར་རྗེས་སུ་༸གོང་ས་མཆོག་གི་སྐུ་ཚབ་དོན་གཅོད་དང་དམིགས་བསལ་མཇལ་འཕྲད་གནང་བ་དེས་ཨ་རི་གཞུང་གི་ངོས་ནས་རྒྱ་ནག་གཞུང་གིས་བོད་དང་ཤིན་ཅང་ནང་དུ་མི་སྤྱོད་ལས་འདས་པའི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་བཏང་དང་གཏོང་བཞིན་པའི་གནད་དོན་ཐོག་བཞེངས་ཕྱོགས་སྔར་ལྷག་སྲ་བརྟན་དང་རྒྱ་སྐྱེད་གནང་ཕྱིར་ཡིན་པ་ཞིག་ལ་ངོས་འཛིན་དང་། ལྷག་དོན་རྒྱ་དཀར་ནག་གཉིས་དབར་གྱི་འབྲེལ་ལམ་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པའི་མཚམས་འདིར་རྒྱ་ནག་ལ་བརྡ་ལན་ཤུགས་ཆེ་ཞིག་ལ་ངོས་འཛིན་གནང་བཞིན་ཡོད་པ་རེད།

༸གོང་ས་མཆོག་ལ་རྒྱ་གར་གྱི་སྤྱི་དམངས་ཆེ་བསྟོད་གཟེངས་རྟགས་འབུལ་ལམ་ཞུ་དགོས་པའི་ཞུ་སྐུལ།

རྒྱ་གར་དབུས་གྲོས་ཚོགས་ཀྱི་ཚོགས་མི་སྐུ་ཞབས་ཀི་ཤཱན་ཀ་པུར་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་བོད་སྒར་བསམ་ཡས་གླིང་དུ་ཆེད་ཕེབས་གནང་སྟེ་རྒྱ་གར་དབུས་གཞུང་གི་ངོས་ནས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་གྱི་སྤྱི་དམངས་ཀྱི་ཆེས་མཐོའི་གཟེངས་རྟགས་ Bharat Ratna འབུལ་ལམ་ཞུ་དགོས་པའི་དགོན་འདུན་ཆེད་བཏོན་གནང་འདུག་པ་མ་ཟད། ཁོང་སྒེར་གི་ངོས་ནས་ལོ་ངོ་ ༦༠ ལྷག་གི་རིང་བོད་མི་ཚོས་བོད་དོན་འཐབ་རྩོད་ཀྱི་ལས་འགུལ་དེ་རྒྱུན་སྐྱོང་གང་འདྲ་གནང་ཡོད་མེད་ཀྱི་དངོས་མཐོང་ཉམས་མྱོང་ལ་གཞིགས་ཏེ་བོད་མིའི་མི་རབས་གསར་པ་ཚོར་ལས་འགན་དེ་ལྕི་མོ་ཞིག་ཡིན་ཀྱང་མི་རབས་རྒན་པ་ཚོའི་ལ་རྒྱ་དང་སེམས་ཤུགས་ལ་གཞིགས་པའི་དཀའ་ངལ་ལ་གདོང་ལེན་ཞུ་རྒྱུའི་ནུས་པ་ལྡན་ཡོད་པར་ངོས་འཛིན་གནང་གི་ཡོད་སྐོར་གསུངས་འདུགརེས་གཟའ་པ་སངས་ཉིན་རྒྱ་གར་གྱི་ཧི་མཱ་ཅལ་མངའ་སྡེ་དྷརྨ་ས་ལ་ཁུལ་ནས་ཡིན་པའི་རྒྱ་གར་གྱི་གྲོས་ཚོགས་འོག་མའི་ཚོགས་མི་སྐུ་ཞབས་ Kishan Kapoor མཆོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་ཟུར་པ་ཨཱཙཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་དང་ལྷན་དུ་བོད་སྒར་བསམ་ཡས་གླིང་གི་བོད་པའི་ཚོགས་པ་ཁག་གི་སྐུ་ཚབ་དང་མཇལ་འཕྲད་གནང་སླད་ཕེབས་ཡོད་པ་དང་། བོད་མི་དང་གྲོགས་འདྲིས་ཆེ་བའི་སྐུ་ཞབས་ཀི་ཤཱན་ཀ་པུར་མཆོག་གིས་སྐབས་དེར་བོད་མིའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་འཛམ་གླིང་ཞི་བདེ་ཐོག་བླ་ན་མེད་པའི་དགོངས་གཞི་དང་། མགོན་པོ་༸གང་ཉིད་མཆོག་གི་བོད་དོན་བདེན་མཐའ་སེལ་བའི་དབུ་མའི་ལམ་གྱི་དགོངས་གཞི་བཅས་ལ་བརྟེན་འཛམ་གླིང་ནང་ཆེས་སྙན་པར་གྲགས་པའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཀྱིས་གཙོས་པའི་སྙན་གྲགས་ཆེ་བའི་དབུ་ཁྲིད་ཞིག་ལ་ངོས་འཛིན་དང་ཆེ་བསྟོད་ཞུ་བཞིན་ཡོད་པ་ལྟར་རྒྱ་གར་དབུས་གཞུང་གི་ངོས་ནས་ཀྱང་མགོན་པོ་༸གང་ཉིད་མཆོག་ལ་རིན་ཆེན་ཕ་ལམ་ལྟ་བུར་ཆེ་མཐོང་ཆེ་ཤོས་སུ་ངོས་འཛིན་ཞུ་བཞིན་པའི་རྒྱ་གར་གྱི་སྤྱི་དམངས་གཟེངས་རྟགས་མཐོ་ཤོས་ Bharat Ratna ཞེས་པ་དེ་འབུལ་ལམ་ཞུ་དགོས་པའི་དགོས་འདུན་བཏོན་པ་མ་ཟད་ད་དུང་ཁོང་གིས་དེ་སྔོན་༸གོང་ས་མཆོག་ལ་གཟེངས་རྟགས་དེ་འབུལ་ལམ་ཞུ་དགོས་གལ་ཡིན་སྐོར་ཐེངས་འགའ་ཞུས་མྱོང་ཡོད་པར་གསུངས་ཡོད།གཞི་རྩའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་འཁྲུངས་ཡུལ་དེ་བོད་ཡིན་ཀྱང་། ༸སྐུ་ཚེ་ཧྲིལ་པོ་རྒྱ་གར་ནང་དང་ལྷག་དོན་ཧི་མཱ་ཅལ་མངའ་སྡེར་༸སྐུ་བཞུགས་མཛད་ཀྱི་ཡོད་སྟབས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་གྱི་སྤྱི་དམངས་ཀྱི་ཆེས་མཐོའི་གཟེངས་རྟགས་ Bharat Ratna འབུལ་ལམ་ཞུ་རྒྱུ་དེ་ནི་བོད་མིའི་ཆེ་མཐོང་ཙམ་མིན་པར་ཧི་མཱ་ཅལ་མངའ་སྡེ་དང་ཁྱད་པར་དུ་དྷརྨ་ས་ལའི་མང་ཚོགས་ཀྱི་ཆེ་མཐོང་དང་སྤོབས་པ་ཞུ་དགོས་པའི་གནད་འགག་ཅན་གྱི་གནད་དོན་ཞིག་རེད་ཅེས་གསུངས་ཡོད།རྒྱ་གར་གྱི་གྲོས་ཚོགས་འོག་མའི་ཚོགས་མི་སྐུ་ཞབས་ Kishan Kapoor མཆོག་ནི་བཞུགས་སྒར་དྷརྨ་ས་ལའི་བོད་མི་ཚོས་རྣམ་ཀུན་ནས་ཚོགས་འདུ་ཁག་དང་ལས་འགུལ་སོགས་ནམ་སྤེལ་ལ་སྐུ་མགྲོན་དུ་གདན་འདྲེན་ཞུ་ས་བོད་མི་དང་གྲོགས་འདྲིས་ཆེ་བ་ཞིག་ཆགས་ཀྱི་ཡོད་པ་མ་ཟད། ཁོང་རྒྱ་གར་བྱང་ཕྱོགས་ཧི་མཱ་ཅལ་རང་ནས་ཡིན་སྟབས་འདས་པའི་ལོ་ངོ་ ༦༠ ལྷག་གི་རིང་བོད་མིའི་གནང་བབ་ལ་རྒྱུས་མངའ་ཆེན་པོ་ཡོད་མཁན་ཞིག་ཀྱང་ཡིན་པ་རེད།བོད་སྒར་བསམ་ཡས་གླིང་དུ་ཚོགས་པའི་མཛད་སྒོའི་ཐོག་ཁོང་གིས་ད་དུང་རྒྱ་ནག་གཞུང་གིས་རྒྱ་སྐྱེད་རིང་ལུགས་ཀྱི་སྲིད་བྱུས་འོག་ནས་བོད་དེ་བཙན་བཟུང་བྱས་ཡོད་ཀྱང་བཙན་བྱོལ་དུ་འབྱོར་བའི་བོད་མིའི་མི་རབས་རྒན་པ་ཚོས་ངལ་བ་བཟོད་གླགས་མེད་པ་དུ་མར་གདོང་ལེན་གནང་བ་དངོས་སུ་མཇལ་རྒྱུ་བྱུང་ཞེས་དེ་བྱུང་དྲན་གསོ་དང་སྦྲགས་ཏེ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ལམ་སྟོན་འོག་མི་རབས་རྒན་པ་ཚོས་བོད་ཀྱི་འཐབ་རྩོད་དང་འབྲེལ་བའི་ངལ་བ་དུ་མར་གདོང་ལེན་གནང་སྟེ་འཐབ་རྩོད་ཀྱི་ནུས་པ་ཉམས་མེད་རྒྱུན་གནས་གནང་བར་ཡི་རངས་བསྔགས་བརྗོད་གནང་བ་དང་ཆབས་ཅིག ཁོང་གིས་བོད་མིའི་མི་རབས་གསར་པ་ཚོར་མི་རབས་རྒན་པ་ཚོ་ལྟར་སོ་སོའི་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་ངལ་བ་ཇི་འཕྲད་ལ་ཞུམ་པ་མེད་པར་གདོང་ལེན་གནང་ནས་བོད་ཀྱི་འཐབ་རྩོད་དེ་སྔར་ལྷག་རྒྱུན་གནས་ཐུབ་པར་ཡིད་ཆེས་ཡོད་ཅེས་གསུངས་སོང་། མཛད་སྒོའི་སྐབས་བོད་སྒར་བསམ་ཡས་གླིང་གི་ས་གནས་འགོ་འཛིན་ཕུན་ཚོགས་སྟོབས་རྒྱལ་ལགས་ཀྱིས་གཙོས་པའི་ས་གནས་ཀྱི་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་དབུ་ཁྲིད་རྣམས་ཆེད་ཕེབས་གནང་ཡོད་པ་དང་།  བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་ཟུར་པ་ཨཱཙཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་འདུ་འཛོམས་བྱུང་བའི་བོད་མིའི་དབུ་ཁྲིད་ཚོར་སྐུ་ཞབས་ Kishan Kapoor མཆོག་གི་ལོ་རྒྱུས་སྙིང་བསྡུས་ངོ་སྤྲོད་གནང་ཡོད་པ་རེད།

Latest news