Tibetan Royal Year of 2151 | Year of the Wood Dragon

བོད་མིའི་སྒྲིག་འཛུགས།

བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ལོ་ ༢༠༢༠༌༢༡ ལོའི་སྔོན་རྩིས་ནང་འགྲོ་གྲོན་སྒོར་ས་ཡ་ཉིས་སྟོང་བདུན་བརྒྱ་བཅུ་བཞི་བདུན་འབུམ་ལྷག་གཏན་འབེབས།

དེ་རིང་ཕྱི་ཟླ་ ༣ ཚེས་ ༡༧ ཉིན་གྱི་སྔ་དྲོར་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་རྩིས་ལོ་ ༢༠༢༠༌༢༡ ལོའི་དགོས་དངུལ་སྔོན་རྩིས་བཀའ་འཁྲོལ་ཐོབ་པ་སྒོར་ས་ཡ་༢༧༡༤༧༩༤༦༠༥ གཏན་འབེབས་གནང་སོང་།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་གྲོས་ཚོགས་ཚོགས་དུས་དགུ་པ་དབུ་འཛུགས་དང་འབྲེལ། བཙནབྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༤༠ པའི་དགོངས་དོན་བཞིན་གྲོས་ཚོགས་ཚོགས་དུས་ ༩ པ་དེ་དེ་རིང་ནས་ཕྱི་ཚེས་ ༢༧ བར་ལས་ཉིན་བཅུའི་རིང་འཚོགས་གཏན་འཁེལ་ཡོད་ཀྱང་ད་ལྟའི་ཆར་རྒྱ་ནག་ཝུ་ཧན་གྲོང་ཁྱེར་ནས་ཁྱབ་གདལ་བྱུང་བའི་ཏོག་དབྱིབས་རིམས་ནད་དེ་རྒྱལ་སྤྱིའི་ཁྱོན་དུ་ཁྱབ་གདལ་ཤུགས་ཆེ་འགྲོ་མུས་ལ་བརྟེན་ཆེས་ཛ་དྲག་རང་བཞིན་ཞིག་ཏུ་འགྱུར་བཞིན་པ་དང་ལྷག་དོན་གནས་ཡུལ་རྒྱ་གར་ནང་དུ་རིམས་དེ་ཉིན་རེ་བཞིན་ཇེ་འཕེལ་འགྲོ་བཞིན་པར་བརྟེན་བཅའ་ཁྲིམས་ ༤༤ པའི་དགོངས་དོན་ལྟར་སྤྱི་ལྷན་རྒྱུན་ལས་དང་བཀའ་བསྡུར་གནང་མཐར་ཉིན་གྲངས་གཅིག་གི་རིང་གྲོས་ཚོགས་འཚོགས་རྒྱུ་མ་གཏོགས་དེ་མིན་ཕྱིར་བཤོལ་གནང་རྒྱུ་ཐུགས་ཐག་བཅད་ཡོད་པ་གསུངས་སོང་།དེ་རིང་སྔ་དྲོར་ཚོགས་གཙོའི་དབུ་འབྱེད་གསུང་བཤད་གྲུབ་མཚམས་སུ་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་རྩིས་ལོ་ ༢༠༢༠༌༢༡ ལོའི་སྔོན་རྩིས་འཆར་འབུལ་གྲོས་ཚོགས་སུ་སྙན་སྒྲོན་ཞུས་པ་དང་འབྲེལ་ཏེ་མ་དངུལ་རྒྱུན་གྲོན་དང་དམིགས་བས་ལས་དོན། དེ་བཞིན་ཟུར་བཀོལ་ལས་འཆར་བཅས་ཀྱི་ཕྱོགས་བསྡོམས་འགྲོ་འཆར་ཧིན་སྒོར་ས་ཡ་ཉིས་སྟོང་བདུན་བརྒྱ་བཅུ་བཞི་ལྷག་རེད་འདུག་པ་དང་། དེ་སྔ་ལོའི་གྲོས་ཚོགས་ནས་གཏན་འབེབས་ཟིན་པའི་སྔོན་རྩིས་དང་བསྡུར་ན་འདི་ལོའི་སྔོན་རྩིས་ནང་སྒོར་ས་ཡ་ ༢༠༩ ལྷག་གི་འགྲོ་གྲོན་འཕར་བ་བྱུང་འདུགའདི་ལོའི་ལོ་འཁོར་མོ་གཅིག་གི་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་འཆར་སྒྲིག་དང་དགོས་དངུལ་སྔོན་རྩིས་འཆར་འབུལ་ཞུས་པ་ལ་གཞིགས་ཚེ་ཕྱོགས་བསྡོམས་འགྲོ་འཆར་ཧིན་སྒོར་ས་ཡ་གཉིས་སྟོང་བདུན་བརྒྱ་བཅུ་བཞི་ནས་ཁྲིམས་བཟོ་དང་འབྲེལ་བའི་འགྲོ་གྲོན་སྒོར་ས་ཡ་ ༥༧།༠༢ དང་ཆབ་སྲིད་དང་འབྲེལ་བའི་འགྲོ་གྲོན་སྒོར་ས་ཡ་ ༥༨༩།༥༥ དེ་བཞིན་འཛིན་སྐྱོང་དང་འབྲེལ་བའི་འགྲོ་གྲོན་སྒོར་ས་ཡ་ ༥༨༦།༡༠ སྤྱི་ཚོགས་དང་འབྲེལ་བའི་འགྲོ་གྲོན་སྒོར་ས་ཡ་ ༡༤༨༣ ལྷག་བཅས་རྒྱབ་གཉེར་ཞུས་འདུག་པར་མ་ཟད་དེའི་ཁོངས་ཆོས་དང་རིག་གཞུང་། འཕྲོད་བསྟེན་ལྟ་སྐྱོང་། ཤེས་ཡོན་དང་འབྲེལ་བའི་ལས་གཞི། སྤྱི་ཚོགས་བདེ་དོན་ལས་གཞི། རོགས་དངུལ་འདུ་འགོད་དང་འབྲེལ་བའི་ལས་གཞི་སོགས་ཀྱི་ཆེད་དུ་སྔོན་རྩིས་འཆར་འབུལ་ཞུས་འདུགསྐབས་དེར་རྩིས་ལོ་ ༢༠༢༠༌༢༡ ལོའི་བོད་མིའི་སྒྲིག་འཛུགས་ཀྱི་ལོ་འཁོར་སྔོན་རྩིས་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་ལྟ་ཞིབ་སྙན་ཐོ་སྒྲོག་སྦྱང་དང་འབྲེལ། ཚོད་དཔག་འཆར་རྩིས་ཚོགས་ཆུང་ལ་ལས་ཉིན་ཧ་ཅང་ཉུང་རྐྱེན་དཔལ་འབྱོར་གྱི་གནས་སྟངས་ཞིབ་ཏུ་གཟིགས་རྒྱུ་དཀའ་ཞིང་། སྤྱི་ཚོགས་ནས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་གནས་བབ་ལ་བསྐྱར་ཞིབ་ཅིག་དགོས་གལ་དུ་མཐོང་བ་དང་དེ་བཞིན་ཕྱི་ལོ་ ༢༠༢༠ འདི་ལོར་འཛིན་སྐྱོང་བཀའ་ཤག་ངོས་ནས་ལོ་འཁོར་མོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་ལོར་སྲུང་བརྩི་ཞུ་ཕྱིར་བཀའ་དྲིན་རྗེས་དྲན་གྱི་ལོ་ཡིན་ཞེས་གསལ་བསྒྲགས་གནང་ཟིན་པ་ལྟར་ལྷན་ཁང་སོ་སོའི་སྔོན་རྩིས་ནང་སྤོམ་དངུལ་རེ་བཀོད་འདུག་པ་མ་གཏོགས་བཀའ་དྲིན་རྗེས་དྲན་ཇི་ལྟར་ཞུ་སྟངས་ཀྱི་གནས་ཚུལ་ཞིབ་ཕྲ་གང་ཡང་བཀོད་མེད་སྟབས་མ་འོངས་པར་ལས་དོན་བྱ་རིམ་ལ་ངེས་པར་ཡིད་གཟབ་དགོས་པ་སོགས་ཀྱི་གཟིགས་ཚུལ་ཁག་ཅིག་གསུངས་ཡོད།གཞི་རྩའི་ཉིན་གཅིག་གི་རིང་ཚོགས་པའི་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༩ པའི་ཚོགས་གཙོའི་མཇུག་བསྡོམས་ཀྱི་གསུངས་བཤད་ཁྲོད་ཕྱི་ལོ་ ༢༠༢༠ འདི་ལོར་འཛིན་སྐྱོང་བཀའ་ཤག་ངོས་ནས་ལོ་འཁོར་མོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་ལོར་སྲུང་བརྩི་ཞུ་རྒྱུ་རེད། བཀའ་དྲིན་རྗེས་དྲན་གྱི་ལོའི་ནང་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱིས་༸རྒྱལ་བའི་བཀའ་དགོངས་གང་ཐུབ་བསྒྲུབ་རྒྱུ་དང་། མཐུན་ལམ་གོང་བུ་གཅིག་ཏུ་བསྒྲིལ་ཏེ་རྩ་དོན་ཁོ་ནའི་ཆེད་དུ་དུས་ཚོད་གཏང་ཐུབ་པ་ཞིག་དང་། དོན་མེད་ང་ཚོའི་སྤྱི་ཚོགས་ནང་དཀྲོག་རྐྱེན་བཟོ་རྒྱུའི་རིགས་སུ་ལའང་དགོས་པ་མེད། མི་དགོས་པ་དེར་དང་ལེན་མ་གནང་བར་རྒྱང་རིང་དུ་བཏང་བའི་ཐོག་ནས་དུས་ཚོད་གང་ཡོད་པ་སྤྱི་པའི་རྩ་དོན་ཆེད་གང་བྱེད་དགོས་པ་དང་། སོ་སོའི་ནུས་པ་གང་འདོན་ཐུབ་པ་དེ་དག་གི་ཐོག་ནུས་པ་མཉམ་སྤུངས་ཐུབ་པར་འབད་དགོས་པའི་གཞེན་བསྐུལ་གནང་སོང་།འདས་པའི་གྲོས་ཚོགས་སྔ་རྗེས་ལྟར་དེ་རིང་ཉིན་གཅིག་གི་རིང་གྲོས་ཚོགས་ལས་རིམ་ཐོག་གཞན་ཡང་བོད་ནང་གི་ཛ་དྲག་གནས་སྟངས་དང་འབྲེལ་བའི་དོན་ཚན་ལྔ་ཅན་གྱི་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར་གཅིག་དང་དེ་བཞིན་འདས་གྲོངས་སུ་གྱུར་བ་བོད་མི་རང་ལུས་མེར་བསྲེགས་གནང་མཁན་རྒྱལ་གཅེས་པ་ཡོན་ཏན་ལགས་དང་། ཚེ་འདས་བོད་མི་མང་དགེ་ལུགས་སྤྱི་ཟུར་དམ་པ་དགའ་བྱང་དགེ་བཤེས་ལྷ་རམས་པ་བཀྲིས་རྒྱལ་མཚན་མཆོག་བཅས་ལ་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་གྲོས་འཆར་གཉིས་སྤྱི་མོས་ཀྱིས་གཏན་འབེབས་གནང་ཡོད་པ་དང་། ལྷག་པར་དུ་དེ་རིང་དུས་ཚོད་རྐྱེན་པས་གཞུང་འབྲེལ་རྗེས་དྲན་དང་མྱ་ངན་གུས་འདུད་ཀྱི་གྲོས་འཆར་ཁག དེ་བཞིན་རྩིས་ལོ་ ༢༠༢༠ དང་ ༢༡ ལོའི་བོད་མིའི་སྒྲིག་འཛུགས་ཀྱི་ལོ་འཁོར་སྔོན་རྩིས་གཏན་འབེབས་ཐོག་གྲོས་ཚོགས་འཐུས་མི་རྣམས་ནས་བགྲོ་གླེང་གི་ཆ་ཤས་མ་བཞེས་པར་ལས་རིམ་ཡོངས་རྫོགས་མཇུག་སྐྱོང་གནང་སོང་། འོན་ཀྱང་སྐབས་དེར་སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་ཀྱིས་འདི་ལོའི་ལོ་འཁོར་མོ་གཅིག་གི་སྔོན་རྩིས་འགྲོ་གྲོན་གྱི་དགོས་དངུལ་གཏོང་ཁུངས་དང་འབྲེལ་ནས་བགྲོ་གླེང་དགོས་སྐོར་གྱི་དགོངས་ཚུལ་ཞུས་པར་སྤྱི་འཐུས་ཚོགས་གཙོ་མཆོག་གིས་ད་རེས་ཏོག་དབྱིབས་རིམས་ནད་རྐྱེན་པས་ཐེངས་འདིའི་སྔོན་རྩིས་གྲོས་ཚོགས་འདི་དེ་རིང་ཉིན་གཅིག་ནང་མཇུག་སྒྲིལ་གནང་དགོས་པས་བགྲོ་གླེང་གི་གོ་སྐབས་གནང་ཐབས་མེད་པའི་གསལ་བཤད་གནང་ཡོད།གཞི་རྩའི་ཏོག་དབྱིབས་རིམས་ནད་རྐྱེན་པས་ཐེངས་འདིའི་གྲོས་ཚོགས་ཚོགས་དུས་ཐོག་ཡུ་རོབ་སྤྱི་འཐུས་ གཉིས་དང་ཨོ་གླིང་དུ་གནས་བཞུགས་སྤྱི་འཐུས་གཉིས། ཨ་རིར་གནས་བཞུགས་སྤྱི་འཐུས་གཉིས། དེ་བཞིན་བལ་ཡུལ་དུ་གནས་བཞུགས་སྤྱི་འཐུས་གཅིག་དང་དྷ་སར་གནས་བཞུགས་སྤྱི་འཐུས་གཅིག་བཅས་ཁྱོན་སྤྱི་འཐུས་བརྒྱད་ཚོགས་བཅར་གནང་ཐུབ་མི་འདུག

གྲོས་ཚོགས་ཚོགས་དུས་དགུ་པ་ཉིན་གཅིག་མ་གཏོགས་འཚོགས་རྒྱུ་རེད་མི་འདུག

སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༩ པ་དེ་སང་ཕྱི་ལོ་ ༢༠༢༠ ཟླ་ ༣ ཚེས་ ༡༧ ཉིན་ནས་དབུ་འཛུགས་ཀྱིས་ཕྱི་ཚེས་ ༢༧ བར་འཚོགས་གཏན་འཁེལ་ཡོད་ཀྱང་། ད་ཆ་རྒྱ་ནག་ཝུ་ཧན་གྲོང་ཁྱེར་ནས་ཁྱབ་འཕེལ་བྱུང་བའི་ཏོག་དབྱིབས་རིམས་ནད་དེ་བཞིན་རྒྱལ་སྤྱིའི་ཁྱོན་དུ་ཁྱབ་གདལ་ཤུགས་ཆེ་བྱུང་བར་བརྟེན་ཆེས་ཛད་དྲག་གི་རང་བཞིན་ཞིག་ཏུ་འགྱུར་བཞིན་པ་དང་བསྟུན། སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༩ དེ་སང་ཕྱི་ཚེས་ ༡༧ ཉིན་གཅིག་ཁོ་ནར་འཚོགས་རྒྱུ་ཐུགས་གཏན་འཁེལ་འདུགདེ་རིང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་རྒྱུན་ལས་རྣམ་པ་ཚང་འཛོམས་ཐོག་ཏོག་དབྱིབས་རིམས་ནད་དེ་རྒྱ་ནག་རྒྱལ་ཡོངས་ཙམ་མ་ཟད་འཛམ་གླིང་ཡུལ་གྲུ་དུ་མར་རིམ་བཞིན་ཁྱབ་བརྡལ་ཤུགས་ཆེར་སོང་བར་མ་ཟད། རྒྱ་གར་ནང་ལའང་རིམས་ནད་དེ་ཉིན་རེ་ནས་ཉིན་རེ་བཞིན་ཁྱབ་གདལ་ཤུགས་ཆེ་འགྲོ་བཞིན་ཡོད་སྟབས། གྲོས་ཚོགས་ཀྱི་ལས་ཉིན་ཇེ་ཉུང་དུ་གནང་ཐབས་སོགས་དང་འབྲེལ་བའི་བཀའ་བསྡུར་གནང་མཐར་ཐེངས་འདིེའི་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དགུ་པ་དེ་སང་ཉིན་གཅིག་གི་རིང་འཚོགས་གཏན་འཁེལ་འདུགགཞི་རྩའི་སྐབས་༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༩ པ་འདི་སྔོན་རྩིས་ཀྱི་གྲོས་ཚོགས་ཆགས་ཀྱི་ཡོད་པ་ལྟར། སང་ཉིན་གཅིག་གི་ལས་རིམ་ཁྲོད་གཞུང་འབྲེལ་རྗེས་དྲན། མྱ་ངན་གུས་འདུད་ཀྱི་གྲོས་ཆོད་གྲོས་འཆར། བོད་ནང་ཛ་དྲག་གནས་སྟངས་ཐོག་གཞུང་འབྲེལ་གྲོས་ཆོད་གྲོས་འཆར། ཐུགས་སྣང་གཞེན་བསྐུལ་གྱི་གྲོས་འཆར་སོགས་ཏན་འབེབས་གནང་གྲུབ་མཚམས་སུ་བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ལོ་ ༢༠༢༠༌༢༡ ལོའི་ལས་ཁུངས་མ་ལག་དང་བཅས་པའི་སྔོན་རྩིས་བཀའ་འཁྲོལ་གཏན་འབེབས་གནང་རྒྱུ་རེད་འདུག

  བོད་མིའི་སྒྲིག་འཛུགས་ཀྱིས་བོད་ཀྱི་བུད་མེད་ཉིན་མོ་སྲུང་བརྩི།

ཁ་སང་ཟླ་ ༣ ཚེས་ ༡༢ ཉིན་རྒྱུབ་ཏུ་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་བུད་མེད་ནུས་སྟོབས་གོང་སྤེལ་ཚན་པའི་གོ་སྒྲིག་འོག་གངས་སྐྱིད་སྲིད་སྐྱོང་ཚོགས་ཁང་ནང་བོད་ཀྱི་བུད་མེད་ཉིན་མོ་སྲུང་བརྩི་གནང་སྟེ། འདྲ་མཉམ་ Each for Equal  ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་ཀྱི་ལས་རིམ་ཞིག་གོ་སྒྲིག་གནང་འདུགཁ་སང་གི་མཛད་སྒོ་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དབུས་བཀའ་བློན་རྣམ་པ་དང་། ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ། སྲི་ཞུའི་ལས་བྱེད་བཅས་ཚང་འཛོམས་ཀྱིས་ཐོག་མར་སྲིད་སྐྱོང་མཆོག་གིས་དེ་སྔོན་ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༡༢ ཉིན་བོད་ནང་བུད་མེད་རྣམས་ཀྱིས་མ་གྲོས་བསམ་པ་གཅིག་མཐུན་གྱིས་བོད་ཀྱི་བསྟན་པ་ཆབ་སྲིད་དང་རྩ་དོན་སླད་རྒྱ་ནག་དམར་པོའི་དྲག་གནོན་ལ་ཞི་རྒོལ་གྱེན་ལངས་ཤུགས་ཆེ་གནང་བའི་དེ་བྱུང་ངོ་སྤྲོད་གནང་བ་དང་སྦྲགས། ཕྱི་ཟླ་ ༣ ཚེས་ ༡༢ ཉིན་དེ་བོད་ཀྱི་བུད་མེད་ཉིན་མོར་སྲུང་བརྩི་ཞུ་བཞིན་ཡོད་པའི་གཏམ་བཤད་གནང་འདུགསྲིད་སྐྱོང་མཆོག་གིས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་སྒྲིག་འཛུགས་ནང་ལས་བྱེད་ཕོ་མོའི་དབར་དབྱེ་འབྱེད་རྩ་བ་ནས་མེད་ཚུལ་དང་། ལྷག་དོན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེའི་བཀའ་དྲིན་དང་སྒྲིག་འཛུགས་ཀྱི་སྲིད་བྱུས་བཟང་པོ་ཕྱག་བསྟར་རྒྱུན་འཛིན་གནང་བའི་དྲིན་ལས་བོད་མིའི་སྒྲིག་འཛུགས་ཀྱི་བུད་མེད་ནུས་སྟོབས་གོང་སྤེལ་གྱི་སྲིད་བྱུས་གཏན་འབེབས་གནང་བ་ལྟར་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ཏུ་ཕྱག་བསྟར་གནང་བཞིན་ཡོད་པ་མ་ཟད། གངས་སྐྱིད་ལས་ཁུངས་ཁག་ཏུའང་མུ་མཐུད་ཕྱག་བསྟར་གནང་མུས་ཡིན་པར་གསུངས་བ་དང་སྦྲགས་ཏེ་ད་ལྟ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ནང་ཕྱག་ལས་གནང་བཞིན་པའི་སྲི་ཞུ་བའི་ཞལ་གྲངས་ ༢༠༩ བུད་མེད་ཡིན་པ་དང་། དེའི་ཁོངས་ནས་བུད་མེད་ས་གནས་འགོ་འཛིན་གནང་བཞིན་པ་ཞལ་གྲངས་ ༡༠ ཡོད་པ་གསུངས་ནས་སྲི་ཞུའི་ལས་བྱེད་རྣམས་ས་གནས་ཁག་ཏུ་ཕེབས་ཚེ་ཁ་ཡོད་ལག་ཡོད་ཀྱི་སྤྱི་ཚོགས་ནང་ཕན་ཐོགས་གནང་ཐུབ་པར་འབད་བརྩོན་དགོས་ལུགས་ཀྱི་སྐུལ་མ་དང་ལྷན་དུ་དེ་ལྟར་ཡོང་བར་སྲི་ཞུ་བ་ཚང་མས་ཐུགས་འགན་བཞེས་དགོས་པའི་འབོད་སྐུལ་གནང་འདུགགཞན་ཡང་བུད་མེད་ནུས་སྟོབས་གོང་སྤེལ་ཚན་པས་བོད་ཀྱི་བུད་མེད་རྣམས་ཀྱིས་བོད་ཀྱི་རྩ་དོན་ཐད་ལ་འགན་ཁུར་བཞེས་པའི་དངོས་བྱུང་གི་གློག་བརྙན་ཞིག་གཟིགས་འབུལ་ཞུས་པ་དང་བུད་མེད་ནུས་སྟོབས་གོང་སྤེལ་ཚན་པའི་ཕྱག་ལས་གནང་ཕྱོགས་སོགས་ངོ་སྤྲོད་གནང་འདུགརྩ་བའི་ཕྱི་ཟླ་ ༣ ཚེས་ ༡༢ ཉིན་ནི་བོད་ཀྱི་བུད་མེད་རྣམས་ཀྱིས་རྒྱལ་ས་ལྷ་སར་རྒྱ་ནག་གི་དབང་སྒྱུར་ལ་ངོ་རྒོལ་སྐད་འབོད་གནང་བའི་ལོ་རྒྱུས་ཁྲོད་ཀྱི་དམིགས་བསལ་གྱི་ཉིན་མོ་ཞིག་ཡིན་པ་ལྟར། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་ཉིན་མོ་འདི་ནི་བུད་མེད་སྒེར་ལངས་ཀྱི་ཉིན་མོ་སྲུང་བརྩི་ཞུ་བཞིན་ཡོད་ཀྱང་། ཕྱི་ལོ་ ༢༠༡༧ ལོར་བཀའ་ཤག་སྐབས་ ༡༥ པས་ཉིན་མོ་འདི་ནི་བོད་ཀྱི་བུད་མེད་ཀྱི་ཉིན་མོར་གཏན་འབེབས་གནང་སྟེ་སྲུང་བརྩི་གནང་གི་ཡོད་པ་རེད། འོན་ཀྱང་བོད་ཀྱི་བེུད་ལྷན་ཚོགས་གཙོ་བོར་གྱུར་པའི་བེུད་ཁག་གཅིག་གིས་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཟླ་ ༣ ཚེས་ ༡༢ ཉིན་མོ་དེ་བོད་ཀྱི་དཔའ་མོ་རྣམས་ལ་རྗེས་དྲན་དང་ལས་འགུལ་གྱི་ཉིན་མོ་ཞིག་ལ་སྲུང་བརྩི་གནང་དགོས་པ་ལས་དུས་ཆེན་གྱི་ངོ་བོར་སྲུང་བརྩི་ཞུ་ན་འགྲིག་གི་མེད་པའི་དགོངས་ཚུལ་ཤུགས་ཆེ་དང་བཅས་བེུད་ཀྱི་ཉིན་མོ་ཞེས་པ་དེར་ངེས་ལེན་གནང་གི་མེད་པ་རེད། འབྲེལ་ཡོད་པར་རྣམས་བོད་མིའི་སྒྲིག་འཛུགས།

རྒྱལ་ཚོགས་མདུན་དུ་བོད་མིའི་སྐྱིད་སྡུག་མཉམ་མྱོང་གི་ལས་འགུལ་ཐེངས་བརྒྱ་པ་སྤེལ་བ།

ཁ་སང་སུད་སི་གྲོང་ཁྱེར་ཇི་ནི་ཝའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྱུ་རྩལ་རང་བཞིན་ལྡན་པའི་ཞབས་སྟེགས་རྐང་ཆག་གྱི་མདུན་ཐང་དུ་སུད་སི་གནས་སྡོད་བོད་མི་ཁྱིམ་ཚང་ལྔས་མ་སྐུལ་དང་བླངས་ཀྱིས་སྤེལ་བཞིན་པའི་རྒྱལ་ཚོགས་ལ་ཞུ་གཏུག་དང་བོད་མིའི་སྐྱིད་སྡུག་མཉམ་མྱོང་གི་ལས་འགུལ་ཐེངས་བརྒྱ་པ་དེ་སྤེལ་སོང་། རྩ་བའི་ལས་འགུལ་དེ་ཐོག་མར་ཕྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༡༠ ཉིན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོར་སུད་སི་གནས་སྟོད་བོད་མི་སྟག་ཚང་དཀོན་མཆོག་ལགས་དང་ལྷུན་གྲུབ་ཚང་ཀརྨ་བཀྲ་ཤིས་ཁྱིམ་ཚང་གཉིས་ཀྱིས་དབུ་བཙུགས་པ་ཞིག་ཡིན་ཅིང། ད་ལྟའི་ཆར་སྟག་ཚང་དཀོན་མཆོག་ལགས་ཀྱི་ཁྱིམ་ཚང་གཙོས་པའི་མདུན་ཆུ་ཚེ་རིང་རྒྱལ་པོ་ལགས་དང་། ངག་དབང་ཚང་ངག་དབང་དཔལ་ལྡན་ལགས། རྒྱལ་བ་ཚང་བཀྲིས་ལྷ་མོ་ལགས། དེ་བཞིན་ཡེ་ཤེས་ལྷ་མོ་ལགས་བཅས་ཀྱི་བོད་མི་ཁྱིམ་ཚང་ལྔས་ཕྱག་ལས་དང་དུས་ཚོད། འགྲོ་གྲོན་སོགས་ལ་མ་བལྟོས་པར་ཇི་ནི་ཝའི་རྒྱལ་ཚོགས་མདུན་དུ་ཟླ་རེར་རེས་གཟའ་ལྷག་པ་ནམ་ཡིན་ལ་བོད་དོན་ཞུ་གཏུག་ལས་འགུལ་སྤེལ་བཞིན་ཡོད་པར་མ་ཟད། ཁ་སང་རེས་གཟའ་ལྷག་པའི་ཉིན་སྤེལ་བའི་ལས་འགུལ་དེ་ཁོང་རྣམ་པའི་བོད་དོན་ཞུ་གཏུག་ལས་འགུལ་ཐེངས་ ༡༠༠ པ་དེ་ཆགས་ཀྱི་ཡོད་པ་རེད། དེ་དང་ཕྱོགས་མཚུངས་ཁ་སང་རེས་གཟའ་ལྷག་པའི་ཉིན་བོད་མིའི་སྐྱིད་སྡུག་མཉམ་མྱོང་གི་ལས་འགུལ་སྐབས་སུ་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་གིས་ཇི་ནི་ཝར་ཚོགས་པའི་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༤༣ པ་འཚོགས་བཞིན་པ་དང་བསྟུན་ཞི་བའི་སྐད་འབོད་དང་བོད་དོན་ཞུ་གཏུག་ལས་འགུལ་ཡང་སྤེལ་གནང་སོང་། རྩ་བའི་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་ནས་ཇི་ན་ཝར་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷ་ཚོགས་ནམ་ཚོགས་ལ་མང་ཚོགས་འདུ་འཛོམས་ཀྱིས་བོད་དོན་ཞུ་གཏུག་དང་སྐད་འབོད་ལས་འགུལ་སྤེལ་མུས་ཡིན་ཀྱང་། ཉེ་བའི་ཆར་སུད་སི་དབུས་གཞུང་གིས་རིམས་ནད་སྔོན་འགོག་ཆེད་མང་ཚོགས་འདུ་འཛོམས་ཚད་བཀག་བཀོད་ཁྱབ་འོག་ ནམ་རྒྱུན་ལྟར་ཁ་སང་གི་ལས་འགུལ་ཐོག་སུད་སི་ས་གནས་མང་ཚོགས་དེ་ཙམ་འདུ་འཛོམས་གནང་ཐུབ་མེད་པ་རེད། འོན་ཏང་ལས་འགུལ་གོ་སྒྲིག་གནང་མཁན་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་གིས་ལས་འགུལ་རྒྱུན་མཐུད་ཕྱིར་སྐུ་མགྲོན་གཙོ་བོར་སུད་སི་གྲོས་ཚོགས་ཀྱི་འཐུས་མི་ཟུར་པ་སྐུ་ཞབས Renelonged ལགས་མགྲོན་འབོད་ཐོག་བོད་མི་མང་སྤྱི་འཐུས་བྱམས་པ་ཚེ་རིང་ལགས།སུད་སི་སྐུ་ཚབ་དོན་གཅོད་འཆི་མེད་རིན་འཛིན་ལགས། སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་གི་ཚོགས་གཙོ་དང། ས་གནས་བེུད། ཡོ་རོབ་གཞོན་ནུ། སུད་སི་བོད་མཛའ་འབྲེལ་ཚོགས་པའི་སྐུ་ཚབ། དེ་བཞིན་བོད་མི་སྐྱིད་སྡུག་མཉམ་མྱོང་ལས་འགུལ་བ་བཅས་མི་གྲངས་ ༢༠ སྐོར་ཞིག་འདུ་འཛོམས་གནང་སྟེ་བོད་དོན་ཞུ་གཏུག་ལས་འགུལ་སྤེལ་ཡོད་པ་རེད།

འཛམ་གླིང་ཤར་ནུབ་གང་སར་རྣམ་པ་འདྲ་མིན་ཐོག་ནས་གསུམ་བཅུའི་དུས་དྲན་སྲུང་བརྩི།

ཁ་སང་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༡ ཐོག་འཛམ་གླིང་ཤར་ནུབ་གང་སར་བཞུགས་པའི་བོད་མི་ཚོས་རང་དབང་འཐབ་རྩོད་ཀྱི་ལས་འགུལ་སྣ་མང་སྤེལ་ཡོད་པ་ལྟར། བྱང་ཨ་རིའི་ California མངའ་སྡེའི་ Richmond གྲོང་ཁྱེར་གྱི་ཚོགས་ཁང་མདུན་དུ་གྲོང་སྡེ་ལྷན་ཚོགས་ཀྱི་ཚོགས་མི་ཆེད་ཕེབས་ཐོག་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་གནང་སྟེ་དུས་དྲན་སྲུང་བརྩི་ཞུས་འདུགཨ་རིའི་བྱང་ཀེལ་བོད་རིགས་ཚོགས་པའི་གསུམ་བཅུའི་དུས་དྲན་སྲུང་བརྩི་སྐབས་ཁུལ་དེའི་ Richmond གྲོང་སྡེ་ལྷན་ཚོགས་ནས་དེ་སྔའི་སྲོལ་རྒྱུན་བཞིན་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་གནང་སྟེ་བོད་མིར་རྒྱབ་སྐྱོར་གྱི་རྣམ་པ་ཤུགས་ཆེ་བསྟན་འདུག་པ་དང་། མཛད་སྒོའི་ཐོག་ Richmond གྲོང་སྡེ་ལྷན་ཚོགས་ཀྱི་ཚོགས་མི་སྐུ་ཞབས་ Eduardo Martinez ལགས་ཆེད་ཕེབས་ཀྱིས་མང་ཚོགས་ལ་གསུང་བཤད་གནང་བར་ང་ཚོས་འགྲོ་བ་མི་ཚང་མའི་རང་དབང་དང་དྲང་བདེན་ལ་སྲུང་སྐྱོབ་དང་རྒྱབ་སྐྱོར་ཞུ་འོས་སྟབས་བོད་ནང་གི་བོད་མི་ཚོའི་བདེ་སྡུག་ལ་གདུང་སེམས་མཉམ་བསྐྱེད་ཡོད་ཅེས་གསུངས་འདུགདེ་བཞིན་དུ་ཨ་རིའི་ནིའུ་ཡོག་དང་ནིའུ་ཇར་སི་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པས་གཙོས་པའི་བོད་མིའི་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གི་གོ་སྒྲིག་འོག་བོད་མིའི་རང་དབང་སྒེར་ལངས་ཀྱི་ཉིན་མོ་སྲུང་བརྩི་ཞུས་ཏེ་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་ནིའུ་ཡོག་གྲོང་ཁྱེར་གྱི་རྒྱལ་ཚོགས་ལས་ཁུངས་ནས་རྒྱ་ནག་གཞུང་ཚབ་ལས་ཁུངས་བར་རྔམ་སྟོན་ཁྲོམ་སྐོར་གྱི་ལས་འགུལ་རྒྱ་ཆེ་སྤེལ་ཡོད་པ་རེད།སྐབས་དེར་གོ་སྒྲིག་ཚོགས་ཆུང་གིས་བོད་མི་ཆབ་སྲིད་བཙོན་ཟུར་དོན་གྲུབ་དབང་ཆེན་ལགས་ཀྱིས་གཙོས་པའི་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་ཐོག་སློབ་སྟོན་གནང་མཁན་ཨ་རིའི་ནིའུ་ཡོག་གཙུག་ལག་སློབ་གྲྭ་ཆེན་མོའི་སློབ་དཔོན་ལྕམ་སྐུ་ Sharon Hom ལགས་དང་ཨ་རི་ཕྱོགས་བཞུགས་བོད་མི་མང་སྤྱི་འཐུས་རྡོ་རྗེ་ཚེ་བརྟན་ལགས་སོགས་ཆེད་འབོད་ཀྱིས་མང་ཚོགས་ལ་གསུང་བཤད་གནང་ཡོད་པ་རེད། དེ་དང་ཕྱོགས་མཚུངས་ཁེ་ན་ཌ་གྲོང་ཁྱེར་ Ottawa ནང་བོད་མི་རྣམས་ནས་དུས་དྲན་སྲུང་བརྩི་ཞུས་ཡོད་པ་དང་དུས་དྲན་ ཐོག་ཁེ་ན་ཌའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Arif Virani ལགས་དངོས་སུ་ལྷན་ཞུགས་ཀྱིས་བོད་དོན་ལ་རྒྱབ་སྐྱོར་གནང་ཡོད་པ་རེད།དེ་བཞིན་ཨོ་སི་ཊོ་ལི་ཡ་གྲོང་ཁྱེར་ Sydney དང། Brisbane གཞན་ཡང་ Melbourne རྒྱལ་ས་ Canberra སོགས་སུ་བོད་མི་ཚོགས་སྡེ་ཁག་དང་བོད་དོན་རྒྱབ་སྐྱོར་བ་ཚོས་ཞི་བའི་རྔམ་སྟོན་གྱི་ལས་འགུལ་སྤེལ་བའི་ཁྲོད་བོད་མིའི་རང་སྲེག་གི་གནད་དོན་བརྒྱུད་བསྒྲགས་གནང་འདུག་པར་མ་ཟད་རྒྱལ་གཅེས་པ་རྣམས་ཀྱི་ཆེད་དུ་བསྔོ་སྨོན་གསུང་འདོན་སོགས་ གནང་འདུགགཞན་ཡང་ཐེ་ཝེན་དུ་འདི་ལོའི་གསུམ་བཅུའི་དུས་དྲན་དང་བསྟུན་ལས་འགུལ་ཁག་བཞི་ཙམ་ཞིག་གོ་སྒྲིག་གནང་འདུག དེ་བཞིན་རྒྱ་གར་ལྷོ་ཕྱོགས་ Mangalore གྲོང་ཁྱེར་དང་ Gukarat མངའ་སྡེའི་གྲོང་ཁྱེར་ Baroda སོགས་ནང་གནས་བཞུགས་བོད་མི་རྣམས་ནས་ས་གནས་སོ་སོར་དུས་དྲན་སྲུང་བརྩི་ཞུས་པའི་ཁོངས་སུ་ལྷོ་ཕྱོགས་སྦེང་ལོར་གྲོང་ཁྱེར་དུ་ཁ་སང་གསུམ་བཅུའི་དུས་དྲན་ཉིན་མཐོ་སློབ་ཁག་གི་བོད་རིགས་སློབ་མ་དང་མང་ཚོགས་ནས་སྦག་སྦག་སྐོར་བསྐྱོད་དང་ཞི་བའི་གོམ་བགྲོད་ལས་འགུལ་སྤེལ་འདུགརྒྱ་གར་བྱང་ཕྱོགས་ཧི་མཱ་ཅལ་མངའ་སྡེའི་སིར་མོར་རྫོང་དུ་ཆགས་པའི་སྤོན་ཊ་ཆོས་གསུམ་བོད་མིའི་གཞིས་ཆགས་དང་སྤུ་རུ་ཝ་ལ་ས་སྐྱ་གཞིས་ཆགས། དེ་བཞིན་ས་ཊོན་ཁམས་ཀཿཐོག་དང་ཀུམ་རའོ་བོད་མིའི་གཞིས་ཆགས་བཞི་ཐུན་མོང་གིས་གོ་སྒྲིག་འོག་རྔམ་སྟོན་ཁྲོམ་སྐོར་བརྒྱུད་ཉིན་མོ་དེ་སྲུང་བརྩི་གནང་ཡོད་པ་རེད།ཁ་སང་གསུམ་བཅུའི་དུས་དྲན་ཐེངས་ ༦༡ ཐོག་ནུབ་ཕྱོགས་རྒྱལ་ཁབ་ཨ་རི་དང་ཁེ་ན་ཌ། ཡོ་རོབ་དང་ཨོ་སི་ཊོ་ལི་ཡ། ཤར་ཕྱོགས་རྒྱལ་ཁབ་རྒྱ་གར་གཙོས་ཡུལ་ལུང་འདྲ་མིན་ནང་བོད་མི་ཚོས་ཞི་བའི་གོམ་བགྲོད་དང་རྔམ་སྟོན་ཁྲོམ་སྐོར། བོད་དོན་ཞུ་སྙན་འབུལ་དང་མཆོད་འབུལ་སྨོན་ལམ་སོགས་གནང་སྟེ་ཕྱི་ལོ་ ༡༩༥༩ གངས་ཅན་བོད་ཀྱི་རྒྱལ་ས་ལྷ་སར་ཆོལ་གསུམ་བོད་མི་སེར་སྐྱ་ཡོངས་ནས་མ་གྲོས་བསམ་པ་གཅིག་མཐུན་གྱིས་རྒྱ་དམར་བཙན་འཛུལ་བར་ངོ་རྒོལ་ཆེད་རང་དབང་སྒེར་ལངས་གནང་བའི་དུས་དྲན་དྲན་གསོ་སླར་ཡང་རྒྱལ་སྤྱིའི་ཁྱོན་ཡོངས་སུ་བདེན་དཔང་ར་སྤྲོད་གནང་ཡོད་པ་རེད། ལྷག་དོན་ཡུ་རོབ་རྒྱལ་ཁབ་ཁག་ཏུ་དྲག་ཆར་དང་གནམ་གཤིས་གྲང་ངར་ལ་བལྟོས་མེད་སུད་སི་དང་དབྱིན་ཡུལ། ཕ་རན་སི། ཨི་ཊ་ལི། འཇར་མི་ནི། ཌན་མག བྷེལ་འཇམ། ཅེཀ་སྤྱི་མཐུན་རྒྱལ་ཁབ།དེ་བཞིན་ནོར་ཝེ་སོགས་ཀྱི་ནང་བོད་མི་དང་བོད་དོན་སྐྱོར་བ་རྣམས་རྣམ་པ་འདྲ་མིན་བརྒྱུད་ནས་བོད་མིའི་གསུམ་བཅུའི་དུས་དྲན་ཐེངས་ ༦༡ སྲུང་བརྩི་ཞུས་གནང་ཡོད་པ་རེད།  

ཨ་རི་དང་ཁེ་ན་ཌའི་གྲོས་འཐུས་ཁག་གཅིག་གིས་བོད་དོན་རྒྱབ་སྐྱོར་གྱི་བསྒྲགས་གཏམ་སྤེལ་བ།

ཁ་སང་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༡ དང་བསྟུན་འཛམ་གླིང་ཁྱོན་ཡོངས་སུ་བོད་མི་གནས་སྡོད་གང་སར་ངོ་རྒོལ་སྐད་འབོད་སོགས་ཀྱི་ལམ་ནས་ཉིན་མོ་དེ་སྲུང་བརྩི་གནང་བཞིན་པ་དང་འབྲེལ། ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་སྐུ་ Nancy Pelosi མཆོག་དང་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་འཛིན་སྐྱོང་ཚོགས་ཆུང་གི་ཚོགས་གཙོ་གྲོས་ཚོགས་འཐུས་མི་ Jim Mcgovern མཆོག་རྣམ་གཉིས་ཀྱིས་བོད་དོན་རྒྱབ་སྐྱོར་གྱི་བསྒྲགས་གཏམ་འདོན་སྤེལ་གནང་འདུག་པ་དང། དེ་བཞིན་ཁེ་ན་ཌ་གྲོས་ཚོགས་ཀྱི་རྙིང་ཞེན་ཚོགས་པའི་གྲོས་ཚོགས་འཐུས་མི་ Garnet Genuis ལགས་ཀྱི་ཡུལ་དེའི་གྲོས་ཚོགས་ནང་བོད་དོན་རྒྱབ་སྐྱོར་གྱི་གསུང་བཤད་གནང་འདུག ཁ་སང་ལྕམ་སྐུ་ Nanacy Pelosi མཆོག་གི་འདོན་སྤེལ་གནང་བའི་བོད་དོན་རྒྱབ་སྐྱོར་གྱི་བསྒྲགས་གཏམ་ནང་ཁོང་གིས་ད་རེས་བོད་མིའི་རང་དབང་སྒེར་ལངས་ཐེངས་ ༦༡ པ་དང་བསྟུན་རང་དབང་ཆེད་དུ་ལུས་སྲོག་གློས་བཏང་གནང་མཁན་བོད་མི་དཔའ་བོ་དཔའ་མོ་ཡོངས་ལ་རྗེས་དྲན་དང་རྒྱ་ནག་གཞུང་གི་དྲག་པོའི་གཞུང་འཛིན་འོག་ནས་མཐར་ནས་ཞི་བདེ་དང་བདེ་འཇགས། དེ་བཞིན་རང་ཐག་རང་གཅོད་ངང་གནས་སྡོད་ཡོད་པའི་བོད་མིའི་མངོན་འདོད་ལ་རྒྱབ་སྐྱོར་ཞུ་རྒྱུ་ཡིན་སྐོར་གསུངས་པ་དང་འབྲེལ། རྒྱ་ནག་གཞུང་གིས་བོད་མིའི་ཆོས་དད་རང་དབང་དང་སྨྲ་བརྗོད་རང་དབང་བཅས་ལ་རྩིས་མེད་རྡོག་རོལ་དང་། བོད་མིའི་ཆོས་དང་རིག་གཞུང་། ལེགས་བྱང་བཅས་པ་རྩ་མེད་སོགས་བོད་མིའི་ཐོག་སྡུག་རྩུབ་གཏོང་བྱེད་བཞིན་པ་དེ་ནི་འཛམ་གླིང་ཁྱོན་ཡོངས་ཀྱི་རྣམ་དཔྱོད་ཐད་གདོང་ལེན་གནང་དགོས་པའི་གནད་དོན་ཞིག་ཡིན་པ་དེ་ལྟར་ཡང། ལོ་ངོ་བཅུ་ཕྲག་མང་པོའི་དྲག་གནོན་བྱས་པའི་རྗེས་སུའང་བོད་མིའི་མངོན་འདོད་དང་རེ་བ། དེ་བཞིན་བདེན་པའི་ཨུ་ཚུགས་ཀྱིས་འགྲོ་བ་མིའི་ཐོབ་ཐང་གི་འཐབ་རྩོད་ཐོག་མུ་མཐུད་བསྐྱོད་རྒྱུའི་ནུས་པ་གསར་པ་ཞིག་སྤྲོད་བཞིན་ཡོད་པ་དང། དེ་ནི་འཛམ་གླིང་ཁྲོད་ཞི་བདེ་དང་རང་དབང་འདོད་མཁན་ཡོངས་ཀྱི་སེམས་འགུལ་གཞིར་གྱུར་ཡོད་པ་གསུངས་འདུག ལྷག་པར་དུ་ཁོང་གིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཚེ་མེད་ཞི་བའི་ཐོག་ནས་ཁོང་རྣམས་ལ་འགྲོ་བ་མིའི་རང་དབང་སྲུང་སྐྱོབ་གནང་རྒྱུའི་སྐུལ་མ་སྤེལ་བཞིན་ཡོད་པ་ལྟར་ཆོད་སེམས་དེའི་ཐོག་ནས་ཉེ་ཆར་ཨ་རིའི་གྲོས་ཚོགས་འོག་མ་ནས་ ༢༠༡༩ ལོའི་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་གཏན་འབེབས་གནང་སྟེ་ཆབ་སྲིད་ཚོགས་པ་དབྱེ་མེད་ཀྱིས་ཚང་མས་བོད་མིར་རྒྱབ་སྐྱོར་གནང་བཞིན་ཡོད་པའི་རྣམ་པ་མངོན་གསལ་དང། ཨ་རིའི་གཞུང་གི་ངོས་ནས་༸གོང་ས་མཆོག་གི་མ་འོངས་ཡང་སྲིང་ཀྱི་གནད་དོན་ཐད་བདག་དབང་ཆ་ཚང་༸གོང་ས་མཆོག་དང་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་རྣམས་ལ་ཡོད་པ་མ་གཏོགས་རྒྱ་ནག་གཞུང་ལ་མེད་པའི་བཞེངས་ཕྱོགས་གསལ་པོ་བཟོས་ཡོད་པ་གསུངས་སྟེ། བོད་མིའི་ཞུམ་པ་མེད་པའི་སྙིང་སྟོབས་ལ་གཞིགས་ཏེ་ཁོང་རྣམས་དུས་རྟག་ཏུ་བོད་མི་ཡོངས་ཀྱི་མ་འོངས་འདུན་ལམ་དང། བོད་མི་ཡོངས་ལ་ཆེ་མཐོང་དང་གུས་བརྩི་ཐོབ་ཕྱིར་ཕྱག་ལས་མུ་མཐུད་གནང་རྒྱུ་ཡིན་པར་གསུངས་འདུགདེ་བཞིན་གྲོས་ཚོགས་འཐུས་མི་ Jim Mcgovern  མཆོག་གིས་ལོ་ངོ་ ༦༡ སྔོན་གྱི་ཉིན་མོ་དེ་རྗེས་དྲན་དང་སྦྲགས། ཨ་རི་ལྟ་བུའི་རྒྱལ་ཁབ་ནང་ཡོད་པའི་བོད་མི་རྣམས་ནས་རང་དབང་ཐོག་ཉིན་མོ་དེ་སྲུང་བརྩི་གནང་བཞིན་ཡོད་ཀྱང། བོད་ནང་དང་རྒྱ་གཞུང་གི་ཤུགས་རྐྱེན་ཆེན་པོ་ཡོད་པའི་བལ་ཡུལ་ལྟ་བུར་བོད་མི་རྣམས་ལ་ཉིན་མོ་དེ་སྲུང་བརྩི་ཞུ་རྒྱུའི་རང་དབང་མེད་པ་ལྟར། དེ་རིང་གི་ཉིན་མོ་འདིར་རྒྱལ་སྤྱིའི་ཁྱོན་ཡོངས་སུ་གནས་པའི་བོད་མི་རྣམས་ལ་ཉིན་མོ་འདི་སྲུང་བརྩི་ཞུ་རྒྱུ་དེ་ཧ་ཅང་གི་གལ་ཆེན་པོ་ཆགས་ཡོད་སྐོར་གསུངས་པ་དང་འབྲེལ། ཁོང་ནས་བོད་ནང་ཡོད་པའི་བོད་མི་རྣམས་ལ་རང་གི་ཆོས་དང་རིག་གཞུང་། སྐད་ཡིག དེ་བཞིན་རང་གི་སྣོད་བཅུས་སྲུང་སྐྱོབ་གནང་རྒྱུ་དང། རང་གི་རྒྱལ་ཁབ་ནང་རང་དབང་གི་ཐོག་ནས་འགྲུལ་བསྐྱོད་བྱ་རྒྱུ་སོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཁག་ལོངས་སུ་སྤྱོད་རྒྱུའི་ཐོབ་ཐང་སྤྲད་རྒྱུའི་ཐད་བོད་མིའི་ལྷན་དུ་བཞེངས་བཞིན་ཡོད་པར་མ་ཟད། ཁོང་ནས་དུས་རྟག་ཏུ་རང་ཉིད་གྲོས་ཚོགས་འཐུས་མི་ཞིག་ཡིན་པའི་ཆ་ནས་ཨ་རིའི་ཕྱི་འབྲེལ་སྲིད་བྱུས་ཁྲོད་བོད་མིའི་འཐབ་རྩོད་ལ་རྒྱབ་སྐྱོར་ཡོང་བར་ཐབས་ཤེས་གང་ཐུབ་གནང་གི་ཡོད་པ་གསུངས་འདུག ལྷག་པར་དུ་སྔ་ལོར་ཨ་རིའི་གྲོས་ཚོགས་འོག་མའི་ནང་ཁོང་གིས་ངོ་སྤྲོད་གནང་རྗེས་ཚད་མཐོའི་རྒྱབ་སྐྱོར་ཐོག་ནས་གཏན་འབེབས་བྱུང་བའི་ཕྱི་ལོ་ ༢༠༡༩ ལོའི་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་སྐོར་ཞིབ་ཕྲ་ངོ་སྤྲོད་གནང་སྟེ་ད་ལྟའི་ཆར་ཁོང་ནས་ཁྲིམས་འཆར་དེ་ཨ་རིའི་རྩ་ཁྲིམས་ཀྱི་ནང་གཏན་འབེབས་ཡོང་བར་འབད་བརྩོན་གནང་བཞིན་ཡོད་སྐོར་དང་འབྲེལ། ང་ཚོའི་ངོས་ནས་གྲོས་ཚོགས་གོང་མའི་ནང་ཁྲིམས་འཆར་དེ་གཏན་འབེབས་གནང་སྟེ་རྩ་ཁྲིམས་ནང་བཀོད་ཐུབ་རྒྱུར་གྲོས་ཚོགས་གོང་མའི་འཐུས་མི་རྣམས་ལ་སྐུལ་མ་གནང་ནས་ད་རེས་ཀྱི་དུས་ཚིགས་དེ་སྲུང་བརྩི་གནང་དགོས་པར་གསུངས་འདུག ད་དུང་ཁོང་གིས་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གིས་དབུས་པའི་བོད་མི་ཆབ་སྲིད་བཙོན་པ་རྣམས་གློད་བཀྲོལ་ཡོང་བའི་རེ་འདུན་བསྐྱར་ནན་གནང་སྟེ་ཁོང་ནས་མུ་མཐུད་བོད་དོན་ལ་རྒྱབ་སྐྱོར་དང་མཐུན་འགྱུར་གང་ཐུབ་གནང་རྒྱུ་ཡིན་པར་ནན་གཏན་གསུངས་འདུགདེའི་བར་ན་ཁེ་ན་ཌའི་རྒྱལ་ས་ Ottawa ནང་ཡུལ་དེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Garnett Genuise ལགས་ཀྱིས་བོད་དོན་རྒྱབ་སྐྱོར་གྱི་གཏམ་བཤད་སྤེལ་འདུག སྐབས་དེར་ཁོང་གིས་ལོ་ངོ་ ༦༡ རིང་ལ་བོད་ཁ་བ་གངས་ཅན་གྱི་བོད་མི་རྣམས་ནས་རྒྱ་གཞུང་གི་དྲག་གནོན་ལ་གདོང་ལེན་གནང་བའི་དུས་ཚིགས་ཤིག་ཀྱང་ཆགས་ཀྱི་ཡོད་པ་དང། བོད་མིའི་འཐབ་རྩོད་དེ་བཞིན་གཞན་ལ་སྐྱོན་འཛུགས་དང་ཁ་འབྲལ་སོགས་གང་ཡང་མིན་པར་གཞན་གྱི་དྲག་གནོན་ལ་འཚེ་མེད་ཞི་བ་དང་དབུ་མའི་ལམ་གྱི་ཐོག་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ནས་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་རྩོད་ཀྱི་ཡོད་སྐོར་གསུངས་པ་དང་ཆབས་ཅིག བོད་མིའི་འཐབ་རྩོད་དེར་ཉིན་གཅིག་རྒྱལ་ཁ་ཐོབ་རྒྱུ་ཡིན་པ་གསུངས་འདུག ཁོང་གིས་སྤྱི་དམངས་འཐབ་རྩོད་པ་གྲགས་ཅན་སྐུ་ཞབས་མར་ཊིན་ལུ་ཐཱར་ཀིངྒ་གཞོན་པའི་གསུང་ལུང་འདྲེན་དང་སྦྲགས། བོད་མི་རྣམས་ནས་བོད་མིའི་འཚེ་མེད་ཞི་བ་དང་བཟོད་པའི་ལྟ་གྲུབ་ཀྱི་ཐོག་ནས་རྒྱལ་ཁ་བླང་རྒྱུ་ཡིན་པར་གསུངས་སྟེ་རྒྱ་ནག་གཞུང་གི་བོད་ནང་མི་རིགས་མཐུན་སྒྲིལ་གྱི་ཁྲིམས་སྒྲིག་ལག་བསྟར་སོགས་བོད་མིའི་ཐོག་དྲག་གནོན་སྔར་ལྷག་གི་སྲིད་བྱུས་སྤེལ་བཞིན་ཡོད་ཀྱང། དེ་རིང་གི་ཉིན་མོ་འདིར་ང་ཚོས་བོད་ནང་རྒྱ་གཞུང་གིས་དྲག་གནོན་ཇི་ཙམ་བྱས་བྱེད་བཞིན་ཡོད་པར་བལྟོས་མེད་ཀྱིས་བོད་མིའི་སྙིང་སྟོབས་ཞུམ་པ་མེད་པའི་རྣམ་དཔྱོད་དེ་དྲན་གསོ་དང་སྲུང་བརྩི་ཞུ་བཞིན་ཡོད་ཅེས་གསུངས་པར་མ་ཟད། བོད་རྒྱལ་ལོ་ཞེས་གསུངས་ཏེ་གསུང་བཤད་མཇུག་སྡོམ་གནང་འདུགདེ་བཞིན་ཁ་སང་དང་དེ་རིང་བཅས་ལ་ངོ་དེབ་དང་འཕྲུལ་བྱ་སོགས་སྤྱི་ཚོགས་དྲྭ་ལམ་ཁག་གི་ཐོག་བོད་དོན་ལ་ཐུགས་སྣང་གནང་མཁན་དང་རྒྱབ་སྐྱོར་གནང་མཁན་མང་དག་ཅིག་ནས་བོད་མིའི་འཐབ་རྩོད་ལ་རྒྱབ་སྐྱོར་གྱི་གཏམ་བཤད་གནང་བཞིན་འདུག

བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་བ་ཚོར་དབུ་མའི་ལམ་གྱི་སྲིད་བྱུས་དང་འབྲེལ་བའི་ཟབ་སྦྱོང་དབུ་འཛུགས།

དེ་རིང་སྔ་དྲོ་ཚོུད་ ༩༌༣༠ ཐོག་བཞུགས་སྒར་གངས་སྐྱིད་ཕྱི་དྲིལ་ལས་ཁུངས་ཀྱི་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་དབུ་མའི་ལམ་གྱི་ལས་འཆར་ཚན་པའི་གོ་སྒྲིག་འོག་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་གི་སྲི་ཞུ་བའི་ཞལ་གྲངས་ ༢༧ ལ་དབུ་མའི་ལམ་གྱི་སྲིད་བྱུས་དང་འབྲེལ་བའི་ཟབ་འཁྲིད་པའི་ཟབ་སྦྱོང་དབུ་འཛུགས་གནང་སོང་།མཛད་སྒོའི་ཐོག་དྲིལ་བསྒྲགས་དྲུང་ཆེ་ཨརྱ་ཚེ་དབང་རྒྱལ་པོ་ལགས་དང་། དྲུང་ཆེ་ལས་འཕར་འཆི་མེད་ཚེ་དབྱངས་ལགས། རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས་ཕེབས་པའི་ཟབ་སྦྱོང་ཁྱད་སྟོན་མི་སྣ་ལྕམ་སྐུ་ཇ་ཡ་ Jaya ལགས། ལྕམ་སྐུ་ Durba ལགས། དེ་བཞིན་ཟབ་སྦྱོང་ཐོག་མཉམ་ཞུགས་གནང་མཁན་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་གི་སྲི་ཞུ་བ་ཞལ་གྲངས་ ༢༧ ནས་མཉམ་ཞུགས་གནང་འདུགསྐབས་དེར་དྲིལ་བསྒྲགས་དྲུང་ཆེ་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་ཟབ་སྦྱོང་ཁྱད་སྟོན་མི་སྣ་དང་མཉམ་ཞུགས་པ་རྣམས་ལ་ཕེབས་བསུའི་གསུང་བཤད་གནང་བ་དང་སྦྲགས། ཟབ་སྦྱོང་སླད་ཁྱད་སྟོན་མི་སྣ་རྒྱ་གར་བ་ཆེད་མངགས་གདན་ཞུ་གནང་དོན་ནི་ཟབ་སྦྱོང་འདི་ཁྱད་སྟོན་མི་སྣས་ཟབ་འཁྲིད་པར་མང་ཚོགས་ལ་གོ་རྟོགས་དང་འགྲེལ་བཤད་ཇི་ལྟར་གནང་དགོས་པའི་ཐབས་ལམ་སྐོར་ལ་ཟབ་འཁྲིད་གནང་རྒྱུ་ཡིན་པར་བརྟེན་རྒྱ་གར་བ་གདན་ཞུ་གནང་བ་ཅིག་ཆགས་སྐོར་གསུངས་སོང་།འདི་ག་རླུང་འཕྲིན་ཁང་གིས་ཕྱི་དྲིལ་ལས་ཁུངས་ཀྱི་དབུ་མའི་ལམ་གྱི་ལས་འཆར་ཚན་པའི་འགན་འཛིན་བསྟན་འཛིན་རབ་འབྱམས་ལགས་སུ་ཟབ་འཁྲིད་གནང་བའི་དགོས་དམིགས་དང་ལྷན་ཁང་ཁག་གི་སྲི་ཞུ་བ་ཁྱད་མེད་ཐོག་ནས་ཇི་ལྟར་གདམ་ཡོད་མེད་སོགས་ཀྱི་ཐོག་བཀའ་འདྲི་ཁག་གཅིག་ཡོད། རྩ་བའི་ཟབ་སྦྱོང་དེའང་དེ་རིང་ཕྱི་ཚེས་ ༡༡ ནས་འགོ་འཛུགས་ཀྱིས་ཕྱི་ཚེས་ ༡༣ བར་འཚོགས་གནང་རྒྱུ་ཡིན་ཞིང་། ཐེངས་འདིའི་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་གི་སྲི་ཞུ་བ་ཚོར་དབུ་མའི་ལམ་གྱི་སྲིད་བྱུས་དང་འབྲེལ་བའི་ཟབ་འཁྲིད་པའི་ཟབ་སྦྱོང་གནང་བ་ཆེས་ཐོག་མ་དེ་ཆགས་ཀྱི་ཡོད་པ་རེད།  

རྒྱལ་ཚོགས་ནས་བོད་ནང་གི་གནད་དོན་ལ་ཐུགས་སྣང་གནང་རོགས།

སུད་སི་གྲོང་ཁྱེར་ཇི་ནི་ཝའི་ནང་འཚོགས་བཞིན་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༤༣ ཐོག་རྒྱལ་ཚོགས་ཀྱི་གཙོ་འཛིན་མཆོག་རིང་མིན་རྒྱ་ནག་ཏུ་འཚམས་གཟིགས་སྐབས་བོད་ཀྱི་ས་ཁུལ་དུ་གཟིགས་སྐོར་དུ་མ་ཕེབས་ཚེ་འཚམས་གཟིགས་དེ་ཆ་ཚང་བ་ཅིག་ཆགས་ཀྱི་མ་རེད་ཅེས་གསུངས་འདུགཟླ་བ་སྔོན་མའི་ཕྱི་ཚེས་ ༢༤ ནས་ཇི་ནི་ཝར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ཁག་འདུ་འཛོམས་ཀྱིས་ལྷན་ཚོགས་ཐེངས་ ༤༣ པ་དེ་འཚོགས་བཞིན་ཡོད་པ་དང། ཁ་སང་ལྷན་ཚོགས་ཐོག་འཛམ་གླིང་རྒྱལ་ཁབ་ཁག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་རྒྱལ་ཚོགས་ནས་ཐུགས་སྣང་དགོས་ཞེས་པའི་ཚོགས་དུས་ ༢༣ སྟེང་བོད་མིའི་སྐུ་ཚབ་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཐོག་རྒྱལ་ཚོགས་ནས་ཐུགས་སྣང་གནང་དགོས་པའི་གཞེན་སྐུལ་གནང་སོང་། སྐབས་དེར་རྒྱལ་ཁབ་གཞན་གྱི་དབང་སྒྱུར་འོག་ལྷུང་བའི་གྲངས་ཉུང་མི་རིགས་རྣམས་ཀྱི་སྲུང་སྐྱོབ་སླད་རྒྱལ་སྤྱིའི་ཚོགས་པ་ Society  for Threaten People ཞེས་པའི་ཚོགས་པའི་མིང་ཐོག་ནས་སུད་སི་སྐུ་ཚབ་དོན་ཁང་གི་རྒྱལ་ཚོགས་ཀྱི་འབྲེལ་མཐུད་པ་སྐལ་ལྡན་ཚོགས་མཚོ་མོ་ལགས་ཀྱིས་རིང་མིན་རྒྱ་གཞུང་མགྲོན་འབོད་ཐོག་རྒྱལ་ཚོགས་ཀྱི་གཙོ་འཛིན་མཆོག་ཤར་ཏུ་ཀི་སི་ཐན་གཙོས་པའི་རྒྱ་ནག་རྒྱལ་ནང་དུ་འཚམས་གཟིགས་སུ་ཕེབས་འཆར་ཡོད་པར་འཚམས་འདྲི་ཞུས་པ་དང་འབྲེལ། རྒྱ་ནག་གཞུང་གིས་ད་ཆ་བོད་ནང་གི་བོད་མིའི་འགྲོ་བ་མིའི་ཐོབ་ཐང་རྩ་གཏོར་གཏོང་བཞིན་པའི་གནས་བབ་དེའི་ཐོག་རྒྱ་ནག་རྒྱལ་ནང་གི་འཚམས་གཟིགས་དེའི་སྐབས་སུ་རྒྱལ་ཚོགས་ཀྱི་གཙོ་འཛིན་མཆོག་བོད་ཀྱི་ས་ཁུལ་དུ་གཟིགས་སྐོར་ལ་མ་ཕེབས་ཚེ་ཐེངས་དེའི་འཚམས་གཟིགས་དེ་ཆ་ཚང་བ་ཅིག་ཆགས་ཀྱི་མ་རེད་ཅེས་གསུངས་འདུག ཁོང་གིས་ད་ཆ་རྒྱ་གཞུང་གིས་ཡུ་གུར་བའི་ཐོག་ལག་བསྟར་བྱེད་བཞིན་པའི་དྲག་གནོན་ཅན་གྱི་སྲིད་བྱུས་དེ་དེ་སྔར་བོད་ནང་གི་བོད་མིར་ལག་བསྟར་བྱས་དང་བྱེད་མུས་ཡིན་པར་འགྲེལ་བརྗོད་གནང་སྟེ་རྒྱལ་ཚོགས་ཀྱི་གཙོ་འཛིན་མཆོག་ནས་རྒྱ་གཞུང་ལ་གནོན་ཤུགས་སྤྲད་ནས་བོད་དུ་བཀག་འགོག་མེད་པའི་རྟོག་ཞིབ་གཟིགས་སྐོར་དུ་ཕེབས་གནང་ཡོང་བའི་འབོད་སྐུལ་ཞུས་འདུག ལྷག་པར་དུ་སྐབས་དེར་རྒྱལ་ཚོགས་ལ་སྐར་མ་གཅིག་དང་ཕྱེད་ཀའི་ངག་ཐོག་ཞུ་སྦྱོར་སྙན་སེང་ཞུ་རྒྱུའི་དུས་ཡུན་དེ་བཞིན་འཛམ་གླིང་ས་ཕྱོགས་གང་སར་བོད་མི་ཚོས་གསུམ་བཅུའི་དུས་དྲན་ཐེངས་ ༦༡ སྲུང་བརྩི་ཞུ་བཞིན་ཡོད་པ་བསྟུན་ཁོང་གིས་རྒྱལ་ཚོགས་ལ་འདས་པའི་ལོ་ངོ་ ༦༠ ནང་བོད་ནང་གི་བོད་མི་ཚོ་རྒྱ་ནག་གཞུང་གིས་དྲག་གནོན་དང་འཛིན་བཟུང་བཙན་ཁྲིད། དེ་བཞིན་གར་སོང་ཆ་མེད་དང་གནར་གཅོད་བཅས་ཀྱི་གནས་སྟངས་འོག་འཚོ་དགོས་བྱུང་ཡོད་ཅེས་གསུངས་པ་དང་ཆབས་ཅིག་ཏུ་བོད་ནང་གི་གནས་བབ་ནི་ཇེ་ཞན་ཇེ་སྡུག་འགྲོ་བ་བཞིན་ཡོད་པར་མ་ཟད། ཕྱི་ལོ་ ༢༠༠༩ ལོ་ནས་ད་བར་བོད་ནང་གི་བོད་མི་༡༥༤ ལྷག་གིས་རང་ལུས་མེར་བསྲེགས་གནང་བའི་གནས་སྟངས་བྱུང་ཡོད་སྐོར་སྙན་སེང་ཞུས་ཡོད་པ་རེད། ཁོང་གིས་ལྷན་ཚོགས་ཐོག་དེང་སྐབས་རྒྱ་ནག་ནས་ཐོན་པའི་གོ་ལ་ཁྱོན་ལ་ཁྱབ་བཞིན་པའི་ཏོག་དབྱིབས་ནད་ཡམས་དེ་བོད་ཀྱི་ས་ཁུལ་ཁག་ཏུ་ཁྱབ་བརྡལ་བྱུང་ཡོད་པ་དེ་ལྟར་ཡང། ད་བར་རྒྱ་གཞུང་གིས་ས་གནས་མང་ཚོགས་ཐོག་དམ་དྲག་ཇེ་ཆེར་བྱེད་བཞིན་པར་བརྟེན་བོད་ཀྱི་ས་ཁུལ་ཁག་ཏུ་ད་ཆ་ནད་ཡམས་དེའི་ཁྱབ་ཚད་དང་བོད་མི་ག་ཚོད་ཙམ་ལ་ནད་དེ་ཕོག་ཡོད་མེད་ཀྱི་ཁ་གྲངས་གསལ་པོ་ཞིག་ཤེས་རྟོགས་མེད་ལྷག་ཡོད་པ་དང། དེ་བཞིན་ཁོང་གིས་ཁ་སང་ལྷན་ཚོགས་ཀྱི་གོ་སྐབས་དེའི་ཐོག་ནས་བོད་རྒྱ་གཉིས་དབར་དཀའ་ངེལ་གསལ་རྒྱུའི་ཆེད་རྒྱལ་ཚོགས་ཀྱི་ངོས་ནས་༸གོང་ས་མཆོག་གི་སྐུ་ཚབ་དང་རྒྱ་གཞུང་དབར་དོན་དམ་གྱི་གྲོས་མོལ་ཡོང་རྒྱུར་ཐེ་བྱུས་གནང་སྐྱོང་ཡོང་བའི་འབོད་སྐུལ་ཡང་ཞུས་འདུག རྩ་བའི་ད་བར་རྒྱལ་ཚོགས་ཀྱི་ལྷན་ཚོགས་ཐོག་རྒྱལ་སྤྱིའི་གཞུང་འབྲེལ་མིན་པའི་ཚོགས་ཁག་གསུམ་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་སྤྱི་དང་བོད་ནང་གི་སྐད་ཡིག ལེགས་བྱང་། རིག་གཞུང་བཅས་པར་སྲུང་སྐྱོབ་གནང་རྒྱུའི་རང་དབང་ཐད་ལ་གླེང་སློང་གནང་ཡོད་པ་རེད།

བཞུགས་སྒར་དུ་གསུམ་བཅུའི་དུས་དྲན་གྱི་གཞུང་འབྲེལ་མཛད་སྒོ།

དེ་རིང་ཟླ་ ༣ ཚེས་ ༡༠ ཉིན་མོ་འདི་དེ་སྔ་ཕྱི་ལོ་ ༡༩༥༩ ཕྱི་ཟླ་ ༣ ཚེས་ ༡༠ ཉིན་བོད་ཀྱི་རྒྱལ་ས་ལྷ་སར་ཆོལ་གསུམ་བོད་མི་སེར་སྐྱ་ཕོ་མོ་རྒན་གཞོན་ཁྲི་ཕྲག་བརྒལ་བས་རྒྱ་ནག་དབང་འཛིན་གྱི་དྲག་པོའི་བཙན་བཟུང་ལ་ཞི་བའི་ངོ་རྒོལ་གནང་ནས་ལོ་ངོ་ ༦༡ འཁོར་བའི་དུས་ཚིགས་གནད་ཆེ་ཞིག་ཆགས་ཀྱི་ཡོད་པ་ལྟར། དེ་རིང་སྔ་དྲོ་ཆུ་ཚོད་ ༡༠ ཐོག་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྐུ་མགྲོན་གཙོ་བོ་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་ནང་དུ་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་གནང་མཁན་གྲས་སུ་ཡོད་པའི་གྲོས་ཚོགས་འཐུས་མི་ Frantisek Kopriva ལགས་དང་ Dana Belkarova ལགས་གཉིས། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དང་ས་གནས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་བཅས་ལྷན་ཞུགས་ཐོག་ད་བར་བོད་དང་བོད་མིའི་རྩ་དོན་སླད་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་བཏང་གནང་མཁན་རྣམས་ལ་བཀའ་དྲིན་རྗེས་དྲན་དང་མྱ་ངན་གུས་འདུད་ཀྱི་ངག་བཅད་དང་སྦྲགས་གཞུང་འབྲེལ་གསུམ་བཅུའི་དུས་དྲན་ཐེངས་ ༦༡ པ་སྲུང་བརྩི་ཞུས་སོང་བར་མ་ཟད། དེ་རྗེས་དྷརྨ་སཱ་ལཱར་རྟེན་གཞི་བྱས་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ལྔ་མཉམ་རུབ་ཐོག་གོ་སྒྲིགས་འོག་གཙུག་ལག་ཁང་ནས་དྷ་ཤོད་བོད་ཁྱིམ་སློབ་གྲྭ་ཉེ་འཁྲིས་གྷམ་རུ་ཐང་ཆེན་བར་ངོ་རྒོལ་སྐད་འབོད་སོགས་གནང་ཐོག་དེ་རིང་གི་ཉིན་མོ་དེ་སྲུང་བརྩི་ཞུས་སོང་། མཛད་སྒོའི་ཐོག་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་དེ་རིང་གི་དུས་ཚིགས་དང་འབྲེལ་བཀའ་ཤག་གི་གསུང་འཕྲིན་སྒྲོག་སྦྱང་གནང་བའི་ནང་དེ་རིང་གི་ཉིན་མོ་'འདིའི་གནད་དགག་གང་ཡིན་ངོ་སྤྲོད་དང་། བོད་སྤྱིའི་རྩ་དོན་ཆེད་དུ་ལུས་སྲོག་གློས་བཏང་གནང་མཁན་བོད་མི་དཔའ་བོ་དཔའ་མོ་འདས་སོན་ཡོངས་ཀྱི་སྙིང་སྟོབས་དང་ཆོད་སེམས་ལ་ཡི་རང་བསྔགས་བརྗོད་དང་མྱ་ངན་གུས་འདུད་ཞུས་པ་དང་འབྲེལ། རྒྱ་ནག་གཞུང་གིས་ད་བར་བོད་ནང་བོད་མིའི་ཆོས་དང་རིག་གཞུང་རྩ་མེད་གཏང་ཐབས་དང་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་སོགས་གཏོང་མུས་ཁྲོད་འདས་པའི་ཕྱི་ལོ་ ༢༠༡༩ ལོའི་ནང་དུའང་རྒྱ་གཞུང་གིས་བོད་མིའི་ཞི་བའི་ངོ་རྒོལ་གྱི་ལས་འགུལ་སྤེལ་བ་དང། སྤྱི་ཚོགས་དྲྭ་རྒྱའི་ཐོག་༸གོང་ས་མཆོག་གིས་བཀའ་སློབ་བརྒྱུད་སྤེལ་བྱས་པ་སོགས་ཀྱི་ཉེས་མིང་སྣ་ཚོགས་འོག་བོད་མི་མང་དག་ཅིག་འཛིན་བཟུང་བཀག་ཉར་དང་བོད་ནང་སྡུག་རྩུབ་མནར་གཅོད་ཀྱི་སྲིད་བྱུས་མུ་མཐུད་སྤེལ་ཡོད་པ་དང། སྔ་ལོ་བོད་མི་ཡོན་ཏན་ལགས་ཀྱིས་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་དྲག་པོའི་སྲིད་བྱུས་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་བཏང་བ་དང་འབྲེལ་ནས་ད་བར་བོད་ནང་བོད་མི་ ༡༥༤ ནས་རང་ལུས་མེར་བསྲེགས་ཀྱི་ལས་འགུལ་སྤེལ་བ་སོགས་བོད་ནང་གི་ཆེས་ཛ་དྲག་གི་གནས་སྟངས་ངོ་སྤྲོང་གནང་བ་དང་འབྲེལ། གནད་དོན་དེ་དག་ནས་རྒྱ་གཞུང་གི་བོད་ནང་བོད་མིའི་རང་དབང་ལ་དམ་དྲག་ཇི་ཙམ་བྱེད་ཀྱི་ཡོད་པ་རྟོགས་ཐུབ་པ་དང་ཕྱོགས་གཞན་ཞིག་ནས་རྒྱ་ནག་གཞུང་གིས་དྲག་ཤུགས་ཇི་ཙམ་བྱས་ཀྱང་བོད་མིའི་འབོད་སྒྲ་འགོག་མི་ཐུབ་པ་མ་ཟད། བོད་མིའི་སྙིང་སྟོབས་དང་ཆོད་སེམས་ཇེ་བརྟན་དང་བོད་མིའི་དམ་བཅའ་གཡོ་འགུལ་སྤུ་ཙམ་གཏོང་མི་ཐོབ་པའི་བརྡ་ལན་གསལ་པོ་སྤྲོད་བཞིན་ཡོད་པ་གསུངས་སོང་། དེ་བཞིན་སྲིད་སྐྱོང་མཆོག་གིས་ད་དུང་རྒྱ་ནག་གཞུང་གི་ངོས་ནས་ལྷག་བསམ་རྣམ་དག་གིས་བོད་ཀྱི་གནད་དོན་དེ་གསལ་ཐབས་བྱེད་ཀྱི་ཡོད་ཚེ་གཉིས་སྨན་དབུ་མའི་ལམ་བརྒྱུད་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་སྒྲོམ་གཞིའི་འོག་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་སྤྲོད་དགོས་པ་མ་ཟད་༸གོང་ས་མཆོག་གིས་སྐུ་ཚབ་དང་ལྷན་དུ་འཕྲལ་དུ་འབྲེལ་མོལ་དབུ་འཛུགས་གནང་དགོས་པ། དེ་བཞིན་༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་གིས་གཙོས་པའི་བོད་པའི་ཆབ་སྲིད་བཙོན་པ་ཡོངས་རྫོགས་གློད་བཀྲོལ་གནང་དགོས་པ་གསུངས་སོང་། སྲིད་སྐྱོང་མཆོག་གིས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་གཙོ་ལྕམ་སྐུ་ Michael Washlet Heriya མཆོག་ཤིན་ཅང་ནང་ཕེབས་གཏན་འཁེལ་བ་བཞིན་དེའི་སྐབས་སུ་བོད་ལའང་ངེས་པར་དུ་ཕེབས་ནས་དངོས་ཡོད་གནས་སྟངས་ལ་ཞིབ་འཇུག་ཡོང་བའི་འབོད་སྐུལ་ཞུས་སོང་། བར་ལམ་ནས་རྒྱ་ནག་གཞུང་གིས་༸གོང་ས་མཆོག་གིས་མ་འོངས་ཡང་སྲིད་ཀྱི་གནད་དོན་ཐོག་ཐད་བྱུས་བྱེད་ཤུགས་ཆེ་རུ་གཏོང་བཞིན་པ་དང་འབྲེལ་ཏེ་སྔ་ལོ་བོད་མིའི་དམིགས་བསལ་ཚོགས་ཆེན་དང་ཆོས་ཚོགས་སོགས་ཀྱི་ཐོག་བོད་མིའི་བདེ་དོན་སླད་༸སྐུའི་ཡང་སྲིད་ངེས་པར་དུ་ཕེབས་གནང་ཡོང་བ་དང། ༸སྐུའི་ཡང་སྲིད་ཕེབས་ཕྱོགས་ཀྱི་བདག་དབང་ཡོངས་རྫོགས་༸གོང་ས་མཆོག་༸སྐུ་ཉིད་ལ་མ་གཏོགས་གཞན་གཞུང་དང་ཚོགས་སྒེར་སུ་ལའང་མེད་པའི་གྲོས་ཆོས་བཞག་པ་བཞིན་ཨ་རི་གཙོ་གྱུར་རྒྱལ་སྤྱིའི་གཞུང་ཚོགས་ཁག་ནས་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐོག་བདག་དབང་ཡོངས་རྫོགས་༸གོང་ས་མཆོག་ལ་ཡོད་སྐོར་གྱི་གྲོས་ཆོད་བཞག་པ་སོགས་ཀྱི་རྒྱབ་སྐྱོར་གྱི་རྣམ་པ་ཤུགས་ཆེ་བསྟན་པ་དང། འཛམ་གླིང་རྒྱལ་ཁབ་གཞན་དང་མི་འདྲ་བར་བོད་ཀྱི་རྩ་དོན་དང་བོད་མིར་ཕྱོགས་ཡོངས་ནས་རྒྱབ་སྐྱོར་གནང་མཁན་རྒྱ་གར་གཞུང་མང་བཅས་ལ་དེ་རིང་གི་གོ་སྐབས་དངབ་སྟུན་ནས་བཀའ་སྤྱི་གཉིས་ནས་ཐུགས་རྗེ་ཆེ་ཞུས་སོང་། དེ་བཞིན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་འཕྲིན་སྒྲོག་སྦྱང་གནང་བའི་ནང་ཕྱི་ལོ་ ༡༩༥༩ ལོར་རྒྱ་དམར་གྱི་བོད་བཙན་བཟུང་བྱས་ནས་སྟེ་ལོ་ངོ་ ༦༡ ནང་རྒྱ་གཞུང་གིས་བོད་ནང་མི་རིགས་དབྱེ་འབྱེད་དང། བོད་མིའི་ཆོས་དང་རིག་གཞུང་རྩ་གཏོར། དེ་བཞིན་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ཁག་རྩིས་མེད་རྡོག་རོལ་བཏང་བའི་སྲིད་བྱུས་ལག་བསྟར་བྱེད་མུས་འོག་དེ་སྔ་བོད་མི་དཔའ་བོ་དཔའ་མོ་མང་པོས་རང་ལུས་མེར་བསྲེགས་གནང་ཡོད་པར་མ་ཟད། ཕྱི་ལོ་ ༢༠༠༩ ནས་བཟུང་བོད་མི་ ༡༥༤ ཙམ་ནས་རང་ལུས་མེར་བསྲེགས་བཏང་སྟེ་རྒྱ་ནག་གཞུང་གི་བོད་ཐོག་འཛིན་པའི་དྲག་པོའི་བྱུས་ལ་ངོ་རྒོལ་བྱས་ཡོད་པ་སོགས་ཀྱི་གནད་དོན་ལུང་འདྲེན་དང་སྦྲགས་ཏེ་དུས་རབས་ཉེར་གཅིག་པའི་དུས་སྐབས་འདིར་འཚེ་བའི་ཐོག་ནས་གནད་དོན་གསལ་ཐབས་མེད་སྟབས་རྒྱ་གཞུང་གི་ངོས་ནས་མཁྲེགས་འཛིན་གྱི་སྲིད་བྱུས་ལ་འགྱུར་བ་གནང་ཐུབ་ཚེ་འཚེ་བ་མེད་ཅིང་བྱམས་བརྩེའི་རང་བཞིན་ལྡན་པའི་སྲིད་བྱུས་གུ་ཡངས་ཤིག་གི་ཐོག་འགྱུར་བ་གཏོང་དགོས་པའི་ཞུ་སྐུལ་ནན་པོ་གནང་སོང་།དེ་བཞིན་ད་བར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དབུ་ཁྲིད་ལམ་བསྟོན་དང་བོད་གཞིས་བྱེས་གཉིས་ཀྱི་བོད་མིའི་གློས་བཏང་དང་སྙིང་སྟོབས་ཞུམ་པ་མེད་པར་བརྟེན་བོད་ཀྱི་རྩ་དོན་དེ་གསོན་པོར་གནས་ཡོད་པ་དང། རིང་མིན་བོད་ཀྱི་བདེན་མཐའ་མྱུར་དུ་གསལ་བར་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ནས་བོད་མིའི་སྒྲིག་འཛུགས་ལ་དབུ་འོག་དཔུང་འདེགས་ཀྱི་ཕྱར་གྲུ་མཉམ་འདེགས་ངེས་པར་དུ་ཞུ་དགོས་པའི་འབོད་སྐུལ་ཞུས་སོང་།དེ་བཞིན་དེང་སྐབས་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་ཁྱབ་བརྡལ་བྱུང་བའི་ཏོག་དབྱིབས་རིམས་ནད་འོག་རྒྱ་ནག་གཙོ་བོར་གྱུར་པའི་རྒྱལ་སྤྱི་ཁྱོན་ཡོངས་སུ་མི་འབུམ་གཅིག་བརྒལ་བར་རིམས་ནད་དེ་ཕོག་པ་དང་། མི་ ༣༠༠༠ ལྷག་རྐྱེན་འདས་སུ་ཕྱིན་པའི་ཆེས་ཛ་དྲ་གི་གནས་སྟངས་ཐད་དེ་རིང་གི་གོ་སྐབས་དང་བསྟུན་བཀའ་སྤྱི་གཉིས་ཀས་གདུང་སེམས་མཉམ་བསྐྱེད་དང་མགྱོགས་མྱུར་འགོག་ཐུབ་པའི་སྨོན་འདུན་ཡོད་སྐོར་གསུངས་པ་མ་ཟད། དེང་སྐབས་བོད་ནང་དུའང་རིམས་ནད་དེ་འགོས་ཁྱབ་བྱུང་བའི་གནས་སྟངས་ཆགས་ཡོད་པ་ལྟར་བོད་ནང་གི་བོད་མི་ཚོ་ལའང་གཅིག་མཚུངས་ཀྱི་རོགས་སྐྱོར་ངེས་ཞུ་དགོས་པ་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ནས་རྒྱ་ནག་གཞུང་ལ་བཀོད་སྡོམ་ཡོང་བ་སོགས་ཀྱི་རེ་སྐུལ་ཞུས་སོང་།ཐེངས་འདིའི་བོད་མིའི་རང་དབང་སྒེར་ལངས་ཉིན་མོ་སྲུང་བརྩིའི་ཐོག་རྒྱབ་སྐྱོར་དང་གདུང་སེམས་མཉམ་བསྐྱེད་ཞུ་ཕྱིར་ཆེད་མངགས་ཆེད་ཕེབས་པའི་དམིགས་བསལ་སྐུ་མགྲོན་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ལྕམ་ Dana Belkarova ལགས་ཀྱི་གཏམ་བཤད་སྤེལ་བར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་དམ་པ་ Vaclav Havel མཆོག་གཉིས་དབར་གྱི་འབྲེལ་བ་དམིགས་བསལ་ཅན་ཞིག་ཡོད་པ་དང། བོད་མི་དང་ཅེཀ་མང་ཚོགས་དབར་དམིགས་བསལ་གྱི་འབྲེལ་བ་དམ་ཟབ་ཡོད་སྐོར་གསུངས་པ་འབྲེལ། ཅེཀ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ངོས་ནས་བོད་ཀྱི་གནད་དོན་དེ་ཧ་ཅང་གལ་ཆེན་པོ་རྩི་བཞིན་ཡོད་པ་དང། ལྷག་པར་དུ་བོད་ཀྱི་ཁོར་ཡུག་གི་གནད་དོན་དེ་ཧ་ཅང་གལ་ཆེན་པོར་རྩི་བཞིན་ཡོད་པར་མ་ཟད་ཁོང་རྣམས་དུས་རྟག་ཏུ་བོད་མིའི་ལྷན་དུ་ཡོད་པ་གསུངས་སོང་། དེ་བཞིན་སྐུ་མགྲོན་གཙོ་བོ་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ Frantisek Kopriva ལགས་ཀྱིས་རང་མི་རིགས་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་གནང་རྒྱུ་དང། དབུ་མའི་ལམ་གྱི་སྲིད་བྱུས་སོགས་ཀྱི་རིན་ཐང་གཅིག་མཚུངས་ཡོད་པའི་ཆ་ནས་དེ་སྔ་ཕྱི་ལོ་ ༢༠༡༨ ལོར་ཅེཀ་གྲོས་ཚོགས་ནང་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་གནང་ཡོད་པ་དང། ད་ལྟའི་ཆར་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་ནང་གི་བོད་དོན་རྒྱབ་སྐྱོར་ཚོགས་པ་ནང་ཆབ་སྲིད་ཚོགས་པ་འདྲ་མིན་ ༨ ཙམ་གྱི་གྲོས་ཚོགས་འཐུས་མི་ ༥༣ ཡོད་པ་དང། ཚོགས་པའི་ངོས་ནས་ད་བར་སྲིད་སྐྱོང་མཆོག་ཡུལ་དེར་གདན་ཞུ་གནང་རྒྱུ་དང། བོད་ཀྱི་ཆོས་དང་རིག་གཞུང་དང་འབྲེལ་བའི་གྲོས་ཚོགས་ནང་བྱིས་པའི་རི་མོ་འགྲན་བསྡུར་སོགས་གནང་ཡོད་པ། ཁོང་རྣམས་ཅེཀ་གྲོས་ཚོགས་ཙམ་མ་ཟད་ཡུ་རོབ་གྲོས་ཚོགས་ནང་དུའང་བོད་དོན་རྒྱབ་སྐྱོར་གང་ཐུབ་གནང་རྒྱུ་ཡིན་པ་མ་ཟད། དེ་རིང་ཕྱི་ཟླ་ ༣ ཚེས་ ༡༠ ཉིན་ཡུལ་དེའི་ནང་རླུང་རྟ་སོགས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གཅིག་གི་གོ་སྒྲིགས་འོག་ཡུལ་དེའི་གཞུང་འབྲེལ་ལས་ཁུངས་གཙོས་པའི་ས་ཚིགs་གང་སར་བོད་ཀྱི་རྒྱལ་དར་ཁྱོན་ ༩༠༠ ཙམ་སྒྲེང་འཛུགས་གནང་བཞིན་ཡོད་པ་དང་། ལས་འགུལ་དེའི་བརྒྱུད་ནས་རྒྱ་ནག་གཞུང་ལ་བོད་ནང་སྡུག་རྩུབ་ཀྱི་སྲིད་བྱུས་སྤེལ་བཞིན་པ་དེ་ནོར་འཁྲུལ་ཡིན་པའི་རྡ་ལན་གསལ་པོ་ཞིག་སྤྲོད་བཞིན་ཡོད་པ་གསུངས་སོང་།ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་དམ་པ་ Vaclav Havel མཆོག་གིས་སྐུ་ཚེ་ཧྲིལ་པོའི་ལས་དོན་རྣམས་རྒྱུན་སྐྱོང་གནང་ཐོག་༸གོང་ས་མཆོག་ལ་འཚེ་མེད་ཞི་བའི་བརྡ་ལན་ལ་གུས་བརྩི་དང། བོད་མི་དང་བོད་མིའི་འཐབ་རྩོད་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་གནང་སྟེ་བོད་མིའི་ལྷན་དུ་བཞེངས་རྒྱུ་ཡིན་པ་གསུངས་ཡོད།དེ་རིང་སྔ་དྲོ་གཞུང་འབྲེལ་གྱི་མཛད་སྒོ་ལེགས་པར་གྲུབ་མཚམས་སུ་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བོད་ཀྱི་བེུད་ལྷན་ཚོགས། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ། བོད་རང་བཙན་སློབ་ཕྲུག་ཚོགས་པ། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་བཅས་བོད་མའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ལྔ་ཐུན་མོང་གིས་གོ་སྒྲིག་གནང་བའི་ཐོག་ས་གནས་མི་མང་ཚོས་གཙུག་ལག་ཁང་ནས་དྷ་ཤོད་གྷམ་རུ་ཐང་ཆེན་བར་སྐད་འབོད་དང་གོམ་བགྲོད་ཀྱི་ལས་འགུལ་སྤེལ་ཡོད་པ་རེད། འབྲེལ་ཡོད་པར་རྣམས་བོད་མིའི་སྒྲིག་འཛུགས། Bod.asia ངོ་དེབ།

Latest news