Tibetan Royal Year of 2151 | Year of the Wood Dragon

རྒྱལ་སྤྱི།

བོད་ཕྲུག་ཚོ་རྒྱ་གཞུང་གི་ཤེས་ཡོན་སྲིད་བྱུས་ལས་སྲུང་སྐྱོབ་དགོས་པའི་ཞུ་གཏུག་ལས་འགུལ་སྤེལ་བ།

དབྱིན་ཡུལ་ནང་རྟེན་གཞི་བྱས་པའི་བོད་རང་དབང་ཚོགས་པ་དང་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་། དབྱིན་ཡུལ་བོད་རིགས་སྤྱི་མཐུན་ཚོགས་པ་བཅས་ཐོུང་གིས་དབྱིན་ཡུལ་གཞུང་གི་ངོས་ནས་བོད་ནང་གི་བོད་ཕྲུག་ཚོ་རྒྱ་ནག་གཞུང་གི་བཙན་གནོད་ལམ་ལུགས་འོག་བཅའ་སྡོད་སློབ་གྲྭའི་སྲིད་བྱུས་ལས་སྲུང་སྐྱོབ་དགོས་ཞེས་མང་ཚོགས་ཆིག་ཁྲི་ལྷག་གི་རྒྱབ་སྐྱོར་ཡོད་པའི་མཚན་བརྟགས་བསྡུ་རུབ་ཞུས་པའི་ཞུ་སྙན་ཞིག་དབྱིན་ཡུལ་གྱི་ཕྱི་སྲིད་བློན་ཆེན་སྐུ་ཞབས་ James Cleverly མཆོག་གི་མཚན་ཐོག་ལ་ཕུལ་འདུགམཚན་བརྟགས་བསྡུ་རུབ་ཀྱི་ཞུ་གཏུག་ལས་འགུལ་དེ་ཟླ་གཉིས་ལྷག་གི་སྔོན་ནས་དྲ་ཐོག་བརྒྱུད་སྤེལ་ཡོད་པ་དང་།  དབྱིན་ཡུལ་གྱི་ཕྱི་སྲིད་བློན་མཆོག་ལ་ཕུལ་བའི་ཞུ་སྙན་ནང་གཙོ་བོ་ཉེ་བའི་ལོ་ཤས་ནས་བཟུང་སྟེ་རྒྱ་གཞུང་གིས་བོད་ཀྱི་ས་ཁུལ་ཁག་ཏུ་དབང་བསྒྱུར་ལམ་ལུགས་འོག་བཅའ་སྡོད་སློབ་གྲྭ་ཆེད་འཛུགས་ཀྱིས་བོད་ཕྲུག་རྣམས་བཅའ་སྡོད་སློབ་གྲྭ་དེ་དག་ནང་དུ་བཙན་དབང་ཐོག་སློབ་འཇུག་བྱེད་བཅུག་པ་མ་ཚད་པར་བོད་ཕྲུག་ཚོར་རྒྱ་ཡིག་ཁོ་ནའི་སློབ་ཚན་ཆེད་ཁྲིད་བྱས་ཏེ་མ་འོངས་པར་བོད་མི་རིགས་ཀྱི་ངོ་བོ་རྩ་མེད་བཟོ་རྒྱུའི་ཛ་དྲག་ཅན་གྱི་གནད་དོན་ཆགས་ཡོད་པ་སོགས་འཁོད་ཡོད་པ་རེད། དབྱིན་ཡུལ་བོད་རིགས་ཚོགས་པའི་ཚོགས་གཙོ་དང་བོད་རང་དབང་ཚོགས་པའི་ལས་འགུལ་འགན་འཛིན་གཅིག་ལྕོགས་བསྟན་འཛིན་ཀུན་དགའ་ལགས་ཀྱིས་གོ་གསལ་ཞུ་སྙན་དེ་ཁ་སང་དབྱིན་ཡུལ་གྱི་ཕྱི་སྲིད་བློན་མཆོག་གི་མཚན་ཐོག་ལ་ཕུལ་ནས་རིང་མིན་ཕྱི་ཟླ་ ༡༡ ཚེས་ ༣ དང་ ༤ བཅས་ལ་ཡོ་རོབ་རྒྱལ་ཁབ་འཇར་མི་ནི་ནང་འཚོགས་རྒྱུའི་ G7 སྟོབས་ཆེན་རྒྱལ་ཁབ་ཁག་གི་ཕྱི་སྲིད་བློན་ཆེན་རྣམས་འདུ་འཛོམས་ཀྱི་ལྷན་ཚོགས་ཐོག་གླེང་སློང་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུ་ཆེད་ཡིན་པར་འགྲེལ་བརྗོད་གནང་སོང་།སྔ་ལོར་ཨ་རི་ནང་རྟེན་གཞི་བྱས་པའི་བོད་དོན་ལས་འགུལ་བསྟི་གནས་ཁང་གིས་སྙན་ཐོ་ཞིག་འདོན་སྤེལ་གནང་སྟེ་སྲིད་འཛིན་ཞི་ཅིན་ཕིང་གི་སྲིད་གཞུང་གིས་མི་རིགས་མཉམ་བསྲེས་ཀྱི་སྲིད་བྱུས་འོག་བོད་ཁུལ་དུ་ལོ་དྲུག་ནས་བཅོ་བརྒྱད་བར་གྱི་སློབ་ཕྲུག་འབུམ་ ༨ ནས་ ༩ བར་སློབ་ཕྲུག་གྲངས་འབོར་ཁྱོན་བརྒྱ་ཆ་ ༧༨ ཙམ་རྒྱ་ནག་གཞུང་གིས་བཙན་ཤེད་འོག་བཅའ་སྡོད་སློབ་གྲྭ་ཁག་ཏུ་གཏན་སྡོད་བྱེད་བཞིན་པའི་བོད་ཕྲུག་དེ་དག་སོ་སོའི་ཕ་མ་དང་སྤྱི་ཚོགས་ནས་རྒྱང་རིང་བཞག་པ་དང་། སློབ་གྲྭ་ནང་དུ་སློབ་ཁྲིད་ཆ་ཚང་རྒྱ་ཡིག་དང་རྒྱ་སྐད་ཐོག་ནས་བྱེད་བཞིན་པར་མ་ཟད་ཆབ་སྲིད་རང་བཞིན་གྱི་སློབ་གསོ་ཤུགས་ཆེར་སྤྲོད་བཞིན་པའི་འོག་བོད་པའི་སློབ་ཕྲུག་ཚོར་བོད་ཀྱི་ཆོས་རིག་དང་ལེགས་བྱང་སོགས་དང་འབྲེལ་བ་སྤུ་ཙམ་ཡང་མེད་པའི་ཁར་བོད་མི་རིགས་ཀྱི་ངོ་བོ་གང་ཡིན་མི་ཤེས་པ་བཟོ་བཞིན་ཡོད་པ་སོགས་ཀྱི་སྲིད་བྱུས་སྤེལ་ཏེ་རྒྱ་ནག་གཞུང་དང་གུང་ཁྲན་ཏང་ལ་དགའ་མོས་བྱེད་མཁན་གྱི་མི་རབས་ཤིག་བསྐྲུན་ཐབས་བྱེད་བཞིན་ཡོད་པར་མངོན་གསལ་གནང་ཡོད།

ཨ་རིས་རྒྱ་ནག་ལ་གདོང་ལེན་ཆེད་རྒྱ་གར་དང་བདེ་འཇགས་དམག་དོན་གྱི་ལས་གཞི་རྒྱ་སྐྱེད་གཏོང་འཆར།

ཨ་རིའི་རྒྱལ་ཁབ་བདེ་འཇགས་ཐབས་བྱུས་ལས་ཁུངས་ཀྱིས་ཕྱི་ལོ་ ༢༠༢༢ ལོའི་ཨ་རིའི་བདེ་འཇགས་ཐབས་བྱུས་དང་འབྲེལ་བའི་འཆར་གཞི་ཁག་གཅིག་ཡོངས་གྲགས་གནང་བར་ཨ་རིའི་ངོས་ནས་རྒྱ་ནག་འདི་མུ་མཐུད་གདོང་ལེན་བྱ་ཡུལ་གྱི་རྒྱལ་ཁབ་གཙོ་བོར་ངོས་འཛིན་གྱི་ཡོད་པར་འགྲེལ་བརྗོད་དང་སྦྲགས་ཏེ་རྒྱ་ནག་ལ་གདོང་ལེན་ཆེད་དུ་རྒྱ་གར་དང་ལྷན་དུ་བདེ་འཇགས་དམག་དོན་གྱི་ལས་གཞི་རྒྱ་སྐྱེད་གཏོང་འཆར་ཡོད་པ་གསུངས་འདུགཁ་སང་ཕྱི་ཚེས་ ༢༧ ཉིན་ཨ་རིའི་རྒྱལ་ཁབ་བདེ་འཇགས་ཐབས་བྱུས་ལས་ཁུངས་ཀྱི་དྲུང་ཆེ་སྐུ་ཞབས་ Lloyd Austin ལགས་ཀྱིས་གྲོས་ཚོགས་ཀྱིས་གཏན་འབེབས་གནང་བའི་ཁྲིམས་སྒྲིག་དགོངས་དོན་ལྟར་སྲིད་འཛིན་སྐུ་ཞབས་ Joe Biden མཆོག་གིས་སྣེ་ཁྲིད་པའི་སྲིད་གཞུང་གིས་ཕྱག་བསྟར་གནང་རྒྱུའི་རྒྱལ་ཁབ་བདེ་འཇགས་ཀྱི་འཆར་གཞི་ཁག་གཅིག་ངོ་སྤྲོད་གནང་སྐབས་རྒྱ་ནག་གཞུང་གིས་རྒྱ་གར་རྒྱ་མཚོའི་མངའ་ཁུལ་དུ་དྲག་ཤུགས་ཆེན་པོའི་ཐོག་ནས་རང་ཉིད་ཀྱི་དབང་ཐང་རྒྱ་སྐྱེད་གཏོང་བཞིན་ཡོད་པར་མ་ཟད། ཨ་རི་གཙོས་ཕྱིའི་རྒྱལ་ཁབ་ཁག་ཏུ་རྒྱ་ནག་རང་ཉིད་ཀྱི་བསམ་སྤྱོད་དང་མཐུད་པའི་དབང་ཐང་རྒྱ་སྐྱེད་གཏོང་བཞིན་ཡོད་པ་སོགས་ཐེར་འདོན་གནང་བ་དང་ཆབས་ཅིག་ཨ་རིའི་ངོས་ནས་བདེ་འཇགས་ཀྱི་གནད་དོན་གྱི་ཐོག་ནས་གདོང་ལེན་བྱ་ཡུལ་གྱི་རྒྱལ་ཁབ་གཙོ་བོ་དེ་རྒྱ་ནག་ཆགས་ཡོད་པ་གསུངས་འདུགལྷག་པར་དུ་སྲིད་འཛིན་སྐུ་ཞབས་བྷ་ཌན་མཆོག་གིས་སྣེ་ཁྲིད་པའི་ཨ་རིའི་བདེ་འཇགས་ཐབས་བྱུས་ལས་ཁུངས་ནས་རྒྱ་ནག་ལ་གདོང་ལེན་གནང་བར་དམིགས་ཏེ་རྒྱ་གར་དང་ལྷན་དུ་བདེ་འཇགས་དམག་དོན་གྱི་ལས་གཞི་རྒྱ་སྐྱེད་གཏོང་འཆར་ཡོད་སྐོར་གསུངས་འདུག ཨ་རིའི་ངོས་ནས་ཨ་རི་དང་རྒྱལ་སྤྱིའི་ཁྲིམས་སྒྲིག་ཁག་ལ་བརྩི་སྲུང་ཞུས་ཏེ་རྒྱ་གར་རྒྱ་མཚོའི་མངའ་ཁུལ་གྱི་བདེ་འཇགས་དང་རང་དབང་སྲུང་སྐྱོབ། དེ་བཞིན་རྒྱ་ནག་དང་རྒྱ་གར་དབར་འཕྲད་བཞིན་པའི་མཐའ་མཚམས་ཀྱི་གནད་དོན་སོགས་ཀྱི་ཐད་མཐུན་ཕྱོགས་རྒྱལ་ཁབ་ཁག་དང་མཉམ་རུབ་ཀྱིས་རྒྱ་ནག་ལ་གདོང་ལེན་གནང་རྒྱུ་ཡིན་ཞེས་གསུངས་འདུག དེ་བཞིན་སྐབས་དེར་ཨ་རིའི་ངོས་ནས་རྒྱ་ནག་དེ་ཉིད་ཨ་རིའི་ཁེ་ཕན་ལ་དོ་ཕོག་གཏང་མཁན་གྱི་རྒྱལ་ཁབ་ཅིག་ལ་ངོས་འཛིན་གནང་གི་ཡོད་པ་སོགས་འགྲེལ་བརྗོད་དང་སྦྲགས། ཨ་རིའི་རྒྱལ་ཁབ་བདེ་འཇགས་ཐབས་བྱུས་ལས་ཁུངས་དང་འབྲེལ་ཡོད་དམག་གི་སྡེ་ཚན་ཁག་གིས་ཨ་རིའི་དམག་གི་ལས་དོན་སྔར་ལྷག་ཡར་རྒྱས་གཏོང་རྒྱུ་དང་ཨ་རིའི་དམག་དོན་དང་འབྲེལ་བའི་གོ་མཚོན་གྱི་སྤུས་ཚད་ཁག་ཀྱང་རིམ་བཞིན་བསྐྱར་ཞིབ་གནང་ངེས་ཡིན་པ་གསུངས་འདུགཁ་ཉིན་ཞི་ཅིན་ཕིང་གིས་རྒྱ་ནག་གི་སྲིད་འཛིན་ལས་ཡུན་གསུམ་པ་བླངས་ཏེ་ཨ་རི་དང་རྒྱ་ནག་གཉིས་ཀྱི་འབྲེལ་བའི་སྐོར་ཚོགས་པའི་ཚོགས་འདུའི་སྐུ་ཚབ་རྣམས་ལ་གཏམ་བཤད་སྤེལ་བར་རྒྱ་ནག་གཞུང་གིས་ཨ་རི་དང་ལྷན་དུ་མཉམ་ལས་བྱ་རྒྱུའི་འདོད་པ་ཡོད་པ་མ་ཟད་ཨ་རྒྱ་གཉིས་མཐུན་ཕྱོགས་ཀྱི་ལམ་བུར་མཉམ་སྐྱོད་ཐུབ་ཚེ་རྒྱལ་སྤྱིའི་བདེ་འཇགས་ལའང་ཕན་ཐོགས་ཆེན་པོ་ཡོང་ངེས་ཡིན་པ་སོགས་བཤད་ཡོད། རྒྱལ་སྤྱིའི་དཔྱད་ཞིབ་པ་ཁག་གཅིག་གིས་ཞི་ཅིན་ཕིང་གི་གཏམ་བཤད་ལ་དཔྱད་དོན་ཉེ་ཆར་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་ཉི་ཤུར་བདེ་འཇགས་སོགས་ཀྱི་གནད་དོན་ལས་འཕྲོས་ཏེ་རྒྱ་ནག་རྒྱལ་ནང་གི་གནད་དོན་ལ་ཐེ་བྱུས་བྱེད་མཁན་ཚོར་གདོང་ལེན་ནན་པོ་བྱེད་ཀྱི་ཡིན་ཞེས་པའི་གཏམ་བཤད་དང་འགལ་ཟླ་ཆགས་ཀྱི་འདུག་ཅེས་དང་ཡང་ལ་ལས་རྒྱ་ནག་གི་ཚོང་དང་དཔལ་འབྱོར་གནས་བབ་ལ་གྱོང་གུད་ཆེན་པོ་ཐེབས་བཞིན་ཡོད་སྟབས་ཞི་ཅིན་ཕིང་གིས་ཨ་རི་དང་འབྲེལ་བ་མ་བྱེད་ཐབས་མེད་ཆགས་ཡོད་ཅེས་བཤད་མཁན་འདུགརིང་མིན་ཟླ་བ་རྗེས་མའི་ཟླ་དཀྱིལ་དུ་ Indonesia ནང་འཚོགས་གཏན་འཁེལ་བའི་རྒྱལ་སྤྱིའི་སྟོབས་ཆེན་རྒྱལ་ཁབ་ཉི་ཤུ་ལྷན་ཚོགས་སྐབས་སུ་ཞི་ཅིན་ཕིང་དང་སྐུ་ཞབས་བྷ་ཌན་གཉིས་སྲིད་འཛིན་གྱི་ངོ་བོའི་ཐོག་ནས་ཆེས་ཐོག་མ་ཐུག་འཕྲད་ཀྱིས་རྒྱལ་ཁབ་ཕྱོགས་གཉིས་ཀྱི་འབྲེལ་ལམ་སྐོར་གྲོས་བསྡུར་གནང་འཆར་ཡོད་པ་རེད། པར་ཁག་སྤྱི་ཚོགས་དྲ་རྒྱ་ལས་བཏུས།

འགྲོ་བ་མིའི་ཐོབ་ཐང་འགན་སྲུང་བྱེད་ཐབས་ཀྱི་བརྒྱུད་རིམ་ཞེས་པའི་དཔེ་དེབ་དབུ་འབྱེད།

དེ་རིང་ཕྱི་ཟླ་ ༡༠  ཚེས་ ༢༤ ཉིན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དབུ་བརྙེས་ནས་མི་ལོ་ ༧༧ འཁོར་བའི་དུས་ཚིགས་སྲུང་བརྩི་དང་སྦྲགས་ཏེ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་འགན་སྲུང་བྱེད་ཐབས་ཀྱི་བརྒྱུད་རིམ་ཞེས་པའི་ལམ་སྟོན་གྱི་དཔེ་དེབ་ཞིག་དབུ་འབྱེད་གནང་སོང་།དེ་རིང་སྔ་དྲོ་ཚོུད་ ༡༡ ཐོག་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཚོགས་ཁང་དུ་ལྟེ་གནས་ཁང་གི་བོད་གནས་ཉམས་ཞིབ་པ་ཉི་མ་འོད་ཟེར་ལགས་དང་ཁྲིམས་ཐོག་ལས་བྱེད་བསྟན་འཛིན་ནོར་སྒྲོལ་ལགས་རྣམ་གཉིས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་འགན་སྲུང་བྱེད་ཐབས་ཀྱི་བརྒྱུད་རིམ་ཞེས་པའི་ལམ་སྟོན་དཔེ་དེབ་དབུ་འབྱེད་གནང་སོང་བ་དང་།ཉི་མ་འོད་ཟེར་ལགས་ཀྱིས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ནས་དཔེ་དེབ་འདི་ཉིད་སྒྱུར་སྒྲིག་གནང་བའི་རྒྱབ་ལྗོངས་ངོ་སྤྲོད་གནང་བར་དེ་རིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཉིན་མོ་དང་བསྟུན་རྒྱལ་ཚོགས་དབུ་བརྙེས་པ་ནས་བཟུང་ད་བར་ལོ་ངོ་བཅུ་ཕྲག་འགའི་རིང་གོ་ལའི་འགྱུར་འགྲོས་དང་བསྟུན་རྒྱལ་ཚོགས་ལའང་འགྱུར་བ་མང་དག་ཅིག་ཕྱིན་ཡོད་ཀྱང་། དེ་ཉིད་འཛམ་གླིང་རྒྱལ་ཁབ་རྣམས་གནས་གཅིག་ཏུ་འཛོམས་ནས་ཐུན་མོང་གི་དཀའ་རྙོག་ཐད་གྲོས་བསྡུར་གྱིས་ཐབས་ལམ་འཚོལ་སའི་སྡིངས་ཆ་ཉག་གཅིག་པོ་དེ་ཆགས་སྟབས། དཔེ་དེབ་འདི་གཙོ་བོ་རང་རེའི་བོད་ཀྱི་སྐད་ཡིག་སྤྱོད་མཁན་སྤྱི་དང་བྱེ་བྲག་ཏུ་བོད་དོན་ཞུ་གཏུག་གནང་མཁན་དང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་སླད་ལས་འགུལ་དང་ཕྱག་ལས་གནང་མཁན་ཚོར་ཆེད་དམིགས་གནང་བ་ཞིག་ཡིན་སྐོར་གསུངས་སོང་།UN Human Rights Mechanisms ཞེས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་འགན་སྲུང་བྱེད་ཐབས་ཀྱི་བརྒྱུད་རིམ་ཞེས་པའི་དེབ་དེ་ནི་ས་བཅད་ལྔ་ཙམ་དུ་ཕྱེས་ཡོད་པའི་ཁོངས་ལས་ས་བཅད་དང་པོ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ངོ་སྤྲོད་དང་གཉིས་པ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་ཡིག་ཁག་དང་འབྲེལ་ཡོད་ལས་ཁུངས་ཁག་ངོ་སྤྲོད། ས་བཅད་གསུམ་པ་བཅའ་ཁྲིམས་གཞིར་བཞག་གི་འགྲོ་བ་མིའི་ཐོབ་ཐང་འགན་སྲུང་བྱེད་ཐབས་ཀྱི་བརྒྱུད་རིམ་དང་བཞི་པ་སྤྱི་ཚོགས་གཞིར་བཞག་གི་འགྲོ་བ་མིའི་ཐོབ་ཐང་འགན་སྲུང་བྱེད་ཐབས་ཀྱི་བརྒྱུད་རིམ། དེ་བཞིན་ས་བཅད་ལྔ་པ་བརྡ་ཆད་ངོ་སྤྲོད་བཅས་འཁོད་ཡོད་པ་རེད།བརྗོད་བྱ་གཙོ་བོ་རེ་རེ་རྫོགས་མཚམས་སུ་རྒྱ་ནག་དང་འབྲེལ་བའི་གནས་ཚུལ་ཞེས་པའི་དུམ་མཚམས་ཐུང་ངུ་རེ་བསྣན་ཡོད་པ་དང་དེར་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚན་པས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཐད་ཞིབ་བཤེར་བྱས་པ་དང་བོད་དང་འབྲེལ་བའི་གནད་དོན་གླེང་སློང་བྱས་པ་དག་ཟུར་བཏོན་གནང་ཡོད།

བཞུགས་སྒར་དུ་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུ་དབུ་འཛུགས།

དེ་རིང་བཞུགས་སྒར་དུ་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གི་གོ་སྒྲིག་འོག་ཨེ་ཤ་ཡ་དང་ཨོ་སི་ཊི་ལི་ཡ་ཁུལ་གྱི་རྒྱལ་ཁབ་འདྲ་མིན་ནང་གི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ལས་གྲུབ་པའི་ཉིན་གྲངས་གསུམ་རིང་གི་ཚོགས་འདུ་དབུ་འཛུགས་གནང་སོང་།ཚོགས་འདུ་གོ་སྒྲིག་གནང་མཁན་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གི་ལས་འཆར་དང་ཁོར་ཡུག་འབྲེལ་མཐུད་པ་བློ་བཟང་གཡང་མཚོ་ལགས་ཀྱིས་ཐེངས་འདིའི་ཚོགས་འདི་རྒྱལ་སྤྱིའི་ཁྲོད་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་རྣམས་ཀྱིས་བོད་དོན་འཐབ་རྩོད་ཐད་མཉམ་རུབ་ཀྱི་ནུས་པ་འདོན་ཕྱོགས་དང་མ་འོངས་ལས་འཆར་བཀོད་སྒྲིག་གནང་རྒྱུ་སོགས་ལ་དམིགས་ཏེ་གོ་སྒྲིག་གནང་ཡོད་པ་གསུངས་ཡོད།དེ་རིང་བཞུགས་སྒར་དུ་རྟེན་གཞི་བྱས་པའི་ནོར་བུ་གསོལ་མགྲོན་ཁང་དུ་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གི་གོ་སྒྲིག་འོག་དབུ་འཛུགས་གནང་བའི་ཚོགས་འདུའི་སྟེང་ཨེ་ཤ་ཡ་དང་ཨོ་སི་ཊོ་ལི་ཡ་ཁུལ་གྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་ ༢༢ ཙམ་གྱི་ཚོགས་མི་ ༣༠ ཙམ་མཉམ་ཞུགས་གནང་ཡོད་པ་དང་དེ་རིང་ནས་དབུ་འཛུགས་ཀྱིས་གནངས་ཚེས་ ༢༣ བར་ཚོགས་ཀྱི་ཡོད་པ་རེད།གསར་འགོད་པས་ཚོགས་བཅར་པ་ཁག་ཅིག་ལ་ཐེངས་འདིའི་ཚོགས་འདུར་མཉམ་ཞུགས་གནང་དོན་གང་ཡིན་སོགས་ཀྱི་བཅར་འདྲི་ཞུས་པར་ཚོགས་འདུའི་ཐོག་ནས་འཛམ་གླིང་རྒྱལ་ཁབ་འདྲ་མིན་ནང་གི་བོད་དོན་རྒྱབ་སྐྱོར་ཚོགས་པ་རྣམས་ཀྱི་ངོས་ནས་བོད་དོན་དང་འབྲེལ་བའི་ཕྱག་ལས་གང་དང་གང་གནང་གི་ཡོད་པ་དང་། དེ་དག་ལ་ཞིབ་འཇུག་གནང་སྟེ་སླད་མར་ངེས་པར་རྙེད་པའི་ལས་འགུལ་སྤེལ་ཐུབ་པའི་ཐུགས་རེ་ཡོད་པ་སོགས་གསུངས་སོང་།

དབྱིན་ཡུལ་ནང་པེ་ཅིང་ལྟར་འཕྲེད་དར་འཕྱར་ཏེ་ཞི་ཅིན་ཕིང་གི་སྲིད་དབང་ལ་ངོ་རྒོལ་གནང་འདུག

པེ་ཅིང་ནང་དུ་ཞི་ཅིན་ཕིང་གི་སྲིད་དབང་ལ་ངོ་རྒོལ་གྱིས་འཕྲེད་དར་འཕྱར་བའི་ལས་འགུལ་སྤེལ་བ་ལྟར་ Free Tibet ཞེས་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྣེ་ཁྲིད་འོག་དབྱིན་ཡུལ་ནང་དུ་དེ་མཚུངས་ལས་འགུལ་སྤེལ་འདུག དེ་རིང་དབྱིན་ཡུལ་ནང་དུ་རྟེན་གཞི་བྱས་པའི་ Free Tibet ཞེས་བོད་དོན་རྒྱབ་སྐྱོར་བས་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་བའི་ནང་གཟའ་འཁོར་སྔོན་མའི་ནང་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་གྱི་སྔ་རོལ་དང་བསྟུན་ཟླ་བ་འདིའི་ཚེས་ ༡༣ ཉིན་པེ་ཅིང་གྲོང་ཁྱེར་གྱི་ཟམ་ཆེན་ལ་རྒྱ་རིགས་གཅིག་གིས་ཞི་ཅིན་ཕིང་གི་སྲིད་དབང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་སྟབས། རྒྱ་གཞུང་ཉེན་རྟོག་མི་སྣས་ཁོང་འཛིན་བཟུང་བྱས་རྗེས་གར་ཡོད་ཤེས་རྟོགས་མེད་པར་གྱུར་ཡོད་པར་གདུང་སེམས་མཉམ་བསྐྱེད་མཚོན་ཕྱིར་ལས་འགུལ་བ་ཁག་ཅིག་གིས་པེ་ཅིང་ནང་འཕྱར་བའི་འཕྲེད་དར་དེ་དང་གཅིག་མཚུངས་ཁུལ་དེར་རྟེན་གཞི་བྱས་པའི་ཟམ་ཆེན་དུ་འཕྱར་ཏེ་ཞི་ཅིན་ཕིང་གི་ཏོག་དབྱིབས་གཉན་རིམས་ཀྱི་སྲིད་བྱུས་དང་མི་གཅིག་དབང་སྒྱུར་རིང་ལུགས་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་འདུག དབྱིན་ཡུལ་གྱི Westminster ཟམ་ཆེན་དུ་ངོ་རྒོལ་གྱི་ལས་འགུལ་སྤེལ་མཁན་ཁོངས་སུ་ཡོད་པ་བསྟན་འཛིན་ཀུན་དགའ་ལགས་ཀྱིས་ང་ཚོ་བོད་རིགས་ཤིག་ཡིན་པའི་ཆ་ནས་ཉེ་ཆར་པེ་ཅིང་ནང་ངོ་རྒོལ་གྱི་འཕྲེད་དར་འཕྱར་མཁན་རྒྱ་རིགས་མི་སྣ་དེས་སེམས་ངལ་དང་སུན་གཙེར་ཚོར་ཐུབ་ཀྱི་ཡོད་པ་དང་དེའི་ནང་ནས་དམིགས་བསལ་ཞི་ཅིན་ཕིང་གི་གཉན་རིམས་ཀླད་ཀོར་གྱི་སྲིད་བྱུས་འོག་བོད་ནང་གི་བོད་མི་མང་དག་ཅིག་གི་ཚེ་སྲོག་ཤོར་བ་དང་ཤིན་ཅང་ནང་གི་ཁ་ཆེ་གྲངས་ཉུང་མི་རིགས་ཚོར་བཟོད་དཀའ་བའི་ཆེས་ངལ་བ་བཟོ་བཞིན་པ་མ་ཟད། ཧོང་ཀོང་གི་རང་དབང་ལ་བརྡལ་བཤིག་ཚབས་ཆེ་གཏོང་བཞིན་ཡོད་པ་བཅས་འགྲེལ་བརྗོད་གནང་སྟེ་ང་ཚོ་དེ་རིང་ཟམ་ཆེན་འདིར་འདུ་འཛོམས་ཀྱིས་རྒྱ་ནག་དམར་ཤོག་ཚོགས་པ་དེ་རང་དབང་དང་དྲང་བདེན་མང་གཙོ་བཅས་ལ་ཉེན་ཁ་ཆེན་པོ་ཆགས་ཡོད་པའི་བརྡ་ལན་གནང་ཆེད་ཡིན་པ་གསུངས་ཡོད། Free Tibet ཚོགས་པའི་ངོས་ནས་ད་རེས་དབྱིན་ཡུལ་ནང་འཕྱར་བའི་འཕྲེད་དར་དེ་མཚུངས་གཞན་ཁག་ཅིག་རྒྱལ་ཁབ་གཞན་ནང་གི་ལས་འགུལ་བར་བསྐུར་ནས་དེ་འབྲེལ་ལས་འགུལ་སྤེལ་བའི་ཐོག་ནས་རྒྱ་གཞུང་གིས་རྒྱལ་སྤྱིའི་ཁྲོད་སྦས་བསྐུངས་བྱེད་བཞིན་པའི་དངོས་ཡོད་གནས་ཚུལ་ཁག་མངོན་གསལ་གནང་དགོས་པའི་གཞེན་སྐུལ་གནང་འདུག

ཨ་རི་གཞུང་གིས་རྒྱ་ནག་གིས་བོད་ཀྱི་ལོ་རྒྱུས་ལ་འཁྱོག་བཤད་ཐད་གདོང་ལེན་གནང་དགོས་པ།

ཨ་རིའི་གྲོས་ཚོགས་འཐུས་མི་གཉིས་ཀྱིས་རྒྱ་ནག་གཞུང་གིས་འདས་པའི་ལོ་མང་རིང་ནས་བོད་ཀྱི་ལོ་རྒྱུས་ལ་འཁྱོག་བཤད་བྱེད་བཞིན་ཡོད་པར་སྐྱོན་བརྗོད་དང་འབྲེལ། ཨ་རི་གཞུང་ནས་རྒྱ་ནག་གི་བྱ་སྤྱོད་དེར་གདོང་ལེན་བྱ་དགོས་པའི་ཞུ་སྐུལ་གནང་འདུགདེ་ཡང་ཉེ་སྔོན་ཟླ་ ༧ ཚེས་ ༡༣ ཉིན་ཨ་རིའི་གྲོས་ཚོགས་འོག་མར་ཡུན་རིང་ནས་བོད་དོན་རྒྱབ་སྐྱོར་གནང་མཁན་ཨ་རིའི་འཛིན་སྐྱོང་དང་གྲོས་ཚོགས་ཀྱི་རྒྱ་ནག་ཐོག་གི་ཚོགས་ཆུང་གི་ཚོགས་གཙོ། ཨ་རིའི་མང་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ JimMcgovern ལགས་དང་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་སྤྱི་མཐུན་ཚོགས་པའི་སྣེ་ཁྲིད་པ་གྲོས་ཚོགས་འཐུས་མི་སྐུ་ཞབས་ Michael McCaul ལགས་རྣམ་གཉིས་ཀྱིས་ Promoting a Resolution to the Tibet-China Conflict Act ཞེས་གྲོས་ཚོགས་ཀྱི་ཆབ་སྲིད་ཚོགས་པ་དབྱེར་མེད་ཀྱིས་རྒྱབ་སྐྱོར་ཡོད་པའི་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་ཞེས་པ་ཞིག་འདོན་སྤེལ་གནང་ཡོད་པ་ལྟར། ཟླ་བ་འདིའི་ཕྱི་ཚེས་ ༡༤ ཉིན་གྲོས་ཚོགས་འཐུས་མི་དེ་དག་གཉིས་ཀྱིས་ The Diplomat ཞེས་པའི་གསར་ཤོག་ཐོག་དཔྱད་བརྗོད་ཅིག་སྤེལ་བའི་བརྒྱུད། ཨ་རི་གཞུང་གི་ངོས་ནས་བོད་ཐོག་འཛིན་པའི་སྲིད་བྱུས་དེ་ད་ཆ་ཉམས་དམས་སུ་འགྲོ་བཞིན་པར་བློ་འཚབ་ཀྱི་རྣམ་པ་མངོན་གསལ་དང་སྦྲགས། རྒྱ་ནག་ངོས་ནས་བོད་ཀྱི་ལོ་རྒྱུས་ལ་འཁྱོག་བཤད་བྱེད་བཞིན་པ་དེར་ཨ་རིས་ངེས་པར་དུ་གདོང་ལེན་གནང་དགོས་པ་གསུངས་འདུག རྩ་བའི་ཁྲིམས་འཆར་དེའི་ནང་རྒྱལ་སྤྱིའི་ཁྲིམས་འོག་ནས་བོད་ཀྱི་གནད་དོན་དེ་དུས་ད་ལྟའང་ཐག་གཅོད་མ་ཟིན་པར་ལུས་ཡོད་པ་དང་བོད་མི་རྣམས་ལ་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཡོད་པར་ངོས་འཛིན། དེ་བཞིན་༸གོང་ས་མཆོག་གམ་མགོན་པོ་༸གང་ཉིད་མཆོག་གི་སྐུ་ཚབ་དང་ལྷན་དུ་འབྲེལ་མོལ་བསྐྱར་གསོ་མ་གནང་བ་དེ་རྒྱ་ནག་གི་ནོར་འཁྲུལ་ཞིག་ཡིན་པ་དང་། རྒྱ་ནག་གི་ལོ་རྒྱུས་ཁྲོད་བོད་ཐོག་བདག་དབང་ཡོད་སྐོར་བརྗོད་བཞིན་པ་དེ་འཁྱོག་བཤད་འབའ་ཞིག་ཡིན་པ་སོགས་འཁོད་ཡོད། གྲོས་ཚོགས་འཐུས་མི་རྣམས་གཉིས་ཀྱིས་ཐེངས་འདིའི་དཔྱད་བརྗོད་ནང་། ཨ་རི་གཞུང་གིས་བོད་དོན་ཐོག་འཛིན་པའི་སྲིད་བྱུས་དེ་ཉིད་ཉམས་དམས་སུ་འགྲོ་གི་ཡོད་པར་བརྟེན། ཁོང་རྣམ་པས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་དེ་ཉིད་གདོན་སྤེལ་གནང་བ་ཞིག་ཡིན་པ་དང་། ཁྲིམས་འཆར་དེའི་བརྒྱུད་ནས་བོད་མི་རྣམས་ལ་རང་ཐག་རང་གཅོད་ཀྱི་ཐོབ་ཐང་དང་། བོད་འདི་ཉིད་རྒྱ་ནག་རྒྱལ་ནང་གི་གནད་དོན་ལ་ངོས་འཛིན་མ་བྱས་པའི་ཐོག་གྲོས་ཚོགས་ཀྱི་ཆབ་སྲིད་ཚོགས་པ་དབྱེར་མེད་ཀྱིས་རྒྱབ་སྐྱོར་ཡོད་པའི་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་ཞིག་ཡིན་པ་བསྐྱར་ནན་གནང་འདུག དཔྱད་བརྗོད་ནང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལོ་ངོ་བཅུ་ཕྲག་མང་པོའི་རིང་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་ཐོག་བོད་རྒྱ་གཉིས་ཀྱི་དཀའ་རྙོག་སེལ་ཐབས་སླད་ཐུགས་བརྩོན་ཆེན་པོ་མཛད་ཀྱང་། རྒྱ་ནག་གིས་བོད་ཀྱི་གནས་བབ་དང་ལོ་རྒྱུས་ལ་འཁྱོག་བཤད་བྱས་པའི་སྒོ་ནས་གང་ཉིད་ཀྱི་དབུ་མའི་ལམ་གྱི་སྲིད་བྱུས་ལ་སྣང་མེད་སྐྱུར་འཇོག་བྱས་པ་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་ནས་ཀྱང་དེའི་ཐད་རྒྱ་ནག་ལ་གདོང་ལེན་རྩ་བ་ནས་མ་བྱས་པའི་ཁྲོད་རྒྱ་ནག་གིས་བོད་འདི་བཞིན་རྒྱ་ནག་རྒྱལ་ནང་གི་གནད་དོན་ཡིན་པ་དང་། ཕྱི་ཕྱོགས་ནས་དེར་ཐེ་ཇུས་བྱ་དགོས་དོན་མེད་པའི་བསྐྱར་བཤད་ཡང་བཤད་བྱས་ཡོད་ཅེས་བཀོད་འདུགམ་ཟད་ཕྱི་ལོ་ ༡༩༩༠ ཡས་མས་སུ་ཨ་རིའི་ཆབ་སྲིད་ཚོགས་པ་དབྱེར་མེད་ཀྱིས་རྒྱ་ནག་ལ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ལྷན་དུ་གྲོས་མོལ་གནང་དགོས་པའི་སྐུལ་མ་གནང་བ་དང་འབྲེལ། སྐབས་དེར་ཨ་རིས་རྒྱ་ནག་འདི་བཞིན་གྲོས་མོལ་ནང་མཉམ་ཞུགས་ཐུབ་ཐབས་སུ་བོད་འདི་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆ་ཤས་ཡིན་ཚུལ་འགྲེལ་བརྗོད་བྱེད་འགོ་བཙུགས་ཏེ་བོད་རྒྱ་གཉིས་ཀྱི་བར་འབྲེལ་མོལ་འགོ་བཙུགས་ཐུབ་པ་བྱུང་ཡོད། དེ་ལྟར་ཡང་། ཕྱི་ལོ་ ༢༠༡༠ ལོར་འདི་ཉིད་ཡོངས་སུ་མཚམས་ཆད་པ་བཅས། རྒྱ་ནག་དམར་ཤོག་གཞུང་གིས་གྲོས་མོལ་ལས་དྲག་གནོན་ཤུགས་ཆེར་བྱས་ཡོད། ཨ་རི་གཞུང་ནས་དུས་ད་ལྟའང་བོད་འདི་རྒྱ་ནག་གི་ཆ་ཤས་ཡིན་ཚུལ་གྱི་ལངས་ཕྱོགས་ཐོག་རང་སོར་གནས་ཡོད་པ་གསུངས་འདུག གྲོས་ཚོགས་འཐུས་མི་རྣམས་གཉིས་ཀྱིས་དེ་ལྟར་ན་ཨ་རིའི་གནད་ཡོད་མི་སྣ་རྣམས་ཀྱིས་བོད་འདི་རྒྱ་ནག་གི་ཆ་ཤས་རེད་ཅེས་མུ་མཐུད་བཤད་དོགས་དོན་གང་ཡིན་ཞེས་སྐྱོན་བརྗོད་དང་འབྲེལ། དེ་ལྟ་བུའི་གཏམ་གྱིས་ཨ་རིའི་ལངས་ཕྱོགས་དང་། བོད་མིའི་རང་དབང་ལ་སྣང་ཆུང་བྱེད་ཀྱི་ཡོད་སྐོར་གསལ་བཏོན་དང་སྦྲགས། རྒྱ་ནག་གིས་རྒྱུ་མཚན་དེ་དག་བརྟེན་ནས་བོད་འདི་རྒྱ་ནག་གི་ཆ་ཤས་ཡིན་པ་རྒྱབ་རྟེན་ལུང་འདྲེན་བྱེད་ཀྱི་ཡོད་པ་དེ་ལྟར་ཡང་། ཨ་རིའི་སྲིད་གཞུང་ནས་རྒྱ་ནག་གི་འཐབ་བྱུས་དེ་རྒྱུན་སྲིང་བ་མ་གཏོགས་དེར་དགག་པ་རྒྱག་ཐུབ་ཀྱིས་མེད་པས། ད་ཆ་ཨ་རི་གཞུང་ནང་གསར་དུ་ཞུགས་མཁན་གྱི་སྲི་ཞུ་བ་ཞིག་ལ་མཚོན་ན། ཐོག་མ་ཉིད་ནས་བོད་དེ་རྒྱ་ནག་གི་ནང་སྲིད་ཀྱི་གནད་དོན་ཞིག་ཡིན་པར་ངོས་འཛིན་ཐོག་འཛུལ་ཞུགས་བྱེད་ཀྱི་ཡོད་པ་དང་། དེ་ནི་རྒྱ་ནག་གི་འདོད་དོན་གྲུབ་པ་ཞིག་ཆགས་ཀྱི་ཡོད་པའི་སྐྱོན་བརྗོད་གནང་འདུག དཔྱད་བརྗོད་ཀྱི་མཐའ་སྡོམ་དུ་རྒྱ་ནག་གིས་བོད་དེ་གནའ་རབས་ནས་ཡུལ་དེའི་ཆ་ཤས་ཡིན་ཚུལ་བརྗོད་བཞིན་པ་དེ་ནི་རྒྱ་ནག་དམར་ཤོག་ཀྱི་དབང་འགྱུར་རྒྱ་སྐྱེད་དང་། མང་ཚོགས་ཀྱི་གཞི་རྩའི་རད་དབང་། རང་ཐག་རང་གཅོད་ཀྱི་ཐོབ་ཐང། དེ་བཞིན་རང་སྐྱོང་ཀྱི་ཁེ་དབང་བཙན་འཕྲོག་བྱ་ཐབས་ཀྱིས་རྒྱལ་ཁམས་རིང་ལུགས་གསར་མ་ལྟ་བུ་ཞིག་ཡིན་པ་དང་། དེ་ནི་ཐའེ་ཝན་དང་ཤིན་ཅང། ཧོང་ཀོང་། དེ་བཞིན་བོད་བཅས་ཀྱི་ནང་ཁྱབ་བཞིན་པར་འགྲེལ་བརྗོད་དང་འབྲེལ། ཨ་རིའི་གཞུང་ངོས་ནས་བོད་མིའི་རང་ཐག་རང་གཅོད་ཀྱི་འཐབ་རྩོད་ལ་རྒྱབ་སྐྱོར་གནང་དགོས་པ་མ་ཟད། རྒྱ་ནག་གིས་བོད་ཀྱི་ལོ་རྒྱུས་ལ་འཁྱོག་བཤད་བྱེད་བཞིན་པ་དེར་བརྒྱུད་སྐུལ་བྱ་རྒྱུ་མཚམས་འཇོག་གིས་དེར་གདོང་ལེན་དགོས་པའི་ཞུ་འབོད་གནང་བ་དང་ཆབས་གཅིག དེ་ལྟར་ཡོང་བར་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་གཏན་འབེབས་དགོས་གལ་སྐོར་གསུངས་འདུག

རྒྱ་ནག་གཞུང་ཚབ་ལས་ཁང་གི་ལས་མི་ཚོས་ཧོང་ཀོང་གི་ལས་འགུལ་བ་དྲུད་དེ་ཉེས་རྡུང་བཏང་བ།

དབྱིན་ཡུལ་གྱི་ Manchester ས་ཁུལ་དུ་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ཁང་གི་ལས་མི་ཁག་ཅིག་གིས་ཧོང་ཀོང་མང་གཙོ་དོན་གཉེར་བའི་ལས་འགུལ་བ་ཞིག་གཞུང་ཚབ་ལས་ཁང་གི་ར་བར་དྲུད་དེ་ཉེས་རྡུང་བཏང་ཡོད་སྟབས་བོད་རང་བཙན་དང་དབྱིན་ཡུལ་བོད་རིགས་ཚོགས་པས་སྐྱོན་བརྗོད་གནང་སྟེ་དབྱིན་ཡུལ་གཞུང་གིས་དོན་རྐྱེན་དེ་སྣང་མེད་དུ་འཇོག་རྒྱུ་མེད་ཅེས་གསུངས་འདུག ཁ་སྔོན་རེས་གཟའ་ཉི་མའི་ཉིན་རྒྱ་ནག་དམར་ཤོག་ཚོགས་ཆེན་ཐེངས་ ༢༠ པ་འགོ་བཙུགས་དང་བསྟུན་ཧོང་ཀོང་གི་ལས་འགུལ་བ་ཁག་ཅིག་གིས་མེན་ཅེས་ཊར་དུ་ཡོད་པའི་རྒྱ་ནག་གཞུང་ཚབ་ལས་ཁང་མདུན་དུ་ཞི་ཅིན་ཕིང་གི་པར་རིས་ཆེན་པོ་ཞིག་འགྲེམས་སྟོན་གྱིས་ངོ་རྒོལ་འབོད་ཚིག་འཁོད་པའི་འཕྲེད་དར་འཕྱར་ཏེ་ལས་འགུལ་སྤེལ་སྐབས་རྒྱ་ནག་གཞུང་ཚབ་ལས་ཁང་གི་ལས་མི་ཁག་ཅིག་གིས་ལས་འགུལ་བ་ཞིག་གཞུང་ཚབ་ལས་ཁང་གི་ར་བ་ནང་དུ་དྲུད་དེ་ཉེས་བརྡུང་བཏང་བའི་གནས་ཚུལ་ཐོན་ཡོད། ལས་འགུལ་བ་དེས་བྷི་བྷི་སི་གསར་ཁང་ལ་ང་ཚོས་ལས་འགུལ་སྤེལ་སྐབས་སུ་རྒྱ་ནག་གཞུང་ཚབ་ལས་ཁང་ནས་མི་ཁག་ཅིག་ཐོན་ཏེ་ངོ་རྒོལ་དང་འབྲེལ་བའི་པར་རིས་རྣམས་གཏོར་བཅོམ་བཏང་བར་བཀག་ཐབས་བྱེད་སྐབས་ཁོ་ཚོས་ང་ནང་ལོག་ལ་དྲུད་དེ་ཉེས་བརྡུང་བཏང་སོང་ཞེས་འགྲེལ་བརྗོད་གནང་འདུག རྒྱ་ནག་གཞུང་ཚབ་ལས་ཁང་གི་ལས་མི་ཚོས་བྱེད་སྟངས་དེ་ཐབས་སྡུག་དང་དབྱིན་ཡུལ་ནང་སོ་སོས་གང་བཤད་རང་དབང་ཡོད་ཅེས་གསུངས་འདུག དབྱིན་ཡུལ་གཞུང་ནས་གནད་དོན་དེར་ཐུགས་འཚབ་ཀྱི་རྣམ་པ་ཆེད་བཏོན་གནང་ཡོད་པ་དང་ས་གནས་ཉེན་རྟོག་པས་ཀྱང་ཞིབ་འཇུག་དབུ་འཛུགས་གནང་ཟིན་སྐོར་གསལ་འདུག དབྱིན་ཡུལ་རྙིང་ཞེན་ཚོགས་པའི་འགོ་ཁྲིད་ཟུར་པ་གྲོས་ཚོགས་འཐུས་མི་སྐུ་ཞབས་ Iain Duncan Smith  ལགས་ཀྱིས་འཕྲུལ་སྒྲ་ཐོག་དབྱིན་ཡུལ་གཞུང་གིས་རྒྱ་ནག་གི་གཞུང་ཚབ་ཆེན་མོ་ནས་ངེས་པར་དུ་དགོངས་སེལ་ཞུ་བཅུག་དགོས་པ་དང་དོན་རྐྱེན་དེར་མཉམ་ཞུགས་བྱེད་མཁན་ཚོ་རྒྱ་ནག་ལ་ཕྱིར་ལོག་དགོས་པ་གསུངས་འདུག དེ་བཞིན་ Manchester Gorton ས་ཁུལ་ནས་འོས་འདེམས་བྱུང་བ་གྲོས་ཚོགས་འཐུས་མི་སྐུ་ཞབས་ Afzal khan ལགས་ཀྱིས་དབྱིན་ཡུལ་གྱི་ཕྱི་འབྲེལ་དྲུང་ཆེ་ James Cleverley མཆོག་གི་མཚན་ཐོག་ཏུ་ཕྱག་བྲིས་ཕུལ་ཏེ་དབྱིན་ཡུལ་ནི་རང་དབང་དང་ཁྲིམས་ཀྱི་དབང་བསྒྱུར། མང་གཙོ་བཅས་མཚོན་གྱི་ཡོད་པས་རྒྱ་ནག་གཞུང་ཚབ་ལས་ཁང་གི་ལས་མི་ཚོའི་བྱེད་སྟངས་དེ་བཟོད་ཐབས་མེད་པ་དང་། རྒྱ་ནག་གཞུང་ཚབ་ཆེན་མོར་གནད་དོན་དེའི་ཐོག་གསལ་བཤད་སླད་གང་མགྱོགས་འབོད་འགུགས་གནང་སྐྱོང་དང་དབྱིན་ཡུལ་གཞུང་གིས་དེ་འབྲེལ་ལན་འདེབས་གནང་དགོས་པ་གསུངས་འདུག འོན་ཀྱང་རྒྱ་ནག་གཞུང་ཚབ་ལས་ཁང་གི་མགྲིན་ཚབ་པས་ལས་འགུལ་བ་ཚོས་གཞུང་ཚབ་ལས་ཁང་གི་རྒྱལ་སྒོར་ཁྱད་གསོད་ཀྱི་རྣམ་པའི་ཐོག་ནས་ཞི་ཅིན་ཕིང་གི་པར་རིས་འགྲེམས་སྟོན་བྱས་ཡོད་སྟབས་བྱ་སྤྱོད་དེ་རིགས་ལ་མོས་མཐུན་རྩ་བ་ནས་མེད་ཅེས་བཤད་འདུག Free Tibet ཚོགས་པའི་སྤྱི་ཁྱབ་འགན་འཛིན་ Sam Walton ལགས་ཀྱིས་ད་ཆ་རྒྱ་ནག་གཞུང་ཚབ་ལས་ཁང་གི་ལས་མི་ཚོས་ཉེས་རྡུང་བཏང་ས་རྣམས་དབྱིན་ཡུལ་ནང་ཁྲིམས་མཐུན་ཐོག་བཞུགས་མཁན་དང་དབྱིན་ཡུལ་གྱི་མི་སེར་ཆགས་ཀྱི་ཡོད་པས་དབྱིན་ཡུལ་གཞུང་གིས་རྒྱལ་ཁབ་གཞན་ཞིག་གིས་རང་ཉིད་ཀྱི་མི་སེར་ཐོག་ཏུ་དྲག་གནོན་གྱི་བྱ་སྤྱོད་སྤེལ་བར་དམ་བསྒྲགས་གནང་དགོས་པ་དང་དབྱིན་ཡུལ་གྱི་ནང་སྲིད་དྲུང་ཆེ་ Suella Braverman ལགས་ཀྱིས་ཡོངས་གྲགས་ཐོག་ནས་གནད་དོན་དེར་སྐྱོན་བརྗོད་དང་སྦྲགས།  དོན་རྐྱེན་དེའི་ཐོག་མཉམ་ཞུགས་བྱེད་མཁན་གྱི་རྒྱ་ནག་གཞུང་ཚབ་ཀྱི་ལས་མི་རྣམས་ཕྱིར་ཕུད་གཏོང་དགོས་པ་གསུངས་འདུག དབྱིན་ཡུལ་བོད་རིགས་ཚོགས་པའི་ཚོགས་གཙོ་བསྟན་འཛིན་ཀུན་དགའ་ལགས་ཀྱིས་རྒྱ་ནག་གིས་དབང་བསྒྱུར་འོག་ཡོད་པའི་བོད་མི་དང་ཡུ་གུར་བ། ཧོང་ཀོང་བ་རྣམས་ལ་སྨྲ་བརྗོད་ཀྱི་རང་དབང་མེད་པ་དང་སྒོས་རྒྱ་ནག་གི་ཕྱི་ཕྱོགས་སུའང་ཞི་ཅིན་ཕིང་དང་རྒྱ་ནག་སྲིད་གཞུང་ལ་སྐྱོན་བརྗོད་སོགས་བྱས་ཚེ་དེར་འཁོན་ལན་ལོག་པའི་ཞེད་སྣང་འོག་བསྡད་ཀྱི་ཡོད་སྟབས་དབྱིན་ཡུལ་གཞུང་གིས་དབྱིན་ཡུལ་ནང་གནས་སྡོད་གནང་མཁན་ཚོ་རྒྱ་ནག་དམར་ཤོག་ཚོགས་པ་ལས་སྲུང་སྐྱོབ་གནང་དགོས་པ་མ་ཚད་པར་རྒྱ་ནག་དམར་ཤོག་ཚོགས་པས་དབྱིན་ཡུལ་ནང་བཙན་གནོན་ཅན་གྱི་བྱ་སྤྱོད་སྤེལ་བར་དམ་བསྒྲགས་གནང་དགོས་པ་སོགས་གསུངས་འདུག

རྒྱ་ནག་དམར་ཤོག་ཚོགས་ཆེན་འཚོགས་ཉེ་སྐབས་འདིར་ཞི་ཅིན་ཕིང་གི་སྲིད་དབང་ལ་ངོ་རྒོལ།

རིང་མིན་ཟླ་འདིའི་ཚེས་ ༡༦ ཉིན་རྒྱ་ནག་དམར་ཤོག་ཚོགས་ཆེན་ཐེངས་ ༢༠ པ་ཚོགས་ཀྱི་ཡོད་པ་ལྟར་དམར་ཤོག་ཚོགས་ཆེན་གྱི་སྔ་རོལ་དུ་ཁ་སང་པེ་ཅིན་གྱི་གྲོང་ཁྱེར་གྱི་ཟམ་ཆེན་ལ་རྒྱ་རིགས་གཅིག་གིས་ཞི་ཅིན་ཕིང་གི་སྲིད་དབང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་འདུག བརྒྱུད་ལམ་ཁག་ཏུ་དེ་འབྲེལ་གནས་ཚུལ་ཆེས་ཆེར་ཁྱབ་སྤེལ་བྱུང་བའི་ནང་རྒྱ་རིགས་ཤིག་གིས་པེ་ཅིན་གྱི་ཧཡ་ཌིཡན་གྱི་སི་ཏོང་ཟམ་ཆེན་དུ་འཕྲེད་དར་དཀར་པོ་གཉིས་འཕྱར་ཏེ་དེར་མཚོན་དམར་པོའི་ཐོག་ཞི་ཅིན་ཕིང་གི་ཏོག་དབྱིབས་གཉན་རིམས་ཀྱི་སྲིད་བྱུས་དང་མི་གཅིག་དབང་བསྒྱུར་རིང་ལུགས་ལ་ངོ་རྒོལ་དང་སྦྲགས་ཏེ། གཉན་རིམས་ཀྱི་བརྟག་དཔྱད་མི་དགོས། ཟས་དགོས། རང་དབང་དགོས། རྫུན་མི་དགོས། ཆེ་མཐོང་དགོས། རིག་གནས་གསར་བརྗེ་མི་དགོས། བཅོས་བསྒྱུར་དགོས།  འགོ་ཁྲིད་ཆེན་པོ་མི་དགོས། འོས་ཀྱི་ཐོབ་ཐང་དགོས། བྲན་གཡོག་མི་དགོས་ཞེས་སོགས་དང་དེ་བཞིན་འཕྲེད་དར་གཞན་གྱི་ཐོག་ཏུ་ལས་མཚམས་འཇོག་དགོས། སྲིད་དབང་སྒེར་འཛིན་པ་དང་རྒྱལ་ཚོང་པ་ཞི་ཅིན་ཕིང་གནས་དབྱུང་གཏོང་དགོས་ཞེས་ཆེད་བཀོད་བྱས་འདུག བརྙན་པར་དང་བརྙན་འཕྲིན་ཁག་ཏུ་ཟམ་ཆེན་དེ་ནས་དུ་བ་འཕྱུར་བ་དང་འཕྲེད་དར་ཐོག་འཁོད་པའི་འབོད་ཚིག་རྣམས་སྒྲ་འཇུག་གིས་རྒྱང་གྲགས་བརྒྱུད་བཏང་ཡོད་པ་མཐོང་རྒྱུ་འདུག བརྒྱུད་ལམ་ཁག་ནང་ངོ་རྒོལ་དང་འབྲེལ་མི་གཅིག་འཛིན་བཟུང་བྱས་པར་བཤད་འདུག་པ་མ་ཟད། China Change ཡིས་གནས་ཚུལ་སྤེལ་བར་གཞིགས་ཚེ་ངོ་རྒོལ་ལས་འགུལ་སྤེལ་མཁན་གྱི་མིང་ལ། Peng Lifa ཟེར་གྱི་ཡོད་པ་དང་། ཁོང་ནི་རྒྱ་ནག་གི་ཉམས་ཞིབ་པ་དང་དངོས་ཁམས་རིག་པའི་རྒྱབ་ལྗོངས་ཡོད་མཁན་ཞིག་ཡིན་པ་གསལ་འདུག མ་ཟད།  བརྒྱུད་ལམ་གཞན་ཁག་ནང་ཁོང་གིས་ ResearchGate ཞེས་པའི་དྲ་གནས་ཐོག་ཤོག་ངོས་ ༢༣ ཅན་གྱི་བསྒྲགས་གཏམ་ཞིག་སྤེལ་འདུག་པའི་ནང་མང་ཚོགས་རྣམ་པས་ལས་མཚམས་བཞག་སྟེ་ངོ་རྒོལ་གནང་དགོས་པ་དང་།  ཏོག་དབྱིབས་བརྟག་དཔྱད་བྱེད་ས་རྣམས་གཏོར་དགོས་སྐོར་བཤད་པའི་བྱ་སྤྱོད་དེ་དག་གཙོ་བོ་ཞི་ཅིན་ཕིང་གིས་ཁྲིམས་འགལ་ཐོག་ནས་མུ་མཐུད་སྲིད་དབང་འཛིན་རྒྱུར་བཀག་འགོག་དང་རྒྱ་ནག་དེ་བཞིན་མང་གཙོ་དང་རང་དབང་གི་ཁ་ཕྱོགས་ལ་བསྐྱོད་ཐུབ་པའི་ཆེད་ཡིན་པར་བཀོད་ཡོད་འདུག རྒྱ་ནག་གིས་དམར་ཤོག་ཚོགས་པའི་ཚོགས་ཆེན་འཚོགས་རན་པ་དང་བསྟུན་རྒྱ་ནག་ནང་དམ་བསྒྲགས་དང་ལྟ་སྲུང་ཤུགས་ཆེར་བྱེད་བཞིན་ཡོད་པ་དང་། དམ་བསྒྲགས་དེའི་ཁྲོད་ལས་འགུལ་འདི་ལྟ་བུ་སྤེལ་བར་སྤྱི་ཚོགས་དྲ་ལམ་ཐོག་ཕྱི་ནང་གཉིས་སུ་ཡོད་པའི་བོད་མི་དང་རྒྱ་རིགས། རྒྱལ་སྤྱིའི་ཁྲོད་དོ་སྣང་ཆེན་པོ་གནང་ཡུལ་དུ་གྱུར་ཡོད་ལ། མང་ཚོགས་མང་དག་ཅིག་གིས་ངོ་རྒོལ་ལས་འགུལ་སྤེལ་མཁན་དེར་བསྔགས་བརྗོད་དང་རྒྱབ་སྐྱོར་གྱི་རྣམ་པ་ཤུགས་ཆེར་ཆེད་བཏོན་གནང་ཡོད། རྒྱ་ནག་གིས་ཝི་བྷོ་དྲ་ལམ་ཐོག་སི་ཏོང་ཟམ་ཆེན་དང་། པེ་ཅིན། དེ་བཞིན་ངོ་རྒོལ་དང་འབྲེལ་ཐ་སྙད་རྣམས་འཚོལ་པར་དམ་བསྒྲགས་བྱས་ཡོད་པ་མ་ཟད། ངོ་རྒོལགྱི་ལས་འགུལ་དེར་མཆན་བཀོད་མཁན་རྣམས་ Weibo དང་ WeChat ནས་བཀག་སྡོམ་བྱས་ཡོད་པ་སོགས་གསལ་འདུག གཞི་རྩའི་རྒྱ་ནག་དམར་ཤོག་ཚོགས་ཆེན་ཐེངས་ ༢༠ སྐབས་ཞི་ཅིན་ཕིང་སྲིད་འཛིན་ལ་བསྐྱར་དུ་བསྐོ་གཞག་འབྱུང་རྒྱུར་ཚོད་དཔག་ཤུགས་ཆེ་བྱེད་བཞིན་ཡོད་པ་རེད།བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་ཀྱིས་ཐེངས་འདིའི་པེ་ཅིན་ནང་གི་ངོ་རྒོལ་དེའང་བོད་ནང་ད་བར་བོད་མི་གཅིག་རྗེས་གཉིས་མཐུད་ཀྱིས་རང་ལུས་མེར་བསྲེགས་གནང་བ་དེ་ལྟར་ནའང་། གནས་སྟངས་ཡར་རྒྱས་འགྲོ་རྒྱུ་ལས་ལྡོག་སྟེ་དམ་དུ་ཕྱིན་པ་དང་གཅིག་མཚུངས་ལྟར་ཡིན་པར་འགྲེལ་བརྗོད་དང་འབྲེལ། སྤྱིར་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གི་དབང་བསྒྱུར་འོག་མང་ཚོགས་ཁྲོད་གཞུང་ལ་འདོད་བློ་མ་ཁེངས་པ་དང་། མི་དགའ་བའི་རྣམ་པ་ཤུགས་ཆེ་ཡོད་ཀྱང་ད་ལྟའི་གནས་སྟངས་འོག་གཞུང་ལ་གྱེན་ལོག་ལྟ་བུ་ཡོང་རྒྱུ་ཁག་པོ་རེད་ཅེས་གསུངས་པ་དང་ཆབས་ཅིག དམར་ཤོག་ཚོགས་ཆེན་ཐེངས་ཉི་ཤུ་པ་བརྒྱུད་ཞི་ཅིན་ཕིང་གི་དབང་ཆ་དེ་བས་སྲ་བརྟན་དུ་འགྲོ་ངེས་ཡིན་སྟབས། གཙོ་བོ་རྒྱལ་སྤྱིའི་གནས་སྟངས་དང་དེས་རྒྱ་ནག་གཞུང་མང་ཐོག་ཤུགས་རྐྱེན་ཇི་ཡོད་ལ་རག་ལས་ཀྱི་ཡོད་སྐོར་གསུངས་སོང་།

སྐུ་ཞབས་ Adrian Zenz ལགས་དང་བོད་ཀྱི་གློག་བརྙན་དུས་སྟོན་ལ་གངས་སེང་གཟེངས་རྟགས་འབུལ་ལམ་ཞུ་རྒྱུ།

རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ Snow Lion human rights prize ཞེས་གངས་སེང་འགྲོ་བ་མིའི་ཐོབ་ཐང་གི་གཟེངས་རྟགས་ཆེས་ཐོག་མ་འདི་མི་རྒྱུད་དཔྱད་རིག་པ་དང་རྒྱ་ནག་ཐོག་གི་ཉམས་ཞིབ་པ་སྐུ་ཞབས་ Adrian Zenz ལགས་དང་བོད་ཀྱི་གློག་བརྙན་དུས་སྟོན་གོ་སྒྲིག་པ་གཉིས་ལ་འབུལ་ལམ་ཞུ་རྒྱུ་རེད་འདུག རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ལས་འགུལ་ཁང་གི་འཇར་མ་ནིའི་ཡན་ལག་གིས་གངས་སེང་འགྲོ་བ་མིའི་ཐོབ་ཐང་གི་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྟོན་དེ་སང་ཚེས་ ༡༥ ཉིན་རྒྱལ་ས་ Berlin ཁོར་ཡུག་གླེང་སྟེགས་བརྒྱུད་འབུལ་ལམ་ཞུ་རྒྱུ་དང་མཛད་སྟོན་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་དབུས་པའི་སྐུ་མགྲོན་མི་སྣ་བརྒྱ་སྐོར་ཞིག་ལྷན་ཞུགས་གནང་གི་ཡོད་པ་དང་། འཇར་མ་ནིའི་གསར་འགོད་པ་གྲགས་ཅན་ལྕམ་ Gisela Steinhauer ལགས་ཀྱི་ངོས་ནས་མཛད་རིམ་གཙོ་སྐྱོང་གནང་གི་ཡོད་པ་རེད། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་གངས་སེང་གཟེངས་རྟགས་བརྒྱུད་བོད་དང་ཤིན་ཅང་། རྒྱ་ནག ནང་སོག ཧོང་ཀོང་། ཐེ་ཝན་བཅས་ཀྱི་འགྲོ་བ་མིའི་ཐོབ་ཐང་གཙོ་བོར་གྱུར་པའི་སྤྱི་ཚོགས་དང་ཆབ་སྲིད། རིག་གཞུང་སྲུང་སྐྱོབ་ཐད་སྐུ་ངལ་འཛེམས་མེད་ཀྱིས་སྐུ་ལས་བསྐྱོན་མཁན་གྱི་ཚོགས་སྒེར་ཁག་གི་ཆོད་སེམས་ལ་ཡིད་རང་བསྔགས་བརྗོད་ཞུ་ཕྱིར་གནང་གི་ཡོད་པ་དང་། གཟེངས་རྟོགས་བཞེས་མཁན་ལ་ཡོ་རོབ་སྒོར་མོ་ སྟོང་གསུམ་གནང་གཏན་ཁེལ་འདུག རྒྱ་ནག་ཐོག་ཉམས་ཞིབ་གནང་མཁན་སྐུ་ཞབས་ Adrian Zenz ལགས་ཀྱིས་ད་བར་ཤིན་ཅང་ནང་རྒྱ་གཞུང་གིས་ཡུ་གུར་མི་རིགས་ཚོའི་འགྲོ་བ་མིའི་ཐོབ་ཐང་ལ་གདལ་བཤིག་བཏང་བའི་ཛ་དྲག་གི་གནས་ཚུལ་ཁག་སྤེལ་ཡོད་པ་མ་ཚད་པར་འདས་པའི་ལོ་མང་རིང་རྒྱ་ནག་གི་གཞུང་འབྲེལ་དྲྭ་རྒྱ་སོགས་ཀྱི་ཐོག་ཉམས་ཞིབ་གནང་བ་བརྒྱུད་རྒྱ་གཞུང་གིས་ཤིན་ཅང་ནང་ངལ་རྩོལ་གྱི་ལས་གཞི་ལག་བསྟར་བྱས་པའི་ཁོངས་སུ་ཡུ་གུར་མི་མང་སྟོང་ཕྲག་མང་པོ་རྒྱ་ནག་གིས་བཀག་བསྐྱིལ་ཁང་དུ་བཅུག་ནས་ངལ་རྩོལ་བྱེད་དུ་བཅུག་པ་དང་དེ་བཞིན་བཙན་དབང་གིས་སྲིང་བལ་གྱི་ཞིང་ལས་བྱེད་བཅུག་ཡོད་པ་བཅས་ཐེར་འདོན་གནང་མཁན་ཉམས་ཞིབ་པ་ཆེས་ཐོག་མ་ཆགས་ཡོད། ལྷག་དོན་སྐུ་ཞབས་ Adrian ལགས་ཀྱིས་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་དུའང་བོད་ཀྱི་ཞིང་འབྲོག་མང་ཚོགས་འབུམ་ལྔ་ཙམ་རྒྱ་ནག་གཞུང་གི་དམག་གི་རང་བཞིན་ལྡན་པའི་སྦྱོང་བརྡར་ལྟེ་གནས་ཁང་དུ་ཁྲིད་ནས་སྦྱོང་བརྡར་སྤྲད་ཡོད་པ་དང་། དེའི་ཁོངས་ནས་བོད་མི་ཁྲི་ལྔ་ཙམ་བོད་ནང་ངལ་རྩོལ་ཆེད་བགོ་འགྲེམས་དང་། གཞན་སྟོང་ཕྲག་ཁ་ཤས་ཤིག་རྒྱ་ནག་གི་རས་ཀྱི་བཟོ་གྲྭ་ལ་སོགས་པའི་ས་ཞིང་འདེབས་ལས་ཀྱི་བཟོ་གྲྭ་དང་རྒྱ་ནག་གི་ས་གནས་གཞན་ཁག་ལ་ཆེད་གཏོང་བྱས་ཡོད་སྐོར་མངོན་གསལ་གནང་ཡོད།སུད་སི་ནང་ཚོགས་སྲོལ་ཡོད་པའི་བོད་ཀྱི་གློག་བརྙན་དུས་སྟོན་དེ་ནི་ཐོག་མར་ཕྱི་ལོ་ ༢༠༠༨ པེ་ཅིང་ཨོ་རྩལ་འགྲན་ཚོགས་སྐབས་ལོ་དེར་བོད་ནང་ཆེད་སྐྱོད་ཀྱིས་འཇིགས་བྲལ་གློག་བརྙན་ཞེས་པ་བཟོ་སྐྲུན་གནང་རྗེས་དོན་གྲུབ་དབང་ཆེན་ལགས་རྒྱ་ནག་གཞུང་གིས་འཛིན་བཟུང་བཙོན་འཇུག་བྱས་ཡོད་སྟབས། སུད་སི་གནས་སྡོད་ཁོང་གི་སྤུན་ཆེད་འཇམ་དབྱངས་ཚུལ་ཁྲིམས་ལགས་ཀྱིས་དོན་གྲུབ་དབང་ཆེན་ལགས་ཀྱི་ཕུགས་བསམ་དང་བོད་ནང་གི་བོད་མིའི་མངོན་འདོད་རྣམས་རྒྱལ་སྤྱིའི་ཐོག་གློག་བརྙན་ལམ་ནས་དྲིལ་བསྒྲགས་ཀྱི་གོ་རྟོགས་སྤེལ་ཆེད་ དབུ་འཛུགས་གནང་བ་ཞིག་ཡིན་པ་རེད། རྩ་བའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འཇར་མ་ནིའི་ཡན་ལག་གིས་ Snow Lion འམ་གངས་སེང་གཟེངས་རྟགས་དེ་བོད་དོན་དང་སྒོས་བོད་ནང་གི་གནས་སྟངས་སྐོར་རང་དབང་ཐོག་ནས་གནས་ཚུལ་ལེགས་ཤོས་སྤེལ་མཁན་གསར་འགོད་པ་རྣམས་ལ་ཆེ་བསྟོད་ཀྱི་ཚུལ་དུ་འབུལ་ལམ་ཞུ་སྲོལ་ཡོད་པ་དང་། འདི་ལོའི་གཟེངས་རྟགས་ཀྱི་མཚན་བྱང་ལ་གངས་སེང་འགྲོ་བ་མིའི་ཐོབ་ཐང་གི་གཟེངས་རྟགས་ཞེས་བཅོས་འདུག པར་ཁག་སྤྱི་ཚོགས་དྲ་རྒྱ།

Latest news