Tibetan Royal Year of 2151 | Year of the Wood Dragon

རྒྱལ་སྤྱི།

ལྕམ་སྐུ་ Bachelet ལ་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཆེ་མཐོང་སྲུང་པའི་ཐོག་བོད་ལ་བསྐྱོད་དགོས་པའི་ཞུ་སྐུལ།

བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་གཙོ་འཛིན་མཆོག་གིས་བོད་ཀྱི་གནད་དོན་ཐོག་ཁ་ཁུ་སིམ་པོར་བཞུགས་བཞིན་པར་བློ་འཚབ་ཀྱི་རྣམ་པ་ཆེད་འདོན་དང་སྦྲགས། གཙོ་འཛིན་མཆོག་རིང་མིན་རྒྱ་ནག་ཏུ་འཚམས་གཟིགས་ལ་ཕེབས་པའི་སྐབས་བོད་ལ་ངེས་པར་དུ་ཕེབས་དགོས་པ་མ་ཟད། འཚམས་གཟིགས་དེ་བཞིན་རང་དབང་དང་དོན་སྙིང་ལྡན་པ། དེ་བཞིན་ཡིད་ཆེས་འཕེར་བ་ཞིག་བཟོ་དགོས་ཀྱི་རེད་ཅེས་ཞུ་འབོད་གནང་འདུག དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལས་ཁུངས་ཀྱི་ངོས་ནས་དེ་གའི་དྲྭ་གནས་ཐོག་གསར་འགོད་གསལ་བསྒྲགས་ཤིག་འདོན་སྤེལ་གནང་བའི་ནང་དུ།ད་ཆ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་གི་གཙོ་འཛིན་ལྕམ་སྐུ་Michelle Bachelet མཆོག་ཤིན་ཅང་གཙོས་རྒྱ་ནག་གི་དབང་བསྒྱུར་འོག་ཡོད་པའི་ས་ཁུལ་གཞན་ཁག་གི་ནང་གཟིགས་སྐོར་དུ་ཕེབས་འཆར་ཡོད་པ་དེའི་བརྒྱུད་ནས་འགྲོ་བ་མིའི་ཐོབ་ཐང་ལ་རྟོག་ཞིབ་དང་ས་གནས་དེའི་མི་མང་གི་དཀའ་ངལ་ངོ་མ་གང་ཡིན་སེལ་ཐུབ་པའི་ཐུགས་རེ་གནང་གི་ཡོད་སྐོར་གསུངས་པ་དང་དུས་མཚུངས། ད་ཆ་རྒྱ་ནག་གི་རྒྱ་བསྐྱེད་རིང་ལུགས་ཀྱི་སྲིད་བྱུས་ཉིན་རེ་བཞིན་རྒྱ་ཁྱབ་ཇེ་ཆེར་འགྲོ་བཞིན་པའི་ཁྲོད་འདིར།གཙོ་འཛིན་མཆོག་ནས་ཐེངས་འདིའི་འཚམས་གཟིགས་སྐབས་བོད་ཀྱི་གནད་དོན་ལ་སྣང་མེད་སྐྱུར་འཇོག་གནང་བ་ཡིན་ན། དེས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་གྱི་དཀའ་ངལ་ཕྱོགས་ཡོངས་ནས་སེལ་རྒྱུར་འགོག་རྐྱེན་དང་ཉེན་ཁ་ཞིག་ཆགས་ངེས་ཡིན་པར་གསུངས་འདུག ལྷག་དོན་གསར་འགོད་གསལ་བསྒྲགས་དེའི་ནང་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་གིས་སྒྲིག་འཛུགས་འདིའི་ངོས་ནས་དེ་སྔ་ལྕམ་སྐུ་མཆོག་ལ་བོད་ནང་ངེས་པར་གཟིགས་སྐོར་དུ་ཕེབས་དགོས་པའི་ཞུ་ཡིག་གཅིག་ཕུལ་ཡོད་ཀྱང་ད་བར་ལྕམ་སྐུ་མཆོག་གིས་བརྡ་ལན་ཁ་གསལ་ཞིག་གནང་མེད་པར་ཧ་ཅང་བློ་འཚབ་བྱུང་ཞེས་དང་།  ད་ལྟའི་གཙོ་འཛིན་མཆོག་ནས་དེ་སྔའི་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་གཙོ་འཛིན་རྣམ་པ་ནང་བཞིན་མ་ཡིན་པར་རྒྱ་གཞུང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བཞིན་པའི་སྐོར་གླེང་སློང་གནང་གི་མེད་པའི་ཐད་ལ་དམིགས་བསལ་གྱི་བློ་འཚབ་ཡོད་པ་གསུངས་པ་དང་འབྲེལ།  ལྕམ་སྐུ་མཆོག་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ལ་སྔར་ལྷག་རྟོག་ཞིབ་དང་ཡང་སྒོས་དྲག་གནོན་གྱི་སྲིད་བྱུས་དག་མཚམས་འཇོག་ཡོང་སླད་དམིགས་བསལ་འགན་འཁུར་ཡོད་པ་གསུངས་འདུག མ་ཟད་བཀའ་བློན་མཆོག་གིས་རྒྱ་ནག་གི་དབང་བསྒྱུར་འོག་ཡོད་པའི་ས་ཁུལ་གཞན་ཁག་གི་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་གི་ཆེད་དུའང་བཟང་ཕྱོགས་ཀྱི་བརྡ་ལན་དང་རེ་བ་ཞིག་ངེས་པར་བསྐྲུན་རྒྱུའི་དུས་ལ་འབབ་ཡོད་པ་འགྲེལ་བརྗོད་དང་འབྲེལ། ལྕམ་སྐུ་Bachelet མཆོག་གིས་ཐེངས་འདིའི་འཚམས་གཟིགས་ཁྲོད་བོད་ལ་ངེས་པར་དུ་ཕེབས་དགོས་པ་དང་།འཚམས་གཟིགས་དེ་དག་རང་དབང་དང་དོན་སྙིང་ལྡན་པ།དེ་བཞིན་ཡིད་ཆེས་འཕེར་བ་ཞིག་བཟོ་དགོས་ཀྱི་རེད་ཅེས་ཞུ་འབོད་གནང་འདུག བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱིས་གསར་འགོད་གསལ་བསྒྲགས་ནང་ད་དུང་བོད་ནང་གི་རང་ལུས་མེར་བསྲེགས་ཀྱི་གནད་དོན་དང་། འབྲོག་པ་གཞི་སྤོིས།དེ་བཞིན་བོད་པའི་སློབ་གྲྭ་ཁག་བཙན་གྱིས་སྒོ་བརྒྱབ་བཅུག་བཞིན་པ་སོགས་ཀྱི་གནད་དོན་ཁག་གཅིག་གསལ་འདོན་དང་འབྲེལ། བོད་ནང་གི་གནས་སྟངས་ཉིན་རེ་བཞིན་ཇེ་ཞན་ཇེ་སྡུག་ཏུ་སོང་ཞིང་བོད་ཀྱི་སྲོལ་རྒྱུན་རིག་གཞུང་དང་ངོ་བོ་རྣམས་རིམ་བཞིན་རྩ་བརླག་ཏུ་འགྲོ་བཞིན་པའི་ཁྲོད་འདིར་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གཙོ་འཛིན་མཆོག་གིས་བོད་ནང་གི་ཛ་དྲག་གི་དངོས་ཡོད་གནས་སྟངས་ལ་དོན་ཕན་ལྡན་པའི་སྒོ་ནས་རྟོག་ཞིབ་ནན་མོ་གནང་རྒྱུ་ནི་དུས་ཀྱི་དགོས་མཁོར་གྱུར་ཡོད་པ་དང་།དེའི་ཆེད་ལྕམ་སྐུ་མཆོག་བོད་ལ་ངེས་པར་དུ་ཕེབས་དགོས་ཀྱི་ཡོད་པ་གསུངས་འདུག དེའི་ཁྲོད་ཡོ་རོབ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ Kai Mueller ལགས་ཀྱིས་ཀྱང་ཐེངས་འདིའི་ལྕམ་སྐུ་ Michelle མཆོག་གིས་ཕྱི་གསལ་ནང་གསལ་གྱི་རང་བཞིན་མིན་པའི་རྒྱ་ནག་གི་གཟིགས་སྐོར་འདིའི་ཐད་དང་སྒོས་རྒྱ་གཞུང་གིས་ད་ཆ་ཡུལ་དེའི་ནང་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་ཇེ་ཆེར་འགྲོ་བཞིན་པའི་སྔོན་འགོག་བྱེད་ཐབས་ལ་ཁ་གཡར་ནས་འགྲོ་བ་མིའི་ཐོབ་ཐང་གཙོ་འཛིན་མཆོག་གི་བསྐོར་བསྐྱོད་དེའི་སྐབས་ཁོང་ལ་ཤིན་ཅང་གི་བཀག་སྐྱིལ་དང་སློབ་གསོ་ལྟེ་གནས་ཁང་དུ་བསྐྱོད་ནས་ཆབ་སྲིད་བཙོན་པ་རྣམས་དང་དོན་དང་ལྡན་པའི་ཐུགས་འཕྲད་བྱ་རྒྱུར་བཀག་འགོག་བྱ་སྲིད་པའི་ཐད་ལ་ཆེས་སེམས་འཚབ་ཀྱི་རྣམ་པ་ཆེད་བཏོན་གནང་སྟེ། རྒྱ་ནག་ངོས་ནས་ཐེངས་འདིའི་གཟིགས་སྐོར་དེ་བཞིན་བོད་གཙོས་ཤར་ཏུར་ཀིས་ཏན་དང་རྒྱ་ནག་ཁྱོན་ཡོངས་ཀྱི་འགྲོ་བ་མིའི་ཐོབ་ཐང་གདལ་བཤིག་ཚབས་ཆེ་གཏོང་གི་ཡོད་པ་དེ་འབད་སྐུང་བྱ་ཆེད་ཆབ་སྲིད་ཀྱི་ལག་ཆ་ལྟ་བུར་བེད་སྤྱོད་བྱེད་སྲིད་པ་མ་ཟད།ཕུགས་རྒྱང་རིང་པོིའི་ཐོག་ནས་གཟིགས་པ་ཡིན་ན།ལྕམ་སྐུ་མཆོག་གི་ད་ལྟའི་བསྐོར་བསྐྱོད་དེ་ཉིད་ཀྱིས་རྒྱ་ནག་གི་འགོ་ཁྲིད་རྣམས་ཀྱིས་ཧན་མི་རིགས་མ་ཡིན་པའི་གྲངས་ཉུང་མི་རིགས་ཀྱི་རིག་གཞུང་དང་ངོ་བོ་རྩ་བརླག་གཏོང་བཞིན་པའི་རྩོལ་བ་ཤུགས་ཆེ་རུ་གཏོང་སྲིད་པ་དང་། ལྷག་དོན་ཐེངས་འདིའི་གཟིགས་སྐོར་ཁ་ལ་འཁྱེར་ནས་མ་འོངས་ལོ་བཅུ་དང་ཡང་ན་ཉི་ཤུའི་ནང་དེ་ལྟ་བུའི་རྒྱལ་ཚོགས་ཀྱི་བསྐོར་བསྐྱོད་གཞན་ལ་མུ་མཐུད་ངོས་ལེན་མི་བྱེད་རྒྱུའི་ལམ་ཁ་ཞིག་ཆགས་ངེས་ཡིན་པར་ནན་བརྗོད་གནང་འདུག

རྒྱ་ནག་སླར་དམིགས་བསལ་བློ་འཚབ་བྱ་ཡུལ་གྱི་རྒྱལ་ཁབ་ཁོངས་སུ་མིང་འབོད།

ཉེ་ཆར་ཕྱི་ཚེས་ ༢༥ ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༢༡༌༢༢ བར་གྱི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་གནས་བབ་དང་འབྲེལ་བའི་ལོ་འཁོར་སྙན་ཐོ་ནང་རྒྱ་ནག་གཞུང་གིས་ཡུལ་དེའི་མི་སེར་རྣམས་ཀྱི་ཆོས་དང་རང་དབང་ཁག་མུ་མཐུད་བརྩི་མེད་བཏང་བར་མངོན་གསལ་གྱིས་རྒྱ་ནག་དེ་སླར་དམིགས་བསལ་བློ་འཚབ་བྱ་ཡུལ་གྱི་རྒྱལ་ཁབ་ཁོངས་སུ་མིང་འབོད་གནང་འདུག ཤོག་གྲངས་ ༡༠༠ ཡོད་པའི་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་སྙན་ཐོ་ནང་རྒྱལ་སྤྱིའི་རྒྱལ་ཁབ་ ༢༧ ལྷག་གི་ཆོས་ཕྱོཊ་ལས་དོན་དང་འབྲེལ་བའི་རྒྱབ་ལྗོངས་ངོ་སྤྲོད་དང་། འདས་ལོར་ཆོས་དང་རང་དབང་གི་གནས་བབ་སྐོར་ཞིབ་བཀོད་གནང་འདུག་པ་དང་། རྒྱ་ནག་དང་འབྲེལ་བའི་ཚན་པའི་ཁོངས་སུ་སྤྱིར་རྒྱ་ནག་རྒྱལ་ཁབ་དེ་ཆོས་ཁས་ལེན་བྱེད་མཁན་གྱི་རྒྱལ་ཁབ་ཅིག་མིན་ཡང་། ཡུལ་དེའི་མི་སེར་གྱི་བརྒྱ་ཆ་ ༡༨ ཙམ་ནང་པ་དང་། བརྒྱ་ཆ་ ༥ ཡི་ཤུ། དེ་བཞིན་བརྒྱ་ཆ་ ༢ ཁ་ཆེའི་ཆོས་དད་པ་ཆགས་ཡོད་པ་སོགས་འགྲེལ་བརྗོད་དང་སྦྲགས། རྒྱ་གཞུང་གིས་ད་བར་ཡུལ་དེའི་ཆབ་སྲིད་ཀྱི་འགོ་ཁྲིད་རྣམས་ཆོས་ཕྱོགས་ཀྱི་ལྟ་བ་ཡོད་པ་དང་ལས་དོན་ལ་ཞུགས་པ་སོགས་ལ་དམ་དྲག་བྱས་པ་མ་ཟད། མི་སེར་རྣམས་ལ་ཆོས་ཀྱི་ལས་དོན་ཁག་ལ་ཞུགས་མི་ཆོག་པར་བཙན་བཀའ་བཏང་ཡོད་སྐོར་བཀོད་འདུག ལྷག་དོན་རྒྱ་གཞུང་གིས་འདས་ལོའི་ནང་ཆོས་ལུགས་རྒྱ་སྒྱུར་གྱི་སྲིད་བྱུས་ལག་བསྟར་བྱས་ནས་རྒྱ་ནག་སྤྱི་དང་སྒོས་བོད་གཙོས་གྲངས་ཉུང་མི་རིགས་ཀྱི་ས་གནས་ཁག་ཏུ་ཆོས་ལུགས་ཚོགས་སྡེ་ཁག་དང་རྗེས་འབྲང་པ་ཚོས་རྒྱ་ནག་དམར་ཤོག་ཚོགས་པའི་དབང་བསྒྱུར་དང་ལྟ་བར་རྒྱབ་སྐྱོར་བྱེད་དགོས་པའི་དགོས་འདུན་བཏོན་ཡོད་པ་དང་། དེ་བཞིན་དགེ་འདུན་པ་དང་མང་ཚོགས་ཀྱི་ཆོས་ཕྱོགས་ལས་དོན་ཐད་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་སོགས་མངོན་གསལ་གནང་འདུག སྙན་ཐོ་དེ་ནང་དེ་སྔ་ཕྱི་ཟླ་ ༥ ནང་རྒྱ་གཞུང་གིས་བོད་དང་འབྲེལ་བའི་རྒྱབ་ཤ་དཀར་པོའི་སྙན་ཐོ་བཏོན་པའི་ནང་དུ་ནང་བསྟན་རྒྱ་སྒྱུར་གྱི་སྲིད་བྱུས་ལ་ནན་ཏན་གསལ་བཤད་བྱས་པ་དང་། ཕྱི་ཟླ་ ༧ ནང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་བོད་དུ་བསྐྱོད་དེ་དམར་ཤོག་ཚོགས་པའི་ཆོས་ལུགས་སྲིད་བྱུས་ཆ་ཚང་བ་ལག་བསྟར་བྱ་རྒྱུའི་གལ་གནད་སྐོར་ནན་བཤད་བྱས། དེ་བཞིན་བོད་ཀྱི་ས་གནས་ཁག་ཏུ་ཡོད་པའི་རྒྱ་ནག་གི་ས་གནས་སྲིད་གཞུང་གིས་བོད་ཀྱི་དགོན་སྡེ་ཁག་གི་གྲྭ་བཙུན་རྣམས་ཀྱི་ལྟ་བ་བརྗེ་སྒྱུར་ཆེད་ཚོགས་འདུ་སྐོང་འཚོགས་བྱས་པ་མ་ཟད། བོད་མི་རྣམས་དགོན་སྡེ་ཁག་ཏུ་མཆོད་མཇལ་འགྲོ་རྒྱུར་བཀག་སྡོམ་དང་། ཆོས་ཕྱོགས་ཀྱི་མཚོན་དོན་རྣམས་གཏོར་བཅོམ་ཡོད་སྐོར་བཀོད་འདུག ཨ་རིའི་རྒྱལ་སྤྱིའི་ཆོས་ལུགས་རང་དབང་ལྷན་ཚོགས་ཀྱི་སྙན་ཐོ་ནང་ད་དུང་རྒྱ་ནག་གི་བྱེད་བབ་ཁག་ཐེར་འདོན་དང་སྦྲགས་ཏེ། རྒྱ་ནག་དེ་ནི་ཆོས་དད་རང་དབང་གི་གནས་བབ་ཐོག་ནས་དམིགས་བསལ་བློ་འཚབ་བྱ་ཡུལ་གྱི་རྒྱལ་ཁབ་ཁོངས་སུ་མིང་འབོད་གནང་འདུག་པ་དང་། དེའི་ཁོངས་སུ་ཨཕ་ག་ནིསྟན་དང་། བྱང་ཀོ་རི་ཡ། པ་ཀིསྟན། ཨུ་རུ་སུ། འབར་མ་སོགས་ཚུད་འདུག ཨ་རིའི་རྒྱལ་སྤྱིའི་ཆོས་ལུགས་རང་དབང་ལྷན་ཚོགས་ཀྱིས་ཐེངས་འདིའི་སྙན་ཐོར་ཨ་རིའི་སྲིད་གཞུང་གི་ངོས་ནས་རྒྱ་གཞུང་གིས་གོ་རིམ་ལྡན་པའི་ཐོག་ནས་ཆོས་དད་རང་དབང་བརྩི་མེད་རྡོག་རོལ་གཏོང་བཞིན་པའི་བྱ་སྤྱོད་ཁག་ངོས་འཛིན་གནང་སྟེ། རྒྱ་ནག་རྒྱལ་ཁབ་དེ་ནི་ཆེས་བློ་འཚབ་བྱ་ཡུལ་གྱི་རྒྱལ་ཁབ་ཅིག་ལ་ངོས་འཛིན་གནང་དགོས་པ་མ་ཟད། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་གཙོས་པའི་རྒྱལ་སྤྱིའི་བློ་མཐུན་རྒྱལ་ཁབ་ཁག་དང་ཟུང་འབྲེལ་གྱིས་རྒྱ་ནག་གི་བྱ་སྤྱོད་ཁག་ལ་འདྲི་རྩད་བརྒྱུད་འགན་ཁུར་གསལ་བཤད་བྱེད་བཅུག་དགོས་པ་གསུངས་འདུག རྒྱ་ནག་ནང་ཆོས་དད་རད་དབང་གཙོས་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཡར་རྒྱས་གཏོང་ཐབས་སུ་ཨ་རིའི་གྲོས་ཚོགས་ཀྱི་ངོས་ནས་གཏན་འབེབས་གནང་བའི་ཡུ་གུར་ངལ་རྩོལ་འགོག་ཐབས་ཀྱི་ཁྲིམས་ཡིག་དང་། ཨ་རིའི་བོད་དོན་རྒྱབ་སྐྱོར་གྱི་སྲིད་བྱུས་ཁག་ཨ་རིའི་འཛིན་སྐྱོང་ནས་ལག་བསྟར་གནང་ཐུབ་རྒྱུར་སྐུལ་འདེད་གནང་དགོས་པ་གསུངས་ཡོད།

རྒྱལ་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་རྒྱ་ནག་ཏུ་འབྱོར་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོང་ཐང་གཙོ་འཛིན་མཆོག་རིང་མིན་ཕྱི་ཟླ་ ༥ པའི་ནང་ཤིན་ཅང་གཙོ་གྱུར་རྒྱ་ནག་ནང་གི་འགྲོ་བ་ཐོབ་ཐང་གི་གནས་སྟངས་རྟོག་ཞིབ་སླད་ཕེབས་གཏན་ཁེལ་ཡོད་པ་དང་འབྲེལ་ཁ་ཉིན་རྒྱལ་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་རྒྱ་ནག་ནང་སྔ་རོལ་དུ་ཕེབས་འབྱོར་བྱུང་འདུག འདི་ལོའི་ཕྱི་ཟླ་ ༣ ཚེས་ ༨ ཉིན་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གཙོ་འཛིན་ལྕམ་སྐུ་ Michelle Bachlet མཆོག་ནས་རིང་མིན་ཕྱི་ཟླ་ ༥ ནང་ཤིན་ཅང་གཙོ་བོར་གྱུར་པའི་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཞན་པའི་ས་ཁུལ་ཁག་ཏུ་སྐོར་སྐྱོད་གནང་གཏན་ཁེལ་བ་ཡོངས་གྲགས་གནང་ཡོད་པའི་ཁྲོད། དེ་རིང་བརྒྱུད་ལམ་ཁག་ཏུ་དེ་འབྲེལ་གནས་ཚུལ་ཐོན་པར་ཁ་ཉིན་རེས་གཟའ་ཟླ་བའི་ཉིན་རྒྱལ་ཚོགས་ཀྱི་སྐུ་ཚབ་ཚོགས་མི་ལྔ་ལས་གྲུབ་པའི་ཚོགས་ཆུང་ཞིག་རྒྱ་ནག་ནང་ལྕམ་སྐུ་ Bachlet མཆོག་གི་སྐོར་སྐྱོད་གྲ་སྒྲིག་དང་འབྲེལ་ནས་སྔོན་ཚོད་ནས་ཕེབས་འབྱོར་གྱིས་ད་ཆ་ཁོང་རྣམས་རྒྱ་ནག་གི་ Guangzhou གྲོང་ཁྱེར་ནང་ཟུར་བཀག་གནང་བཞིན་འདུག ཚོགས་ཆུང་དེ་གཙོ་བོ་རྒྱ་ནག་གཞུང་གི་ངོས་ནས་གདན་འདྲེམ་ཞུས་དོན་ལྟར་ཕེབས་པ་ཞིག་ཆགས་ཡོད་ཅིང་། ཁོང་རྣམས་ཀྱིས་ཕྱོགས་སྐྱོད་འདིའི་ཁྲོད་ལྕམ་ Bachlet ལགས་དང་ལྷན་དུ་ཤིན་ཅང་གཙོ་བོར་གྱུར་པའི་རྒྱ་ནག་ནང་གི་ས་ཁུལ་གཞན་ཁག་ཏུ་ཕེབས་འཆར་ཡོད་པ་བཅས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་མགྲིན་ཚབ་པ་ལྕམ་ Liz Throssell ལགས་ཀྱིས་འགྲེལ་བརྗོད་གནང་འདུག རྩ་བའི་ལྕམ་སྐུ་ Michelle Bachelet མཆོག་གིས་དེ་སྔ་ཕྱི་ལོ་ ༢༠༡༨ ནས་བཟུང་ཤིན་ཅང་ནང་གི་གནས་སྟངས་རྟོག་ཞིབ་སླད་རང་དབང་ངང་སྐོར་སྐྱོད་ཀྱིས་ཡུལ་དེའི་གཞི་རིམ་མང་ཚོགས་ཀྱི་ཚོགས་སྡེ་ཁག་སོགས་ལ་བཅར་འདྲི་གནང་རྒྱུའི་འཆར་གཞི་ཡོད་སྐོར་ལ་རྒྱ་ནག་གཞུང་དང་ལྷན་དུ་གྲོས་མོལ་ཐེངས་མང་གནང་ཡོད་པ་དེ་ལྟར་ཡང་། རྒྱ་ནག་གཞུང་གིས་ད་བར་གནད་དོན་དེའི་ཐོག་གཡོལ་ཐབས་ཁོ་ན་བྱས་ཡོད་པའི་མཚམས་སུ་འདི་ལོའི་ཕྱི་ཟླ་ ༣ ཚེས་ ༨ ཉིན་ལྕམ་སྐུ་མཆོག་ནས་རིང་མིན་ལོ་འདིའི་ཕྱི་ཟླ་ ༥ ནང་ཤིན་ཅང་གཙོ་བོར་གྱུར་པའི་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཞན་པའི་ས་ཁུལ་ཁག་ཏུ་སྐོར་སྐྱོད་གནང་གཏན་ཁེལ་བ་ཡོངས་གྲགས་གནང་ཡོད་པ་རེད། རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ Wang Wenbin ཡིས་རྒྱལ་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་དེ་ཁ་ཉིན་རྒྱ་ནག་ཏུ་འབྱོར་ཡོད་པ་དང་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གཙོ་འཛིན་མཆོག་གི་འཚམས་གཟིགས་དེ་ཕན་ཚུན་འབྲེལ་ལམ་ཡར་རྒྱས་དང་མཉམ་འབྲེལ་ལ་དམིགས་པ་ཞིག་ཡིན་པ་དང་རྒྱ་གཞུང་ནས་དེ་འབྲེལ་གནད་དོན་ཁག་ཆབ་སྲིད་ཀྱི་གཡོ་འགུལ་ལ་སྤྱོད་རྒྱུར་མཐའ་གཅིག་ཏུ་ངོ་རྒོལ་ཡོད་ཅེས་བཤད་འདུག དེའི་ཁྲོད་ཁ་སང་རྒྱལ་ཚོགས་ཀྱི་གང་བྱུང་འཛིན་བཟུང་གི་གནས་སྟངས་ཐད་ལ་རྟོག་ཞིབ་གནང་མཁན་ཚོགས་ཆུང་གིས་རྒྱ་གཞུང་ནས་འགྲོ་བ་མིའི་ཐོབ་ཐང་གི་ལས་འགུལ་བ་ Zhang Baocheng ལགས་སུ་རྒྱལ་ཁབ་ཁ་བྲལ་དང་འབྲེལ་ནས་དོ་དམ་བཀག་བསྐྱིལ་བྱས་ཡོད་པར་སྐྱོན་བརྗོད་གནང་བ་དང་ཆབས་ཅིག ཚོགས་ཚུང་དེ་ཉིད་ཀྱི་ངོས་ནས་ལས་འགུལ་བ་ཁོང་ཁྲིམས་འགལ་གང་ཡང་གཟིགས་ཀྱི་མེད་སྐོར་གསུངས་པ་མ་ཟད། གྱོད་ཞིབ་སྐབས་སུ་སྐུ་ཞབས་ཁོང་ལ་ཁྲིམས་གཏུག་བྱ་རྒྱུའི་དཔང་རྟགས་གཙོ་བོ་དེ་ཁོང་གིས་དེ་སྔ་རང་གི་ Twitter དྲ་གནས་ཐོག་ཤིན་ཅང་གི་བཀག་བསྐྱིལ་ཁང་དང་འབྲེལ་བའི་ སྐྱོན་འཛུགས་གནང་བ་དེ་ཆགས་ཡོད་པར་ནན་བརྗོད་གནང་སྟེ་རྒྱ་གཞུང་ནས་སྐུ་ཞབས་ Zhang ལགས་འཕྲལ་དུ་གློད་བཀྲོལ་གཏོང་དགོས་པ་དང་ཁོང་གི་གནད་དོན་ལ་རང་དབང་ལྡན་པའི་རྟོག་ཞིབ་བྱེད་འཇུག་དགོས་པའི་འབོད་སྐུལ་ཞུས་འདུག དེ་བཞིན་རྒྱལ་ཚོགས་ཀྱི་ཞིབ་འཇུག་ཚོགས་པ་དེས་འདས་པའི་ལོ་ངོ་ ༣༠ ནང་རྒྱ་ནག་དེ་རྒྱལ་སྤྱིའི་ཁྲིམས་སྒྲིག་ལ་བརྩི་སྲུང་ཞུ་རྒྱུའི་ཁས་ལེན་བྱས་པའི་གནད་དོན་ཆིག་སྟོང་ལྷག་ལ་བརྩི་མེད་རྡོག་རོལ་གཏོང་མཁན་གྱི་རྒྱལ་ཁབ་ཆེས་སྡུག་ཤོས་གྲས་ཤིག་ཆགས་ཡོད་པ་དང་དེས་རྒྱ་ནག་ནང་གང་བྱུང་འཛིན་བཟུང་བྱེད་བཞིན་པའི་གནད་དོན་འདིར་སྒྲིག་སྲོལ་དང་མཐུན་པའི་དཀའ་ངལ་ཞིག་མཚོན་གྱི་ཡོད་པར་མངོན་གསལ་གནང་ཡོད། གཞི་རྩའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོང་ཐང་གཙོ་འཛིན་ལྕམ་སྐུ་ Michelle Bachelet མཆོག་རིང་མིན་ཕྱི་ཟླ་ ༥ ནང་ཤིན་ཅང་གཙོ་གྱུར་རྒྱ་ནག་ཏུ་སྐོར་སྐྱོད་ལ་ཕེབས་གཏན་ཁེལ་བ་དང་བསྟུན་རྒྱལ་སྤྱིའི་ཁྲོད་ཀྱི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པ་ཁག་ ༦༠ ཡིས་མཉམ་འབྲེལ་ཐོག་ལྕམ་སྐུ་མཆོག་ལ་སྔ་ལོའི་ཕྱི་ཟླ་ ༡༢ ནང་འདོན་སྤེལ་གནང་འཆར་སྐོར་གསུངས་པའི་ཤིན་ཅང་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཐོག་གི་སྙན་ཐོ་གང་མགྱོགས་འདོན་སྤེལ་དང་རྒྱ་ནག་གི་སྐོར་སྐྱོད་དེ་དོན་སྨིན་སོན་པ་ཞིག་གནང་དགོས་པའི་ཞུ་སྐུལ་གནང་ཡོད་པ་རེད།

༸པཎ་ཆེན་རིན་པོ་ཆེའི་གནས་བབ་གང་ཡིན་མངོན་གསལ་གནང་དགོས།

ཁ་སང་༸ཀུན་གཟིགས་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་སོ་གསུམ་ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་ཉིན་མོ་དང་བསྟུན་ཨ་རིའི་ཕྱི་སྲིད་ལས་ཁང་གིས་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་བ་བརྒྱུད་རྒྱ་གཞུང་ནས་༸པཎ་ཆེན་རིན་པོ་ཆེའི་གནས་བབ་གང་ཡིན་མངོན་གསལ་བྱས་པའི་ཐོག་ནས་འགྲོ་བ་མིའི་ཐོབ་ཐང་ལོངས་སུ་སྤྱོད་རྒྱུའི་ཐོབ་ཐང་ཕུལ་དགོས་ཞེས་གསུངས་འདུག ཁ་སང་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་སྐུ་ཞབས་ Ned Price ལགས་ཀྱིས་༸པཎ་ཆེན་རིན་པོ་ཆེ་མཆོག་དགུང་གྲངས་ ༣༣ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་དུས་ཆེན་དང་བསྟུན་གསར་འགོད་བསྒྲགས་གཏམ་ཞིག་ཆེད་སྤེལ་གནང་འདུག་པའི་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ངོས་འཛིན་མཛད་པའི་༸པཎ་ཆེན་རིན་པོ་ཆེ་མཆོག་དགུང་ལོ་དྲུག་ལ་ཕེབས་སྐབས་རྒྱ་གཞུང་གིས་བཙན་ཁྲིད་བྱས་ནས་ད་ལན་ལོ་ངོ་ ༢༧ འཁོར་གྱི་ཡོད་ཀྱང་ད་བར་རྒྱ་གཞུང་ནས་རིན་པོ་ཆེ་མཆོག་དང་༸སྐུ་འཁོར་ནང་མི་རྣམ་པའི་གནས་བབ་གང་འདྲ་ཡོད་མེད་ཕྱིར་བསྒྲགས་ཞུས་མེད་པར་བློ་ཕམ་ཡོད་ཅེས་གསུངས་པ་དང་སྦྲགས། རྒྱ་གཞུང་ནས་རིན་པོ་ཆེ་མཆོག་ད་ཆ་གང་དུ་ཡོད་མེད་དང་༸སྐུ་ཁམས་ཀྱི་གནས་བབ་ཇི་ལྟར་ཡོད་པ་སོགས་འཕྲལ་མར་ཡོངས་གྲགས་ཞུ་དགོས་པ་མ་ཟད། རྒྱ་གཞུང་གིས་རྒྱལ་སྤྱིའི་ཁྲིམས་སྒྲིག་ཁག་ལ་སྲུང་བརྩི་ཞུ་རྒྱུའི་ཁས་ལེན་བྱས་པ་བཞིན་༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེར་འགྲོ་བ་མིའི་ཐོབ་ཐང་དང་གཞི་རྩའི་རང་དབང་ཁག་ལོངས་སུ་སྤྱོད་རྒྱུའི་སྐུ་དབང་ཕུལ་དགོས་པའི་འབོད་སྐུལ་ཞུས་འདུག དེ་བཞིན་སྐུ་ཞབས་ Ned Price ལགས་ཀྱིས་བོད་མི་ཚོར་རྒྱ་ནག་གཞུང་ནས་ཐེ་བྱུས་གང་ཡང་མེད་པར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་གིས་དབུས་པའི་སོ་སོའི་དབུ་ཁྲིད་རྣམས་ཀྱི་ཡང་སྲིད་རྩད་གཅོད་ཞུ་རྒྱུ་དང་། ཁོང་རྣམ་པར་སློབ་གཉེར་གྱི་གོ་སྐབས་བསྐྲུན་རྒྱུའི་རང་དབང་ཕུལ་དགོས་པ་མ་ཟད། བོད་མི་ཚོར་སོ་སོའི་ཐུན་མོང་མ་ཡིན་པའི་ཆོས་དང་སྐད་ཡིག་གཙོས་པའི་ལེགས་བྱང་ཁག་མི་ཉམས་རྒྱུན་འཛིན་གནང་རྒྱུའི་གཞི་རྩའི་རང་དབང་དང་ཐོབ་ཐང་ཁག་ལ་ཨ་རིའི་གཞུང་གི་ངོས་ནས་རྒྱབ་སྐྱོར་ཞུས་དང་ཞུ་བཞིན་ཡོད་ཅེས་ནན་བརྗོད་གནང་འདུག ཁ་སང་ཕྱི་ཟླ་ ༤ ཚེས་ ༢༥ ཉིན་མོ་དེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ངོས་འཛིན་མཛད་པའི་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་༸སྐུའི་འཁྲུངས་སྐར་དུས་ཆེན་ཡིན་པ་དང་བསྟུན་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་ཌི་སིར་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ལས་ཁུངས་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་། ཨ་རིའི་རྒྱལ་སའི་ཁུལ་གྱི་བོད་རིགས་སྤྱི་མཐུན་ཚོགས་པ་བཅས་ཐུན་མོང་གི་གོ་སྒྲིག་འོག་རིན་པོ་ཆེ་མཆོག་གི་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་འདུག་པ་དང་། སྐབས་དེའི་མཛད་སྒོ་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། བཀྲིས་ལྷུན་པོ་དགོན་པའི་མཁན་ཟུར་དང་ཨཀྱཱ་རིན་པོ་ཆེ་མཆོག བཀྲིས་ལྷུན་པོའི་མཁན་རིན་པོ་ཆེ་གཟིག་རྒྱབ་རིན་པོ་ཆེ་མཆོག  དེ་བཞིན་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་གཞུང་ཚབ་ཆེན་མོ་སྐུ་ཞབས་ Rashad Hussain ལགས། རང་དབང་སྲུང་སྐྱོབ་ཚན་པའི་ཚོགས་གཞོན་ Nury Turkel ལགས། བྱང་ཨ་རི་སྐུ་ཚབ་དོན་གཅོད་དང་ཨ་རིའི་གྲོས་ཚོགས་འཐུས་མི་སོགས་ལྷན་ཞུགས་གནང་འདུགགདན་ས་བཀྲིས་ལྷུན་པོའི་༸སྐྱབས་རྗེ་མཁན་རིན་པོ་ཆེ་གཟིག་རྒྱབ་སྤྲུལ་སྐུ་མཆོག་གིས་ཁོང་ད་ལན་ཨ་རིར་ཕེབས་དོན་གཙོ་བོ་ནི་༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་གི་གནད་དོན་དང་འབྲེལ་རིན་པོ་ཆེ་མཆོག་གང་མགྱོགས་གློད་བཀྲོལ་ཡོང་ཐབས་ཆེད་ཡིན་པ་དང་ཕྱོགས་ཕེབས་དེའི་ཁྲོད་ཨ་རིའི་གྲོས་ཚོགས་འཐུས་མི་གཙོས་གནད་ཡོད་མི་སྣ་མང་དག་ཅིག་དང་ཐུག་འཕྲད་ཀྱི་གོ་སྐབས་བྱུང་དོན་ལྟར་ཁོང་རྣམས་ཀྱིས་རིན་པོ་ཆེའི་གནད་དོན་ཐད་རྒྱབ་སྐྱོར་སྔར་ལྷག་གནང་རྒྱུའི་ཞལ་བཞེས་གནང་ཡོད་སྐོར་གསུངས་པ་དང་སྦྲགས་ཏེ། འབྲེལ་ཡོད་ཚང་མར་ཐུགས་རྗེ་ཆེ་ཞེས་ཞུས་པ་དང་ཆབས་ཅིག་ཏུ་རིན་པོ་ཆེ་མཆོག་གང་མགྱོགས་གློད་བཀྲོལ་ཐོབ་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་བཞིན་གསན་བསམ་སློབ་གཉེར་མཛད་དེ་བོད་སྤྱིའི་རྩ་དོན་དང་སྒོས་འཛམ་གླིང་སྤྱིར་ཞབས་འདེགས་རླབས་པོ་ཆེ་བསྒྲུབ་ཐུབ་པའི་ཐུགས་སྨོན་འདུག ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་སྲུང་སྐྱོབ་ཚན་པའི་ཚོགས་གཙོ་གཞོན་པ་སྐུ་ཞབས་ Nury Turkel ལགས་ཀྱིས་ཁོང་སྒེར་ལ་མཚོན་ལ་བོད་མིའི་སྤྱི་ཚོགས་དང་འབྲེལ་བ་ཟབ་པོ་ཡོད་སྟབས་ཨ་རི་གཞུང་གི་སྐུ་ཚབ་ཐོག་ནས་མཛད་སྒོར་ཆེད་བཅར་ཞུས་ཡོད་ཀྱང་༸པཎ་ཆེན་རིན་པོ་ཆེའི་གནད་དོན་དེ་ཁོང་སྒེར་གྱི་གནད་དོན་ཞིག་ཀྱང་ཆགས་ཡོད་པར་མ་ཟད་ཡུ་གུར་དང་བོད་མི་གཉིས་ཀ་རྒྱ་ནག་གཞུང་གི་དྲག་གནོན་འོག་དཀའ་སྡུག་ཚད་མེད་མྱོང་མཁན་གྱི་མི་རིགས་ཤིག་ཆགས་ཡོད་པར་བརྟེན་ཁོང་ནས་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་བོད་མིའི་དཀའ་སྡུག་ལ་གདུང་སེམས་མཉམ་བསྐྱེད་ཞུས་པ་དང་འབྲེལ་བོད་དོན་ཐད་མུ་མཐུད་ནས་རྒྱབ་སྐྱོར་གང་ཐུབ་གནང་རྒྱུའི་ཆོད་སེམས་བརྟན་པོ་ཡོད་ཅེས་གསུངས་ཡོད།  དེ་བཞིན་ཁ་སང་༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་གི་༸སྐུའི་འཁྲུངས་སྐར་དང་བསྟུན་བྱེས་ཀྱི་གདན་ས་བཀྲིས་ལྷུན་པོའི་མཁན་རིན་པོ་ཆེ་གཟིག་རྒྱབ་སྤྲུལ་སྐུ་མཆོག་གིས་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་ Uzara Zaya མཆོག་དང་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་གཞུང་ཚབ་པ་ཆེན་མོ་སྐུ་ཞབས་ Rashad Hussain ལགས་དང་མཇལ་འཕྲད་ཞུས་ཏེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་ནང་ཆིབས་བསྒྱུར་མཛད་ཐབས་དང་༸པཎ་ཆེན་རིན་པོ་ཆེའི་གནད་དོན་དེ་བརྒྱུད་བསྒྲགས་རྒྱ་ཆེར་ཡོང་སླད་ཆེ་བསྟོད་ཀྱི་ངོས་འཛིན་དགོས་པ་སོགས་ཞུ་གཏུག་གནང་འདུག

༸གོང་ས་མཆོག་གིས་༸པཎ་ཆེན་རིན་པོ་ཆེའི་ཞལ་མཇལ་གསུང་ཐོས་མྱུར་དུ་ཡོང་བའི་ཐུགས་སྨོན་མཛད་འདུག

ཁ་ཉིན་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་༸ཀུན་གཟིགས་༸པཎ་ཆེན་སྐུ་ཕྲེང་བཅིུག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས་པ་དང་འབྲེལ། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཚམས་འཕྲིན་གྱི་ཕྱག་ཡིག་སྩལ་ཏེ་རིན་པོ་ཆེ་མཆོག་གི་ཞལ་མཇལ་གསུང་ཐོས་མྱུར་དུ་ཡོང་བའི་སྨོན་འདུན་ཡོད་ཅེས་བཀའ་སྩལ་མཛད་འདུག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཚམས་འཕྲིན་དེའི་ནང་གདན་ས་ཆེན་པོ་བཀྲིས་ལྷུན་པོ་ནས་གྲོང་ཁྱེར་ནིའུ་ཡོག་ཏུ་༸པཎ་ཆེན་སྐུ་ཕྲེང་བཅིུག་པའི་འཁྲུངས་སྐར་སྲུང་བརྩི་ཞུས་པར་ཡིད་སྤྲོ་དང་བཅས་བཀའ་དྲིན་ཆེ་ཞུས་པ་དང་འབྲེལ། རྒྱལ་པཎ་རིམ་བྱོན་བླ་སློབ་ཀྱི་འབྲེལ་བ་འདི་ཐུན་མོང་མིན་པ་ཞིག་ཏུ་མ་ཟད། ༸པཎ་ཆེན་སྐུ་ཕྲེང་བཅུ་པ་སྐུ་ན་ཆུང་དུས་ནས་མགོན་པོ་༸གང་ཉིད་མཆོག་དང་འབྲེལ་འདྲིས་ཟབ་པས་དམིགས་བསལ་འབྲེལ་བ་ཞིག་ཡོད་ཅེས་བཀའ་སྩལ་མཛད་འདུག ༸པཎ་ཆེན་སྐུ་ཕྲེང་བཅུ་པ་དགོངས་པ་གཞན་དོན་དུ་གཤེགས་པ་ནས་ཡང་སྲིད་རྩད་གཅོད་སོགས་༸གང་ཉིད་མཆོག་ལ་དམ་ཚིག་དང་ལོ་རྒྱུས་ཀྱིས་དཀྲིས་པའི་ལས་འགན་རྣམས་ཧུར་ཐག་གིས་བསྒྲུབས་ཀྱང་ཆབ་སྲིད་གེགས་བར་གྱི་གཞན་དབང་དུ་སོང་བ་ཕངས་པ་ལྟར་སྣང་ཡོད་པར་བཀའ་སྩལ་མཛད་དེ། ད་ལན་ཡང་སྲིད་རིན་པོ་ཆེ་དགུང་གྲངས་ ༣༣ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་རྒྱས་ཤིག་འབྲེལ་ཡོད་ཁྱེད་རྣམས་ནས་ཨ་རིའི་ནིའུ་ཡོག་ཏུ་ཚོགས་པར་བཀྲིས་བདེ་ལེགས་དང་མཆོག་སྤྲུལ་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ཀྱི་ཞལ་མཇལ་གསུང་ཐོས་མྱུར་དུ་ཡོང་བའི་སྨོན་ལམ་ཡོད་ཅེས་ཀའ་སྩལ་འདུག དེ་རིང་ཕྱི་ཟླ་ ༤ ཚེས་ ༢༥ ཉིན་མོ་སྟེ་༸ཀུན་གཟིགས་༸པཎ་ཆེན་སྐུ་ཕྲེང་བཅིུག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་ ༣༣ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་དུས་ཆེན་ཡིན་པ་དང་བསྟུན་འཛམ་གླིང་ས་ཕྱོགས་གང་སར་གནས་སྡོད་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་རྣམ་པ་འདྲ་མིན་བརྒྱུད་ནས་སྤེལ་ཏེ་སྲུང་བརྩི་ཞུ་བཞིན་ཡོད་པ་ལྟར་ཁ་ཉིན་ཕྱི་ཚེས་ ༢༣ ཉིན་གདན་ས་ཆེན་པོ་བཀྲིས་ས་ལྷུན་པོས་གོ་སྒྲིག་ཞུས་པའི་འོག་ནིའུ་ཡོག་དང་ནིའུ་འཇར་སི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཁང་ཕུན་ཚོགས་སྡེ་བཞིར་༸པཎ་ཆེན་རིན་པོ་ཆེའི་༸སྐུའི་འཁྲུངས་སྐར་སྲུང་བརྩི་གཟབ་རྒྱས་ཞུས་འདུག མཛད་སྒོ་ཐོག་གདན་ས་བཀྲིས་ལྷུན་པོའི་༸སྐྱབས་རྗེ་མཁན་རིན་པོ་ཆེ་གཟིག་རྒྱབ་སྤྲུལ་སྐུ་མཆོག་གིས་དབུས་པའི་སྐུ་མགྲོན་གཙོ་བོ་བྱང་ཨ་རི་སྐུ་ཚབ་དོན་གཅོད་དང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ཟུར་པ་དང་བཀའ་ཟུར་གཙོས་པའི་སྐུ་མགྲོན་རྣམ་པ། དེ་བཞིན་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་དང་སེར་སྐྱ་མང་ཚོགས་བཅས་ལྷན་འཛོམས་ཀྱིས་༸རྒྱལ་བ་ཡབ་སྲས་གཉིས་ཀྱི་༸སྐུ་ཕྱྭའི་ཞབས་རིམ་གསོག་སྒྲུབ་དང་མཎྡྲལ་འདེགས་འབུལ། དེ་བཞིན་སྤྲི་སྒོར་བགོས་འགྲེམས་སོགས་གནང་སྟེ་བོད་ལུགས་དང་ཕྱི་ལུགས་གཉིས་ཀྱི་ཐོག་ནས་རིན་པོ་ཆེ་མཆོག་དགུང་གྲངས་ ༣༣ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་པ་མ་ཟད། ༸སྐྱབས་རྗེ་མཁན་རིན་པོ་ཆེ་མཆོག་གིས་གདན་ས་བཀྲིས་ལྷུན་པོའི་ངོས་ནས་རིན་པོ་ཆེའི་༸སྐུའི་འཁྲུངས་ཉིན་མོར་ཡོངས་ཁྱབ་བསྒྲགས་གཏམ་སྤེལ་བ་སྒྲོག་སྦྱང་གནང་སྟེ། རྒྱ་གཞུང་ལ་ནན་ཏན་གྱིས་དོན་ཚན་གསུམ་གྱི་ཐོག་ནས་ཉེས་མེད་བཙན་འཁྲིད་བྱས་པའི་ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་ཡབ་ཡུམ་སྐུ་མཆེད་དང་ཡང་སྲིད་འཚོལ་ཞིབ་ཚོགས་ཆུང་གི་འགན་འཛིན་དང་གདན་ས་བཀྲིས་ལྷུན་པོའི་དབུ་འཛིན་གཅིག་ལྕོགས་སྐུ་ཞབས་བྱ་བྲལ་རིན་པོ་ཆེ་བཅས་འཕྲལ་དུ་གློད་བཀྲོལ་དགོས་པ་དང་། ཁོང་རྣམ་པའི་གནས་སྟངས་ཇི་ཆགས་གསལ་པོ་བཟོ་དགོས་པའི་རེ་སྐུལ་བསྐྱར་ནན་གནང་ཡོད། སྐབས་དེར་སྐུ་མགྲོན་གཙོ་བོ་བྱང་ཨ་རི་སྐུ་ཚབ་དོན་གཅོད་འབུམ་རམས་པ་རྣམ་རྒྱལ་མཆོག་གྲུབ་ལགས་ཀྱིས་དེ་རིང་ནི་བོད་མི་ཚོས་དགའ་སྐྱོ་ཟུང་འབྲེལ་གྱི་ཚོར་བའི་ཐོག་ནས་༸ཀུན་གཟིགས་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུ་རྒྱུའི་ཉིན་མོ་ཞིག་ཡིན་པ་དང་ལྷག་དོན་རྒྱ་གཞུང་གིས་འདས་པའི་ལོ་ ༧༠ རིང་བོད་མིའི་ཐོག་ཆེས་དྲག་གནོན་ཅན་གྱི་སྲིད་བྱུས་སྤེལ་ཁག་གི་ངལ་བ་ཆེས་ཆེར་མྱང་ཡོད་ཀྱང་། གཞིས་ལུས་རྒྱ་ཆེ་མང་ཚོགས་ཀྱི་ལྷག་བསམ་དང་སྙིང་སྟོབས་ཆེ་རུ་སོང་ཡོད་སྟབས་ང་ཚོས་རྗེས་སུ་ཡི་རང་ཞུས་པའི་ཐོག་ནས་རང་ཉིད་ཀྱི་འགན་འཁྲི་དང་ནུས་པ་བཅས་མཉམ་སྤུངས་ཀྱིས་རྩ་དོན་སླད་ཕྱར་གྲུ་མཉམ་འདེགས་གནང་དགོས་པ་དང་ཆབས་ཅིག བོད་མིའི་སྒྲིག་འཛུགས་ཀྱིས་ཀྱང་མུ་མཐུད་༸པཎ་ཆེན་རིན་པོ་ཆེའི་གནས་སྟངས་གསལ་བཟོ་དང་གང་མགྱོགས་གློད་བཀྲོལ་ཡོང་ཐབས་སུ་འཆར་གཞི་ལྡན་པའི་ཞུ་གཏུག་སྐོར་སྐྱོད་གནང་འཆར་ཡོད་པ་གསུངས་འདུག དེའི་ཁྲོད་ཁ་སང་ཨ་རི་ནིའུ་ཡོག་དང་ནིའུ་ཇར་སི་ས་གནས་གཞོན་ནུའི་གོ་སྒྲིག་འོག་ཁུལ་དེར་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་བོད་མི་ ༣༠ ལྷག་འདུ་འཛོམས་ཀྱིས་༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་དགུང་ལོ་ ༣༣ ལ་ཕེབས་པའི་འཁྲུངས་སྐར་དང་སྟབས་བསྟུན་རིན་པོ་ཆེ་མཆོག་གིས་དབུས་པའི་ཡབ་ཡུམ་སྐོ་འཁོར་དང་བཅས་པ་རྒྱ་གཞུང་གིས་བཙན་ཁྲིད་བྱས་ནས་གར་སོང་ཆ་མེད་དུ་གྱུར་ནས་མི་ལོ་ཧྲིལ་པོ་ ༢༧ འཁོར་བ་གློད་བཀྲོལ་དགོས་པའི་སྐད་འབོད་ལས་འགུལ་ཞིག་སྤེལ་འདུག དེ་དང་ཕྱོགས་མཚུངས་སུ་རྒྱ་གར་ནང་གི་བཙན་བྱོལ་བོད་མིའི་སྡོད་གནས་བཞུགས་སྒར་དྷརྨ་སཱ་ལཱ་གཙོས་ལ་དྭགས་དང་ལྷོ་ཕྱོགས་སོགས་ས་གནས་ཁག་ཅིག་ཏུ་རྣམ་པ་འདྲ་མིན་ཐོག་ནས་༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་གི་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་ཡོད་པ་རེད།

བོད་མི་ཁག་ཅིག་གིས་ཡུཀ་རེན་ས་མཚམས་སུ་ཡོད་པའི་སྐྱབས་བཅོལ་བར་རོགས་སྐྱོར་གནང་བ།

ད་ཆ་ཨུ་རུ་སུས་ཡུཀ་རེན་ནང་དུ་དྲག་པོའི་བཙན་འཛུལ་བྱས་ནས་ཟླ་བ་གཉིས་ལྷག་འགྲོ་བཞིན་པའི་ཁྲོད་འདིར་ཨུ་རུ་སུའི་ཕྱོགས་ནས་ཡུཀ་རེན་གྱི་གྲོང་ཁྱེར་ཁག་ཅིག་ཏུ་དངོས་སུ་འབར་རྫས་དང་གོ་མཚོན་གྱི་ལམ་ནས་གཏོར་རྒོལ་ཚབས་ཆེན་གཏོང་བཞིན་ཡོད་སྟབས་ཡུཀ་རེན་གྱི་མི་སེར་འབུམ་ཕྲག་མང་པོ་ Poland དང་ Slovakia དེ་བཞིན་ Hungary སོགས་ཉེ་འཁོར་ཁྱིམ་མཚེས་རྒྱལ་ཁབ་ཁག་ཏུ་སྐྱབས་བཅོལ་ལ་འགྲོ་དགོས་བྱུང་བ་མ་ཟད་དོན་རྐྱེན་དེའི་འོག་ད་བར་ཡུཀ་རེན་གྱི་མི་སེར་ ༤༠༠༠ ལྷག་གི་ཚེ་སྲོག་ཤོར་བ་དང་ ༥༥༠༠ ལྷག་ལ་རྨས་སྐྱོན་ཕོག་པ་བྱུང་ཡོད།ཡུཀ་རེན་ནང་དུ་ངལ་བ་འཕྲད་བཞིན་པའི་དམག་འཁྲུག་གི་དོན་རྐྱེན་ཁྲོད་ཨ་རི་གཙོས་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཡུཀ་རེན་ལ་མཚོན་ཆ་སོགས་ཀྱི་རྒྱབ་སྐྱོར་གནང་བ་དང་ཆབས་ཅིག ཨུ་རུ་སུར་དཔལ་འབྱོར་དང་ཚོང་ལས་བཀག་སྡོམ་གནང་ཡོད་པ་རེད།དེའི་ཁྲོད་སི་པེན་གྱི་གྲོང་ཁྱེར་ Barcelon ནང་རྟེན་གཞི་བྱས་པའི་བོད་ཁང་གིས་སྣེ་ཁྲིད་འོག་ཡུ་རོབ་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་གཙོས་དེ་འབྲེལ་ལས་བྱེད་གཉིས་དང་། པོཊ་ལན་ཌི་བོད་རིགས་ཚོགས་པའི་ཚོགས་མི་ཁག་ཅིག་བཅས་མཉམ་འབྲེལ་ཐོག་ཡུཀ་རེན་གྱི་ས་མཚམས་ Medyka ལ་ཆེད་ཕེབས་ཀྱིས་སྐྱབས་བཅོལ་བ་རྣམས་ལ་རོགས་སྐྱོར་གནང་འདུག རྩ་བའི་ཨུ་རུ་སུས་ཡུཀ་རེན་ལ་དྲག་པོའི་བཙན་འཛུལ་བྱས་པའི་གནད་དོན་དང་འབྲེལ་ཏེ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡུཀ་རེན་གྱི་གནས་སྟངས་ལ་ཐུགས་ཕམ་མཛད་པ་དང་སྦྲགས། གྲོས་མོལ་བརྒྱུད་ཡུཀ་རེན་ནང་ཞི་བདེ་སླར་གསོ་གནང་དགོས་པའི་གསུང་འཕྲིན་ཞིག་སྩལ་ཡོད་པ་མ་ཟད། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཀྱང་ཨུ་རུ་སུས་ཡུཀ་རེན་ནང་དུ་བཙན་འཛུལ་བྱེད་བཞིན་པའི་གནས་སྟངས་འདིས་དེ་སྔ་ ༡༩༥༠ ལོར་རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱས་པའི་གནས་སྟངས་དེ་དྲན་གསོ་གནང་ཡོད་པར་འགྲེལ་བརྗོད་དང་འབྲེལ་ཏེ། འཚེ་བའི་ལམ་ལ་བསྐྱོད་རྒྱུ་དེ་ནི་འགྲོ་བ་མི་ཞིག་གི་གནང་སྟངས་མིན་པར་མ་ཟད་དེ་ནི་ད་ལྟའི་དུས་ཚོད་དང་མི་མཐུན་པའི་བྱེད་སྟངས་ཤིག་རེད་ཅེས་དང་ཡུཀ་རེན་ལ་གང་མགྱོགས་ཞི་བདེ་སླར་གསོ་གནང་དགོས་པ་གསུངས་ཡོད།

འགྲོ་བ་མིའི་ཐོབ་ཐང་གཙོ་འཛིན་མཆོག་ནས་རྒྱ་ནག་ཐོག་སྙན་ཐོ་འདོན་སྤེལ་དང་རྒྱ་ནག་ཏུ་སྐོར་སྐྱོད་དོན་སྨིན་སོན་པ་ཞིག་གནང་དགོས་པའི་ཞུ་སྐུལ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོང་ཐང་གཙོ་འཛིན་ལྕམ་སྐུ་ Michelle Bachelet མཆོག་རིང་མིན་ཕྱི་ཟླ་ ༥ པའི་ནང་ཤིན་ཅང་གཙོ་གྱུར་རྒྱ་ནག་ནང་གི་འགྲོ་བ་ཐོབ་ཐང་གི་གནས་སྟངས་རྟོག་ཞིབ་སླད་ཁུལ་དེར་ཕེབས་གཏན་ཁེལ་བ་དང་འབྲེལ་ཏེ་རྒྱལ་སྤྱིའི་ཁྲོད་ཀྱི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པ་ཁག་ ༦༠ ཡིས་མཉམ་འབྲེལ་ཐོག་ལྕམ་སྐུ་མཆོག་ལ་སྔ་ལོའི་ཕྱི་ཟླ་ ༡༢ ནང་འདོན་སྤེལ་གནང་འཆར་སྐོར་གསུངས་པའི་ཤིན་ཅང་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཐོག་གི་སྙན་ཐོ་དེ་གང་མགྱོགས་འདོན་སྤེལ་གནང་དགོས་པ་དང་། རིང་མིན་རྒྱ་ནག་ནང་དངོས་སུ་ཕེབས་སྐབས་རང་དབང་ལྡན་པའི་རྟོག་ཞིབ་ཀྱི་འབྲུ་དོན་ཡོངས་སུ་ཚང་བའི་དོན་ལ་སྨིན་པའི་སྐོར་སྐྱོད་གནང་དགོས་པའི་ཞུ་སྐུལ་གནང་འདུག རྩ་བའི་ལྕམ་སྐུ་ Michelle Bachelet མཆོག་གིས་དེ་སྔ་ཕྱི་ལོ་ ༢༠༡༨ ཟླ་ ༩ པའི་ནང་ཤིན་ཅང་ནང་གི་གནས་སྟངས་རྟོག་ཞིབ་སླད་རང་དབང་ངང་སྐོར་སྐྱོད་གནང་འཆར་ཡོད་སྐོར་གསུངས་པ་དེ་ལྟར་ཡང་། དུས་དེ་ནས་བཟུང་ད་བར་རྒྱ་ནག་གཞུང་གིས་གནད་དོན་དེའི་ཐོག་གཡོལ་ཐབས་ཁོ་ན་བྱས་ཡོད་པའི་ཁྲོད་སྔ་ལོའི་ཕྱི་ཟླ་ ༩ པ་ནང་དུ་འགྲོ་བ་མིའི་ཐོབ་ཐང་གཙོ་འཛིན་ཁོང་གི་འབྲེལ་ཡོད་ལས་ཁུངས་ནས་རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་བཏང་དང་གཏོང་བཞིན་པའི་གནད་དོན་ཐོག་ཞིབ་འཇུག་གནང་ཟིན་གྲབས་ཡོད་སྐོར་དང་འབྲེལ། སྔ་ལོའི་ཞིབ་འཇུག་སྙན་ཐོ་དེ་ཡོངས་གྲགས་གནང་འཆར་ཡོད་སྐོར་གསུངས་ཡོད། དེ་རྗེས་ད་བར་སྙན་ཐོ་འདོན་སྤེལ་གནང་མེད་པའི་ཁར་འདི་ལོའི་ཕྱི་ཟླ་ ༣ ཚེས་ ༨ ཉིན་ལྕམ་སྐུ་མཆོག་ནས་རིང་མིན་ལོ་འདིའི་ཕྱི་ཟླ་ ༥ པ་ནང་ཤིན་ཅང་གཙོ་བོར་གྱུར་པའི་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཞན་པའི་ས་ཁུལ་ཁག་ཏུ་སྐོར་སྐྱོད་གནང་གཏན་ཁེལ་བ་ཡོངས་གྲགས་གནང་ཡོད་པ་རེད། ཁ་སང་ Human Rights Watch འམ་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་དྲ་གནས་ཐོག་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཆེ་གྲས་ཁག་དང་རྒྱ་ནག་གི་མནར་གཅོད་མྱོང་བཞིན་པའི་བོད་མི་དང་ཡུ་གུར་བ། དེ་བཞིན་ཧོང་ཀོང་སོགས་ཀྱི་ཚོགས་པ་དང་མི་རིགས་དེ་དག་གི་རྒྱབ་སྐྱོར་ཚོགས་པ་བཅས་ཁྱོན་ཚོགས་པ་ཁག་ ༦༠ མཉམ་འབྲེལ་གྱིས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གཙོ་འཛིན་ལྕམ་སྐུ་ Michelle Bachelet མཆོག་གི་མཚན་ཐོག་ལ་ཞུ་སྐུལ་གྱི་ཕྱག་བྲིས་དེ་འདོན་སྤེལ་གནང་འདུག དེ་སྔ་རྒྱལ་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་ Finonnuala Ni Aolian ལགས་ཀྱི་སྙན་ཐོ་འགོད་འབུལ་ཞུས་པའི་ནང་ཤིན་ཅང་གི་ཡུ་གུར་མང་ཚོགས་རྣམས་གསང་བའི་བཀག་ཉར་དང་བཙན་དབང་གིས་ངལ་རྩོལ་འོག་འཇོག་བཞིན་པ་སོགས་མངོན་གསལ་དང་འབྲེལ། གནད་དོན་དེ་དག་ཐོག་ཛ་དྲག་གི་ཞིབ་འཇུག་དགོས་པ་དང་། རྒྱལ་སྤྱིའི་ཁྲིམས་དང་འགལ་བའི་ཆ་རྣམས་ཐེར་འདོན་དགོས་སྐོར་གསུངས་ཡོད། དེ་བཞིན་རྒྱལ་ཚོགས་ཀྱི་དབུལ་ཕོངས་བའི་འགྲོ་བ་མིའི་ཐོབ་ཐང་གི་དམིགས་བསལ་སྐུ་ཚབ་སྐུ་ཞབས་ Philip Alston ལགས་ཀྱིས་དེ་སྔ་ཁོང་རྒྱ་ནག་ནང་སྐོར་སྐྱོད་ཕེབས་པ་དང་འབྲེལ་བའི་སྙན་ཐོ་འགོད་འབུལ་ཞུས་པའི་ནང་སྐོར་སྐྱོད་ཁྲོད་ཁོང་ལ་རང་དབང་ཐོག་མང་ཚོགས་ཀྱི་ཚོགས་ཁག་གི་སྐུ་ཚབ་རྣམ་པ་དང་ཐུག་འཕྲད་གནང་མ་བཅུག་པར་མ་ཚད་ས་གནས་གང་དུ་ཕེབས་ཀྱང་དེར་སྒྲིག་ཆས་མ་གྱོན་པའི་ཉེན་རྟོག་པ་ཡོང་བ་དང་། གང་ཟག་སུ་དང་ཐུག་འཕྲད་དང་བཀའ་མོལ་གང་གནང་བ་དེ་དག་རྒྱ་གཞུང་ལ་འཕྲལ་མར་སྙན་སེང་ཞུ་དགོས་པ་དང་། སྐབས་དེར་ཐུག་འཕྲད་བྱུང་བའི་མི་སྣ་གཅིག་ནི་རྒྱ་རིགས་ཁྲིམས་རྩོད་པ་ Jiang Tianyong ལགས་ཡིན་སྟབས་ཐུག་འཕྲད་རྗེས་སུ་ལོ་གསུམ་གྱི་རིང་འཛིན་བཟུང་བྱས་པ་མ་ཟད། ད་ལྟའང་བཟང་བཙོན་འོག་ཡོད་པ་སོགས་ལུང་འདྲེན་གྱིས་ད་བར་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་དང་རྒྱལ་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་དང་ཆེད་ལས་པ་རྣམས་ནས་རྒྱ་ནག་ནང་གི་ཆེས་ཞན་པའི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དང་སྒོས་བོད་དང་ཤིན་ཅང་ནང་དུ་བཙན་དབང་གིས་ངལ་རྩོལ་བཏང་བ། མང་ཚོགས་སྡེབས་ལ་ཆད་པ་བཏང་བ། ཁྲིམས་རྩོད་པ་དང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པ་འཛིན་བཟུང་། དེ་བཞིན་ཧོང་ཀོང་ནང་གི་ཞི་བའི་ངོ་རྒོལ་གནང་མཁན་ཐོག་དྲག་གནོན་བྱས་པ་སོགས་ཀྱི་གནད་དོན་ཞིབ་ཕྲ་ངོ་སྤྲོད་དང་འབྲེལ་དེ་དག་ཐོག་སེམས་འཚབ་ཀྱི་རྣམ་པ་མངོན་གསལ་དང་སྦྲགས། ཞིབ་འཇུག་དགོས་སྐོར་གསུངས་པ་ཐེར་འདོན་གནང་འདུག འགྲོ་བ་མིའི་ཐོབ་ཐང་ཚོགས་པ་དེ་དག་གིས་ཉེ་སྔོན་ཕྱི་ཟླ་ ༣ ཚེས་ ༨ ཉིན་གཙོ་འཛིན་མཆོག་གིས་ཁོང་ཤིན་ཅང་དུ་ཕེབས་གཏན་ཁེལ་བའི་གསལ་གྲགས་གནང་བར་དེ་སྔ་གཙོ་འཛིན་མཆོག་གི་ལས་ཁུངས་ནས་རྒྱ་ནག་ཐོག་གི་ཞིབ་འཇུག་སྙན་ཐོ་དེ་ནམ་འདོན་སྤེལ་གནང་རྒྱུ་ཡིན་མིན་སྐོར་གསལ་ཁ་གང་ཡང་གནང་མེད་པར་བློ་ཕམ་ཡོད་པ་དང་། གཙོ་འཛིན་མཆོག་ནས་ཐོག་མར་རྒྱ་ནག་ནང་དུ་སྐོར་སྐྱོད་གནང་འཆར་ཡོད་སྐོར་གསུངས་ནས་ད་ཆ་ཟླ་བ་གསུམ་དང་ཕྱེད་ཀ་ཙམ་ཕྱིན་པའི་མཚམས་འདིར་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་གྱི་ཚབས་ཆེ་བའི་གནད་དོན་དང་འབྲེལ་སྐྱོན་བརྗོད་དང་བསྒྲགས་གཏམ་སྤེལ་རྒྱུ་བཅས་ནི་སྔར་གྱི་གཙོ་འཛིན་ཚོ་དང་བསྡུར་ཚེ་འགན་ཁུར་ཉུ་བ་བཞེས་ཀྱི་ཡོད་སྐོར་གསུངས་ཡོད། རྒྱ་ནག་གཞུང་གི་ངོས་ནས་ད་བར་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གཙོ་འཛིན་ཕེབས་རྒྱུ་དེ་ཕན་ཚུན་འབྲེལ་ལམ་ཡར་རྒྱས་དང་མཉམ་འབྲེལ་ལ་དམིགས་པའི་ Friendly Visit འམ་མཛའ་འབྲེལ་གྱི་སྐོར་སྐྱོད་ཡིན་པ་མ་གཏོགས་རྒྱ་ནག་ནང་གི་དངོས་ཡོད་གནས་སྟངས་ལ་རྟོག་ཞིབ་གནང་ཕྱིར་མིན་སྐོར་གསལ་བཟོ་བྱས་འདུག་པ་ལུང་འདྲེན་དང་སྦྲགས། ད་ལན་ལྕམ་སྐུ་ Bachelet མཆོག་རྒྱ་ནག་ཏུ་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་གྱི་ཛ་དྲག་གནས་སྐབས་སུ་ཕེབས་ཀྱི་ཡོད་སྟབས། ལྕམ་སྐུ་མཆོག་ནས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ལ་སྙན་སེང་ཞུས་པའི་ནང་ཁོང་གི་རུ་ཁག་ལ་དོན་དངོས་ཐོག་བཀག་སྡོམ་མེད་པར་ཞིབ་འཇུག་གནང་འཐུས་མིན་སྐོར་གླེང་སློང་གནང་ཡོད་མེད་གང་ཡང་བཀོད་མེད་པར་བློ་འཚབ་དང་འབྲེལ། དེ་ལྟར་གནང་མ་ཐུབ་ཚེ་སྐོར་སྐྱོད་དེ་དོན་སྨིན་ལྡན་པ་ཞིག་ཡོང་དཀའ་བ་ཡིན་སྐོར་གསུངས་འདུག དེ་བཞིན་ལྕམ་སྐུ་མཆོག་ལ་ཕྱི་ཟླ་ ༥ པ་ནང་རྒྱ་ནག་ཏུ་མ་ཕེབས་སྔོན་ཚུད་དུ་བོད་དང་ཤིན་ཅང་ནང་གི་གནས་སྟངས་དང་འབྲེལ་བའི་དེ་སྔ་ཁས་ལེན་གནང་བ་སྙན་ཐོ་དེ་ཡོངས་གྲགས་འདོན་སྤེལ་གནང་དགོས་པ་དང་། སྐོར་སྐྱོད་ཀྱི་སྔོན་ཚུད་དུ་སྤྱི་དམངས་ཚོགས་པ་དང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པ་དང་། ཕྱིའི་རྒྱལ་ཁབ་ཏུ་ཡོད་པ་རྣམས་གཙོས་རྒྱ་ནག་གི་གདུག་རྩུབ་མྱོང་མཁན་གྱི་མི་སྣ་ཚོ་དང་མཇལ་འཕྲད་གནང་སྟེ་གནས་སྟངས་རྒྱུས་ལོན་གནང་དགོས་པ། སྐོར་སྐྱོད་དངོས་ཀྱི་སྐབས་སུ་རྒྱ་ནག་གཞུང་དང་ཉེན་རྟོག་པའི་ཐེ་བྱུས་གང་ཡང་མེད་པར་རང་དབང་ཐོག་ནས་རྟོག་ཞིབ་གནང་ཐུབ་དགོས་པ། རྟོག་ཞིབ་རུ་ཁག་ནང་མཁས་དབང་མཉམ་ཁྲིད་དགོས་པ་སོགས་ཀྱི་དགོས་འདུན་ཆེད་བཀོད་དང་ཆབས་ཅིག  རང་དབང་ལྡན་པའི་རྟོག་ཞིབ་ཀྱི་འབྲུ་དོན་ཡོངས་སུ་ཚང་བའི་དོན་ལ་སྨིན་པའི་སྐོར་སྐྱོད་གནང་དགོས་པའི་ཞུ་སྐུལ་གནང་འདུག

རྒྱལ་ཚོགས་ཀྱིས་རྒྱ་གཞུང་ལ་བོད་ཀྱི་ཆབ་སྲིད་བཙོན་པའི་གནད་དོན་སྐོར་འདྲི་རྩད་གནང་བ།  

རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་དམིགས་བསལ་ཁེ་ལས་རྟོག་ཞིབ་སྡེ་ཁག་དྲུག་གིས་རྒྱ་གཞུང་གིས་ལོ་བཞིའི་བཙོན་འཇུག་ཁྲིམས་ཐག་བཅད་པའི་རྩོམ་པ་པོ་བློ་བཟང་ལྷུན་འགྲུབ་ལགས་དང། ལོ་དྲུག་གི་བཙོན་འཇུག་ཁྲིམ་ཐག་བཅད་པའི་གླུ་བ་ལྟུན་འགྲུབ་གྲགས་པ་ལགས། དེ་བཞིན་རྒྱ་གཞུང་གིས་འཛིན་བཟུང་བཙན་ཁྲིད་འོག་གར་སོང་ཆ་མེད་དུ་གྱུར་བའི་མགོ་ལོག་དར་ལག་རྫོང་སེང་འབྲུག་སྟག་རྩེ་སློབ་གྲྭའི་དགེ་རྒན་རིན་ཆེན་སྐྱིད་ལགས་བཅས་བོད་ནང་བོད་མི་ཆབ་སྲིད་བཙོན་པ་གསུམ་གྱི་གཟུགས་གཞིའི་གནས་སྟངས་ཁ་གསལ་དགོས་སྐོར་རྒྱ་ནག་གཞུང་ལ་ཡིག་ཐོག་ནས་འདྲི་རྩད་གནང་འདུག རྒྱལ་ཚོགས་ཀྱི་དྲ་ཚིགས་ཐོག་གསལ་བར་གཞིགས་ན། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་དམིགས་བསལ་ཁེ་ལས་རྟོག་ཞིབ་སྡེ་ཁག་དྲུག་གིས་རྒྱ་གཞུང་ལ་བཏང་བའི་ཡིག་ཐོག་འདྲི་རྩད་ནང་གོང་དུ་གསལ་བའི་བོད་མི་ཆབ་སྲིད་བཙོན་པ་གསུམ་ཐོག་མར་རྒྱ་གཞུང་ཉེན་རྟོག་པས་འཛིན་བཟུང་བཙན་འཁྲིད་དང། རྒྱུན་རིང་བཀག་ཉར་འོག་གར་སོང་ཆ་མེད་དུ་གྱུར་བ། མཐར་ཕྱི་གསལ་ནང་གསལ་མེད་པར་གསང་བའི་ཐོག་ནས་བཙོན་འཇུག་ཁྲིམས་ཐག་བཅད་པའི་དོ་བདག་ཆབ་སྲིད་བཙོན་པ་ཁོང་གསུམ་གྱི་ཐོག་མཐའ་བར་གསུམ་གྱི་གནས་ཚུལ་རྣམས་ཞིབ་ཁྲ་མངོན་གསལ་གནང་སྟེ། རྒྱ་ཆེ་ས་ནས་ད་ལྟའི་ཆར་རྒྱ་ནག་གཞུང་གིས་བོད་ནང་བོད་མི་རིགས་ཀྱི་སྐད་ཡིག་དང་བོད་མིའི་ངོ་བོ་མཚོན་པའི་ལེགས་བྱང་ཁག་སྲུང་སྐྱོབ་དར་སྤེལ་གནང་མཁན་དང། དེ་བཞིན་རྒྱ་གཞུང་གི་བོད་ཐོག་འཛིན་པའི་སྲིད་བྱུས་ལ་སྐྱོན་བརྗོད་གནང་མཁན་མི་སྣ་ཁག་ལ་དྲག་གནོན་བྱེད་བཞིན་པའི་གནས་སྟངས་དངོས་ར་འཕྲོད་པ་ཞིག་མཚོན་གྱི་ཡོད་པ་མ་ཟད། ད་ལྟའི་ཆར་རྒྱ་གཞུང་གིས་བོད་ནང་ཤེས་ཡོན་ཅན་དང་སྒྱུ་རྩལ་བ་སོགས་མང་ཚོགས་ཀྱི་རང་དབང་སྲུང་སྐྱོབ་གནང་མཁན་གྱི་མི་སྣ་ཁག་འཛིན་བཟུང་བཙན་ཁྲིད་དང། རྒྱུན་རིང་བཀར་ཉར་གྱི་གར་ཡོད་ཤེས་རྟོགས་མེད་པ་བཟོས་པ། དེ་བཞིན་བཙོན་འཇུག་ཁྲིམས་ཐག་བཅད་པ་སོགས་ཀྱི་གནད་དོན་ཁག་རྒྱུན་ལྡན་གྱི་ལམ་ལུགས་ལྟར་ཆགས་ཡོད་པར་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་དམིགས་བསལ་ཁེ་ལས་རྟོག་ཞིབ་སྡེ་ཁག་གི་ངོས་ནས་ཧ་ཅང་སེམས་འཚབ་ཡོད་ཅེས་གསུངས་འདུག ལྷག་པར་དུ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་དམིགས་བསལ་ཁེ་ལས་རྟོག་ཞིབ་སྡེ་ཁག་དྲུག་ནས་ད་ལན་རྒྱ་གཞུང་ལ་འདྲི་རྩད་གནང་བའི་ནང་ལ་ད་ལྟ་རྒྱ་ནག་གི་བཙོན་ཁང་དུ་ཡོད་པ་རྩོམ་པ་པོ་བློ་བཟང་ལྷུན་འགྲུབ་ལགས་དང། གླུ་བ་ལྟུན་འགྲུབ་གྲགས་པ་ལགས། གར་སོང་ཆ་མེད་དུ་གྱུར་བའི་མགོ་ལོག་དར་ལག་རྫོང་སེང་འབྲུག་སྟག་རྩེ་སློབ་གྲྭའི་དགེ་རྒན་རིན་ཆེན་སྐྱིད་ལགས་བཅས་གསུམ་གང་དུ་ཡོད་མེད་དང་གཟུགས་གཞིའི་བདེ་ཐང་གང་ཡིན། ཁོང་གསུམ་ཐོག་མར་འཛིན་བཟུང་དང་བཀག་ཉར། དེ་ནས་འབྲེལ་ཡོད་ནང་མི་ཚོར་ཤེས་རྟོགས་གང་ཡང་མེད་པར་བཙོན་འཇུག་ཁྲིམས་ཐག་བཅད་པ་སོགས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་འབྲུ་དོན་དང་མཐུན་པ་ཞིག་ཆགས་ཀྱི་ཡོད་མེད་སོགས་ལན་འདེབས་ཁ་གསལ་དགོས་པ། རྒྱ་གཞུང་གི་ངོས་ནས་ད་བར་བོད་ཀྱི་ས་ཁུལ་ཁག་གི་མང་ཚོགས་ཚོར་རང་ཉིད་ཀྱི་སྐད་ཡིག་རང་དབང་དང་ཆོས་དད་རང་དབང། དེ་བཞིན་སྨྲ་བརྗོད་རང་དབང་། བསམ་བློའི་རང་དབང་སོགས་འགན་སྲུང་ཆེད་དུ་གང་དང་གང་བྱས་པ་ཁ་གསལ་བཟོ་དགོས་པ་བཅས་ཀྱི་འདྲི་རྩད་ཁག་ཅིག་གནང་ཡོད། རྒྱ་ནག་གཞུང་ལ་བོད་མི་ཆབ་སྲིད་བཙོན་གསུམ་གྱི་གནད་དོན་དང་འབྲེལ་ནས་ཡིག་ཐོག་འདྲི་རྩད་གནང་མཁན་རྒྱལ་ཚོགས་ཀྱི་སྡེ་ཁག་དྲུག་ནི། རྒྱལ་ཚོགས་ཀྱི་འཛིན་བཟུང་བཀག་ཉར་ཐོག་རྟོག་ཞིབ་གནང་མཁན་གྱི་དམིགས་བསལ་ཁེ་ལས་རྟོག་ཞིབ་ཚོགས་ཆུང་དང། བཙན་ཁྲིད་དམ་གར་སོང་ཆ་མེད་ཀྱི་གནད་དོན་རྟོག་ཞིབ་གནང་མཁན་དམིགས་བསལ་ཁེ་ལས་རྟོག་ཞིབ་ཚོགས་ཆུང། རྒྱལ་ཚོགས་ཀྱི་ཤེས་ཡོན་རང་དབང་གི་དམིགས་བསལ་ཁེ་ལས་རྟོག་ཞིབ་མི་སྣ། སྨྲ་བརྗོད་རང་དབང་དང་བསམ་བློའི་རང་དབང་དར་སྤེལ་དང་སྲུང་སྐྱོབ་གནང་མཁན་ཁེ་ལས་རྟོག་ཞིབ་མི་སྣ། ལེགས་བྱང་རང་དབང་དང་གྲངས་ཉུང་མི་རིགས་ཐོག་གི་ཁེ་ལས་རྟོག་ཞིབ་མི་སྣ་བཅས་ཡིན་པ་རེད།

རྒྱ་གཞུང་གིས་ཨ་རིའི་གྲོས་ཚོགས་འཐུས་མི་ཐེ་ཝན་དུ་ཆེད་ཕེབས་གནང་བར་ཉེན་བརྡ་བཏང་བ།

རྒྱ་གཞུང་གི་འཇིགས་སྐུལ་ལ་ལྟོས་མེད་ཨ་རིའི་སྲིད་དོན་ཚོགས་པ་གཉིས་ཀྱི་གྲོས་ཚོགས་འཐུས་མི་དྲུག་ལས་གྲུབ་པའི་སྐུ་ཚབ་ཚོགས་ཆུང་ཞིག་ཐེ་ཝན་ནང་གཞུང་འབྲེལ་འཚམས་གཟིགས་ལ་ཕེབས་འདུག གཟའ་འཁོར་འདིའི་ནང་སུད་ཌིན་གྲོས་ཚོགས་འཐུས་མིས་སྣེ་ཁྲིད་པའི་ཡུ་རོབ་མཐུན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་ཀྱང་ཐེ་ཝན་གྱི་རྒྱལ་ས་ཐེ་པེ་ནང་དུ་ཆེད་ཕེབས་གནང་བ་དང་འབྲེལ་ཡུལ་དེའི་སྲིད་འཛིན་ལྕམ་ Tsai Ing-Wen ལགས་དབུ་བཞུགས་ཐོག་དྲ་ཐོག་ཚོགས་འདུ་ཞིག་ཚོགས་ཡོད་པ་ལྟར། ཁ་ཉིན་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་དྲུག་ཐེ་ཝན་གྱི་རྒྱལ་ས་ཐེ་པེ་ནང་ཆེད་ཕེབས་ཀྱིས་དེ་རིང་སྐུ་ཚབ་ཚོགས་པ་དེས་སྲིད་འཛིན་ལྕམ་ Tsai Ing-Wen ལགས་དང་རྒྱལ་སྲུང་ལྷན་ཁང་གི་འགོ་ཁྲིད་གཙོས་གནད་ཡོད་མི་སྣ་ཁག་ཅིག་དང་མཇལ་མོལ་གནང་སྟེ་ཨ་རི་དང་ཐེ་ཝན་དབར་གྱི་གནད་དོན་གལ་ཆེ་ཁག་ཅིག་གི་ཐོག་ཕན་ཚུན་དབར་དགོངས་ཚུལ་སྤེལ་རེས་གནང་གི་ཡོད་པ་རེད། ཨ་རིའི་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་པ་དེ་ཐེ་ཝན་དུ་ཆེད་ཕེབས་མ་གནང་གོང་ཡུལ་དེའི་སྲིད་འཛིན་མཆོག་ནས་ཁོང་རྣམ་པར་དྲ་ལམ་བརྒྱུད་དགའ་བསུའི་འཚམས་འདྲི་ཞུས་པ་དང་། གྲོས་ཚོགས་འཐུས་མི་དག་གི་འཚམས་གཟིགས་བརྒྱུད་རྒྱལ་ཁབ་གཉིས་དབར་གྱི་མཛའ་གྲོགས་འབྲེལ་ལམ་སྔར་ཡོད་དེ་གོང་འཕེལ་ཡོང་བར་ནུས་པ་མཉམ་སྤུངས་གནང་རྒྱུ་ཡིན་ཞེས་གསུངས་འདུག ཐེ་ཝན་ནང་ཆེད་ཕེབས་གནང་བའི་ཨ་རིའི་སྐུ་ཚབ་ཚོགས་ཁག་དེ་ནི་ཡུལ་དེའི་སྲིད་དོན་ཚོགས་པ་གཉིས་ལས་གྲུབ་པའི་ཆེས་མཐོའི་གཞུང་འབྲེལ་མི་སྣ་ཆགས་ཀྱི་ཡོད་པ་དང་སྐུ་ཚབ་ཚོགས་པའི་ནང་ཨ་རིའི་སྤྱི་མཐུན་སྲིད་དོན་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ Lindsey Graham ལགས་དང་སྐུ་ཞབས་ Ben Sasse ལགས། སྐུ་ཞབས་ Richard Burr ལགས། སྐུ་ཞབས་ Robert Jones Portman དེ་བཞིན་སྐུ་ཞབས་ Bob Menendez ལགས། མང་གཙོ་སྲིད་དོན་ཚོགས་པའི་སྐུ་ཞབས་ Bob Menendez ལགས་སོགས་གྲོས་ཚོགས་འཐུས་མི་དྲུག་ཡོད་པ་རེད། ཨ་རིའི་གྲོས་ཚོགས་འཐུས་མིས་ཐེ་ཝན་ལ་འཚམས་གཟིགས་གནང་བར་ཁ་སང་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ Zhao Lijian ཡིས་སྐྱོན་བརྗོད་དང་འབྲེལ་ཐེ་ཝན་འདི་རྒྱ་ནག་གི་ཆ་ཤས་ཤིག་ཡིན་པས་དེའི་ནང་གཞུང་འབྲེལ་གྱི་ཐོག་ནས་འགྲོ་འོང་གནང་ཚེ་དེར་ངོ་རྒོལ་མཐའ་ཅིག་ཏུ་བྱ་རྒྱུ་ཡིན། ཨ་རི་གཞུང་ནས་རྒྱ་ནག་གཅིག་གི་སྲིད་བྱུས་ལ་ངེས་པར་བརྩི་སྲུང་བྱས་ནས་ཉེན་ཁ་མི་ཡོང་བར་གཙོ་འདོན་བྱེད་དགོས་པ་དང་གལ་ཏེ་དེ་ལྟར་མ་གནང་ན་རྒྱ་ནག་གཞུང་གིས་དེར་འཁོན་ལན་དྲག་པོ་སློག་ངེས་ཡིན་པའི་ཉེན་བརྡ་བཏང་འདུག

Latest news