Tibetan Royal Year of 2151 | Year of the Wood Dragon

གསར་འགྱུར།

སེར་ཤུལ་རྫོང་ནང་དུད་ཚང་གཅིག་ཀྱང་མ་ལུས་པར་ཞིབ་བཤེར།

རྒྱ་ནག་གཞུང་གི་ཉེན་རྟོག་པས་བོད་ཁམས་སེར་ཤུལ་རྫོང་ཁོངས་སུ་དུད་ཚང་གཅིག་ཀྱང་མ་ལུས་པར་ཁྱིམ་མི་རེ་རེའི་གནས་ཚུལ་མཁོ་སྒྲུབ་ཀྱིས་ལས་འགུལ་སྤེལ་འདུག  ཕྱི་ཟླ་ ༨ ཚེས་ ༢༥ ནས་བཟུང་རྒྱ་གཞུང་གི་ས་གནས་ཉེན་རྟོག་པ་དང་རམ་འདེགས་ཀྱི་ཉེན་རྟོག་མཉམ་འབྲེལ་གྱིས་ཉེན་རྟོག་པ་རྣམས་ཁ་དོག་སེར་ཅན་གྱི་སྦག་སྦག་བཞོན་ནས་བོད་ཁུལ་གྱི་སྡེ་བ་དང་དུད་ཚང་རེ་རེར་ཕྱིན་ཏེ་ཁྱིམ་ཚང་རེ་རེ་བསྔོག་བཤེར་དང་ཁྱིམ་མི་རེ་རེའི་གནས་ཚུལ་མཁོ་སྒྲུབ་ཀྱིས་འདྲི་རྩད་ལས་འགུལ་ཤུགས་ཆེར་སྤེལ་བཞིན་ཡོད་སྐོར་བོད་གནས་ལྟ་ཞིབ་ཁང་གིས་གནས་ཚུལ་སྤེལ་འདུག བཞུགས་སྒར་དུ་ཡོད་པའི་བོད་གནས་ལྟ་ཞིབ་ཁང་གི་ཉམས་ཞིབ་པ་པདྨ་རྒྱལ་ལགས་སུ་དེ་འབྲེལ་བཅར་འདྲི་ཞུས་སྐབས་རྒྱ་ནག་གཞུང་གིས་ད་རེས་ཀྱི་ལས་འགུལ་དེ་སྤེལ་དགོས་དོན་ནི་རིང་མིན་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ ༢༠ པ་འཚོགས་རྒྱུ་དང་བསྟུན་ས་གནས་མང་ཚོགས་ཀྱི་ངོ་རྒོལ་དང་མི་དགའ་བའི་རྣམ་འགྱུར་ལ་ཞེད་སྣང་གིས་དེར་གྲ་སྒྲིག་བྱས་ནས་ཉིན་བརྒྱའི་ལས་འགུལ་སྤེལ་ཡོད་སྐོར་གསུངས་སོང་། ལྷག་པར་ལས་འགུལ་དེའི་ཆེད་ཞིང་འབྲོག་གཞིས་སྤོས་བྱས་པ་ཚོ་དང་བླངས་ཐོག་ནས་ཡར་བསྐོང་པའི་གནས་ཚུལ་འཁོད་ཡོད་པ་དང་། པདྨ་རྒྱལ་ལགས་ཀྱིས་དེ་ནི་རྒྱ་གཞུང་གིས་ལས་འགུལ་ཤུགས་ཆེ་བ་དང་ཁྱབ་ཆེར་སྤེལ་སླད་ཡིན་སྐོར་སོགས་གསུངས་སོང་། གཞི་རྩའི་རྒྱ་ནག་གཞུང་ཕྱོགས་ཀྱི་གནས་ཚུལ་ནང་ཉེན་རྟོག་པས་རིག་གནས་གསར་བརྗེའི་སྐབས་ཀྱི་ Fengqiao style police station  ཞེས་ཧྥང་ཅོ་ཉེན་རྟོག་གི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ་རྒྱ་ནག་རྒྱལ་ཁབ་ཀྱི་སྲིད་དབང་བདེ་འཇགས་ལ་གནོད་པའི་རིགས་ལ་རྡུང་རྡེགས་ཚ་ནན་གཏོང་རྒྱུའི་ཆེད་དུ་ཡིན་པ་འཁོད་འདུག

འཛམ་གླིང་ཐོག་བོད་ཀྱི་གནད་དོན་བརྒྱུད་སྤེལ་གནང་ཐབས་ཡག་ཤོས་དེ་དབྱིན་ཡིག་ནང་རྩོམ་བྲིས་གནང་གལ་ཡིན་པར་གསུངས་སོང་།

ཁ་སང་ཟླ་ ༩ ཚེས་ ༦ ཉིན་གྱི་ཕྱི་དྲོ་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནང་གནམ་སྔོན་པོའི་འོག་ཅེས་པའི་དབྱིན་ཡིག་དཔེ་དེབ་ཞིག་དབུ་འབྱེད་བྱས་ཡོད་པ་དང་།  India Habitat Centre  ལྟེ་གནས་ཁང་དུ་དབུ་འབྱེད་བྱས་པའི་དེབ་དེ་ནི་བཙན་བྱོལ་ནང་གི་བོད་མི་རྩོམ་བྲིས་པ་ ༣༠ ལྷག་གི་སྙན་ངག་དང་གྲུང་ཐུང་། དཔྱད་རྩོམ་བཅས་ཕྱོགས་བསྡུས་བྱས་པ་ཞིག་ཆགས་ཡོད།དཔེ་དེབ་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་རྣམ་ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་ནས་ཟུར་འདོན་ཞུས་པའི་རྩོམ་ཐུང་ཞིག་ཀྱང་འདུག། དཔེ་དེབ་དེའི་རྩོམ་སྒྲིག་པ་བུ་ཆུང་བསོད་ནམས་ལགས་ཀྱིས་དེབ་དེའི་ནང་ཡོད་པའི་སྙན་ངག་དང་སྒྲུང་ཐུང་དེ་དག་བོད་མི་རྩོམ་པ་སོ་སོའི་མཐོང་ཐོས་མྱོང་གསུམ་གྱི་ཉིང་ཁུ་ཕྱོགས་བསྡུས་བྱས་པ་ཞིག་ཡིན་པར་གསུངས་ཡོད།  དཔེ་དེབ་དབུ་འབྱེད་ཐོག་རྩོམ་པ་པོ་བུ་ཆུང་བསོད་ནམས་ལགས་ཀྱིས་འདུ་འཛོམས་བྱུང་བའི་མང་ཚོགས་རྣམས་ལ་རང་ཉིད་ཀྱི་རྒྱུན་ལྡན་རྩོམ་བྲིས་བྱེད་དགོས་པའི་དམིགས་ཡུལ་སོགས་ངོ་སྤྲོད་གནང་བ་དང་བསྟུན་ང་ཚོས་ཁོང་ལ་བཅར་འདྲི་ཞུས་པར་བོད་མི་ཞིག་ལ་མཚོན་ན་འཛམ་གླིང་ཐོག་བོད་ཀྱི་གནད་དོན་བརྒྱུད་སྤེལ་གནང་ཐབས་ཡག་ཤོས་དེ་དབྱིན་ཡིག་ནང་རྩོམ་བྲིས་གནང་གལ་ཡིན་པར་གསུངས་སོང་།India Habitat Centre ལྟེ་གནས་ཁང་དུ་གོ་སྒྲིག་ཞུས་པའི་དཔེ་དེབ་དབུ་འབྱེད་དེ་ནི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གི་ཀུན་ཕན་བདེ་རྩས་མཐུན་འགྱུར་གནང་བ་ཞིག་ཡིན་ཅིང་། ལྷན་ཚོགས་ཐོག་རྒྱུན་ལྡན་རྩོམ་བྲིས་རིགས་ལ་དོ་དབྱིངས་ཡོད་པ་དང་། ལྷག་པར་དུ་བོད་ཀྱི་གནད་དོན་ལ་སེམས་འཁུར་ཡོད་པ་སོགས་ཀྱི་མི་གྲངས་ལྔ་བཅུ་ལྷག་འདུ་འཛོམས་བྱུང་འདུག་པར་མ་ཟད། སྐབས་དེར་རྩོམ་བྲིས་པ་དང་བོད་མི་ལས་འགུལ་བ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་ཀྱང་རང་ཉིད་ཀྱི་རྒྱུན་ལྡན་སྙན་ངག་དང་རྩོམ་བྲིས་བྱེད་དགོས་པའི་སྐོར་དང་བཙན་བྱོལ་ནང་གི་བོད་མི་རྩོམ་བྲིས་པ་ཚོས་གདོང་ལེན་བྱེད་དགོས་པའི་དཀའ་སྡུག་སོགས་ཀྱི་སྐོར་ངོ་སྤྲོད་གནང་ཡོད།རྒྱལ་ས་ལྡི་ལིར་ Under the Blue Skies འམ་གནམ་སྔོན་པོའི་འོག་ཅེས་པའི་དཔེ་དེབ་དབུ་འབྱེད་ཀྱི་ལྷན་ཚོགས་དེ་ Dr.Kaveri Gill མཆོག་གིས་གཙོ་སྐྱོང་གནང་ཡོད་པ་དང་།  ཁོང་ནི་དེ་སྔོན་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་སློབ་སྤྱི་གནང་མྱོང་མཁན་དང་ད་ལྟ་ཡུ་པི་མངའ་སྡེའི་གཙུག་ལག་སློབ་གཉེར་ཁང་གི་ཕྱི་འབྲེལ་སྡེ་ཚན་གྱི་སློབ་དཔོན་ཆེན་མོའི་ཕྱག་ལས་གནང་བཞིན་ཡོད་པ་རེད། སྐབས་དེར་རྩོམ་བྲིས་པ་གྲགས་ཅན་ལྕམ་སྐུ་  Swati Chopra  ལགས་དང་རྩོམ་བྲིས་པ་ལྕམ་སྐུ་  AnanyaVajpeyi ལགས་བཅས་ནས་བོད་མིའི་གནད་དོན་དང་འབྲེལ་བའི་སྐོར་དང་ལྷག་པར་རྩོམ་བྲིས་པ་ཞིག་གི་འགན་འཁུར་སོགས་ཀྱི་སྐོར་བཀའ་མོལ་གནང་ཡོད།

ཞི་ཅིན་ཕིང་གི་གཞུང་འཛིན་འོག་རྒྱ་ནག་ནང་བཟང་བཙོན་གྱི་གྲངས་འབོར་ཇེ་མང་དང་ཇེ་སྡུག་འགྲོ་བཞིན་པ།

སྲིད་འཛིན་ཞི་ཅིན་ཕིང་བསླེབས་པ་ནས་བཟུང་ད་བར་བཟང་བཙོན་དང་ལྟ་སྲུང་གི་ཁྲིམས་གཞི་ལག་བསྟར་ཁྲོད་འཛིན་བཟུང་བྱེད་པའི་གྲངས་འབོར་ལྡབ་འགྱུར་འབྱུང་བཞིན་ཡོད་པ་མངོན་གསལ་གནང་འདུགདེ་ཡང་ཁ་སང་ཕྱི་ཚེས་ ༦ ཉིན་སི་པཱན་ Spain ནང་དུ་རྟེན་གཞི་བྱས་པའི་ Safeguard Defenders ཞེས་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་རྒྱ་ནག་ནག་ནང་གི་བཟང་བཙོན་གྱི་གནས་སྟངས་ཐད་སྙན་ཐོ་ཞིག་འདོན་སྤེལ་གནང་བའི་ནང་། ཞི་ཅིན་ཕིང་རྒྱ་ནག་གི་སྲིད་འཛིན་ཆགས་པ་ནས་བཟུང་བཟང་བཙོན་གྱི་གནས་སྟངས་ཇེ་མང་དང་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པ་འགྲེལ་བརྗོད་དང་འབྲེལ། རྒྱ་ནག་གི་གཞུང་འབྲེལ་གྲངས་ཐོའི་ནང་ཕྱི་ལོ་ ༢༠༡༢ ནས་ད་བར་མི་འབུམ་གཉིས་དང་ཕྱེད་ཀ་ལྷག་ལ་གཞུང་གིས་བཟང་བཙོན་གྱི་ཁྲིམས་གཞི་ལག་བསྟར་བྱས་སྐོར་འཁོད་ཡོད་པ་དང་། དེ་མིན་རྒྱ་གཞུང་གིས་ཁྲིམས་འགལ་དང་བཙད་ཤེད་ཀྱི་འོག་འཛིན་བཟུང་བཀག་ཉར་བྱས་པ་དེ་དག་འཁོད་མེད་པ་མངོན་གསལ་གནང་འདུག་པ་མ་ཟད། རྒྱ་ནག་གཞུང་གིས་བཟང་བཙོན་གྱི་ཁྲིམས་གཞི་ལག་བསྟར་བེད་སྤྱོད་ལོག་པ་བཏང་ནས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ལས་འགུལ་བ་དང་འབྲེལ་ཡོད་ནང་མི་ཚོར་འཇིགས་སྐུལ་བྱེད་ཀྱི་ཡོད་པ་གསལ་བཏོན་གནང་འདུགརྩ་བའི་རྒྱ་ནག་གི་ཉེན་རྟོག་པས་དོགས་ཡོད་སུ་ཡིན་ཡང་གང་བྱུང་འཛིན་བཟུང་གིས་ཟླ་བ་དྲུག་གི་བར་དུ་བཀག་སྐྱིལ་བྱས་ཏེ། འཛིན་བཟུང་བྱས་པ་རྣམས་ཀྱི་གནས་ཚུལ་གང་ཡང་ཕྱི་བསྒྲགས་མི་དགོས་བར་བཟོས་པ་དེ་ལྟར་ཡང་། སྙན་ཐོ་དེའི་ནང་རྒྱ་ནག་གིས་གཞུང་འབྲེལ་གྱི་གྲངས་ཐོར་གཞིགས་ན་ཕྱི་ལོ་ ༢༠༡༩ ནས་ ༢༠༢༠ བར་བཟང་བཙོན་དང་ལྟ་སྲུང་གི་ཁྲོད་མི་ ༣༥༥༠༩ ནས་ ༤༠༡༨༤ བཅས་བརྒྱ་ཆ་ ༡༣ སྔར་ལས་ལྷག་འཕར་ཡོད་སྐོར་བཀོད་འདུག་ཀྱང་ཕྱི་ལོ་ ༢༠༢༠ ལོའི་གྲངས་ཐོ་ཆ་ལག་ཚང་བ་ཞིག་མེད་པ་འཁོད་འདུག དེ་བཞིན་ཕྱི་ལོ་ ༢༠༢༡ ལོའི་གྲངས་ཐོ་ཡང་ཆ་ལག་ཚང་བ་ཞིག་མེད་ཀྱང་མ་མཐར་མི་ ༡༩༢༥༡ ལྷག་འཛིན་བཟུང་བཀག་ཉར་བྱས་ཡོད་པ་མ་ཟད། འགྲོ་བ་མིའི་ཐོབ་ཐང་ཚོགས་པ་དེས་ཞིབ་འཇུག་ཁྲོད་འབྱུང་འགྱུར་གྱི་ལོ་གསུམ་ནང་རྒྱ་ནག་གཞུང་གྱིས་ལྟ་སྲུང་བཀག་ཉར་འོག་མི་འབུམ་བཅུ་ལྷག་འབྱུང་སྲིད་པ་ཞིག་ཡིན་སྐོར་འཁོད་འདུགགཞི་རྩའི་རྒྱ་ནག་གིས་ནང་དུ་ཁྲིམས་སྒྲིག་གི་ཁྱབ་ཁོངས་སུ་མི་གཏོགས་པའི་མི་མང་གང་བྱུང་བཀག་སྐྱིལ་བྱེད་ཀྱི་ཡོད་པ་དེ་ཡོངས་གྲགས་ལྟ་བུར་གྱུར་ཡོད་པ་མ་ཟད། བོད་མི་མང་པོ་ཞིག་ཕ་མ་དང་གཉེན་འབྲེལ་སོགས་ཀྱི་ཤེས་རྟོགས་གང་ཡང་མེད་པར་བཙན་ཁྲིད་བྱེད་བཞིན་པ་ནི་རྒྱུན་ལྡན་ལྟ་བུ་ཞིག་ཏུ་གྱུར་ཡོད་པ་དང་།  རྒྱ་ནག་གི་ནང་དུ་དོན་དངོས་དང་མཐུན་པའི་ཁྲིམས་རྩོད་ཀྱི་ཐོབ་ཐང་མེད་པས་བོད་མི་རྣམས་ཀྱི་གཙོ་བྱས་པའི་གྲངས་ཉུང་མི་རིགས་མང་པོ་ཞིག་གིས་རྒྱ་ནག་གི་བཙོན་ཁང་སྤྱི་དང་བཀག་སྐྱིལ་ཁང་འདྲ་མིན་གྱི་ནང་དུ་མནར་གཅོད་མྱོང་བཞིན་པ་རེད།

༸གོང་ས་མཆོག་གིས་དབྱིན་ཇིའི་སྲིད་བློན་གསར་པར་འཚམས་འདྲི་མཛད་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབྱིན་ཡུལ་གྱི་གྲོས་ཚོགས་འཐུས་མི་དང་ཕྱི་སྲིད་བློན་ཆེན་ལྕམ་སྐུ་ Liz Truss ལགས་ཡུལ་དེའི་སྲིད་བློན་དུ་བསྐོ་གཞག་བྱུང་བར་དགའ་བསུའི་འཚམས་འདྲི་སྩལ་བ་དང་ཆབས་ཅིག་དབྱིན་ཇིའི་གྲོགས་པོ་ཚོས་བོད་གཞིས་བྱེས་གཉིས་ཀྱི་བོད་མིའི་མཚན་མཐོང་དང་རང་དབང་གི་མངོན་འདོད་བཅས་པར་དགའ་མོས་ཆེན་པོས་རྒྱབ་སྐྱོར་གནང་བར་ཡི་རང་མཛད་ཀྱི་ཡོད་ཅེས་བཀའ་སྩལ་འདུག༸གོང་ས་མཆོག་གིས་འཚམས་འཕྲིན་དེའི་ནང་། བོད་དང་དབྱིན་ཡུལ་དབར་ལོ་མང་གོང་ནས་མཐུན་མིན་གྱི་འབྲེལ་བ་ཡོད་པ་དང་། ང་ཚོ་བོད་མི་རྣམས་ཀྱིས་དེང་སྐབས་སུའང་སྔར་ཡོད་འབྲེལ་ལམ་དེ་དམ་ཟབ་དང་ལྷག་དོན་དེ་སྔ་ཕྱི་ལོ་ ༡༩༥༩ གོང་དུ་བོད་ནང་ཆེད་གཏོང་བྱས་པའི་དབྱིན་ཇིའི་དཔོན་རིགས་རྣམས་ཀྱི་སྐུ་འཁོར་རྣམས་དང་ལྷན་བློ་ཐག་ཉེ་པོའི་ཐོག་ནས་མུ་མཐུད་འབྲེལ་ལམ་རྒྱུན་སྐྱོང་མུས་ཡིན་ཞེས་བཀའ་སྩལ་འདུགདེ་བཞིན་༸གོང་ས་མཆོག་གིས་ངོས་ཀྱིས་དབྱིན་ཇིའི་གྲོགས་པོ་ཚོས་བོད་གཞིས་བྱེས་གཉིས་ཀྱི་བོད་མིའི་མཚན་མཐོང་དང་རང་དབང་གི་མངོན་འདོད་ལ་ཐུགས་སྣང་ཆེན་པོས་རྒྱབ་སྐྱོར་གནང་བར་ཡི་རང་ཞུ་ཡི་ཡོད་ཅེས་བཀའ་སྩལ་བ་དང་ཆབས་གཅིག གསུང་འཕྲིན་གྱི་མཇུག་ཏུ་དེང་གི་དུས་སྐབས་འདི་ནི་ཆེས་གཉན་འཕྲང་ཅན་གྱི་དུས་སྐབས་ཤིག་ཆགས་ཡོད་པ་དང་། དབྱིན་ཡུལ་གཞུང་གིས་མུ་མཐུད་དེ་ཞི་བདེ་དང་བརྟན་ལྷིང་ལྡན་པའི་འཛམ་གླིང་སྤྱིར་སྨན་པའི་གཅིག་ལ་གཅིག་བརྟེན་གྱི་བསམ་བློ་རྒྱ་སྐྱེད་ཡོང་བར་ཞབས་འདེགས་བསྒྲུབ་པར་ཐུགས་རེ་ཡོད་སྐོར་བཀའ་སྩལ་ཡོད།དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་འཕྲུལ་སྒྲ་ཐོག་ལྕམ་སྐུ་མཆོག་ལ་འཚམས་འདྲི་ཞུས་པ་དང་འབྲེལ་ཁོང་གིས་དབྱིན་ཡུལ་གཞུང་གི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་ནས་ཕྱག་ལས་གནང་ཕྱོགས་ལ་ཡིད་སྨོན་གནང་གི་ཡོད་པ་དང་། ལྷག་པར་དུ་ ༢༠༢༠ ལོར་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་མཁན་གྱི་མི་སྣར་སྲིད་དོན་ཉེས་ཆད་ཀྱི་ཁྲིམས་གཞི་གཏན་འབེབས་གནང་བར་བསྔགས་བརྗོད་ཞུ་ཡི་ཡོད་སྐོར་གསུངས་པ་དང་ཆབས་ཅིག་གཞུང་འཛིན་གསར་པའི་ངོས་ནས་འགྲོ་བ་མིའི་ཐོབ་ཐང་ཐད་ཕྱག་ལས་རྒྱ་ཆེར་གནང་རྒྱུའི་ཐུགས་རེ་ཡོད་པ་གསུངས་ཡོད།གཞི་རྩའི་ཟླ་བ་སྔོན་མར་དབྱིན་ཡུལ་གྱི་སྲིད་བློན་སྐུ་ཞབས་ Boris Johnson མཆོག་ལས་གནས་ནས་རྩ་དགོངས་ཞུ་རྒྱུའི་གསལ་བསྒྲགས་གནང་རྗེས་དབྱིན་ཡུལ་རྙིང་ཞེན་ཚོགས་པའི་སྲིད་བློན་གྱི་མཐའ་མའི་འོས་མིའི་ཁོངས་སུ་དཔལ་འབྱོར་བློན་ཆེན་ཟུར་པ་སྐུ་ཞབས་ Rishi Sunak ལགས་དང་ཕྱི་སྲིད་བློན་ཆེན་ལས་ཐོག་ལྕམ་སྐུ་ Liz Truss ལགས་གཉིས་ཚུད་ཡོད་པ་ལྟར། ཁ་སང་འོས་བསྡུའི་གྲུབ་འབྲས་མཐའ་མ་གསལ་བསྒྲགས་བསྐྱངས་པར་ལྕམ་སྐུ་ Liz Truss ལགས་ལ་འོས་གྲངས་ ༨༡༣༢༦ དང་། སྐུ་ཞབས་ Rishi Sunak ལགས་ལ་འོས་གྲངས་ ༦༠༣༩༩ ཐོབ་ཡོད་སྟབས་ལྕམ་སྐུ་ Liz Truss ལགས་དབྱིན་ཡུལ་གྱི་སྲིད་བློན་ཐེངས་ ༥༦ པའི་རྒྱལ་ཁ་ཐོབ་ཡོད།ལྕམ་སྐུ་ Liz Truss ལགས་སྲིད་བློན་གྱི་འོས་མིར་བཞེངས་སྐབས་དབྱིན་ཡུལ་གཙོས་སྟོབས་ཆེན་རྒྱལ་ཁབ་བདུན་གྱི་སྒྲིག་འཛུགས་ G7 ཞེས་པས་ཚོང་ལས་ཁྲོད་གཙོ་བོ་རྒྱ་ནག་གཞུང་གི་ཚོང་དང་འབྲེལ་བའི་འཇིགས་སྐུལ་དང་ཉེན་འཚབས་ཁག་ལ་གདོང་ལེན་ནན་པོ་བྱ་རྒྱུ་ཡིན་ཞེས་གསུངས་ཡོད།ལྕམ་སྐུ་ Liz Truss ལགས་ནི་དབྱིན་ཡུལ་གྱི་སྲིད་བློན་ཐེངས་ ༥༦ པ་དང་བེུད་ཅིག་སྲིད་བློན་ལ་བསྐོ་གཞག་བྱུང་བ་ཐེངས་གསུམ་པ་དེ་ཆགས་ཡོད་པར་མ་ཟད་དབྱིན་ཡུལ་གྱི་ Conservative Party འམ་རྙིང་ཞེན་ཚོགས་པའི་དབུ་ཁྲིད་དང་རྒྱལ་ཁབ་ཀྱི་སྲིད་བློན་གཅིག་ལྕོགས་ཆགས་ཀྱི་ཡོད་པ་རེད།

དཀར་མཛེས་ཁུལ་ལྕགས་ཟམ་རྫོང་གི་ས་འགུལ་ཁྲོད་མི་  ༦༥ རྐྱེན་འདས་སུ་གྱུར་བ།

ཁ་སང་བོད་ལྕགས་ཟམ་རྫོང་གི་གྲོང་ཚོ་གསུམ་གཙོ་བོར་གྱུར་པའི་དར་རྩེ་མདོ་སོགས་ཀྱི་ནང་ས་ཡོམ་བྱུང་བའི་ཁྲོད་ད་བར་ཉུང་མཐར་མི་ ༦༥ རྐྱེན་འདས་དང་མི་ ༢༥༠ ལྷག་ལ་རྨས་སྐྱོན་ཕོག་འདུག ཁ་སང་བོད་ནང་གི་ཉིན་གུང་ཆུ་ཚོད་ ༡༢༌༢༥ ཙམ་ལ་ཟི་ཁྲོན་ཞིང་ཆེན་དུ་དབྱ་བའི་ལྕགས་ཟམ་རྫོང་ཁོངས་སུ་ཚད་རིམ་ ༦༌༦ ཅན་གྱི་ས་ཡོམ་ལས་མི་བདུན་འདས་གྲོངས་སུ་གྱུར་བ་དང་གྲོང་སྡེ་གཅིག་གི་ས་གནས་མང་ཚོགས་ཀྱི་སྡོད་ཁང་དང་གཞུང་ལམ་སོགས་ལ་གནོད་འཚེ་ཆེས་ཆེར་ཕོག་ཡོད་པའི་གནས་ཚུལ་ཐོན་པའི་ཁྲོད་འདིར་དེ་རིང་གནས་ཚུལ་གསར་དུ་ཤེས་རྟོགས་བྱུང་བར་གཞིགས་ན། ཁ་སང་གི་ས་འགུལ་ཁྲོད་ད་ལྟ་བར་ཉུང་མཐར་མི་ ༦༥ རྐྱེན་འདས་དང་ ༢༥༠ ལྷག་ལ་རྨས་སྐྱོན། དེ་བཞིན་མི་ ༡༢ ཙམ་བོར་བརླག་སོང་ཡོད་པརམ་ཟད་མི་ ༢༠༠ ལྷག་རྒྱལ་ཁབ་སྤྱི་གླིང་ནས་ཕྱིར་ཐོན་མ་ཐུབ་པར་ལྷག་འདུག རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཁག་དང་སྒོས་ CCTV བརྙན་འཕྲིན་ཁང་གིས་འགྲེལ་བརྗོད་བྱས་པར་མི་ ༦༥ རྐྱེན་ལམ་དུ་སོང་བའི་ཁོངས་ནས་ ༣༧ བོད་དཀར་མཛེས་ཁུལ་དང་མི་ ༢༨ ཤི་མན་རྫོང་ནས་ཡིན་པ། དེ་བཞིན་བོར་བརླག་སོང་བའི་མི་བཅིུས་རྣམས་དཀར་མཛེས་ཁུལ་ནས་ཡིན་འདུག བོད་ནང་གི་ས་ཡོམ་གནས་ཚུལ་དེ་དང་འབྲེལ་ཏེ་དེ་རིང་སྤྱི་ཚོགས་དྲ་རྒྱར་བརྙན་ཐུང་ཞིག་ཕྱིར་ཐོན་པའི་ནང་ཟི་ཁྲོན་ལྕགས་ཟམ་རྫོང་དུ་ས་ཡོམ་གྱི་དོན་རྐྱེན་དེ་བྱུང་འཕྲལ་ས་གནས་མང་ཚོགས་རྣམས་དངངས་འཚབ་ངང་རང་ཁྱིམ་ནས་ཕྱིར་ཐོན་ཏེ་བྲོས་ཐབས་གནང་ཡོད་ཀྱང་མང་ཚོགས་ཕལ་མོ་ཆེ་བ་ཏོག་དབྱིབས་གཉན་རིམས་ཀྱི་ཐེམ་སྤང་བཀའ་རྒྱའི་འོག་བཞུགས་ཡོད་སྟབས། ཕྱིར་ཕེབས་མ་ཐུབ་པར་ལུས་པ་དང་སྐབས་དེར་སྡོད་ཁང་གི་ཕྱིར་ཡོད་པའི་གཉན་རིམས་འགོག་སྲུང་མི་སྣ་དག་གིས་རྒྱང་གྲགས་བརྒྱུད་ས་གནས་མང་ཚོགས་ལ་ཁོང་རྣམས་ཀྱི་ཁང་པར་རྡིབ་སྐྱོན་བྱུང་ཡོད་མེད་ཀྱི་དྲི་བ་གཏོང་བཞིན་པ་མཐོང་རྒྱུ་འདུག རྒྱ་ནག་གཞུང་གི་ས་ཡོམ་དང་གནམ་གཤིས་བརྟག་དཔྱད་ཁང་གིས་སྔོན་བརྡ་བཏང་བ་ལྟར་ན། འབྱུང་འགྱུར་གྱི་ཚོུད་ ༤༨ ནང་དུ་གོད་ཆག་བྱུང་ཡུལ་ས་ཁུལ་དེའི་གནམ་གཤིས་ཚ་དྲོད་ཀྱི་ཚ་ཚད ༡༢ བར་དུ་མར་ཆག་སྟེ་རྫོང་ཁག་དེ་དག་ནང་ས་རུད་སོགས་ཀྱི་རང་བྱུང་གོད་ཆག་འབྱུང་ཉེན་ཡོད་པའི་ཉེན་བརྡ་བཏང་འདུག ཟི་ཁྲོན་ལྕགས་ཟམ་རྫོང་དུ་ས་ཡོམ་གྱི་དོན་རྐྱེན་དེ་བྱུང་རྗེས་གཡས་གཡོན་གྱི་ས་ཁུལ་ཁག་ཏུ་ཚད་རིམ་ ༣ ནས་ ༤༌༢ བར་གྱི་ས་ཡོམ་ཆུང་ངུ་ཐེངས་བཅུ་ཙམ་བརྒྱབ་འདུག ཨ་རིའི་རྒྱ་ནག་གཞུང་ཚབ་པ་སྐུ་ཞབས་ Nicholas Burns ལགས་ཀྱིས་དེ་རིང་ཁོང་གི་འཕྲུལ་སྒྲ་ཐོག་གོང་ཞུས་ས་ཡོམ་གྱི་གོད་ཆག་འོག་ལྷུང་བའི་ས་གནས་མང་ཚོགས་དང་དེ་དག་གི་ནང་མི་རྣམས་ལ་ཐུགས་གསོ་གནང་བ་དང་སྦྲགས་ཏེ་སྨས་སྐྱོན་ཕོག་པ་རྣམས་གང་མགྱོགས་དྲག་སྐྱེད་ཡོང་བའི་སྨོན་འདུན་ཡོད་ཅེས་གསུངས་འདུག དེ་རིང་བོད་མིའི་སྒྲིག་འཛུགས་ཀྱིས་བོད་ནང་གི་ད་ལྟའི་ས་འགུལ་གོད་ཆག་གཙོས་ཆུ་ལོག དེ་བཞིན་གཉན་རིམས་ཁྱབ་གདལ་སོགས་ཀྱི་རྐྱེན་ངན་བར་ཆད་འཕྲད་མུས་དེ་དག་མྱུར་དུ་ཞི་བའི་ཕྱིར་དུ་གཞུང་འབྲེལ་མཆོད་སྨོན་གསོག་སྒྲུབ་གནང་ཡོད་པ་རེད།

གྲོས་ཚོགས་ཚོགས་དུས་བཞི་པར་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་གནས་སྟངས་སྐོར་རྟོག་ཞིབ་སྙན་ཐོ་སྙན་སེང་།  

འདི་ལོའི་ཕྱི་ཟླ་གསུམ་པའི་ནང་ཚོགས་པའི་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ཐོག་སྤྱི་འཐུས་རྣམས་མང་མོས་ཀྱིས་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་གནས་སྟངས་སྐོར་རྟོག་ཞིབ་གནང་རྒྱུའི་གྲོས་ཆོད་ གཏན་འབེབས་དང་སྦྲགས། ཕྱི་ཟླ་ ༦ ཚེས་ ༢ ནས་ད་བར་ཟླ་བ་གསུམ་ལྷག་ཙམ་རིང་གྲོས་ཚོགས་ཀྱི་ཚོགས་ཆུང་གིས་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་ཁེ་ཉེན་གྱི་གནས་སྟངས་ཇི་ཆགས་ཐོག་ཞིབ་འཇུག་གནང་སྟེ་ཁ་སང་ལས་དོན་ཡོངས་རྫོགས་གྲུབ་སྟེ་ཚོགས་ཆུང་གི་སྙན་ཐོ་ཁག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྦྲེལ་པོར་ཕུལ་འདུགཕྱི་ཟླ་དྲུག་པའི་ནང་ཚོགས་གཙོ་སྦྲེལ་པོ་མཆོག་གིས་བསྐོ་འཛུགས་གནང་བའི་ཚོགས་ཆུང་གི་ཚོགས་མིའི་ཁོངས་སུ་སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་དང་། སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་ལགས། སྤྱི་འཐུས་དཀོན་མཆོག་ཡར་འཕེལ་ལགས། སྤྱི་འཐུས་ཀརྨ་དགེ་ལེགས་ལགས། དེ་བཞིན་དཔལ་འབྱོར་རིག་པའི་མཁས་དབང་སྐུ་ཞབས་ Rahul Joshi ལགས་བཅས་ཡོད་པ་རེད།ཚོགས་མི་རྣམས་ཀྱིས་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་ཁེ་གྱོང་གནས་སྟངས་ཇི་ཆགས་ཐོག་རྟོག་ཞིབ་གནང་བའི་སྙན་ཐོ་ཁག་གཉིས་དང་། འབྲེལ་ཡོད་མི་སྣར་བཅའ་འདྲི་ཞུས་པའི་ཚིག་ཐོ་ཁག་བཅས་ཁྱོན་ཡིག་སྣོད་ ༡༩ ཚོགས་གཙོ་སྦྲེལ་པོར་ཕུལ་ཡོད།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དྲ་གནས་ཐོག་དེ་འབྲེལ་གནས་ཚུལ་སྤེལ་བར་གཞིགས་ན། གོང་གསལ་སྙན་ཐོ་དེ་སང་ཉིན་ཕྱི་ཟླ་ ༩ ཚེས་ ༧ ཉིན་དབུ་འཛུགས་གནང་སྟེ་ཁྱོན་ལས་ཉིན་བཅུའི་རིང་འཚོགས་གཏན་ཁེལ་བའི་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཞི་པའི་ཐོག་སྙན་སེང་ཞུ་རྒྱུ་རེད་འདུགརྩ་བའི་འདི་ལོའི་ཕྱི་ཟླ་གསུམ་པའི་ནང་ཚོགས་པའི་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་དཔལ་འབྱོར་བཀའ་བློན་གཅིག་ལྕོགས་སྐུ་ཞབས་སྤེན་པ་ཚེ་རིང་མཆོག་གིས་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་དཔལ་འབྱོར་གྱི་གནས་སྟངས་ལ་བལྟས་ན་གཡང་མ་གཏོགས་མཐོང་གི་མེད་སྟབས་མ་འོངས་པར་ཁུངས་འཁྱོལ་རྒྱུ་ཁག་པོ་ཞིག་ཏུ་གཟིགས་ཀྱི་ཡོད་པ་སོགས་འགྲེལ་བརྗོད་དང་འབྲེལ། ལས་གཞི་དེ་མུ་མཐུད་ནས་མཇུག་སྐྱོང་གནང་རྒྱུར་གྲོས་ཚོགས་ནས་ཚོགས་ཆུང་ཞིག་ཆེད་འཛུགས་ཀྱིས་ཞིབ་འཇུག་མཐིལ་ཕྱིན་པ་གནང་སྟེ་ལམ་སྟོན་གནང་ཚེ་ལས་གཞི་དེ་མཇུག་སྐྱོང་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད་སྟབས། ཚོགས་གཙོ་སྦྲེལ་པོས་ཚོགས་ཆུང་ཆེད་འཛུགས་ཀྱིས་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་དཔལ་འབྱོར་གྱི་གནས་སྟངས་སོགས་ལ་ཞིབ་འཇུག་གནང་བ་ཞིག་ཆགས་ཀྱི་ཡོད།

ཨོ་གླིང་རྒྱལ་ཡོངས་བོད་ཀྱི་རྐང་སྤོལ་རུ་ཁག་གསར་བཙུགས་བརྒྱུད་བོད་དོན་དྲིལ་བསྒྲགས།

ཨོས་ཊོ་ལིཡའི་ནང་ལ་ལོ་ལྟར་བོད་རིགས་ས་གནས་ཁག་བརྒྱད་ཀྱི་གཞོན་སྐྱེས་ནང་ཁུལ། ཆིག་སྒྲིལ་ན་གཞོན་ལུས་རྩལ་འགྲན་རྩོད་ཞེས་རྐང་རྩེད་སྤོ་ལོ་དང་ལག་རྩེད་སྤོ་ལོའི་འགྲན་བསྡུར་གོ་སྒྲིག་གནང་བཞིན་ཡོད་པའི་ཁྲོད་ཁུལ་དེའི་བོད་པའི་གཞོན་སྐྱེས་ནང་ཁུལ་ལ་ཆིག་སྒྲིལ་དང་འཆམ་མཐུན། ཕན་ཚུན་ངོ་ཤེས་ཐུབ་རྒྱུ་ཙམ་མ་ཟད། འབྱུང་འགྱུར་གྱི་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༢༨ པ་དེའི་ནང་དུའང་མཉམ་ཞུགས་ཐུབ་རྒྱུ་ཆེད་ཁ་སང་བཞུགས་སྒར་དྷ་རམ་ས་ལའི་བོད་ཀྱི་གསོལ་མགྲོན་ཁང་ནང་དུ་ཨོ་གླིང་རྒྱལ་ཡོངས་བོད་རིགས་སྤྱི་མཐུན་ཚོགས་པའི་ཨོ་གླིང་རྒྱལ་ཡོངས་བོད་ཀྱི་རྐང་སྤོལ་རུ་ཁག་གསར་བཙུགས་དང་འབྲེལ་བའི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཡོད་པ་དེའི་ཐོག་ཨོ་གླིང་རྒྱལ་ཡོངས་བོད་རིགས་སྤྱི་མཐུན་ཚོགས་པའི་འགན་འཛིན་ལྷན་ཚོགས་ཐེངས་དྲུག་པའི་སྐབས་རྒྱལ་ཡོངས་རྐང་སྤོལ་རུ་ཁག་ཅིག་དགོས་པའི་གྲོས་ཆོད་ཕེབས་དོན་བཞིན་གསར་བཙུགས་ཀྱིས་ Australia Sport Foundation དང་ལྷན་དུ་མཉམ་རུབ་ཐོག་ནས་དཔལ་འབྱོར་འདུ་འགོད་ཀྱི་ལས་གཞི་འགོ་བཙུགས་བྱས་ཡོད་པ་མ་ཟད། ལྷག་པར་དུ་རྩེད་མོའི་བརྒྱུད་ལམ་དེའི་ཐོག་ནས་བོད་དོན་དྲིལ་བསྒྲགས་བྱ་རྒྱུ་ཡིན་པ་གསུངས་བྱུང་།རྩ་བའི་ཁུལ་དེར་ལོ་ལྟར་གོ་སྒྲིག་ཞུས་བཞིན་ཡོད་པའི་ཆིག་སྒྲིལ་རྩེད་འགྲན་དེ་ནི་ཁུལ་དེའི་གཞོན་སྐྱེས་རྣམས་ཀྱིས་རོགས་སྐྱོར་འོག་ཕྱི་ལོ་ ༢༠༠༩ ཟླ་ ༧ ཚེས་ ༦ ༸རྒྱལ་བའི་འཁྲུངས་སྐར་ཉིན་དབུ་བརྙེས་པ་ཞིག་ཡིན་པ་དང་། དེའི་དམིགས་ཡུལ་ནི་གཞོན་སྐྱེས་ནང་ཁུལ་ཆིག་སྒྲིལ་ཡོང་རྒྱུ་སོགས་ཡིན་པ་དང་ཆབས་ཅིག གཞོན་སྐྱེས་རྩེད་འགྲན་པ་ཕལ་ཆེ་བའི་ཕ་མ་རྣམས་ཆབ་སྲིད་བཙོན་པ་ཡིན་པ་དང་དེའི་རྐྱེན་པས་བུ་ཕྲུག་རྣམས་ཀྱི་སེམས་ཁམས་ཀྱི་དཀའ་ངལ་འབྱུང་གི་ཡོད་པར་རྩེད་མོའི་བརྒྱུད་ལམ་ནས་གཞོན་སྐྱེས་རྣམས་ཀྱི་སེམས་ཁམས་དཀའ་ངལ་དེ་དག་ལས་གྲོལ་ཆེད་དང་། དེ་བཞིན་ཆིག་སྒྲིལ་རྩེད་འགྲན་གོ་སྒྲིག་གི་དཔལ་འབྱོར་མཐུན་འགྱུར་རོགས་རམ་ནི་ཁུལ་དེའི་འཕྲོད་བསྟེན་ཚོགས་པ་སོགས་དང་འབྲེལ་གཏུག་གིས་མཐུན་རྐྱེན་མཁོ་སྤྲོད་གནང་གི་ཡོད་འདུགསྤྱིར་ཨོ་གླིང་རྒྱལ་ཡོངས་བོད་རིགས་སྤྱི་མཐུན་ཚོགས་པ་དང་དེའི་ཁྱབ་ཁོང་ས་གནས་བོད་རིགས་ཚོགས་པ། དེ་བཞིན་ ATC བོད་དོན་ལས་འགུལ་ཁང་བཅས་ནས་བོད་དོན་ཞུ་གཏུག་གི་ལས་འགུལ་རིམ་པ་སྤེལ་དང་སྤེལ་མུས་ཡིན་པའི་ཁྲོད་ཟླ་བ་འདིའི་ཕྱི་ཚེས་ ༡༢ ཉིན་ཨོ་གླིང་གི་གྲོས་ཚོགས་འཐུས་མི་ ༣༠ ལྷག་ཐུག་འཕྲད་ཀྱིས་བོད་དོན་ཞུ་གཏུག་གི་ལས་འགུལ་སྤེལ་འཆར་ཡོད་པ་མ་ཟད། ལོ་རྗེས་མར་ཁུལ་དེར་རིག་གཞུང་སྣ་འཛོམས་ཀྱི་རྩེད་འགྲན་ཞིག་གོ་སྒྲིག་གནང་འཆར་ཡོད་པ་དང་། སྡིངས་ཆ་དེ་དག་གི་བརྒྱུད་ནས་བོད་པའི་གཞོན་སྐྱེས་རྣམས་ནས་རྒྱལ་སྤྱིའི་རྩེད་འགྲན་གྲགས་ཅན་ནང་རིམ་པས་མཉམ་ཞུགས་ཐུབ་ཐབས་དང་། བོད་པའི་གཞོན་སྐྱེས་རྩེད་འགྲན་པ་རྩེ་ཕུད་དེ་དག་གི་སྒྲུང་ཕྱོགས་བསྡུས་ཀྱིས་དངོས་འབྱུང་གློག་བརྙན་བཟོ་བའི་བརྒྱུད་བོད་དོན་དྲིལ་བསྒྲགས་སོགས་ཀྱི་ལས་གཞི་སྤེལ་འཆར་ཡོད་འདུག

ལྷོ་ཊི་རོལ་རང་སྐྱོང་ཁུལ་ལྔ་བཅུའི་དུས་སྟོན་མཛད་སྒོར་བོད་མིའི་སྐུ་ཚབ་ལྷན་ཞུགས།

ཁ་སང་ཕྱི་ཟླ་ ༩ ཚེས་ ༥ ཉིན་ཡོ་རོབ་རྒྱལ་ཁབ་ཨི་ཊ་ལིའི་བྱང་ཕྱོགས་སུ་གནས་པའི་ལྷོ་ཊི་རོལ་རང་སྐྱོང་མངའ་ཁུལ་དེ་སྔ་ཕྱི་ལོ་ ༡༩༧༢ ལོར་ཨི་ཊི་ལི་མངའ་ཁོངས་ནས་རང་སྐྱོང་གནས་བབ་གྱུར་ཏེ་འདི་ལོར་མི་ལོ་ལྔ་བཅུ་འཁོར་གྱི་ཡོད་པ་རེད། ལྷོ་ཊི་རོལ་རང་སྐྱོང་མངའ་ཁུལ་ལྔ་བཅུའི་དུས་སྟོན་གྱི་གཞུང་འབྲེལ་མཛད་སྒོར་བོད་མིའི་སྐུ་ཚབ་དོན་གཅོད་གདན་འདྲེན་ཞུས་དོན་ལྟར་དངོས་སུ་ལྷན་ཞུགས་གནང་འདུག་པ་དང་། མཛད་སྟོན་ཐོག་སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་ཚབ་ཞུས་ཏེ་ལྔ་བཅུའི་དུས་སྟོན་གྱི་མཛད་སྟོན་བརྒྱུད་ལྷོ་ཊི་རོལ་རང་སྐྱོང་ཁུལ་གྱི་གཞུང་མང་ཡོངས་ལ་དགའ་བསུའི་འཚམས་འདྲི་དང་ཡུལ་དེའི་རང་སྐྱོངས་གནས་བབ་ལ་ཆེ་བསྟོད་གནང་ཡོད་པ་རེད། ལྷོ་ཊི་རོལ་རང་སྐྱོང་ཁུལ་གྱི་སྲིད་འཛིན་ Dr Arono kompastcher མཆོག་གིས་གཙོས་པའི་བློན་ཆེན་ཁག་དང་དེ་བཞིན་ཨོ་སི་ཊི་ཡ་དང་ཨི་ཊི་ལི་སོགས་ཀྱི་བློན་ཆེན་དང་གཞུང་འབྲེལ་གནད་ཡོད་མི་སྣ་མང་དག་ཅིག་ལྷན་འཛོམས་གནང་འདུག རྩ་བའི་དེ་སྔ་ཕྱི་ལོ་ ༡༩༩༢ ལོར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལྷོ་ཊི་རོལ་རང་སྐྱོང་མངའ་ཁུལ་དུ་ཆིབས་བསྒྱུར་ཐོག་མ་མཛད་པ་ནས་བཟུང་སྟེ་བོད་མི་དང་ལྷོ་ཊི་རོལ་རང་སྐྱོང་གཉིས་དབར་འབྲེལ་བ་ཆེས་ཐོག་མ་བྱུང་ཡོད་ཅིང་། ཕྱི་ལོ་ ༢༠༡༣ ལོར་ཡུལ་དེའི་ངོས་ནས་མགོན་པོ་༸གང་ཉིད་མཆོག་གིས་བོད་མིའི་བདེན་དོན་འཐབ་རྩོད་དེ་འཚེ་མེད་ཞི་བའི་ཐོག་ནས་གནང་བར་ཆེ་བསྟོད་ཀྱི་གཟེངས་རྟགས་ཤིག་ཀྱང་འབུལ་ལམ་ཞུས་ཡོད་པ་དང་། དུས་དེ་ནས་བཟུང་ཡུལ་དེའི་ནང་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་དང་སྲིད་ཟུར་བློ་བཟང་སེང་གེ་མཆོག དེ་བཞིན་སྲིད་སྐྱོང་ལས་ཐོག་སྤེན་པ་ཚེ་རིང་མཆོག་བཅས་གཞུང་འབྲེལ་ཕྱོགས་ཕེབས་ཀྱིས་ཡུལ་དེའི་སྲིད་འཛིན་རིམ་པར་མཇལ་འཕྲད་གནང་མྱོང་ཡོད་པ་རེད།

བོད་མིའི་རིགས་རྫས་བཙན་དབང་གིས་མཁོ་སྒྲུབ་བྱེད་བཞིན་པའི་དཔང་རྟགས་ར་འཕྲོད།

རྒྱ་གཞུང་གིས་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་གི་བོད་མི་མང་ཚོགས་ཀྱི་ DNA འམ་རིགས་རྫས་བཙན་དབང་གིས་མཁོ་སྒྲུབ་བྱས་ཏེ་གསང་བའི་ལྟ་སྲུང་གི་ལས་གཞི་བརྒྱུད་དྲག་དམ་ཤུགས་ཆེ་རུ་གཏོང་བཞིན་པར་མངོན་གསལ་གནང་འདུགཨ་རིར་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་ལ་དེ་འབྲེལ་གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན། ད་ཆ་རྒྱ་གཞུང་གིས་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་གི་གྲོང་སྡེ་དང་གྲོང་གསེབ་ཁག་གི་བོད་མིའི་ཐོག་མོས་མཐུན་ཡོད་མེད་ལ་ལྟོས་མེད་ཀྱིས་དེང་དུས་ཀྱི་འཕྲུལ་ཆས་བརྒྱུད་མིའི་རིགས་རྒྱུད་བསྡུ་རུབ་བྱེད་བཞིན་པ་དང་སྒོས་དེ་འབྲེལ་བརྟག་དཔྱད་སླད་ས་གནས་ཉེན་རྟོག་པར་བོད་མི་དེ་དག་ནས་ནག་ཉེས་ཅན་གྱི་ཕྱག་ལས་གང་གནང་ཡོད་མེད་ཀྱི་དཔང་རྟགས་རིགས་གང་ཡང་དགོས་གལ་མེད་པར་འགྲེལ་བརྗོད་དང་སྦྲགས། རྒྱ་གཞུང་གིས་བོད་མི་མང་ཚོགས་སྒེར་པ་ཚོའི་གསང་གནས་ཤེས་རྟོགས་ཡོང་ཐབས་སུ་ལྟ་སྲུང་གི་ལས་གཞི་རྒྱ་ཆེར་སྤེལ་བཞིན་ཡོད་པ་གསལ་པོ་མཚོན་ཡོད་ཅེས་མངོན་གསལ་གནང་འདུག དེ་བཞིན་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་ལ་འདི་ལོའི་ཕྱི་ཟླ་ ༤ ནང་ལྷ་ས་གྲོང་སྡེ་ལས་ཁུངས་ཀྱི་སྙན་ཐོ་ཞིག་རག་སོན་བྱུང་བར་རྒྱ་གཞུང་གིས་མིའི་རིགས་རྒྱུད་བརྟག་ནས་བོད་ནང་གི་སྔོན་འགྲོ་སློབ་གྲྭའི་བྱིས་པ་དང་ས་གནས་ཀྱི་བཅའ་སྡོད་མང་ཚོགས་ཐོག་བཙན་དབང་བཏང་ཡོད་པ་དང་། དེ་སྔ་ ༢༠༢༠ ལོའི་ཟླ་ ༡༢ ནང་མཚོ་སྔོན་ཞིང་ཆེན་ནས་ཐོན་པའི་སྙན་ཐོ་ནང་དུའང་རྒྱ་གཞུང་གིས་རིགས་རྫས་མཁོ་སྒྲུབ་ཀྱི་ལས་གཞི་ལག་བསྟར་བྱས་ནས་བྱིས་པ་ལོ་ལྔ་དང་དེའི་ཡན་ནས་བསྡུ་ལེན་བྱས་ཡོད་པ་ར་འཕྲོད་བྱུང་ཡོད། ད་ཆ་རྒྱ་གཞུང་གིས་བོད་མི་མང་ཚོགས་ཀྱི་ DNA འམ་རིགས་རྫས་བཙན་དབང་ཐོག་མཁོ་སྒྲུབ་བྱེད་བཞིན་པའི་ལས་གཞི་དེ་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ཁུལ་དང་གྲོང་སྡེ་བདུན་ཙམ་ནང་ལག་བསྟར་བྱེད་བཞིན་ཡོད་པ་དང་ལས་གཞི་དེ་ནི་རྒྱ་གཞུང་གིས་བོད་མི་མང་ཚོགས་ཁྲོད་ས་གནས་ཉེན་རྟོག་པའི་ལྟ་སྲུང་ཤུགས་ཆེ་རུ་གཏོང་རྒྱུའི་ཐབས་ཤེས་ཤིག་ཡིན་པ་རེད། འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གིས་གོང་ཞུས་སྙན་ཐོ་དེ་དག་ལ་ཞིབ་འཇུག་གནང་བའི་ནང་རིགས་རྫས་དེ་དག་བོད་ནང་དུ་འཕྲལ་སེལ་བཅའ་སྡོད་བྱེད་མཁན་གཙོས་བོད་ཀྱི་ས་ཁུལ་ཡོངས་རྫོགས་ནང་བྱེད་བཞིན་ཡོད་པ་དང་དེ་འབྲེལ་བརྟག་དཔྱད་བྱ་རྒྱུར་ས་གནས་བོད་མིའི་མོས་མཐུན་ཡོད་མེད་ལ་ལྟོས་མེད་བཙན་དབང་གིས་བརྟག་བཞིན་ཡོད་པར་ཆེད་བཏོན་གནང་འདུག ལྷག་པར་དུ་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་རྒྱ་གཞུང་ཉེན་རྟོག་པས་བོད་ལྗོངས་ཀྱི་གྲོང་ཁྱེར་ཆེ་ཤོས་ཨང་གསུམ་པ་ཆབ་མདོ་གྲོང་ཁྱེར་གཙོས་ས་ཁུལ་གཞན་ཁག་ཏུ་མིའི་རིགས་རྫས་བསྡུ་ལེན་བྱས་པ་དེ་ནི་མང་ཚོགས་ངོ་ཐག་ཆོད་རྒྱུའི་ཐབས་ལམ་ནུས་ལྡན་བཟོ་རྒྱུ་དང་། ཉེས་ཅན་འཛིན་བཟུང་། དེ་བཞིན་ས་གནས་ས་ཐོག་གི་ནག་ཉེས་དག་རྩད་གཅོད་སླད་ཡིན་ཚུལ་བརྗོད་བཞིན་པར་འགྲེལ་བརྗོད་དང་འབྲེལ་ཏེ། ཚོགས་པའི་རྒྱ་ནག་སྡེ་ཚན་གྱི་འགན་འཛིན་ Sophie Richardson ལགས་ཀྱིས་རྒྱ་གཞུང་གིས་དེ་སྔ་ནས་བོད་མིའི་ཐོག་ཚད་ལས་འདས་པའི་དྲག་གནོན་ཤུགས་ཆེར་སྤེལ་མུས་ཁར་ད་ཆ་གསང་བའི་ལྟ་སྲུང་གི་ལས་གཞི་རྒྱ་སྐྱེད་གཏོང་ཆེད་དོན་དངོས་བོད་མིའི་ལུས་ཐོག་ནས་བཙན་དབང་གིས་ཁྲག་བཏོན་ཏེ་རིགས་རྫས་དེ་གསོག་ཉར་བྱེད་བཞིན་པར་སྐྱོན་བརྗོད་གནང་བར་མ་ཟད་ལས་གཞི་དེ་འཕྲལ་དུ་མཚམས་འཇོག་དགོས་པ་དང་འབྲེལ་ཡོད་མི་སྣ་རྣམས་ལ་ཞིབ་འཇུག་གིས་ཁྲིམས་གཏུག་བྱེད་དགོས་པར་ནན་བརྗོད་གནང་འདུག རྒྱ་གཞུང་གིས་དེ་སྔ་ཆབ་མདོ་གྲོང་ཁྱེར་དུ་མང་ཚོགས་ཀྱི་ DNA འམ་རིགས་རྫས་བསྡུ་ལེན་དང་འབྲེལ་བའི་ལས་གཞིའི་མ་ལག་ཆེད་འཛུགས་ཀྱིས་ས་གནས་ཀྱི་བོད་མི་མང་ཚོགས་ཀྱི་མཛུབ་རྗེས་དང་། ཁྲག་རིགས་སོགས་བསྡུ་ལེན་བྱས་ཡོད་པར་མ་ཟད། དེ་སྔ་རྒྱ་ནག་གི་ཚན་རིག་ཉམས་ཞིབ་པ་ཁག་ཅིག་གིས་རྒྱལ་སྤྱིའི་ཉམས་ཞིབ་པ་ཁག་དང་ཟུང་འབྲེལ་ཐོག་འདོན་སྤེལ་བྱས་པའི་འགྲོ་མིའི་རིགས་རྒྱུད་བརྟག་དཔྱད་དང་འབྲེལ་བའི་ཉམས་ཞིབ་ཀྱི་སྙན་ཐོ་ནང་དུའང་བོད་མི་དང་ཡུ་གུར་གཙོས་རྒྱ་ནག་གི་མངའ་འོག་ཏུ་ཡོད་པའི་གྲངས་ཉུང་མི་རིགས་ཀྱི་མི་སེར་རྣམས་ཀྱི་རིགས་རྫས་ཆོག་མཆན་མེད་པར་སྤྱོད་པའི་གནས་སྟངས་བྱུང་ཡོད།

Latest news