Tibetan Royal Year of 2151 | Year of the Wood Dragon

གསར་འགྱུར།

ཉི་ཧོང་དང་ཁེ་ན་ཌས་གཙོས་རྒྱལ་ཁབ་ཁག་གཅིག་གི་སྐུ་ཚབ་འཐུས་མི་ཐེ་ཝན་ལ་བསྐྱོད་རྒྱུའི་གྲ་སྒྲིག

རིང་མིན་ཉི་ཧོང་དང་ཁེ་ན་ཌ། འཇར་མ་ནི། དབྱིན་ཡུལ་བཅས་ཀྱི་གྲོས་ཚོགས་འཐུས་མིའི་སྐུ་ཚབ་རྣམས་ཐེ་ཝན་ལ་བསྐྱོད་རྒྱུའི་གྲ་སྒྲིག་གནང་བཞིན་ཡོད་པ་རེད།ཟླ་བ་སྔོན་མར་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་སྐུ་ནེན་སི་པི་ལོ་སི་ Nancy Pelosi མཆོག་གིས་དབུ་ཁྲིད་པའི་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་ཞིག་ཐེ་ཝན་དུ་ཕེབས་ཏེ་ཁུལ་དེའི་སྲིད་འཛིན་མཆོག་དང་མཇལ་འཕྲད་གནང་བར་བརྟེན་གནད་དོན་དེར་རྒྱ་ནག་གིས་འཁོན་ལན་དང་བཅས་ཁུལ་དེའི་མཚོ་ཁར་དྲག་པོའི་དམག་ཤུགས་ཆེད་གཏོང་གིས་འཇིགས་སྐུལ་ཆེན་པོ་བྱེད་བཞིན་ཡོད་པའི་ཁྲོད་འདིར་ཐེ་ཝན་ལ་རྒྱབ་སྐྱོར་མཚོན་ཕྱིར་རིང་མིན་ཉི་ཧོང་དང་ཁེ་ན་ཌ། འཇར་མ་ནི། དབྱིན་ཡུལ་བཅས་ཀྱི་གྲོས་ཚོགས་འཐུས་མིའི་སྐུ་ཚབ་རྣམས་ཐེ་ཝན་ཁུལ་དུ་བསྐྱོད་རྒྱུའི་གྲ་སྒྲིག་གནང་བཞིན་འདུགཐེ་ཝན་གྱི་བརྒྱུད་ལམ་ Taipei Times ནང་གནས་ཚུལ་སྤེལ་བར་གཟའ་འཁོར་རྗེས་མའི་རེས་གཟའ་ཟླ་བ་ནས་བཟུང་ཉིན་གསུམ་རིང་ཉི་ཧོང་གི་གཞུང་འཛིན་གུ་ཡངས་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Keiji Furuya མཆོག་གིས་སྣེ་ཁྲིད་འོག་སྐུ་ཚབ་གཞན་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་ Minoru Kihara མཆོག་རྣམ་གཉིས་ཐེ་ཝན་དུ་ཆེད་ཕེབས་ཀྱིས་ཁུལ་དེའི་སྲིད་འཛིན་ལྕམ་སྐུ་ Tsai Ing-wen མཆོག་དང་བདེ་སྲུང་བློན་ཆེན་མཆོག་རྣམ་གཉིས་ཀྱི་དབར་མཇལ་འཕྲད་གནང་རྒྱུ་དང་སྐབས་དེར་ཨ་རི་དང་མཉམ་ལས་ཀྱིས་ཁུལ་དེའི་བདེ་འཇགས་སྲ་བརྟན་ཆེད་གྲོས་མོལ་གནང་རྒྱུ་རེད་འདུག དེ་བཞིན་རྒྱ་ནག་གི་ཁུལ་དེར་དྲག་པོའི་དམག་ཤུགས་སྤྱོད་པའི་གནད་དོན་སོགས་ཀྱི་ཐད་ལའང་གོ་བསྡུར་གནང་རྒྱུ་ཡིན་འདུག་པ་མ་ཟད། འབྱུང་འགྱུར་ཕྱི་ཟླ་ ༡༠ ཚེས་ ༡༠ ཉིན་ཐེ་ཝན་རྒྱལ་ཁབ་ཀྱི་ཉིན་མོར་ཉི་ཧོང་ནས་སྐུ་ཚབ་ཆེད་གཏོང་གིས་ཨ་རིའི་གྲོས་ཚོགས་འཐུས་མི་བཅས་ཕྱོགས་གསུམ་ལྷན་འཛོམས་ཐོག་ནས་སྲིད་བྱུས་ཐད་གོ་བསྡུར་གནང་རྒྱུ་ཡིན་པ་རེད། ཐེ་ཝན་གྱི་ཕྱི་སྲིད་ལྷན་ཁང་ནས་ཉི་ཧོང་གི་སྐུ་ཚབ་རྣམས་ཁུལ་དེར་ཕེབས་རྒྱུར་དགའ་བསུ་ཡོད་ཅེས་ཡོངས་ཁྱབ་གནང་འདུག ཕྱོགས་མཚུངས་ཐེ་ཝན་དུ་འབྱུང་འགྱུར་ཕྱི་ཟླ་ ༡༠ པ་ནང་ཁེ་ན་ཌའི་གྲོས་ཚོགས་འཐུས་མི་དང་། ཁེ་ན་ཌ་དང་ཐེ་ཝན་གྲོས་ཚོགས་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་གཅིག་ལྕོགས་ལྕམ་སྐུ་ Judy Sgro མཆོག་གིས་སྣེ་ཁྲིད་འོག་ཚོགས་མི་བརྒྱད་ལས་གྲུབ་པའི་སྐུ་ཚབ་ཚོགས་ཆུང་ཞིག་ཁུལ་དེར་བསྐྱོད་འཆར་ཡོད་པར་མངོན་གསལ་གནང་འདུག ལྕམ་སྐུ་ Judy Sgro མཆོག་གི་ངོས་ནས་ཐེ་ཝན་ཁུལ་དུ་ཕེབས་རྒྱུར་ཐུགས་རེ་ཆེན་པོ་གནང་གི་ཡོད་པ་མ་ཟད་ཐེངས་འདིའི་གཞུང་འབྲེལ་ཕྱོགས་བསྐྱོད་དེ་ཧ་ཅང་དགོས་མཁོ་ཅན་ཞིག་ཆགས་ཡོད་པར་འགྲེལ་བརྗོད་དང་འབྲེལ། རྒྱལ་ཁབ་ཕན་ཚུན་གཉིས་ཀྱི་དབར་ལ་ཚོང་འབྲེལ་གྱི་འབྲེལ་ལམ་དམ་ཟབ་ཆེད་གོ་སྐབས་གང་འདྲ་ཡོད་མེད་ལ་གཟིགས་རྟོགས་གནང་རྒྱུ་ཡིན་པ་དང་ཆབས་ཅིག ཁོང་གིས་རྒྱལ་ཁབ་གཞན་སུ་འདྲ་ཞིག་ཡིན་ཀྱང་རང་ཉིད་ཀྱི་རང་དབང་དང་མང་གཙོ་ཆེད་གདོང་ལེན་གནང་གི་ཡོད་ན་ངེས་པར་དུ་རྒྱབ་སྐྱོར་གནང་དགོས་སྐོར་གསུངས་འདུག དེ་བཞིན་ཁོང་གིས་ཁེ་ན་ཌས་རྒྱ་ནག་ལ་གདོང་ལེན་གནང་གི་ཡོད་པར་སྤོབས་པ་ཡོད་སྐོར་དང་འབྲེལ་ཏེ་སྐབས་དེར་གདོང་ལེན་གནང་གལ་ཡིན་པར་གསུངས་ཡོད། འབྱུང་འགྱུར་ཕྱི་ཟླ་ ༡༠ པའི་ཟླ་འགོ་དང་ཟླ་མཇུག་ཏུ་འཇར་མ་ནིའི་གྲོས་ཚོགས་འཐུས་མི་ཚོ་ཁག་གཉིས་རིམ་པས་ཐེ་ཝན་དུ་བསྐྱོད་འཆར་ཡོད་པ་འཁོད་འདུག ཟླ་བ་དེའི་འགོ་སྟོད་ནང་འཇར་མ་ནི་དང་ཐེ་ཝན་གྲོས་ཚོགས་འཐུས་མིའི་མཛའ་འབྲེལ་ཚོགས་པའི་སྐུ་ཚབ་དྲུག་ཕེབས་འཆར་དང་། ཟླ་མཇུག་ཏུ་འཇར་མ་ནིའི་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚན་པས་ཁུལ་དེའི་ཆབ་སྲིད་ཚོགས་པ་དྲུག་ནས་སྐུ་ཚབ་མི་འགྲོ་བརྒྱད་ཐེ་ཝན་ཁུལ་དུ་ཨེ་ཤ་ཡའི་ཕྱོགས་སྐྱོད་ཆེན་པོ་ཞེས་པའི་མཚན་ཐོག་ནས་ཕེབས་གཏན་ཁེལ་ཡོད་པ་འཁོད་འདུག དེ་འབྲེལ་ཕྱོགས་སྐྱོད་དེ་སྤྱིར་ཕྱི་ལོ་ ༢༠༢༠ ལོར་སྐྱོད་འཆར་ཡོད་ཀྱང་ཏོག་དབྱིབས་གཉན་རིམས་ཀྱི་རྐྱེན་གྱིས་ཕེབས་ཐུབ་མེད་པ་ཞིག་ཡིན་འདུག དབྱིན་ཡུལ་གྱིས་ཀྱང་འབྱུང་འགྱུར་ཕྱི་ཟླ་ ༡༡ དང་ ༡༢ གང་རུང་དུ་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཐེ་ཝན་ཁུལ་དུ་ཕེབས་འཆར་ཡོད་པ་བཅས་འཁོད་འདུག

འཛམ་གླིང་ཞི་བདེ་ནི་ང་ཚོའི་འབད་བརྩོན་ལ་བརྟེན་ནས་ཡོང་དགོས་ཀྱི་རེད།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ད་ལྟའི་ཆར་ལ་དྭགས་ཞི་བའི་ཚལ་ཕོ་བྲང་དུ་༸སྐུ་ཞུགས་མཛད་དེ་ཁུལ་དེའི་ཉེ་འཁོར་གྱི་ས་གནས་ཁག་ཏུ་མཛད་འཕྲིན་ཁག་གཅིག་བསྐྱངས་དང་སྐྱོང་བཞིན་ཡོད་པ་ལྟར། ཁ་སང་མགོན་པོ་༸གང་ཉིད་མཆོག་གིས་ལ་དྭགས་ཁ་ཆེའི་འབྲེལ་མཐུད་ཚོགས་པས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་རྒྱལ་ས་གླེའི་ཤལ་ཁུལ་དུ་རྟེན་གཞི་བྱས་པའི་སཱུ་ནིའི་ཁ་ཆེའི་ལྷ་ཁང་དུ་གནས་གཟིགས་དང་སྦྲགས་ཏེ་ཁ་ཆེའི་ཆོས་གྲོགས་རྣམས་ལ་བཀའ་སློབ་ལམ་སྟོན་སྩལ་བ་དང་དེ་བཞིན་ཆོས་གྲོས་ཚོས་བཀའ་འདྲི་དགོངས་སྐོར་ཞུས་པ་ཁག་ལ་བཀའ་ལན་སྩལ་ཡོད་པ་རེད།སྐབས་དེར་ས་གནས་ཀྱི་སློབ་གྲྭ་ཞིག་ཏུ་དགེ་རྒན་གྱི་ཕྱག་ལས་གནང་བཞིན་པ་ཁ་ཆེའི་བེུད་མེད་ཅིག་ནས་ཁྱིམ་དང་སྤྱི་ཚོགས་ཀྱི་ཟང་ཟིང་སྤངས་ཏེ་གྲྭ་བཙུན་སོགས་གནང་ཚེ་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་རྒྱུ་ལས་སླ་པོ་ཡོད་དམ་ཞེས་བཀའ་འདྲི་ཞུས་པར་མགོན་པོ་༸གང་ཉིད་མཆོག་གིས་ནང་ཆོས་ལ་མཚོན་ན་སྟོན་པ་བཅོམ་ལྡན་འདས་གཙོ་བོར་གྱུར་པའི་ནང་པའི་མཁས་པ་བསམ་གྱིས་མི་ཁྱབ་པ་མང་པོ་ཞིག་གྲྭ་སར་ཞུགས་ཏེ་དགེ་སློང་སོགས་ཀྱི་སྡོམ་པ་ཞུས་ཡོད་པ་དང་། ནང་ཆོས་ཉམས་ལེན་གནང་བར་ངེས་པར་དུ་གྲྭ་བཙུན་སོགས་གནང་དགོས་པའི་ཁྱབ་པ་གང་ཡང་མེད་པ་དང་། དེ་ཡང་ང་ཚོ་འཇིག་རྟེན་འདིར་ཐོག་མ་སྐྱེས་པའི་སྐབས་སུ་གྲྭ་བཙུན་གྱི་ཀླད་པ་དང་མི་སྐྱའི་ཀླད་པ་ཞེས་དབྱེ་བ་གང་ཡང་མེད་སྟབས། གཙོ་བོ་རང་ཉིད་ལ་ཡོད་པའི་ཀླད་པ་འདི་བེད་སྤྱོད་ཚད་ལྡན་ཞིག་བཏང་སྟེ་ཆོས་ལ་དད་པ་ཙམ་མིན་པར་རིག་པས་དཔྱད་ནས་སློབ་གཉེར་གནང་རྒྱུ་དེ་གལ་ཆེན་པོ་རེད་ཅེས་བཀའ་ལན་སྩལ་ཡོད།    ལྷག་པར་དུ་སྐབས་དེར་བཅར་བའི་ས་གནས་ཀྱི་མཐོ་སློབ་སློབ་དཔོན་ཞིག་གིས་མང་ཚོའི་རྒྱལ་ཁབ་ནང་ལ་སྤྱི་ཚོགས་འཆམ་མཐུན་ཡོང་ཐབས་སུ་གསར་འགོད་པས་འགན་གང་བཞེས་དགོས་སམ་ཞེས་བཀའ་འདྲི་ཞུས་སྐབས་ང་ཚོ་ལ་གནས་ཚུལ་སྣ་ཚོགས་དང་ཕྱོགས་ཡོངས་ཀྱི་གནས་ཚུལ་དགོས་རྒྱུ་གལ་ཆེན་པོ་ཡིན་པ་དང་། ལྷག་དོན་སྤྱི་ཚོགས་འཆམ་མཐུན་སྐོར་ཟེར་སྐབས་སུ་ཆོས་ལ་དད་པ་དང་ཡིད་ཆེས་ཡོད་མེད་ཅེས་པ་དེ་ནི་གང་ཟག་སྒེར་གྱི་གནད་དོན་ཞིག་ཡིན་པ་དང་། ང་ཚོས་རྒྱ་ཆེ་ས་ནས་དགོངས་པ་བཞེས་དགོས་པ་ནི་འཛམ་གླིང་ཐོག་ཡོད་པའི་འགྲོ་བ་མི་ཐེར་འབུམ་བདུན་རྣམས་ལ་ཐུན་མོང་གི་ཆ་ཞིག་ཡོད་པ་དེ་ནི་ང་ཚོ་ཚང་མ་གོ་ལ་འདིའི་ཐོག་གཅིག་གིས་གཅིག་བརྟེན་ནས་འཚོ་གནས་བྱེད་དགོས་སྟབས་འགྲོ་བ་མི་ཕན་ཚུན་དབར་ལ་གཅེན་པོ་དང་གཅེན་མོ། དེ་བཞིན་འགྲོ་བ་མི་གཅིག་འགྱུར་གྱི་འདུ་ཤེས་གོང་འཕེལ་ཐོག་ནས་མཉམ་གནས་གནང་སྟེ་སྤྱི་ཚོགས་འཆམ་མཐུན་དང་འཛམ་གླིང་ཞི་བདེ་ལྡན་པ་ཞིག་བསྐྲུན་རྒྱུར་འབད་བརྩོན་གནང་དགོས་ཞེས་བཀའ་སྩལ་བ་དང་ཆབས་ཅིག འཛམ་གླིང་ཞི་བདེ་ནི་གློ་བུར་དུ་ཡོང་རྒྱུ་ཡོད་པ་ཞིག་མིན་པར་ང་ཚོའི་འབད་བརྩོན་ལ་རྟེན་ནས་ཡོང་དགོས་ཀྱི་རེད་ཅེས་ལམ་སྟོན་བཀའ་དྲིན་ཆེ་བ་སྩལ་གནང་མཛད་ཡོད།སྐབས་དེར་༸གོང་ས་མཆོག་གིས་སྟོང་ཉིད་དང་མི་རྟག་པ་སོགས་སྒོམ་པའི་ཕན་ཡོན་སྐོར་ལ་བཀའ་ལན་སྩོལ་སྐབས་ཆོས་ཉམས་ལེན་བྱེད་སྐབས་གཙོ་བོ་རང་རྒྱུད་ལ་ཡོད་པའི་ཉོན་མོངས་པའི་སེམས་ཚོར་དྲག་པོའི་ཆ་དེ་དག་ལ་གཉེན་པོ་རྟེན་ཐབས་གནང་དགོས་པ་དང་། ལྷག་པར་དུ་ང་ཚོའི་རྒྱུད་ལ་ཡོད་པའི་སེམས་ཚོར་དྲག་པོའི་ཆ་དེ་དག་དང་རྒྱུན་དུ་སེམས་མི་སྐྱིད་པའི་གནས་སྟངས་བྱུང་སྐབས་ཀྱི་རྒྱུ་རྐྱེན་གཙོ་བོ་ཞིག་ནི་རང་གཅེས་འཛིན་གྱི་བསམ་བློ་ཤུགས་ཆེ་དྲག་པའི་དབང་གིས་ཡོང་ཡོད་པ་སོགས་བཀའ་ལན་མཛད་འདུགགཞི་རྩའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁ་ཆེའི་ཆོས་གྲོགས་ཁག་གཅིག་གིས་བཀའ་འདྲི་དགོངས་སྐོར་ཞུས་པ་ཁག་ལ་བཀའ་ལན་མ་མཛད་གོང་དུ་དེ་སྔ་མགོན་པོ་༸གང་ཉིད་མཆོག་ལྷ་སར་བཞུགས་སྐབས་ཁ་ཆེའི་ངོ་ཤེས་པ་ཚོ་དང་འབྲེལ་འདྲིས་ཆེན་པོ་ཡོད་པ་སོགས་བཀའ་སྩལ་བ་དང་སྦྲགས། དེང་དུས་ཤེས་ཡོན་ལམ་ལུགས་ནང་ལ་བྱམས་བརྩེ་དང་འབྲེལ་བའི་བསླབ་གཞི་གསར་འཇུག་གནང་རྒྱུའི་གནད་འགག་དང་ཆོས་ལུགས་མཐུན་སྒྲིལ་གྱི་གལ་གནད་སོགས་ཀྱི་ཐོག་ལམ་སྟོན་བཀའ་སློབ་བཀའ་དྲིན་སྩལ་ཡོད་པ་རེད།

མ་སྨད་གཉིས་ཕྱི་ཕྱོགས་ལ་འབྲེལ་བ་གནང་བའི་ཉེས་མིང་འོག་བཙན་ཁྲིད།

རྒྱ་གཞུང་གིས་དབྱེ་བའི་བོད་རང་སྐྱོང་ལྗོངས་ཀྱི་ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་ཡུལ་གསར་གྲོང་ཚོ་ནས་ཡིན་པའི་ཨ་མ་རིག་འཛིན་སྒྲོལ་མ་ལགས་དང་ཁོང་གི་བུ་མོ་བཀྲ་ཤིས་དབྱངས་སྐྱིད་ལགས་རྣམ་གཉིས་ཀྱིས་ཕྱི་ཕྱོགས་སུ་བཞུགས་པའི་སྤུན་མཆེན་རྣམས་དང་འབྲེལ་བ་གནང་སྟེ་ཁྲིམས་འགལ་ཐོག་ནས་པར་རིས་ཕྱིར་བཀྲམ་པའི་ཉེས་མིང་འོག་མ་མད་གཉིས་གློ་བུར་དུ་འཛིན་བཟུང་བྱས་འདུགགནས་ཚུལ་མཁོ་སྤྲོད་པས་ཟླ་འདིའི་ཕྱི་ཚེས་  ༡༣    ཉིན་བོད་རང་སྐྱོང་ལྫོངས་ཁོངས་ཀྱི་ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་ཡུལ་གསར་གྲོང་ཚོ་ནས་ཡིན་པའི་མ་མད་གཉིས་ཀྱི་ཁྱིམ་དུ་གློ་བུར་དུ་ཉེན་རྟོག་པ་ཡོང་ནས་ཁོང་རྣམ་གཉིས་ཀྱིས་ཕྱི་ཕྱོགས་སུ་ཡོད་པའི་སྤུན་མཆེན་ལ་འབྲེལ་བ་གནང་སྟེ་ཁྲིམས་འགལ་ཐོག་ནས་པར་རིས་ཕྱིར་བཀྲམ་འདུག་ཟེར་ཏེ་མ་མད་གཉིས་ཀ་འཛིན་བཟུང་བཙན་ཁྲིད་བྱས་ནས་ཕྱི་ཉིན་ཙམ་ལ་ཨ་མ་ལགས་ཕྱིར་ཁྱིམ་དུ་བཏང་ཡོད་པ་དང་། བུ་མོ་བཀྲ་ཤིས་དབྱངས་སྐྱིད་ལགས་ཉིན་གསུམ་ཙམ་རིང་ས་གནས་སུ་བཀག་ཉར་བྱས་པའི་རྗེས་སུ་ས་གནས་གཞན་ཞིག་ཏུ་ཁྲིད་ཡོད་སྟབས་  ཁོང་གི་ནང་མི་ཚོས་ས་གནས་ཉེན་རྟོག་པར་ཐེངས་མང་པོར་བུ་མོའི་གནས་སྟངས་དང་བཙན་ཁྲིད་ཀྱི་གནད་དོན་གང་ཡིན་སོགས་ཀྱི་སྐོར་དྲིས་ཡོད་ཀྱང་། ཉེན་རྟོག་པས་ཁོང་ལྷ་ས་ཁུལ་གྱི་ས་གནས་སུ་ཡོད་སྐོར་མ་གཏོགས་དེ་མིན་གང་ཡང་བཤད་མེད་སྟབས། ནང་མི་རྣམས་བློ་འཚབ་ཆེན་པོ་གནང་བཞིན་ཡོད་པ་རེད་འདུག གཞི་རྩོའི་རང་ལོ་ ༢༣ ལ་སོན་པའི་བུ་མོ་བཀྲ་ཤིས་དབྱངས་སྐྱིད་ལགས་ནི་བོད་ལྗོངས་སློབ་གྲྭ་ཆེན་མོའི་སློབ་ཕྲུག་ཡིན་པ་དང་བདུན་ཕྲག་འགའ་ཤས་གོང་ནས་ལྷ་ས་དང་གཞིས་རྩེའི་གཡས་གཡོན་དུ་ཏོག་དབྱིབས་ ༡༩ ཁྱབ་གདལ་ཤུགས་ཆེའི་རྐྱེན་གྱིས་སློབ་གྲྭ་ཕྱིར་བཤོལ་གྱིས་ཁྱིམ་སྡོད་བཀའ་རྒྱའི་འོག་ཁོང་ཉིད་རང་ཁྱིམ་དུ་ཕྱིར་བསླེབས་པ་ཞིག་རེད་འདུག དགུང་ལོ་ ༧༦ ཡིན་པའི་ཁོང་གི་ཨ་མ་རིན་འཛིན་སྒྲོལ་མ་ལགས་ནི་རྣམ་ཀུན་ནས་ཆོས་སེམས་ཆེན་པོ་དང་ཡུལ་མི་ཚང་མར་མཐུན་ལམ་ལེགས་པོ་ཡོད་པར་བརྟེན་གྲོང་མི་ཚོས་ཁོང་ལ་དགའ་མོས་ཞུ་ཡུལ་ཞིག་རེད་འདུག འབྲེལ་ཡོད་པར་གྱི་བདག་དབང་བོད་ཀྱི་དུས་བབ།

ཤིན་ཅང་ནང་བཙན་སྐུལ་ངལ་རྩོལ་གྱི་སྲིད་བྱུས་ལག་བསྟར་བྱེད་ཀྱི་ཡོད་པ་རྒྱལ་ཚོགས་ཀྱི་སྙན་ཐོ་ནང་གསལ་བ།

རྒྱ་ནག་གིས་ཤིན་ཅང་ནང་བཙན་སྐུལ་ངལ་རྩོལ་གྱི་ལས་གཞི་སྤེལ་གྱི་ཡོད་པ་དེ་རྒྱུ་མཚན་དང་ལྡན་པ་ཞིག་ཡིན་པ་རྒྱལ་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་ཀྱི་སྙན་ཐོ་འདོན་སྤེལ་གནང་བའི་ནང་གསལ་འདུགརྒྱལ་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་ Tomoya Obokata ལགས་ཀྱིས་རིང་མིན་ཟླ་ ༩ པའི་ནང་འཚོགས་རྒྱུའི་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་ཐེངས་ ༥༡ ལ་ཟླ་ ༧ ཚེས་ ༡༩ ཉིན་ད་ལྟའི་དུས་ཀྱི་བྲན་གཡོག་དང་དེའི་གྲངས་ཉུང་མི་རིགས་ཚོར་ཤུགས་རྐྱེན་ཞེས་པའི་བརྗོད་གཞི་ཐོག་ཤོག་ལྷེ་ ༢༠ ཅན་གྱི་སྙན་ཐོ་ཞིག་ཕུལ་བའི་ནང་རྒྱ་ནག་གིས་བཀོལ་སྤྱོད་བྱས་པའི་ངལ་རྩོལ་གྱི་ལས་གཞིའི་འོག་ཡུ་གུར་དང་ Kazakhs གཞན་ཊར་ཀིའི་མི་རིགས་རྣམས་ལ་གདུག་རྩུབ་དང་དྲག་གནོན་གྱི་སྲིད་བྱུས་འོག་ངལ་བ་ཆེས་ཆེར་མྱོང་བཞིན་པ་དང་སྒོས་རྒྱ་ནག་གིས་ཤིན་ཅང་ནང་བཙན་སྐུལ་ངལ་རྩོལ་གྱི་ལས་གཞི་སྤེལ་གྱི་ཡོད་པ་མཐའ་སྡོམ་གནང་ཚེ་དེ་རྒྱུ་མཚན་དང་ལྡན་པ་ཞིག་ཡིན་པར་མངོན་གསལ་གནང་འདུག སྙན་ཐོ་ནང་ཡུ་གུར་གྱི་ལས་མི་ཚོར་ཆེས་གདུག་རྩུབ་དང་མནར་གཅོད་འོག་ངལ་རྩོལ་བྱེད་བཅུག་ཡོད་པ་དང་དེའི་ཁོངས་རྒྱ་ནག་གིས་ཁག་ཅིག་མི་ཚོང་རྒྱག་པ། ཁྲིམས་མེད་ལུགས་མེད་ཀྱིས་འཛིན་བཟུང་། དེ་བཞིན་བཙན་གྱིས་ངལ་རྩོལ་བརྒྱུད་བྲན་གཡོག་བཀོལ་བའི་སྲིད་བྱུས་ཡོད་པ་གསུངས་འདུག ཕྱོགས་མཚུངས་སུ་རྒྱ་གཞུང་གིས་རྒྱ་ནག་གིས་དབྱེ་བའི་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་དབུལ་ཕོངས་ལས་གྲོལ་ཐབས་དང་ལས་རིགས་སྦྱོང་བརྡར་སོགས་ཀྱི་མིང་བྱང་འོག་ཞིང་པ་དང་འབྲོག་པ། གྲོང་གསེབ་ནང་ཕྱག་ལས་གནང་མཁན་ཚོ་རང་གནས་ནས་གཞིས་སྤོས་བྱེད་དུ་བཅུག་སྟེ་ས་གནས་འདྲ་མིན་ནང་གླ་ཆ་ཞན་པོ་སྤྲོད་དེ་ངལ་རྩོལ་བསྒྱུར་བཀོལ་གྱི་ལས་རིགས་སྣ་ཚོགས་གཉེར་བཅུག་ཡོད་པ་མངོན་གསལ་གནང་ཡོད། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཆེད་ལས་པས་ཡུ་གུར་ཁ་ཆེ་མི་རིགས་བཙོན་འཇུག་དང་ངལ་རྩོལ་བྱེད་བཅུག་པར་ཐུགས་འཚབ་ཀྱིས་ཤིན་ཅང་ནང་དམ་དྲག་མེད་པའི་ཐོག་ཞིབ་འཇུག་སྐུ་ཚབ་ཚོགས་ཆུང་ཆེད་གཏོང་དགོས་པ་དང་དེ་བཞིན་རྒྱལ་ནང་དང་ཕྱི་ཕྱོགས་ནས་རྒྱ་ནག་དང་ཚོང་འབྲེལ་སྐབས་དངོས་ཟོག་གི་འབྱུང་ཁུངས་སོགས་ལ་རྟོག་ཞིབ་དགོས་པའི་དགོས་འདུན་བཏོན་འདུག བོད་དང་ཤིན་ཅང་ཐོག་ཉམས་ཞིབ་གནང་མཁན་ Adrian Zenz ལགས་ཀྱིས་ཁོང་གི་ Twitter ཐོག་རྒྱལ་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་ཀྱིས་སྙན་ཐོ་གསར་པ་འདོན་སྤེལ་གནང་བ་དེ་ནས་ཤིན་ཅང་ནང་ངལ་རྩོལ་གྱི་ལས་གཞི་ལག་བསྟར་བྱེད་ཀྱི་ཡོད་པ་མཐའ་སྡོམ་གནང་ཐུབ་ཡོད་པ་གསུངས་འདུག རྒྱལ་སྤྱིའི་ཡུ་གུར་ཚོགས་པ་ World Uyghur Congress ཞེས་པའི་ཚོགས་གཙོ་ Dolkun Isa ལགས་ཀྱིས་རྒྱལ་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་ཀྱི་སྙན་ཐོའི་གྲུབ་འབྲས་དེ་ང་ཚོས་ལོ་མང་རིང་ནས་ཡུ་གུར་ཞུ་གཏུག་གི་ལས་འགུལ་སྤེལ་བའི་བརྗོད་དོན་དང་གཅིག་མཚུངས་མཇུག་སྡོམ་གནང་ཐུབ་ཡོད་པ་གསུངས་འདུག རྒྱལ་སྤྱིའི་ཡུ་གུར་ཚོགས་པས་དེ་འབྲེལ་བསྒྲགས་གཏམ་སྤེལ་བར་རྒྱ་ནག་དམར་ཤོག་ཚོགས་པའི་བཙན་གྱིས་ངལ་རྩོལ་གྱི་ལས་གཞི་དེ་མི་རིགས་སྡེབ་གསོད་གཏོང་ཆེད་ཀྱི་ལག་ཆར་སྤྱོད་བཞིན་ཡོད་ཀྱང་འཛམ་གླིང་གི་བཟོ་ཚོང་ཁང་ནས་རྒྱ་ནག་གིས་བཙན་གནོན་སོགས་ལས་བྱུང་བའི་དངོས་ཟོག་རྣམས་མུ་མཐུད་ཚོང་གི་ཁེ་ཕན་ཉོ་ཚོང་བྱེད་བཞིན་པ་དང་སྒོས་རྒྱལ་སྤྱིའི་རྒྱལ་ཁབ་ཁག་གི་གཞུང་ནས་ཀྱང་ངལ་རྩོལ་དང་འབྲེལ་བའི་དངོས་ཟོག་ཉོ་རྒྱུ་མཚམས་འཇོག་དགོས་པའི་ཐད་ཁྲིམས་ལུགས་བཟོ་རྒྱུར་ངོས་ལེན་བྱེད་ཀྱི་མེད་སྟབས། ད་རེས་རྒྱལ་ཚོགས་ཀྱིས་སྙན་ཐོ་དེ་ནས་ད་བར་ཡུ་གུར་ངལ་རྩོལ་ལས་བྱུང་བའི་དངོས་ཟོག་མཚམས་འཇོག་ཐད་གང་ཡང་མ་གནང་མཁན་ཚོ་གཉིད་སད་པའི་རེ་བ་ཡོད་ཅེས་དང་རྒྱལ་སྤྱིའི་གཞུང་དང་བཟོ་ཚོང་ཁང་རྣམས་ནས་རྒྱལ་ཚོགས་ཀྱི་སྙན་ཐོ་ནང་གི་གནད་དོན་རྙེད་སོན་བྱུང་ཁག་ལ་ངོས་འཛིན་དང་སྦྲགས་ཏེ། ཡུ་གུར་ངལ་རྩོལ་དང་འབྲེལ་རྒྱ་ནག་གི་གདུག་རྩུབ་ཅན་གྱི་བྱ་སྤྱོད་ལ་རོགས་རམ་གནང་མཚམས་འཇོག་དགོས་པར་འོས་འཚམས་ཀྱི་ཐག་གཅོད་གནང་རོགས་ཞེས་ཞུ་སྐུལ་གནང་འདུག

༸གོང་ས་མཆོག་ལ་ལ་དྭགས་ཁ་ཆེའི་འབྲེལ་མཐུད་ཚོགས་པས་དགུང་ཚིགས་འདེགས་འབུལ།

དེ་རིང་ཞོགས་པ་ཕྱག་ཚོད་ ༡༠ ཐོག་ Ladakh Muslim Coordination Committee ཞེས་ལ་དྭགས་ཁ་ཆེའི་འབྲེལ་མཐུད་ཚོགས་པས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་ཀྱི་རྒྱལ་ས་གླེའི་ཤལ་ཁུལ་དུ་རྟེན་གཞི་བྱས་པའི་སུ་ནིའི་ཁ་ཆེའི་ལྷ་ཁང་དུ་ཆིབས་བསྒྱུར་དང་བཀའ་སློབ་བཀྲིན་སྩལ་གནང་མཛད་འདུགདེ་ཡང་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ལ་དྭགས་ཟངས་དཀར་ཁུལ་གྱི་མཛད་འཆར་ཁག་ལེགས་པར་གྲུབ་ནས་སླར་རྒྱལ་ས་གླེའི་ཁུལ་གྱི་མཛད་འཆར་མུ་མཐུད་མཛད་བཞིན་པའི་ཁྲོད་དེ་རིང་མགོན་པོ་༸གང་ཉིད་མཆོག་ Masjid Sharif ཞེས་ཕྱི་ལོ་ ༡༣༨༢ ལོར་ཕྱག་བཏབ་པའི་ཁ་ཆེའི་ལྷ་ཁང་དུ་ཆིབས་བསྒྱུར་བཀྲིན་བསྐྱངས་ཏེ་ཐུགས་སྨོན་མཛད་པ་དང་། ཁ་ཆེའི་མང་ཚོགས་ལ་བླང་དོར་བཀའ་སློབ་སྩལ་བ་མ་ཟད། ལ་དྭགས་ཁ་ཆེའི་འབྲེལ་མཐུད་ཚོགས་པ་ནས་མགོན་པོ་༸གང་ཉིད་ལ་ཁ་ཆེའི་མཐུན་མོང་མ་ཡིན་པའི་དགུང་ཚིགས་འདེགས་འབུལ་ཞུས་འདུག༸གོང་ས་མཆོག་གིས་ཁ་ཆེའི་མང་ཚོགས་ལ་སྐབས་དེར་དབྱིན་སྐད་ནང་བཀའ་སློབ་སྩལ་བའི་ཁྲོད། མགོན་པོ་༸གང་ཉིད་༸སྐུ་ན་ཆུང་དུས་མདོ་སྨད་སྟག་འཚེར་ཁུལ་དུ་སྐུ་བཞུགས་མཛད་སྐབས་དང་། དེ་རྗེས་ལྷ་སར་ཆིབས་བསྒྱུར་མཛད་པའི་རིང་ལ་ཁ་ཆེའི་ངོ་ཤེས་མང་པོ་ཡོད་ལ་དེ་དག་ནི་གཞི་རྩའི་ཆ་ནས་ཧ་ཅང་ཞི་བདེ་དང་ལྡན་པ་ཞིག་ཡིན་པའི་ལོ་རྒྱུས་ཁག་གཅིག་ཐུགས་དྲན་གསོ་དང་འབྲེལ། སྤྱིར་ལྷ་སའི་ནང་ཡོད་པའི་ཁ་ཆེའི་མི་རིགས་མང་ཆེ་བ་ཚོང་པ་ཡིན་པ་དང་། ཁོང་རྣམ་པས་ཚོང་ལས་ཁྲོད་རྒྱ་གར་གཙོས་པའི་ཕྱིའི་རྒྱལ་ཁབ་ཀྱི་གནས་ཚུལ་ཁྱེར་ནས་ཡོང་སྟབས། བོད་མི་རྣམས་ཀྱིས་ཁོ་ཚོར་ངང་སྒུག་ཆེན་པོ་བྱས་ཀྱི་ཡོད་པ་དྲན་གསོ་མཛད་དེ་ཁ་ཆེ་མི་སྣ་དེ་དག་ནི་སྐབས་དེའི་དུས་ཀྱི་གནས་ཚུལ་ཡོང་ཁུངས་གཙོ་བོ་ཞིག་ཆགས་ཡོད་པར་བཀའ་གནང་འདུག༸གོང་ས་མཆོག་གིས་སྐབས་དེར་ད་དུང་ཁ་ཆེའི་མང་ཚོགས་རྣམས་ལ་དེང་གི་ཤེས་ཡོན་ཐོག་ནས་ Karuna འམ་བྱམས་བརྩེ་སྤེལ་རྒྱུ་ནི་ཧ་ཅང་གནད་ཆེ་ཡིན་པ་དང་དེའང་ཚན་རིག་པ་རྣམས་ཀྱིས་མིའི་རང་བཞིན་དེ་བྱམས་བརྩེ་ཡིན་པའི་གྲུབ་དོན་རྙེད་པ་ལྟར་གནང་གནད་ཡིན་པའང་བཀའ་བསྩལ་འདུགམ་ཟད་༸གོང་ས་མཆོག་གིས་ལ་དྭགས་གཙོས་ཧཱི་མ་ལ་ཡའི་རི་བརྒྱུད་ཀྱི་མི་རིགས་རྣམས་དང་བོད་དབར་འདས་པའི་ལོ་ངོ་སྟོང་ཕྲག་རིང་ནས་འབྲེལ་ལམ་ཧ་ཅང་ཟབ་མོ་ཡོད་པ་བཞིན་མགོན་པོ་༸གང་ཉིད་རྒྱ་གར་གྱི་བྱང་ཕྱོགས་ས་ཁུལ་དེ་དག་ནང་ག་དུས་ཆིབས་བསྒྱུར་མཛད་ཀྱང་ས་གནས་མང་ཚོགས་ནས་༸གང་ཉིད་ལ་ཧ་ཅང་དད་གུས་ཆེ་བའི་སྒོ་ནས་ཕེབས་བསུ་ཞུ་གི་ཡོད་པར་བསྔགས་བརྗོད་མཛད་པ་དང་འབྲེལ། བོད་དེ་བཞིན་འདས་པའི་ལོ་ངོ་བཅུ་ཕྲག་མང་པོའི་རིང་རྒྱ་ནག་གི་དབང་སྒྱུར་འོག་གནས་ཡོད་ཀྱང་། བོད་མི་རྣམས་ཀྱིས་ལོ་ངོ་སྟོང་ཕྲག་ལྡན་པའི་བྱམས་བརྩེའི་རིག་གཞུང་དེ་གསོ་གནས་ཐུབ་ཡོད་པ་དང་། ཡང་སྒོས་ལ་དྭགས་གཙོས་པའི་ཧཱི་མ་ལ་ཡའི་མི་རིགས་ནས་ཀྱང་བྱམས་བརྩེའི་རིག་གཞུང་འདི་བཞིན་རྒྱུན་འཛིན་ཐུབ་ཡོད་པར་དམིགས་བསལ་གྱི་བསྔགས་བརྗོད་མཛད་ཡོད།མ་ཟད་ཆོས་ལུགས་མཐུན་སྒྲིལ་གྱི་གལ་གནད་སྐོར་ལའང་བཀའ་སློབ་ནན་པོ་སྩལ་བ་དང་འབྲེལ། ཆོས་ལུགས་ཇི་འདྲ་ཞིག་ཡིན་རུང་ལྟ་གྲུབ་འདྲ་མིན་ཡོད་ཀྱང་། དོན་དག་ཡང་སྙིང་བྱམས་བརྩའི་བསླབ་བྱ་གཅིག་གྱུར་ཡིན་སྟབས། ལ་དྭགས་ནང་ཁ་ཆེ་དང་ནང་པའི་སྤྱི་ཚོགས་གཉིས་འཆམ་མཐུན་ངང་གནས་ཡོད་པ་དེ་ནི་ཧ་ཅང་གུས་པར་འོས་པ་ཞིག་ཡིན་པར་བཀའ་སྩལ་འདུག

རྒྱ་གར་གྱི་མང་གཙོའི་ལམ་ལུགས་ཀྱི་སྒྲོམ་གཞི་ཆེས་བརྟན་པོ་ཡོད་སྐོར་བཀའ་སྩལ་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁ་སང་ཕྱི་ཚེས་ ༡༥ ཉིན་རྒྱ་གར་རང་བཙན་ཐོབ་ནས་མི་ལོ་ ༧༥ འཁོར་བའི་ཉིན་མོ་དང་བསྟུན་དཔྱད་རྩོམ་སྤེལ་བའི་ནང་རྒྱ་གར་གྱི་རྒྱལ་ཁབ་འདི་ཉིད་ལོ་ངོ་བཅུ་ཕྲག་མང་པོའི་རིང་མང་གཙོའི་ལམ་བུར་བསྐྱོད་པར་བརྟེན་མང་གཙོའི་ལམ་ལུགས་ཀྱི་སྒྲོམ་གཞི་ཆེས་བརྟན་པོ་ཡོད་སྐོར་བཀའ་སྩལ་འདུགདེ་ཡང་ཁ་སང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཀེ་ར་ལའི་གསར་ཁང་ ONMANORAMA ཐོག་དཔྱད་རྩོམ་ཞིག་སྤེལ་བའི་ནང་མགོན་པོ་༸གང་ཉིད་མཆོག་གིས་ལོ་ཤས་སྔོན་༸གང་ཉིད་མཆོག་ཝ་ཤིང་ཊོན་གྱི་མཛད་རིམ་ཞིག་གི་ནང་འབྱུང་འགྱུར་འཛམ་གླིང་ནང་རྒྱ་ནག་དམར་ཤོག་ཚོགས་པ་དང་མང་གཙོའི་རྒྱལ་ཁབ་རྒྱ་གར་གཉིས་ནས་དོ་སྣང་བྱ་ཡུལ་གཙོ་བོ་དང་གལ་འགངས་ཆེ་བ་དེ་སུ་ཆགས་མིན་བཀའ་འདྲི་ཞུས་པར་༸གང་ཉིད་མཆོག་གིས་སྐབས་དེར་ཐེ་ཚོམ་མེད་པར་དེ་རྒྱ་གར་རྒྱལ་ཁབ་ཡིན་པ་བཀའ་ལན་སྩལ་བ་དང་། ལྷག་པར་༸གང་ཉིད་མཆོག་གིས་བཀའ་ལན་དེ་ཡང་རྒྱ་གར་གྱི་ཡིད་མགུ་རུ་འཇུག་ཆེད་མིན་པར་ཡང་སྒོས་རྒྱ་གར་དེ་རྒྱལ་སྤྱིའི་སྤྱི་ཚོགས་ལ་ག་རེ་མཚོན་ཐུབ་མིན་དེ་མངོན་གསལ་གནང་རྒྱུ་ཆེད་ཡིན་པ་བཀའ་སྩལ་འདུག ༸གང་ཉིད་མཆོག་གིས་ངོས་རང་ལོ་མང་རིང་ནས་རྒྱ་གར་སྤྱི་ཚོགས་ཀྱི་ཆ་ཤས་ཞིག་ལ་ངོས་འཛིན་མཁན་ཞིག་ཡིན་པའི་ཆ་ནས་དེ་རིང་རྒྱ་གར་རང་བཙན་ཐོབ་ནས་མི་ལོ་ ༧༥ འཁོར་བའི་དུས་ཆེན་ཐོག་དགོངས་ཚུལ་ཞིག་འདིར་བཀོད་ཐུབ་པར་དགའ་ཚོར་དཔག་མེད་བྱུང་བ་དང་།  སྤྱིར་རྒྱ་གར་རྒྱལ་ཁབ་འདི་བཞིན་ཕྱི་ལོ་ ༡༩༤༧ ནས་ངལ་བ་གང་འཕྲད་པར་གདོང་ལེན་གྱིས་ཡར་རྒྱས་ཀྱི་ལམ་བུར་བསྐྱོད་པ་ནི་སེམས་འགུལ་ཐེབས་གཞི་ཞིག་དང་། ཆབས་ཅིག་རྒྱ་གར་གྱི་མང་གཙོའི་སྒྲོམ་གཞི་ལ་བསྔགས་བརྗོད་མཛད་དེ།   རྒྱ་གར་གྱི་རྒྱལ་ཁབ་འདི་ཉིད་ལོ་ངོ་བཅུ་ཕྲག་མང་པོའི་རིང་མང་གཙོའི་ལམ་བུར་བསྐྱོད་པར་བརྟེན་མང་གཙོའི་ལམ་ལུགས་ཀྱི་སྒྲོམ་གཞི་ཆེས་བརྟན་པོ་ཡོད་སྐོར་བཀའ་སྩལ་འདུག དེ་བཞིན་༸གང་ཉིད་མཆོག་གིས་རྒྱ་གར་ནང་ལོ་ངོ་སྟོང་ཕྲག་ལྷག་གི་རིང་ཆོས་ལུགས་འདྲ་མིན་ཡོད་པ་རྣམས་ཞི་བདེ་ངང་མཉམ་གནས་གནང་གི་ཡོད་པ་དང་འབྲེལ།  ད་རེས་ཀྱི་དཔྱད་རྩོམ་དེ་ཡང་ད་ཆ་ལ་དྭགས་སུ་ཡོད་པའི་སྐབས་བཀོད་པ་ཞིག་ཡིན་པ་དང་ཕྱོགས་མཚུངས་ས་ཁུལ་འདི་ལྟ་བུར་མཚོན་ན་ནང་པ་དང་ཁ་ཆེ། ཡེ་ཤུ། དེ་བཞིན་ཧིན་རྡུ་བ་རྣམས་ཞི་བདེ་ངང་མཉམ་གནས་གནང་བ་དངོས་སུ་གཟིགས་པ་བྱུང་བས་རྒྱ་གར་དེ་བཞིན་ཡར་རྒྱས་ཀྱི་ཁ་ཕྱོགས་ལ་མུ་མཐུད་བསྐྱོད་བཞིན་པ་མ་ཟད།   ལྷག་པར་རྒྱ་གར་འདི་བཞིན་འཛམ་གླིང་ནང་མང་གཙོའི་རྒྱལ་ཁབ་ཆེ་ཤོས་ཞིག་ཡིན་པའི་ཆ་ནས་འཛམ་གླིང་མང་གཙོའི་ལམ་དུ་སྣེ་ཁྲིད་ཐུབ་པའི་གནས་བབས་ཡོངས་སུ་ལྡན་ཡོད་ཅེས་ལམ་སྟོན་བཀྲིན་ཆེ་བ་སྩལ་འདུག གཞན་ཡང་མགོན་པོ་༸གང་ཉིད་མཆོག་གིས་རྒྱ་གར་གྱི་གནའ་བོའི་རིག་གནས་དང་འབྲེལ།  ༸གང་ཉིད་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞི་ལས་གཅིག་རྒྱ་གར་གྱི་གནའ་བོའི་རིག་གནས་གོང་མཐོར་གཏོང་རྒྱུ་ཡིན་པ་འགྲེལ་བརྗོད་དང་།  ཆབས་ཅིག་རྒྱ་གར་གྱི་ལྟ་གྲུབ་ནང་གི་སེམས་ཁམས་རིག་པ་དང་། བློ་སྦྱོང་གི་ཐབས་ལམ་སོགས་ཀྱིས་འཛམ་གླིང་སྤྱི་ཡོངས་ལ་ལེགས་སྐྱེས་འབུལ་ཐུབ་སྐོར་བཀའ་སྩལ་བ་མ་ཟད།  ལྷག་པར་རྒྱ་གར་གྱི་གནའ་བོའི་ལེགས་བྱང་དང་དེང་རབས་ཀྱི་ཤེས་ཡོན་གཉིས་ཟུང་དུ་འབྲེལ་བའི་ཐོག་ནས་སློབ་ཁྲིད་གནང་བར་འབད་བརྩོན་གནང་གལ་ཡིན་པ་དང་ཆབས་ཅིག རྒྱ་གར་གྱི་མངའ་སྡེ་ཁག་གཅིག་ནས་དེའི་ཐད་ཐུགས་འཁུར་བཞེས་མུས་ལྟར་སླད་མར་རྒྱ་གར་རྒྱལ་ཡོངས་ཀྱི་ལས་འགུལ་ཞིག་ཏུ་ཆགས་ཐུབ་པའི་ཐུགས་རེ་ཡོད་ཅེས་བཀའ་སྩལ་མཛད་འདུག གཞི་རྩའི་མགོན་པོ་༸གང་ཉིད་མཆོག་ཕྱི་ཟླ་ ༧ པའི་ཚེས་ ༡༤ ཉིན་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་ལ་དྭགས་སུ་ཆིབས་ཐོན་མཛད་ཡོད་པ་དང་ད་ལྟར་ལ་དྭགས་སུ་༸སྐུ་ལྷོད་བཞུགས་མཛད་མུས་ཡིན་པ་རེད།

བོད་ནང་ཏོག་དབྱིབས་ནད་དུག་ཕོག་མཁན་གྱི་གྲངས་ཚད་ཇེ་མང་དང་ཐེམ་སྤང་བཀའ་རྒྱ་ཕར་འགྱངས།

གཟའ་འཁོར་གཅིག་ཙམ་གོང་དུ་རྒྱ་གཞུང་གིས་དབྱེ་བའི་བོད་རང་སྐྱོང་ལྗོངས་ཁུལ་དུ་ཆགས་པའི་བོད་ཀྱི་རྒྱལ་ས་ལྷ་ས་གཙོས་ཉེ་འཁོར་ས་གནས་ཁག་གཅིག་གི་མི་མང་ལ་ཏོག་དབྱིབས་གཉན་རིམས་ ༡༩ ཕོག་པའི་གནས་ཚུལ་ཐོན་ཡོད་པ་དང་། ད་ལྟའི་འཆར་ས་ཁུལ་དེག་དག་ནང་ཏོག་དབྱིབས་གཉན་རིམས་ཕོག་མཁན་གྱི་གྲངས་ཚད་འཕར་བ་དང་ཐེམ་སྤང་བཀའ་རྒྱ་ཕར་འགྱངས་བྱས་པ། དེ་བཞིན་འབྲེལ་ཡོད་ལས་བྱེད་ལས་གནས་ནས་ཕྱིར་ཕུད་སོགས་བཏང་འདུགརྩ་བའི་རྒྱ་ནག་གཞུང་གིས་དམ་བསྒྲགས་སོགས་ཀྱིས་རྐྱེན་པས་བོད་ནང་གི་དངོས་ཡོད་གནས་ཚུལ་སྤྱི་དང་། ལྷག་པར་དུ་ད་ཆ་ཁྱབ་གདལ་འགྲོ་བཞིན་པའི་ཏོག་དབྱིབས་རིམས་ནད་ཕོག་མཁན་གྱི་གྲངས་ཐོ་ངེས་ཅན་ཞིག་རག་རྒྱུ་ཁག་པོ་ཆགས་ཡོད་ཀྱང་། ཉེ་འཆར་ཕྱི་ཚེས་ ༡༠ ཉིན་རྒྱ་ནག་གཞུང་འབྲེལ་གྱིས་སྤེལ་བའི་གྲངས་ཐོའི་ནང་རྒྱལ་ས་ལྷ་སར་ནད་རྟགས་ཐོན་པ་ ༢༧ དང་། གཞིས་རྩེ་གྲོང་ཁྱེར་དུ་ ༡༨ མངའ་རིས་ཁུལ་དུ་ ༡༡ བཅས་གསལ་ཡོད་པ་དང་། ཁ་སང་ཕྱི་ཚེས་ ༡༥ ཉིན་རྒྱ་ནག་གཞུང་འབྲེལ་གྱི་མི་མང་དྲྭ་བའི་ཐོག་སྤེལ་བའི་གནས་ཚུལ་ལ་གཞིགས་ན་རྒྱལ་ས་ལྷ་ས་གཙོས་པའི་གྲོང་ཁྱེར་དང་ས་གནས་སོ་སོའི་ཁྱབ་ཁོངས་སུ་རིམས་ནད་ཕོག་མཁན་ཇི་ཡོད་ཀྱི་གྲངས་ཐོ་ཁ་གསལ་བཀོད་མིན་འདུག་ཀྱང་། རྒྱ་གཞུང་གིས་དབྱེ་བའི་བོད་རང་སྐྱོང་ལྗོངས་ཁྱོན་ཡོངས་སུ་ད་ཆ་ཏོག་དབྱིབས་གཉན་རིམས་ཕོག་པ་མི་གྲངས་ ༩༤༧ བྱུང་ཡོད་པ་དང་། དེ་དག་ཁྲོད་ནས་ ༨༤༨ ལ་ནད་དུག་འགོས་ཀྱང་ནད་རྟགས་མངོན་མེད་པའི་སྐོར་འགྲེལ་བརྗོད་བྱས་འདུགད་རེས་ཡོངས་གྲགས་བྱུང་བའི་གྲངས་ཐོ་ལ་གཞིགས་ན་འདས་པའི་ཉིན་ཤས་ཁྲོད་བོད་ནང་ལ་ཏོག་དབྱིབས་གཉན་རིམས་ ༡༩ ཕོག་མཁན་གྱི་གྲངས་འབོར་ཆེས་མང་དུ་ཕྱིན་འདུག་པ་མ་ཟད། ས་གནས་འབྲེལ་ཡོད་རྒྱ་ནག་གཞུང་གི་ལས་ཁུངས་ཁག་ནས་སྤུ་ཧྲེང་རྫོང་གི་བར་ག་ཞང་དང་ཧོར་ཞང་གཉིས་ཉེན་ཁ་ཆེ་བའི་ཁུལ་དུ་གསལ་བཏོན་གྱིས་དོ་དམ་ཚོད་འཛིན་གྱི་བྱ་ཐབས་ནན་པོ་བྱ་རྒྱུའི་གསལ་བསྒྲགས་སྤེལ་བ་དང་། གཞིས་ཀ་རྩེ་གྲོང་ཁྱེར་ཡོངས་རྫོགས་ཟླ་བ་འདིའི་ཕྱི་ཚེས་ ༢༡ བར་ཁྱིམ་སྡོད་སྒོ་རྒྱ་བསྡམས་དགོས་པའི་ཐེམ་སྤང་བཀའ་རྒྱ་བཏང་འདུག་ལ། ཕྱི་ཕྱོགས་སུ་ཡོད་པའི་རྒྱུད་ལམ་ཁག་གིས་དེ་འབྲེལ་གནས་ཚུལ་སྤེལ་བའི་ནང་ལ་གོང་གསལ་ས་ཁུལ་དེ་དག་ཙམ་མིན་པར། ལྷ་ས་དང་ནག་ཆུ་སོགས་སུ་མུ་མཐུད་ཁྱིམ་སྡོད་སྒོ་རྒྱ་བསྡམས་པ་མ་ཟད། ཨ་མདོ་བླ་བྲང་ཕྱོགས་སུ་སྒོ་རྒྱ་བསྡམས་ནས་ཉིན་གྲངས་གསུམ་བཅུ་ལྷག་འགྲོ་བཞིན་ཡོད་པ་སོགས་གསལ་འདུགམ་ཟད་རྒྱ་ནག་གཞུང་ནས་ད་ཆ་རིམས་ནད་ཕོག་མཁན་ཇེ་མང་དུ་འགྲོ་བཞིན་པའི་སྐབས་ས་གནས་མི་མང་ལ་བརྟག་དཔྱད་ཀྱི་མཐུན་རྐྱེན་སོགས་ཚད་ལྡན་ཇི་ཙམ་སྦྱོར་གྱི་ཡོད་མེད་སོགས་ཤེས་རྟོགས་དཀའ་ཡང་། ལྷ་ས་གྲོང་ཁྱེར་འཕྲོད་བསྟེན་དང་བདེ་ཐང་ལྷན་ཁང་གི་ལས་བྱེད་གསུམ་རིམས་ནད་སྔོན་འགོག་སོགས་ཀྱི་ལས་དོན་མཐུད་གཙང་བྱུང་མེད་སྐོར་སོགས་བཤད་དེ་ལས་གནས་ནས་ཕྱིར་ཕུད་བཏང་འདུག རྩ་བའི་ཕྱི་ལོ་ ༡༠༡༩ ལོའི་ལོ་མཇུག་ཙམ་ལ་རྒྱ་ནག་ཝུ་ཧན་གྲོང་ཁྱེར་ནས་ཏོག་དབྱིབས་རིམས་ནད་ཐོག་མར་ཁྱབ་གདལ་བྱུང་བ་ནས་བཟུང་ད་བར་རྒྱལ་སྤྱིའི་མི་སེར་ས་ཡ་མང་པོའི་ཚེ་སྲོག་ཤོར་ཡོད་པ་དང་། དེ་བཞིན་བོད་ནང་དུ་གཉན་རིམས་ཁྱབ་གདལ་གྱི་དུས་ཚོད་སྡུག་ཤོས་སྐབས་སུའང་ནད་ཡམས་འགོས་པ་གཅིག་ལས་བྱུང་མེད་ཅེས་རྒྱ་ནག་གཞུང་གིས་འགྲེལ་བརྗོད་བྱས་པ་ལྟར་ན། ད་རེས་བོད་ནང་ལ་རིམས་ནད་ཕོགས་མཁན་གྱི་གྲངས་ཚད་འདི་ནི་ཆེས་མཐོ་པོ་ཞིག་ཆགས་ཀྱི་ཡོད་པ་དང་། ས་གནས་མི་སེར་ཁག་ཅིག་ནས་རྒྱ་གཞུང་གི་དམ་བསྒྲགས་དང་འགྲེལ་བརྗོད་ཇི་བྱས་ལ་ལྟོས་མེད། ད་རེས་བོད་ནང་ཐོན་པའི་གཉན་རིམས་དེ་རྒྱ་རིགས་ཡུལ་སྐོར་སྤྲོ་འཆམ་པ་བརྒྱུད་ནས་ཁྱབ་གདལ་བྱུང་བ་ཞིག་ཡིན་པར་འགྲེལ་བརྗོད་བྱས་ཀྱི་ཡོད། དེ་བཞིན་ཁ་སང་ཉི་ཧོང་གི་དུས་བབ་གསར་ཁང་གི་གནས་ཚུལ་སྤེལ་བའི་ནང་། རྒྱ་ནག་གཞུང་གིས་དུས་རྒྱུན་ནས་མང་ཚོགས་ཀྱི་འགྲོ་འདུག་སྤྱོད་གསུམ་ལ་དམ་བསྒྲགས་སྣ་ཚོགས་བྱེད་ས་བོད་དང་ཤིང་ཅང་གཉིས་ཀྱི་ས་ཁུལ་ནས་ཁྱོན་ཏོགས་དབྱིབས་རིམས་ནད་ཕོག་མཁན་མི་གྲངས་ ༢༣༠༠ ཐོན་ཡོད་པ་འགྲེལ་བརྗོད་དང་སྦྲགས། རྒྱ་ནག་གཞུང་ནས་དེ་སྔ་ཡུལ་དེ་གཉིས་ཀྱི་མི་སེར་ལ་དམ་བསྒྲགས་བྱེད་རྒྱུའི་ཆེད་དུ་ཆེད་འཛུགས་བྱས་པའི་སོ་ལྟའི་བརྙན་ཆས་དང་འཕྲུལ་ཆས་རིགས་ད་ཆ་ཏོག་དབྱིབས་ནད་དུག་ཁྱབ་གདལ་འགོག་ཐབས་ཆེད་བེད་སྤྱོད་བྱེད་དེ་མང་ཚོགས་ཐོག་ལ་དམ་བསྒྲགས་སྔར་ལྷག་བྱེད་བཞིན་ཡོད་པ་ཐེར་བཏོན་གནང་འདུགལྷག་པར་དུ་ད་ཆ་བོད་དང་ཤིང་ཅང་ཙམ་མ་ཟད། རྒྱ་ནག་གྱི་གྲོང་ཁྱེར་ཆེ་གྲས་ཁག་ཅིག་ཏུ་རིམས་ནད་ཕོག་མཁན་ཇེ་མང་དུ་འགྲོ་བཞིན་པའི་གནས་ཚུལ་དང་འབྲེལ། དཔྱད་ཞིབ་པ་ཁག་ཅིག་ནས་ཞི་ཅི་ཕིང་གི་ཏོག་དབྱིབས་རྩ་མེད་བཟོ་རྒྱུའི་སྲིད་བྱུས་དེ་དངོས་ཡོད་གནས་སྟངས་དང་མཐུན་པའི་སྲིད་བྱུས་ཤིག་མིན་པ་མ་ཟད། ཕྱི་ལོ་ ༢༠༢༡ ལོར་རྒྱ་ནག་གཞུང་ནས་རྒྱ་ནག་རྒྱལ་ཁབ་འདི་ནི་རྒྱལ་སྤྱིའི་ཐོག་ཏོག་དབྱིབས་རིམས་ནད་ཕོག་མཁན་གྱི་ནད་པ་གཅིག་ཀྱང་མེད་པའི་རྒྱལ་ཁབ་དང་པོ་དེ་ཡིན་ཞེས་གསལ་བསྒྲགས་བྱས་པ་དེ་རྫུན་གཏམ་ཞིག་ཆགས་ཡོད་པ་སོགས་ཀྱི་སྐྱོན་བརྗོད་དང་སྦྲགས། ད་ཆ་ཞི་ཅི་ཕིང་གིས་ཏོག་དབྱིབས་སྔོན་འགོག་དང་འབྲེལ་བའི་དམ་བསྒྲགས་སྣ་ཚོགས་བྱེད་བཞིན་པ་དེ་དག་ནི་རྐང་འདི་ལོའི་ལོ་མཇུག་ཏུ་ཚོགས་གཏན་ཁེལ་བའི་རྒྱ་ནག་དམར་ཤོག་གི་ཚོགས་ཆེན་དང་འབྲེལ་རང་ཉིད་ཀྱི་ངོ་གདོང་སྲུང་སྐྱོབ་བྱ་རྒྱུར་དམིགས་པ་ཞིག་རེད་སོགས་གསུངས་བཞིན་འདུག

རྒྱ་ནག་གིས་ཐའེ་ཝན་རང་བཙན་ལ་རྒྱབ་སྐྱོར་བྱེད་མཁན་གྱི་དཔོན་རིགས་ཁག་ཅིག་ལ་ཉེས་ཆད།

ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་སྐུ་ Nancy Pelosi མཆོག་གིས་སྣེ་འཁྲིད་པའི་ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཚབ་འཐུས་མིས་ཐའེ་ཝན་ནང་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་སྐོར་བསྐྱོད་མཇུག་བསྒྲིལ་གནང་ནས་ཉིན་ ༡༢ ཙམ་ལས་ཕྱིན་མེད་པའི་ཁྲོད་དེར། ཁ་སང་སླར་ཡང་ཨ་རིའི་གྲོས་ཚོགས་འཐུས་མི་ལྔ་ལས་འགྲུབ་པའི་ཨ་རིའི་སྐུ་ཚབ་ཚོ་ཁག་གཞན་ཞིག་ཐའེ་ཝན་དུ་བསྐྱོད་རྗེས། རྒྱ་ནག་གཞུང་གིས་ཨ་རིར་གནས་བཞུགས་ཐའེ་ཝན་གྱི་གཞུང་ཚབ་ཆེན་མོས་གཙོས་གནས་ཡོད་དཔོན་རིགས་བདུན་ལ་སྲིད་དོན་ཉེས་ཆད་བཀལ་འདུགདེའང་རྒྱ་ནག་དམར་ཤོག་ཚོགས་པའི་ཐའེ་ཝན་ལས་དོན་ལས་ཁང་གི་མགྲིན་ཚབ་པས་བརྗོད་དོན་ལྟར་ན། ཐའེ་ཝན་གྱི་དཔོན་རིགས་བདུན་པོ་དེ་དག་གི་ཁོངས་སུ་ཨ་རིར་གནས་བཞུགས་ཐའེ་ཝན་གྱི་གཞུང་ཚབ་དང་། ཐའེ་ཝན་རྒྱལ་ཡོངས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེས་གཙོས་གཞུང་འཛིན་མང་གཙོ་ཚོགས་པའི་གནས་ཡོད་དཔོན་རིགས་ཁག་བདུན་ཡོད་པ་དང་། སྲིད་དོན་ཉེས་ཆད་དེའི་འོག་དཔོན་རིགས་དེ་དག་རྒྱ་ནག་དང་ཧོང་ཀོང། དེ་བཞིན་མ་ཀའོ་བཅས་སུ་འགྲོ་བསྐྱོད་བཀག་སྡོམ་དང་དེ་དག་དང་འབྲེལ་བའི་ཚོང་ལས་ཁང་དང་ཚོང་པ་རྣམས་ཀྱང་རྒྱ་ནག་ནས་ཁེ་འབབ་བླང་ཆོག་གི་མེད་པའི་ཉེས་ཆད་བཀལ་འདུག་པ་མ་ཟད། ཉེས་ཆད་དེའང་མི་ཚེ་གང་པོའི་རིང་དགལ་རྒྱུ་ཡིན་པ་བརྗོད་འདུགམགྲིན་ཚབ་པས་ད་དུང་ཉེ་ལམ་ནས་ཐའེ་ཝན་གྱི་རང་བཙན་འདོད་མཁན་གང་ཟག་ཐ་ཞན་པ་ཁག་ཅིག་གིས་རང་ཉིད་སྒེར་གྱི་ཁེ་ཕན་ཆེད་ཕྱིའི་སྟོབས་ཤུགས་དང་ངན་པ་ལག་འབྲེལ་གྱིས་ཐའེ་ཝན་རང་བཙན་རྩོད་བཞིན་པ་མ་ཟད། ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ཁུལ་དེར་བསྐྱོད་སྐབས་གང་ཟག་དེ་དག་གིས་ལས་དོན་དེ་རིགས་དེ་བས་ཤུགས་ཆེར་སྤེལ་ཡོད་པ་འགྲེལ་བརྗོད་བྱས་ཡོད་པ་དེ་ལྟར་ཡང་། ཐའེ་ཝན་ཕྱི་སྲིད་ལས་ཁུངས་ངོས་ནས་མཚོ་གླིང་དེ་ནི་རྒྱ་ནག་གི་ཐེ་གཏོགས་བྱེད་ཐུབ་ས་མེད་པའི་དམངས་གཙོ་ཅན་ཞིག་ཡིན་སྐོར་བརྗོད་འདུག་པ་མ་ཟད། དཔོན་རིགས་བདུན་པོ་དེ་དག་ཁོངས་སུ་ཡོད་པའི་ཐའི་ཝན་མང་གཙོ་ཡར་ཐོན་ཚོགས་པའི་དྲུང་ཆེ་གཞོན་པ་སྐུ་ཞབས་ lin fei-fan ནས་དེང་གི་དུས་སུ་དབང་ཆ་གཅིག་སྡུད་རིང་ལུགས་པའི་གཞུང་ཞིག་གིས་ཉེས་ཆད་བཀལ་བ་ནི་ཧ་ཅང་གཟི་བརྗིད་དང་སྤོབས་པ་ལྡན་པའི་གནད་དོན་ཞིག་ཡིན་སྐོར་བརྗོད་འདུགསྤྱིར་རྒྱ་ནག་གཞུང་གིས་དེ་སྔོན་ཐའེ་ཝན་གྱི་ཕྱི་སྲིད་བློན་ཆེན་དང་གྲོས་ཚོགས་ཀྱི་ཚོགས་གཙོར་སྲིད་དོན་ཉེས་ཆད་བཀལ་ཟིན་པ་དང། དེ་འབྲེལ་བརྒྱུད་ལམ་ཁག་ཏུ་ཐའེ་ཝན་གྱི་དཔོན་རིགས་རྣམ་པ་རྒྱུན་དུ་རྒྱ་ནག་ལ་བསྐྱོད་སྲོལ་མེད་སྟབས། ད་ཆ་དཔོན་རིགས་བདུན་པོ་དག་ལ་བཀལ་བའི་ཉེས་ཆད་དེས་ཁོང་རྣམ་པར་ཁྱད་པར་དེ་ཙམ་མེད་པའི་འགྲེལ་བརྗོད་གནང་བཞིན་འདུགགང་ལྟར་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་སྐུ་ Nancy Pelosi མཆོག་གི་རྗེས་ཁ་སང་ཕྱི་ཚེས་ ༡༤ ཉིན་ཨ་རིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Ed Markey ལགས་ཀྱིས་སྣེ་འཁྲིད་པའི་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཁག་ཅིག་ཐའེ་ཝན་དུ་ཕེབས་འབྱོར་གྱིས་ཁ་ས་ཚེས་ ༡༥ ཉིན་ཁུལ་དེའི་སྲིད་འཛིན་ལྕམ་སྐུ་ Tsai Ing-wen མཆོག་གིས་གཙོས་པའི་ཕྱི་སྲིད་བློན་ཆེན་སྐུ་ཞབས་ Joseph Wu མཆོག་དང་གྲོས་ཚོགས་འཐུས་མི་རྣམས་མཇལ་འཕྲད་གནང་ཏེ་ཕྱི་སྲིད་ལས་དོན་དང་། རྒྱལ་ཁབ་བདེ་འཇགས། དེ་བཞིན་ཚོང་འབྲེལ་སོགས་ཀྱི་ཐོག་གྲོས་མོལ་བྱས་ཡོད་པ་རེད།མཇལ་འཕྲད་སྐབས་ཐའེ་ཝན་སྲིད་འཛིན་མཆོག་གིས་ཐའེ་ཝན་དེ་ཉིད་རྒྱ་ཁོངས་མིན་པའི་གཞིར་བཞག་པའི་ཐོག་ནས་མཐུན་ཕྱོགས་རྒྱལ་ཁབ་དང་ལྷན་དུ་མཉམ་ལས་ཀྱིས་ཁུལ་དེའི་གནས་བབ་དང་བདེ་འཇགས་སྲ་བརྟན་བཟོ་རྒྱུ་དང་ཆབས་ཅིག ར་ཤི་ཡའི་ཡུག་རེན་ལ་བཙན་འཛུལ་གྱིས་གནད་དོན་དང་འབྲེལ་ནས་དེང་སྐབས་འཛམ་གླིང་ནང་མི་གཅིག་དབང་འཛིན་གྱི་ལམ་ལུགས་དེས་ཉེན་ཁ་ཆེན་པོ་ཞིག་ཆགས་ཡོད་སྐོར་གསུངས་འདུགདེ་བཞིན་ཐའེ་ཝན་གྲོས་ཚོགས་ཀྱི་ཕྱི་སྲིད་དང་རྒྱལ་སྲུང་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་ Lo Chih-cheng ལགས་ནས་རྒྱ་ནག་གིས་འཇིག་སྐུལ་ཁྲོད་ཨ་རིའི་གྲོས་ཚོགས་འཐུས་མི་རྣམས་ཁུལ་དེར་ཕེབས་པ་དེ་མཚོན་དོན་གལ་ཆེན་པོ་ཞིག་ཡིན་པ་མ་ཟད། ཐའེ་ཝན་ནང་རྒྱལ་ཁབ་གཞན་གྱི་ཆབ་སྲིད་མི་སྣ་རྣམས་ཕེབས་དོན་ལ་རྒྱ་ནག་གིས་བཀག་འགོག་བྱེད་ཐུབ་ཀྱི་མེད་སྐོར་དང་། གནད་དོན་དེ་དང་འབྲེལ་ནས་ཨ་རིའི་མི་མང་རྣམས་ཐའེ་ཝན་གྱི་མི་མང་དང་ལྷན་དུ་ཡོད་པ་གོ་བརྡ་སྤྲོད་ཀྱི་ཡོད་པ་རེད་ཅེས་གསུངས་འདུགགཞི་རྩའི་ཟླ་བ་སྔོན་མའི་ནང་ལྕམ་སྐུ་ Nancy Pelosi མཆོག་ཐའེ་ཝན་ཁུལ་དུ་ཕྱོགས་ཕེབས་པ་དང་འབྲེལ། རྒྱ་ནག་ངོས་ནས་ཐའེ་ཝན་གྱི་མཐའ་སྐོར་ལ་དམག་གི་སྦྱོང་ལྟར་དང་། མཚོ་གླིང་དེའི་མཚོ་ཁར་མེ་ཤུགས་འཕུར་མདའ་བེད་སྤྱོ ད་ཀྱིས་དྲག་པོའི་འཇིགས་སྐུལ་བྱས་ཡོད་པ་མ་ཟད། ད་ཆ་སླར་ཡང་ཨ་རིའི་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོ་ཁག་ཁུལ་དེར་བསྐྱོད་སྐབས་རྒྱ་ནག་གིས་མཚོ་གླིང་གི་མཐའ་སྐོར་དུ་དམག་སྦྱོང་འཕར་མ་གོ་སྒྲིག་བྱ་རྒྱུ་ཡིན་སྐོར་བརྗོད་ཡོད་པ་རེད། དེའི་བར་ན་བརྒྱུད་ལམ་ཁག་གཅིག་གིས་སྤེལ་བའི་གནས་ཚུལ་ལ་གཞིགས་ན། ཁ་སྔོན་ཕྱི་ཚེས་ ༡༢ ཉིན་ཨ་རིའི་སྲིད་འཛིན་ལས་རོགས་གཞོན་པ་སྐུ་ཞབས་ Kurt Campbell ལགས་ཀྱིས་རྒྱ་ནག་གིས་ཐའེ་ཝན་ཁུལ་དུ་དྲག་གནོན་གྱི་ལས་འགུལ་སྤེལ་བར་དེ་ནི་ཁོང་ཁྲོ་སློང་གཞི་ཤིག་ཡིན་པ་མ་ཟད། ཨ་རིས་ཐའེ་ཝན་དང་མཉམ་དུ་གྲོས་མོལ་གྱིས་ཚོང་ལམ་གསར་བཟོ་བྱ་རྒྱུ་དང་། རིང་པོར་མི་ཐོགས་པར་བདུན་ཕྲག་ཁ་ཤས་ནང་ཚུད་ལ་མཚོ་དམག་གི་གྲུ་དང་། དམག་གི་གནམ་གྲུ་གཏོང་རྒྱུ་སོགས་ཀྱི་ཐད་གསལ་བསྒྲགས་བྱེད་འཆར་ཡོད་པ་ཉེན་བརྡ་བཏང་འདུག    

གོ་ལའི་ཚ་དྲོད་རྐྱེན་པས་བོད་མཐོ་སྒང་ཁུལ་དུ་ཆུའི་དཀའ་ངལ་འཕྲད་ངེས་ཡིན་པ་མངོན་གསལ།

ཨ་རི་དང་རྒྱ་ནག་གི་གོ་ལའི་གནམ་གཤིས་འགྱུར་ལྡོག་ལ་ཞིབ་འཇུག་བྱེད་མཁན་གྱི་ཆེད་ལས་པ་ཁག་གཅིག་གིས་ Nature Climate Change ཞེས་པའི་དུས་དེབ་ཐོག་བོད་མཐོ་སྒང་གི་གནམ་གཤིས་ལ་ཉམས་ཞིབ་གནང་བའི་སྙན་ཐོར། གོ་ལའི་ཚ་དྲོད་འཕེལ་བའི་རྐྱེན་གྱིས་ལོ་རབས་འདིའི་ནང་བོད་མཐོ་སྒང་ཁུལ་དུ་ཆུའི་དཀའ་ངལ་ཆེན་པོ་འཕྲད་ངེས་ཡིན་པའི་ཉེན་བརྡ་བཏང་འདུགབོད་མཐོ་སྒང་ནི་ལྷོ་རྒྱ་ནག་དང་རྒྱ་གར་བྱང་ཕྱོགས་ཁུལ་གྱི་མི་ཐེར་འབུམ་གཉིས་ཙམ་ལ་ཆུའི་འབྱུང་ཁུངས་སམ་མཛོད་དེ་ཡིན་པ་དང་། བོད་ཀྱི་ས་ཆའི་ཆགས་བབས་ལ་གཞིགས་ནས་ཚན་རིག་པ་ཚོས་གནམ་གཤིས་འགྱུར་ལྡོག་དང་ཚ་དྲོད་འཕེལ་བའི་མྱུར་ཚད་སོགས་ཀྱི་ཐད་ལ་དངོས་སུ་སོང་ནས་ཞིབ་འཇུག་བྱ་རྒྱུ་དཀའ་ནའང་། ཐེངས་འདིར་ཞིབ་འཇུག་པ་ཚོས་ཟུང་སྐར་དང་འཕྲུལ་ཆས་བརྒྱུད་ལོ་ངོ་བཅུ་ཕྲག་གཉིས་ཀྱི་རིང་ལ་བོད་ཀྱི་འཁྱགས་རོམ་དང་ཆུའི་འཕར་ཆགས་ལ་ཚད་གཞི་གཞལ་ནས་སྙན་ཐོ་དེ་བཀོད་ཡོད་པ་རེད་འདུགསྙན་ཐོའི་ནང་གོ་ལའི་ཚ་དྲོད་འཕེལ་བ་དང་གཞའ་ཚན་ཆེ་རུ་གྱུར་བའི་རྒྱུ་མཚན་ལ་བརྟེན་ནས་བོད་མཐོ་སྒང་ཁུལ་དུ་ཕྱི་ལོ་ ༢༠༠༢ ནས་བཟུང་ལོ་རེའི་ནང་ཆུ་ཊན་ Ton ཐེར་འབུམ་བཅུ་ལྷག་ཙམ་རྫོགས་ཀྱི་ཡོད་པ་དང་། ལྷག་པར་དུ་བོད་དང་དཀྱིལ་ཤར་ཨེ་ཤེ་ཡའི་ཁུལ་གྱི་རྒྱུགས་ཆུ་གཉིས་སྟེ་བོད་ནས་ཆས་པའི་སེང་གེ་ཁ་འབབ་དང་། དཀྱིལ་ཤར་ཨེ་ཤེ་ཡའི་བརྒྱུད་དེ་ Pamir རི་བརྒྱུད་ནས་ཆས་པ་ Amu Darya གཉིས་ཀྱི་ཆུ་རྒྱུན་རྫོགས་རྒྱུའི་ཉེན་ཁ་ཡོད་སྐོར་བཀོད་འདུགདེ་ཡང་དཀྱིལ་ཤར་ཨེ་ཤེ་ཡ་དང་ Afghanistan བརྒྱུད་དེ་ Pamir རི་བརྒྱུད་ནས་ཆས་པ་ Amu Darya ཞེས་ཆུ་རྒྱུན་རིང་ཤོས་སྤྱོད་མཁན་གྱི་བརྒྱ་ཆ་ལས་བརྒྱ་ཆ་ ༡༡༩ རྫོགས་འགྲོ་ཡི་ཡོད་པ་མ་ཟད། བོད་ནས་ཆས་པའི་ཆུ་བོ་སེང་གེ་ཁ་འབབ་ལོངས་སུ་སྤྱོད་བཞིན་པའི་བརྒྱ་ཆ་ནས་བརྒྱ་ ༧༩  རྫོགས་འགྲོ་ཡི་ཡོད་པ་བཀོད་འདུགསྙན་ཐོ་འདོན་སྤེལ་གནང་མཁན་གྱི་ཆེད་ལས་པ་རྣམ་པས་ཐེངས་འདིའི་གནད་དོན་དང་འབྲེལ། འབྲེལ་ཡོད་གཞུང་ཁག་གིས་ད་ལྟ་ནས་ཆུའི་དཀའ་ངལ་དེ་ལས་ཉེན་སྐྱོབས་སླད་ས་འོག་གི་ཆུ་འཐེན་རྒྱུ་ལ་སོགས་པའི་ཐབས་ལམ་གཞན་འཚོལ་རྒྱུར་འབད་རྩོན་བྱེད་དགོས་པའི་ལམ་སྟོན་གནང་བ་མ་ཟད། Penn Center for Science, Sustainability and the Media ཞེས་པའི་ཚོགས་པའི་ངེས་སྟོན་པ་ Michael Mann ལགས་ཀྱིས་ཉེ་བའི་ལོ་ངོ་བཅུ་ཕྲག་གཅིག་གི་ནང་ Carbon ཀར་བོན་དུག་རྫས་གདོན་རྒྱུ་ཉུང་དུ་གཏང་བ་ཡིན་ན། གོ་ལའི་ཚ་དྲོད་འཕེལ་རྒྱུའི་མྱུར་ཚད་ལ་སྟངས་འཛིན་ཐུབ་པ་དང་། དེའི་བརྒྱུད་བོད་མཐོ་སྒང་གྱི་ཆུ་བོ་སྲུང་སྐྱོབ་ཐུབ་རྒྱུར་ཕན་ཐོགས་ཆེན་པོ་ཡོང་ངེས་ཡིན་པ་དེ་མིན་ཆུའི་དཀའ་ངལ་འཕྲད་ངེས་ཡིན་པར་གསུངས་འདུག  

Latest news