Tibetan Royal Year of 2151 | Year of the Wood Dragon

གསར་འགྱུར།

སྲིད་སྐྱོང་མཆོག་གིས་རྒྱ་གར་གཞུང་མང་གཉིས་ནས་བོད་མིར་རོགས་སྐྱོར་གནང་བ་ནི་བཀའ་དྲིན་ཆེན་པོ་ཡིན་ཞེས་གསུངས་འདུག

དེ་རིང་ཕྱི་ཟླ་ ༨ ཚེས་ ༡༥ སྟེ་རྒྱ་གར་རང་བཙན་ཐོབ་ནས་མི་ལོ་ ༧༥ ཧྲིལ་པོ་འཁོར་བའི་དུས་ཆེན་ཉིན་མོ་ཡིན་པ་དང་བསྟུན། བོད་མིའི་སྒྲིག་འཛུགས་ནས་རྒྱུན་ལྡན་བཀའ་ཤག་གི་མདུན་ཐང་དུ་རྒྱ་གར་གྱི་རྒྱལ་དར་མཁའ་དབྱིངས་སུ་སྒྲེང་འཛུགས་ཀྱིས་ཉིན་མོ་དེ་སྲུང་བརྩི་ཞུས་ཀྱི་ཡོད་པ་རེད། དེ་རིང་ཐོག་མའི་མཛད་འཆར་ལྟར་ན་ཕྱག་ཚོད་ ༩༌༣༠ ཐོག་ལས་ཁུངས་ཁག་གི་དྲུང་ལས་ཡན་འདུ་འཛོམས་གནང་སྟེ་དུས་ཆེན་སྲུང་བརྩི་ཞུ་རྒྱུའི་གསལ་བསྒྲགས་སྤེལ་ཡོད་ཀྱང་བཞུགས་སྒར་དྷརྨ་སཱ་ལཱ་ཆར་ཞོད་ཆེན་པོ་འབབ་པར་བརྟེན་སྔ་དྲོའི་མཛད་སྒོ་དེ་ཕྱིར་འཐེན་གནང་སོང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སྤྱི་ཚོགས་དྲ་ལམ་ཐོག་རྒྱ་གར་གཞུང་མང་གཉིས་ནས་བོད་མི་རྣམས་ལ་བཙན་བྱོལ་སྤྱི་ཚོགས་ཚགས་ཚུད་འཛུགས་ཐབས་ལ་རོགས་སྐྱོར་ཆེས་ཆེར་གནང་བ་ནི་བོད་མིར་བཀའ་དྲིན་ཆེན་པོ་ཆགས་ཡོད་སྟབས་རྒྱ་གར་གྱི་རྒྱལ་ཁབ་འདི་ཉིད་མུ་མཐུད་ཡར་རྒྱས་ཀྱི་ལམ་བུར་བསྐྱོད་པར་སྨོན་འདུན་ཡོད་ཅེས་གསུངས་འདུག ཤེས་རྟོགས་བྱུང་བར་གཞིགས་ན། ད་རེས་ཀྱི་དུས་ཚིགས་དང་བསྟུན་ཕྱི་དྲོ་ཕྱག་ཚོད་ ༤༌༣༠ ལ་དྷ་ས་ས་གནས་འགོ་འཛིན་ལས་ཁུངས་ཀྱི་གོ་སྒྲིག་འོག་བོད་ཀྱི་ཟློས་གར་ཚོགས་པར་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དང་རྒྱ་གར་སྐུ་མགྲོན་གདན་ཞུ་ཐོག་གཞས་སྣ་འཁྲབ་སྟོན་སོགས་བརྒྱུད་རྒྱ་གར་རང་བཙན་གྱི་ཉིན་མོ་སྲུང་བརྩི་ཞུ་རྒྱུ་རེད་འདུག

དཔལ་ལྡུམ་ཁ་ཆེའི་ལྷ་ཁང་ལ་གནས་གཟིགས་ཀྱིས་ས་གནས་མང་ཚོགས་དང་སློབ་ཕྲུག་ལ་བཀའ་སློབ་སྩལ་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭགས་ཟངས་དཀར་ཁུལ་གྱི་ཆིབས་སྒྱུར་ཁྲོད་དེ་རིང་ལ་དྭགས་དཔལ་ལྡུམ་ཁུལ་གྱི་ཁ་ཆེའི་ལྷ་ཁང་དུ་གནས་གཟིགས་མཛད་ནས་ཁུལ་དེའི་ཁ་ཆེའི་ཆོས་གྲོགས་རྣམས་ལ་བཀའ་སློབ་བཀའ་དྲིན་སྩལ་བ་དང་དེ་བཞིན་དཔལ་ལྡུམ་ཆོས་རར་ས་གནས་ཀྱི་སློབ་ཕྲུག་རྣམས་ལ་བཀའ་སློབ་སྩལ་ཡོད།དེ་རིང་༸དཔལ་ལྡན་དགའ་ལྡན་ཕོ་བྲང་གི་དྲ་བར་གནས་ཚུལ་སྤེལ་བར་གཞིགས་ན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་སྔ་དྲོ་ཕྱག་ཚོད་ ༨ པ་ཡོལ་ཙམ་ལ་ཁུལ་དེའི་ཁ་ཆེའི་ལྷ་ཁང་དུ་གནས་གཟིགས་མཛད་པ་དང་འབྲེལ་ཁ་ཆེའི་མང་ཚོགས་རྣམས་ལ་༸སྐུའི་ཐུགས་བསྐྱེད་ཆེན་པོ་བཞི་ལས་གཅིག་ནི་ཆོས་ལུགས་མཐུན་འབྲེལ་གོང་འཕེལ་མཛད་ཐབས་ཡིན་པར་བཀའ་སྩལ་ཏེ་དེང་སྐབས་ཨཧྥ་གྷ་ནིས་ཏན་ནང་དུ་ཁ་ཆེའི་ཆོས་ལུགས་གཅིག་པ་ཡིན་ནའང་། ཤཱི་ཡ་དང་སཱི་ནི་ནང་ཁུལ་དབར་མི་མཐུན་པའི་རྩོད་རྙོག་འབྱུང་བཞིན་པ་ལུང་འདྲེན་མཛད་དེ་ཆོས་ལུགས་ཚང་མས་བྱམས་པ་དང་བརྩེ་བ། གཞན་ཕན། སེམས་པ་བཟང་པོ་བྱེད་དགོས་པའི་བསླབ་བྱ་གཅིག་མཚུངས་གནང་གི་ཡོད་སྟབས། མགོན་པོ་༸གང་ཉིད་མཆོག་འཛམ་གླིང་གི་ས་ཕྱོགས་གང་དུ་ཆིབས་བསྒྱུར་མཛད་ཀྱང་ཆོས་ལུགས་འདྲ་མིན་ཁག་གི་ལྷ་ཁང་དུ་ཆིབས་སྒྱུར་མཛད་ནས་ཐུགས་སྨོན་སོགས་མཛད་ཀྱི་ཡོད་པ་དང་། ཆོས་ལུགས་ཁག་གི་བསླབ་བྱ་དེ་དག་ད་ལྟའི་མིའི་སྤྱི་ཚོགས་ལ་ཆེས་ཉེར་མཁོ་ཆགས་ཡོད་ཅེས་ལམ་སྟོན་བཀའ་དྲིན་སྩལ་ཡོད།༸གོང་ས་མཆོག་གིས་དེ་སྔ་མགོན་པོ་མཆོག་ལ་དྭགས་ཟངས་དཀར་ཁུལ་དུ་ཆིབས་བསྒྱུར་མཛད་མྱོང་ཡོད་སྐོར་བཀའ་སྩལ་ཏེ། དེང་སྐབས་ཟངས་དཀར་གཙོས་འཛམ་གླིང་ཁྱོན་ཡོངས་སུ་ཕྱིའི་དངོས་པོ་ཡར་རྒྱས་ཕྱིན་པ་མངོན་གསལ་ཆགས་ཡོད་པ་དེ་ལྟར་ནའང་། ད་ལྟའི་དུས་སུ་ང་ཚོའི་ཤུགས་རྒྱག་དགོས་ས་གཙོ་བོ་ནི་ནང་སེམས་ཀྱི་ཞི་བདེ་དང་བྱམས་བརྩེ་སོགས་ཆགས་ཀྱི་ཡོད་པར་བཀའ་སྩལ་འདུགདེ་བཞིན་མགོན་པོ་མཆོག་གིས་བྱིས་པ་ཆུང་ཆུང་ཞིག་ལ་ཆ་མཚོན་ན་ཆོས་ལུགས་དང་རིགས་རུས་ཀྱི་དབྱེ་བ་གང་ཡང་མེད་པར་ཕན་ཚུན་དབར་དགའ་མོས་བྱེད་ཀྱི་ཡོད། དེས་ན་འགྲོ་བ་མི་ཕན་ཚུན་དབར་གཅིག་གྱུར་གྱི་འདུ་ཤེས་འཛིན་དགོས་པ་དང་། ཆོས་ལུགས་དང་རིགས་རུས། དེ་བཞིན་དབུལ་ཕྱུག་གི་དབྱེ་བ་ནི་རྙོག་གྲའི་རྩ་བ་ཡིན་པ་སོགས་ལམ་སྟོན་མཛད་ཡོད།དེ་རིང་སྔ་དྲོའི་མཛད་རིམ་ཁག་ལེགས་པར་གྲུབ་མཚམས་སུ་མགོན་པོ་༸གང་ཉིད་མཆོག་གིས་མཐོ་སློབ་ཀྱི་སློབ་མ་རྣམས་དང་ལྷན་དུ་དཔལ་ལྡུམ་གྱི་ཆོས་རར་མཇལ་འཕྲད་དེ་བླང་དོར་གྱི་བཀའ་སློབ་བཀའ་དྲིན་སྩལ་བར་མ་ཟད་སློབ་ཕྲུག་རྣམས་ནས་བཀའ་འདྲིའི་དགོངས་སྐོར་ཞུས་ཁག་ལ་བཀའ་ལན་མཛད་ཡོད།མཛད་འཆར་ལ་གཞིགས་ན། སང་ཉིན་ཕྱི་ཚེས་ ༡༤ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་ཀྱི་རྒྱལ་ས་གླེར་ཆིབས་བསྒྱུར་མཛད་ཀྱི་ཡོད་པ་རེད།

༸གོང་ས་མཆོག་གིས་ཐམས་ཅད་རྣལ་འབྱོར་གྱི་སེམས་བསྐྱེད་ཀྱི་ཐོག་ནས་བཀའ་ཆོས་བཀའ་དྲིན་སྩལ་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་སྔ་དྲོ་ལ་དྭགས་ཟངས་དཀར་དུ་རྟེན་གཞི་བྱས་པའི་དཔལ་ལྡུམ་གསུང་ཆོས་ར་བར་ས་གནས་མི་མང་གཙོས་ཕྱི་ནང་གི་དད་ལྡན་ཆོས་ཞུ་བ་སྟོང་ཕྲག་ལྷག་ལ་སེམས་བསྐྱེད་ཀྱི་ཆོ་ག་དང་། ཐམས་ཅད་རྣལ་འབྱོར་གྱི་སེམས་བསྐྱེད་ཀྱི་སྒོ་ནས་བཀའ་ཆོས་སྩལ་འདུག སྐབས་དེར་མགོན་པོ་༸གང་ཉིད་མཆོག་གིས་ང་རང་ཚོ་སྟོན་པའི་རྗེས་འབྲང་པ་ཞིག་ཡིན་པའི་ཆ་ནས་ང་ཚོའི་དམིགས་ཡུལ་དེ་སྟོན་པ་བཅོམ་ལྡན་འདས་ལྟར་ནམ་མཁའི་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་འབད་བརྩོན་བྱ་རྒྱུ་ཡིན་བསམ་པའི་བློ་སྦྱོང་དགོས་པ་དང་། དེའང་ཉིན་རེ་བཞིན་དུ་བློ་ཇི་ཙམ་སྦྱངས་པ་དེའི་ཚོད་ཀྱིས་སྙིང་སྟོབས་དང་སྤྲོ་བ་འཕེལ་བ་ཞིག་ཡོད་གལ་ཡིན་པ་སོགས་བཀའ་སྩལ་བ་དང་སྦྲགས། མགོན་པོ་༸གང་ཉིད་མཆོག་ལ་དད་པ་དང་ཡིད་ཆེས་ཡོད་མཁན་ཚོས་སྐྱབས་སུ་མཆི་ཟེར་བ་ཙམ་མིན་པར་དོན་དམ་གྱི་ལག་ལེན་ནང་མགོན་པོ་མཆོག་གིས་ཇི་ལྟར་བཀའ་སྩལ་མཛད་དོན་བཞིན་གནང་གལ་ཡིན་པའི་ལམ་སྟོན་བཀའ་དྲིན་ཆེ་བ་སྩལ་ཡོད། སངས་རྒྱས་པའི་ཆོས་ལ་རིགས་རུས་དང་ལུས་རྟེན་སོགས་གང་གི་ཆ་ནས་ཁྱད་པར་མེད་པར་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་དང་ལྡན་པའི་མི་ཞིག་ཡིན་པའི་ཆ་ནས་སངས་རྒྱས་ཀྱི་ཆོས་ལ་བསམ་བློ་གཏང་རྒྱུའི་ནུས་པ་ལྡན་ཡོད་པར་བཀའ་སྩལ་བ་དང་ཆབས་ཅིག ད་རེས་མི་ལུས་རིན་ཆེན་ཞིག་ཐོབ་ཡོད་སྟབས་གཙོ་བོ་སྐྱོན་གྱི་འབྱུང་རྩ་གང་ཡིན་དང་འབྲེལ་བའི་ཡིད་བློའི་ཤེས་པའི་ཐོག་ལ་འགན་སྤྲད་དེ་དགོངས་པ་བཞེས་གནད་ཡིན་པའི་ལམ་སྟོན་བཀའ་དྲིན་སྩལ་འདུག དེ་བཞིན་མགོན་པོ་༸གང་ཉིད་མཆོག་གིས་དད་ལྡན་མང་ཚོགས་རྣམས་ལ་བྱང་ཆུང་སེམས་པའི་སྡོམ་པ་འབོག་ཆོག་དང་སྦྲགས་དད་ལྡན་ཆོས་ཞུ་བ་ཡོངས་ནསད་རེས་སྡོམ་པ་ཞུས་ཟིན་པའི་རྗེས་སུ་ཉིན་རེ་བཞིན་དུ་བྱང་ཆུབ་སེམས་ཀྱི་ཐོག་དགོངས་པ་བཞེས་ཐུབ་ཚེ་ཇི་སྲིད་འཚོ་བའི་བར་དུ་སེམས་སྐྱིད་པ་དང་ལྷག་པར་དུ་མཐར་ཐུག་སངས་རྒྱས་ཀྱི་གོ་འཕང་མ་ཐོབ་ཀྱི་བར་དུ་སེམས་པ་བཟང་པོ་དང་མ་བྲལ་བ་ཞིག་ཡོང་གི་རེད་ཅེས་བཀའ་སྩལ་མཛད་ཡོད། དེ་རིང་ཟངས་དཀར་ཁུལ་གྱི་ཉིན་དང་པོའི་བཀའ་ཆོས་རེ་ཞིག་ལེགས་གྲུབ་ཟིན་མཚམས་སུ་ས་གནས་ཀྱི་འབྲེལ་ཡོད་ཚོགས་པ་ཁག་གི་སྐུ་ཚབ་ཚོས་མགོན་པོ་༸གང་ཉིད་མཆོག་༸སྐུ་ཚེ་བརྟན་པར་བཞུགས་ཕྱིར་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ་རེད། མཛད་འཆར་ལ་གཞིགས་ན། སང་ཉིན་སྔ་དྲོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་མུ་མཐུད་བཀའ་ཆོས་འཕྲོ་སྐྱོང་མཛད་རྒྱུ་དང་། ཕྱི་ཚེས་ ༡༤ ཉིན་རྒྱལ་ས་གླེར་ཆིབས་བསྒྱུར་མཛད་ཀྱི་ཡོད་པ་རེད།

བོད་ནང་ཐོན་པའི་གཉན་རིམས་དེ་རྒྱ་རིགས་ཡུལ་སྐོར་སྤྲོ་འཆམ་པ་བརྒྱུད་ནས་ཁྱབ་གདལ་བྱུང་བ་ཞིག་ཡིན་པར་གསུངས་འདུག

བདུན་ཕྲག་འདིའི་རེས་གཟའ་ཉི་མའི་ཉིན་བོད་ཀྱི་རྒྱལ་ས་ལྷ་ས་གཙོས་ཉེ་འཁོར་གྱི་ས་གནས་ཁག་གཅིག་གི་མི་མང་ལ་ཏོག་དབྱིབས་གཉན་རིམས་ ༡༩ ཕོག་པར་བརྟེན་ཕོ་བྲང་པོ་ཏ་ལ་གཙོས་ཆོས་ཕྱོགས་ཀྱི་བསྟི་གནས་ཁག་དུས་ཚོད་ངེས་མེད་བར་སྒོ་རྒྱག་རྒྱུའི་གསལ་བསྒྲགས་སྤེལ་བ་དང་འབྲེལ། ས་གནས་ལ་ཁྱིམ་སྡོད་བཀའ་རྒྱ་བསྡམས་པའི་གནས་ཚུལ་ཐོན་ཡོད་པ་རེད།གནས་ཚུལ་དེ་དང་འབྲེལ་འདས་པའི་ཉིན་ཤས་ཁྲོད་དུ་རྒྱ་ནག་གཞུང་འབྲེལ་གྱི་བརྒྱུད་ལམ་ཁག་ཏུ་བོད་ཀྱི་ས་ཁུལ་ཁག་ཏུ་ཐོན་པའི་ཏོག་དབྱིབས་གཉན་རིམས་ ༡༩ དེ་ནི་ Omicron ཡི་རིགས་གསར་ BA.2.76 ཞེས་པ་དེ་ཡིན་པར་འགྲེལ་བརྗོད་དང་སྦྲགས་ཏེ་བོད་ནང་གི་རིམས་ནད་དེ་ཉེ་འཁོར་ཁྱིམ་མཚེས་རྒྱལ་ཁབ་ཁག་ནས་ཁྱབ་གདལ་བྱུང་བའི་རྣམ་འགྱུར་བསྟན་པ་མ་ཚད་པར་ས་གནས་མི་མང་རྣམས་ནས་རིམས་ནད་དང་འབྲེལ་བའི་གནས་ཚུལ་སྤྱི་ཚོགས་དྲ་ལམ་སོགས་ཀྱི་ཐོག་ཕྱིར་གྱར་བྱེད་མི་ཆོག་པའི་དམིགས་བསལ་གྱིས་དམ་དྲག་བྱེད་བཞིན་འདུགའོན་ཀྱང་རྒྱ་ནག་གཞུང་འབྲེལ་གྱི་འབྲེལ་བརྗོད་དང་དམ་དྲག་ཇི་བྱེད་ཁག་ལ་ལྟོས་མེད་གང་ཟག་ཁག་གཅིག་གིས་སྤྱི་ཚོགས་དྲ་ལམ་ཐོག་བོད་ནང་ཐོན་པའི་ཏོག་དབྱིབས་རིམས་ནད་དེ་ནི་ Omicron ཞེས་པའི་རིམས་ནད་དེ་ཡིན་པར་མ་ཟད་ལྷག་པར་དུ་ད་ཆ་དབྱར་ཁའི་གུང་སེང་དང་བསྟུན་བོད་ནང་ལ་ཡུལ་སྐོར་སྤྲོ་འཆམ་དུ་ཡོང་མཁན་རྒྱ་རིགས་ཚོའི་བརྒྱུད་ནས་ཁྱབ་གདལ་བྱུང་བ་ཞིག་རེད་ཅེས་འགྲེལ་བརྗོད་གནང་འདུགདེ་བཞིན་གང་ཟག་ལ་ལས་ད་ཆ་བོད་ནང་ལ་ཏོག་དབྱིབས་གཉན་རིམས་ ༡༩ ཁྱབ་གདལ་བྱུང་མཚམས་སུ་རྒྱ་ནག་གཞུང་འབྲེལ་གྱི་ལས་ཁུངས་ཁག་ནས་ས་གནས་མི་མང་ཚོས་ནད་རྟགས་ཡོད་མེད་ངེས་པར་དུ་བརྟག་དགོས་པའི་བཀའ་བཏང་ཡོད་ཀྱང་། བརྟག་དཔྱད་བྱ་ཡུལ་གྱི་ས་ཚིགས་ཁག་འདང་ངེས་མེད་པའི་ཁར་མཐུན་རྐྱེན་ཞན་པ་དང་ལས་བྱེད་ཚོས་གཙང་འཕྲོད་ལྡན་པའི་ཐོག་ནས་བརྟག་དཔྱད་བྱེད་ཀྱི་མེད་པ་ཐེར་འདོན་དང་སྦྲགས། མི་མང་རྣམས་དུས་ཡུན་རིང་པོར་བང་སྒྲིག་དགོས་པར་མ་ཟད་བརྟག་དཔྱད་ཀྱི་གྲུབ་འབྲས་ཁག་ཀྱང་དུས་ཡུན་ཆུ་ཚོད་སུམ་ཅུ་ཙམ་གྱི་རྗེས་སུ་མ་གཏོགས་རག་གི་མེད་པ་གསུངས་འདུགབོད་ཀྱི་རྒྱལ་ས་ལྷ་ས་གཙོས་ཉེ་འཁོར་གྱི་ས་གནས་ཁག་གཅིག་ཏུ་གཉན་རིམས་ཀྱི་ནད་རྟགས་ཐོན་པའི་གནས་ཚུལ་ཡོངས་གྲགས་བྱུང་བ་དང་འབྲེལ། ཨ་རིར་གནས་བཞུགས་རྒྱ་ནག་གི་གནད་དོན་ཐོག་དཔྱད་ཞིབ་པ་དང་བོད་མིའི་སྒྲིག་འཛུགས་ཀྱི་རྒྱ་རིགས་འབྲེལ་མཐུད་པ་ཟུར་པ་ཀུན་དགའ་བཀྲིས་ལགས་ཀྱིས་དཔྱད་ཞིབ་གནང་བའི་ནང་ད་རེས་བོད་ཀྱི་རྒྱལ་ས་ལྷ་ས་དང་པུ་ཧྲེང་རྫོང་ནང་ཐོན་པའི་ཏོག་དབྱིབས་རིམས་ནད་དེ་དག་གཞིས་ཀ་རྩེ་ནས་བྱུང་བ་དང་རིམས་ནད་མང་ཤོས་ཐོན་ཡུལ་ས་ཚིགས་ཀྱང་གཞིས་ཀ་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཡིན་སྟབས། ས་ཁུལ་དེར་འགྲོ་འོང་བྱེད་མཁན་རྒྱ་རིགས་ཚོའི་བརྒྱུད་ནས་ཁྱབ་གདལ་བྱུང་བ་དང་། ལྷག་པར་དུ་རྒྱ་ནག་གཞུང་ནས་ཡོངས་གྲགས་བྱེད་ཀྱི་མེད་ཀྱང་། ལྷ་སའི་ལས་ཁུངས་ཁག་གཅིག་གི་ལས་བྱེད་ཁྲོད་ལའང་ནད་རྟགས་ཐོན་པའི་གནས་ཚུལ་བྱུང་ཡོད་པར་གསུངས་ཡོད།     རྩ་བའི་ཕྱི་ལོ་ ༡༠༡༩ ལོའི་ལོ་མཇུག་ཙམ་ལ་རྒྱ་ནག་ཝུ་ཧན་གྲོང་ཁྱེར་ནས་ཏོག་དབྱིབས་རིམས་ནད་ཐོག་མར་ཁྱབ་གདལ་བྱུང་བ་ནས་བཟུང་རྒྱ་ནག་གི་གྲོང་ཁྱེར་ཁག་དང་རིམ་པས་འཛམ་གླིང་ཁྱོན་ཡོངས་སུ་རིམས་ནད་དེ་ཁྱབ་གདལ་ཆེན་པོ་བྱུང་བར་བརྟེན་མི་གྲངས་ས་ཡ་མང་པོའི་ཚེ་སྲོག་ཤོར་ཡོད་པ་དང་། བོད་ཀྱི་རྒྱལ་ས་ལྷ་ས་གཙོས་ ས་ཁུལ་ཁག་ཏུ་གཉན་རིམས་ཁྱབ་གདལ་གྱི་དུས་ཚོད་སྡུག་ཤོས་སྐབས་སུའང་ནད་ཡམས་འགོས་པ་གཅིག་ལས་བྱུང་མེད་ཅེས་རྒྱ་ནག་གཞུང་གིས་འགྲེལ་བརྗོད་བྱས་པར་མ་ཟད། དུས་སྐབས་དེར་རིམས་ནད་སྔོན་འགོག་གི་མི་བྱང་འོག་ས་གནས་བོད་མི་ལ་དམིགས་བསལ་དམ་དྲག་དང་འཛིན་བཟུང་བྱས་པའི་གནས་ཚུལ་བྱུང་ཡོད་ཀྱང་། དོན་དངོས་ཐོག་བོད་ནང་ལ་རྒྱལ་སྤྱིའི་མི་སྣ་དང་གསར་འགོད་པ་ཕེབས་རྒྱུར་དམ་དྲག་བྱས་པ་ལས་རྒྱ་རིགས་ཡུལ་སྐོར་སྤྲོ་འཆམ་པ་རྣམས་བོད་ལ་འགྲོ་འོང་བྱ་རྒྱུར་དམ་དྲག་རིགས་མེད་པ་རེད། ད་ལྟའི་ཆར་བོད་ནང་ཏོག་དབྱིབས་རིམས་ནད་ཕོག་མཁན་ག་ཚོད་ཡོད་མེད་ཀྱི་གྲངས་ཐོ་ངེས་ཅན་ཞིག་རག་ཐབས་དཀའ་ནའང་། ཁ་ཉིན་རྒྱ་ནག་གཞུང་འབྲེལ་གྱིས་སྤེལ་བའི་གྲངས་ཐོར་གཞིགས་ན་རྒྱལ་ས་ལྷ་སར་ནད་རྟགས་ཐོན་པ་ ༢༧ དང་། གཞིས་རྩེ་གྲོང་ཁྱེར་དུ་ ༡༨ མངའ་རིས་ཁུལ་དུ་ ༡༡ བཅས་ཆགས་ཡོད།

ཡོ་རོབ་དཀྱིལ་ཤར་རྒྱལ་ཁབ་དང་རྒྱ་ནག་གི་ཚོང་དོན་ཤོག་ཁག་ནས་ Estonia དང་ Latvia ཕྱིར་ཐོན་གནང་འདུག

ཁ་སང་རེས་གཟའ་ཕུར་བུ་ཉིན་ཡོ་རོབ་དཀྱིལ་ཤར་རྒྱལ་ཁབ་དང་རྒྱ་ནག་གི་ཚོང་དོན་ཤོག་ཁག་ 16+1 ཞེས་པ་ནས་ Estonia དང་ Latvia གཉིས་ཕྱིར་ཐོན་བྱས་པའི་གསལ་བསྒྲགས་གནང་འདུགརྒྱལ་ཁབ་གཉིས་ཀྱིས་དེ་འབྲེལ་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་བར་རྒྱ་ནག་དང་མཉམ་དུ་ཕྱོགས་གཉིས་ཀྱི་འབྲེལ་ལམ་དང་ཕྱོགས་གཉིས་ཀྱི་ཁེ་ཕན་དང་རྒྱལ་སྤྱིའི་ཁྲིམས་ལ་བརྩི་སྲུང་། འགྲོ་བ་མིའི་ཐོབ་ཐང་གཞི་རྩར་བཟུང་བའི་ཐོག་ནས་ཡོ་རོབ་དང་རྒྱ་ནག་ཕྱོགས་གཉིས་ཀྱི་མཉམ་སྦྲེལ་བརྒྱུད་མུ་མཐུད་དོན་ཕན་ལྡན་པའི་འབྲེལ་བ་ཡོང་བར་འབད་རྩོན་བྱ་རྒྱུ་ཡིན་ཞེས་བཤད་དེ་ Latvia ནས་ཡོ་རོབ་དཀྱིལ་ཤར་གྱི་རྒྱལ་ཁབ་དང་རྒྱ་ནག་གི་ཚོང་དོན་ཚོགས་པ་ནང་མཉམ་ཞུགས་མི་གནང་བའི་ཐག་གཅོད་དང་ Estonia ནས་འདས་ལོའི་ཟླ་བ་ ༢ པར་ཚོགས་པའི་ཚོགས་འདུ་རྗེས་སུ་རྒྱ་ནག་གི་ཚོང་དོན་ཤོག་ཁག་དེའི་ཚོགས་འདུ་ཐོག་མཉམ་ཞུགས་གནང་མེད་པའི་ཁ་སྣོན་གནང་འདུག ཚོང་འབྲེལ་གྱི་ཚོ་ཁག་དེ་རྒྱ་ནག་གིས་ཕྱི་ལོ་ ༢༠༡༢ ལོར་ཡོ་རོབ་རྒྱལ་ཁབ་ཁག་དང་རྒྱ་ནག་གཉིས་དབར་ཚོང་འབྲེལ་གོང་མཐོར་ཆེད་གསར་འཛུགས་བྱས་པ་དང་སྐབས་དེར་ཚོ་ཁག་དེར་ 16+1 ཞེས་བརྗོད་ཀྱི་ཡོད་ཀྱང་ཕྱིས་སུ་ཕྱི་ལོ་ ༢༠༡༩ ལོར་གྷི་རི་སི་མཉམ་ཞུགས་ཀྱིས་ 17+1 ཞེས་ཟེར་གྱི་ཡོད་པ་རེད། འོན་ཀྱང་ཕྱི་ལོ་ ༢༠༢༡ ལོར་ Lithuania ཕྱིར་ཐོན་གནང་རྐྱེན་ད་ཆ་ཚོ་ཁག་དེར་རྒྱ་ནག་དང་ཡོ་རོབ་ཀྱི་རྒྱལ་ཁབ་ ༡༤  ལས་མེད་པ་རེད། བརྒྱུད་ལམ་ཁག་ཏུ་རྒྱ་ནག་དང་ཨུ་རུ་སུ་དབར་གྱི་འབྲེལ་བར་བྷལ་ཊིཀ་རྒྱལ་ཁབ་རྣམས་ནས་རྒྱ་ནག་ལ་ཆེས་མ་དགའ་བའི་རྣམ་པ་ཤུགས་ཆེ་ཆགས་ཡོད་ཅེས་བཤད་མཁན་འདུག ལྷག་དོན་ཚོང་དོན་གྱི་ཚོ་ཁག་ནང་རྒྱ་ནག་གིས་ནང་ཕན་ཚུན་མི་མཐུན་པ་བཟོས་པའི་བྱ་སྤྱོད་ལ་སྐྱོན་བརྗོད་ཡང་ཡང་བྱེད་ཀྱི་ཡོད་པ་གསལ་འདུག ཕྱོགས་མཚུངས་ལི་ཐོ་ནིཡ་ལྟ་བུར་མཚོན་ན་དེ་སྔ་རྒྱལ་ས་ཝི་ལི་ནིས་ནང་དུ་ཐེ་ཝན་གྱི་གཞུང་ཚབ་ཁང་གསར་འཛུགས་ཐག་གཅོད་ལ་རྒྱ་ནག་གི་ཆབ་སྲིད་དང་དཔལ་འབྱོར་ཐད་གནོན་ཤུགས་སྤྲོད་རྐྱེན་ཚོང་དོན་གྱི་ཚོ་ཁག་ནས་ཕྱིར་ཐོན་གནང་ཡོད་པར་མ་ཟད། ཕྱོགས་གཉིས་ཀྱི་འབྲེལ་ལམ་ཇེ་སྡུག་ཏུ་ཕྱིན་པའི་ཁྲོད་རྒྱ་ནག་གིས་ལི་ཐོ་ནིཡ་ནས་དངོས་ཟོག་རྣམས་རྒྱ་ནག་རྒྱལ་ནང་དུ་ནང་འདྲེན་ལ་བཀག་སྡོམ་སོགས་བྱས་ཡོད། ལྷག་དོན་ལི་ཐོ་ནི་ཡ་དང་ཐེ་ཝན་དབར་གྱི་འབྲེལ་བའི་ཁྲོད་ལི་ཐོ་ནིཡ་ནས་ཟླ་བ་ ༩ པར་ཐེ་པི་ནང་ཚོང་འབྲེལ་གྱི་ལས་ཁུངས་ཆེད་འཛུགས་གནང་རྒྱུ་ཡིན་པ་དང་། ཉེ་ ཆར་ལི་ཐོ་ནིཡ་སྐུ་ཚབ་ཁག་གཅིག་ནས་ཕྱོགས་གཉིས་ཀྱི་འབྲེལ་ལམ་གོང་མཐོར་སླད་ཐེ་ཝན་ནང་ཆེད་ཕེབས་གནང་ཡོད་པ་རེད། འབྲེལ་ཡོད་པར་གྱི་བདག་དབང་ shutterstoc ལ་ཡོད།

ལིང་ཤེད་ཁུལ་གྱི་མཛད་འཆར་ལེགས་གྲུབ་ཀྱིས་ཟངས་དཀར་པ་ལྡུམ་ཁུལ་དུ་༸ཞབས་སོར་བདེ་བར་འཁོད་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ལིང་དགོན་སྐུ་འབུམ་བཀྲ་ཤིས་འོད་འབར་དགོན་གྱི་དབྱར་ཆོས་ཆེན་མོའི་མཛད་འཆར་ཁག་ལེགས་པར་གྲུབ་རྗེས་དེ་རིང་ཞོགས་པ་ཕྱག་ཚོད་ ༩༌༤༠ ཐོག་ཐད་འཕར་གནམ་གྲུ་བརྒྱུད་ཟངས་དཀར་གྱི་རྒྱལ་ས་པ་ལྡུམ་ཁུལ་དུ་༸ཞབས་སོར་བདེ་བར་འཁོད་གནང་མཛད་འདུགདེ་རིང་ཞོགས་པ་ཟངས་དཀར་ཁུལ་གྱི་རྒྱལ་ས་པ་ལྡུམ་ཁུལ་དུ་ཆགས་པའི་གྲུ་འཛིན་ཕོ་བྲང་ལ་ཆིབས་བསྒྱུར་བཀྲིན་བསྐྱངས་སྐབས་མགོན་པོ་༸གང་ཉིད་མཆོག་གིས་སང་དང་གནངས་ཉིན་བཅས་ཉིན་གྲངས་གཉིས་རིང་ལ་དད་ལྡན་ཆོས་ཞུ་བ་ཚོར་ཐམས་ཅད་རྣམ་ལ་འབྱོར་གྱི་སྒོ་ནས་བྱང་ཆུབ་སེམས་བསྐྱེད་ངོ་སྤྲོད་མཛད་རྒྱུ་ཡིན་ཞེས་བཀའ་སྩལ་བ་དང་འབྲེལ། ཟངས་དཀར་ཁུལ་དུ་ཆགས་པའི་དགོན་ཁག་རྣམས་ལ་གནས་གཟིགས་མཛད་རྒྱུའི་ཐུགས་བློ་ཡོད་ཀྱང་དུས་ཚོད་དང་དགུང་ནའི་བབས་ཀྱི་ཆ་ནས་༸སྐུའི་ཞབས་པུས་ལ་སྐུ་ངལ་ཕྲན་བུ་འདུག་སྟབས། ༸སྐུ་ལྷོད་བཞུགས་ཀྱི་ཐོག་ནས་བཀའ་ཆོས་མཛད་རྒྱུ་ཡིན་པར་བཀའ་སྩལ་ཡོད།༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐབས་དེར་ལ་དྭགས་པ་གཙོས་ཧི་མཱ་ལ་ཡིའི་མི་རིགས་རྣམས་གཙོ་བོ་༸དཔལ་ནཱ་ལེནྡྲ་ནས་མཆེད་པའི་སངས་རྒྱས་པའི་ཆོས་དང་ལྷག་པར་དུ་བོད་མི་རིགས་ཀྱིས་ལོ་ངོ་སྟོང་ཕྲག་ནས་བདག་གཉེར་གནང་བའི་ནང་པ་སངས་རྒྱས་པའི་ཆོས་འདི་ཉིད་བདག་གཉེར་གནང་རྒྱུ་ཙམ་མ་ཟད། ལ་དྭགས་མི་མང་རྣམས་ཆོས་ལ་དད་པ་ཧ་ཅང་ཆེན་པོ་ཡོད་སྟབས་དད་པ་བྱ་ཡུལ་གྱི་ཆོས་ལ་སློབ་གཉེར་གནང་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཆགས་ཡོད་པར་ལམ་སྟོན་བཀྲིན་ཆེ་བ་སྩལ་བ་དང་ཆབས་ཅིག བོད་དེ་ཆབ་སྲིད་ཀྱི་གནས་སྟངས་ཤིག་གི་རྐྱེན་གྱིས་དཀའ་ངལ་མང་པོ་འཕྲད་བཞིན་པའུ་དུས་སྐབས་འདིར་ཧི་མཱ་ལ་ཡ་བ་ཚོས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱ་རྒྱུར་དམིགས་བསལ་འགན་འཕར་མ་ཞིག་ཡོད་སྟབས་ཁྱེད་རང་ཚོས་ཧུར་ཐག་བྱེད་དགོས་ཞེས་བཀའ་སྩལ་འདུགདེ་བཞིན་ཁ་སང་ཕྱི་ཚེས་ ༡༠ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་ལིང་དགོན་སྐུ་འབུམ་བཀྲ་ཤིས་འོད་འབར་དགོན་གྱི་དབྱར་ཆོས་ཆེན་མོའི་མཇུག་སྡོམ་མཛད་སྒོའི་ཚོགས་མགོན་དུ་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་ཏེ་བློ་སྦྱོང་ཚིགས་བརྒྱད་མའི་བཀའ་ཆོས་བཀའ་དྲིན་སྩལ་སྐབས་འཛམ་གླིང་ཞི་བདེ་ནི་ནང་སེམས་ཀྱི་ཞི་བདེའི་རྒྱུད་ནས་ཡོང་དགོས་པ་དང་ཆགས་སྡང་གི་གཞན་དབང་དུ་ཕྱིན་པ་ཡིན་ན་སེམས་ཀྱི་ཞི་བདེ་དཀྲུག་གི་ཡོད་པ་རེད་ཅེས་བཀའ་སྩལ་བ་དང་འབྲེལ་ཏེ་ཞི་བདེ་ནི་སྨོན་ལམ་རྒྱབ་ནས་ཡོང་རྒྱུ་ཁག་པོ་ཡིན་སྟབས། སེམས་པ་བཟང་པོ་བྱ་རྒྱུ་དང་ཕན་སེམས་བྱ་རྒྱུ། དེ་བཞིན་ཀུན་ལ་བརྩེ་བ་བྱ་རྒྱུ་ནི་དངོས་གནས་ཞི་བདེའི་རྩ་བ་ཆགས་ཡོད་སྟབས། འཛམ་གླིང་འདིའི་སྟེང་གི་མི་དུང་ཕྱུར་བདུན་ཅུ་ཚང་མས་མི་གཅིག་མཚུངས་ཡིན་བསམ་པའི་ཐོག་ནས་ཕན་ཚུན་ལ་བརྩེ་བ་དང་རོགས་རམ་བྱེད་དགོས་པར་བཀའ་སློབ་སྩལ་འདུག༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་གི་ཁོར་ཡུག་ལ་ཉེན་ཁ་གསར་པ་ཞིག་སླེབས་ཀྱི་ཡོད་པར་བཀའ་སྩལ་བ་དང་སྦྲགས། ཤིང་སྣ་འདེབས་འཛུགས་བྱེད་པ་སོགས་ཀྱི་ཐོག་ལ་ཏོག་ཙམ་ཤུགས་རྒྱག་དགོས་པ་དང་། དེས་མི་ཚང་མར་ཕན་རྒྱུ་ཙམ་མ་ཟད་གནམ་གཤིས་ལའང་ཕན་གྱི་ཡོད་སྟབས། ང་ཚོ་ཚང་མས་སྤྱི་སེམས་ཁོག་ལ་བཅངས་ཏེ་སྤྱི་བའི་དོན་དུ་བསམ་བློ་མང་ཙམ་བཏང་ན་སོ་སོའི་སྒེར་དོན་ཞོར་ལ་འགྲིག་རྒྱུ་དང་། མི་ཚེ་ལྷག་ལུས་དེ་དོན་སྙིང་ལྡན་པ་ཞིག་འབྱུང་ན་ཧ་ཅང་སྐྱིད་པོ་ཡོང་གི་རེད་ཅེས་བཀའ་སློབ་སྩལ་རྗེས་བློ་སྦྱོང་ཚིགས་བརྒྱད་མའི་ལྗགས་ལུང་མཛད་ཡོད། ༸སྐུ་པར་ཁག་གི་བདག་དབང་༸དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་།

བསྟན་འཛིན་ཤེས་རབ་ལགས་ཀྱི་རང་ལུས་མེར་སྲེག་དང་འབྲེལ་ནས་གྲྭ་ཚེ་བཀྲ་ལགས་འཛིན་བཟུང་བྱས་པ་ཤེས་རྟོགས།

ཕྱི་ལོ་ ༢༠༡༣ ལོར་ཁམས་ཡུལ་ཤུལ་ཆུ་དམར་ལེབ་རྫོང་། ཆིག་སྒྲིལ་གྲོང་བརྡལ་སྐྱ་འཁྱོག་ཡུལ་ཚོའི་རུ་ཁག་གཉིས་པ། ཨ་དྲེལ་སྡེ་པའི་བསྟན་འཛིན་ཤེས་རབ་ལགས་ཀྱིས་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་དྲག་པོའི་སྲིད་བྱུས་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་བཏང་སྟེ་སྐུ་འདས་གྲོངས་སུ་གྱུར་བའི་གནད་དོན་དང་འབྲེལ། རང་ལུས་མེར་བསྲེགས་བཏང་བའི་ཉིན་ཤས་རྗེས་རང་ལོ་ ༢༥ ཡིན་པའི་ཨ་དྲེལ་དགོན་པའི་དགེ་བསྐོས་ཚེ་བཀྲ་ལགས་ལ་བསྟན་འཛིན་ཤེས་རབ་ལགས་ཀྱི་སྐུ་ཕུང་གི་པར་གང་སར་བརྒྱུད་སྤེལ་བྱས་པའི་ཉེས་མིང་འོག་འཛིན་བཟུང་གིས་ཟླ་བ་ ༧ ཙམ་རིང་བཀག་ཉར་དང་མནར་སྤྱོད་ཚད་མེད་བཏང་བའི་གནད་དོན་བྱུང་ཡོད་པ་རེད།རང་ལོ་ ༣༣ ཡིན་པའི་བསྟན་འཛིན་ཤེས་རབ་ལགས་ནི་རྒྱ་གཞུང་གིས་འབྲོག་པ་གཞིས་སྤོས་ཀྱི་སྲིད་བྱུས་འོག་ཆུ་དམར་ལེབ་ཁུལ་དུ་གཞིས་སྤོས་བྱས་པའི་འབྲོག་མི་ཞིག་ཡིན་པ་དང་། ཁོང་གིས་ཕྱི་ལོ་ ༢༠༡༣ ལོའི་ཕྱི་ཟླ་ ༥ ཚེས་ ༢༧ ཉིན་རང་ལུས་མེར་བསྲེགས་བཏང་བའི་རྗེས་སུ་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་དུ་དེ་འབྲེལ་གནས་ཚུལ་སྤེལ་བའི་ནང་བསྟན་འཛིན་ཤེས་རབ་ལགས་ཀྱི་དགའ་རོགས་དང་ཁ་བྲལ་བའི་རྐྱེན་གྱིས་རང་སྲོག་བཅད་ཡོད་ཚུལ་བཀོད་ཡོད་པ་རེད། རྗེས་སུ་གནས་ཚུལ་ཤེས་རྟོགས་བྱུང་བར་བསྟན་འཛིན་ཤེས་རབ་ལགས་ནས་རང་སྲེག་མ་གནང་གོང་ལ་གྲོགས་པོ་ཁག་གཅིག་ལ་རྒྱ་ནག་གཞུང་གིས་རྩྭ་ས་བཙན་འཕྲོག་དང་གཞིས་སྤོས་སོགས་ཀྱི་སྲིད་བྱུས་འོག་བོད་མི་རྣམས་ལ་འཚོ་བའི་དཀའ་ངལ་ཆེས་ཆེར་འཕྲད་བཞིན་པ་དང་། བོད་ཀྱི་ཆོས་དང་རིག་གཞུང་རྩ་བརླག་འགྲོ་ཉེན་ཡོད་པ། དེ་བཞིན་རྒྱ་གཞུང་གི་དྲག་སྤྱོད་འོག་གནས་ཐབས་བྲལ་བ་སོགས་གསུངས་ཡོད་པ་ཤེས་རྟོགས་བྱུང་། འདི་ལོའི་ཕྱི་ཟླ་ ༥ པ་ནང་གནས་ཚུལ་ཤེས་རྟོགས་བྱུང་བར་དེ་སྔ་བསྟན་འཛིན་ཤེས་རབ་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་བའི་གནད་དོན་དང་འབྲེལ་ནས་བྱིས་པ་གསུམ་གྱི་ཨ་མ་ནོར་འཛིན་དབང་མོ་ལགས་ལ་ཕྱི་ལོ་ ༢༠༢༠ ལོར་ཆུ་དམར་ལེབ་མི་མང་ཁྲིམས་ཁང་གིས་གསང་བའི་ཁྲིམས་བཤེར་བྱས་ཏེ་ཁོང་གིས་ཕྱི་ལོ་ ༢༠༡༣ ལོར་བསྟན་འཛིན་ཤེས་རབ་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་བའི་གནས་ཚུལ་ཕྱིར་གྱར་བྱས་ཡོད་པའི་ཉེས་འཛུགས་འོག་ལོ་གསུམ་རིང་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དང་། འདི་ལོའི་ཕྱི་ཟླ་ ༣ ཚེས་ ༢ ཁོང་གཟུགས་གཞིའི་གནས་སྟངས་ཛ་དྲག་འོག་ནས་སྨན་བཅོས་ཆེད་སྐྱེ་རྒུ་མདོའི་བེུད་བཙོན་ཁང་ཞིག་ནས་བཙོན་གྲོལ་བཏང་ཡོད་པ་རེད། བཙོན་གྲོལ་བཏང་བའི་རྗེས་སུ་རང་ཁྱིམ་དུ་སྨན་པ་བསྟེན་པ་ཙམ་ལས་རང་དབང་གི་ཐོག་ནས་སྨན་པ་བསྟེན་གཏུག་ལ་དམ་དྲག་བྱས་དང་བྱེད་བཞིན་ཡོད་པ་ཤེས་རྟོགས་བྱུང་ཡོད། འདི་ལོའི་ཕྱི་ཟླ་ ༧ པ་ནང་བཙོན་ཁང་དུ་མནར་སྤྱོད་ཚད་མེད་བཏང་བའི་རྐྱེན་གྱིས་གཟུགས་གཞིའི་གནས་སྟངས་ཛ་དྲག་ཆགས་ཡོད་སྟབས། བཙོན་གྲོལ་རྗེས་རིམ་པས་ཁྲིན་ཏུའུ་དང་ཟི་ལིང་སོགས་སུ་ཕྱིན་ཏེ་སྨན་པར་བསྟེན་གཏུག་བྱས་ཀྱང་དྲག་སྐྱེད་ཀྱི་རེ་བ་མེད་པ་ལྟ་བུར་གྱུར་ཡོད་པ་ཤེས་རྟོགས་བྱུང་ཡོད། ཁ་སང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་གནས་ཚུལ་སྤེལ་བར་ཕྱི་ལོ་ ༢༠༡༣ ལོར་བསྟན་འཛིན་ཤེས་རབ་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་སྟེ་འདས་གྲོངས་སུ་གྱུར་བའི་གནད་དོན་དང་འབྲེལ་ཏེ། སྐབས་དེར་ཆུ་དམར་ལེབ་ཨ་དྲེལ་དགོན་པའི་དགེ་བསྐོས་གྲྭ་ཚེ་བཀྲ་ལགས་ཀྱང་རྒྱ་གཞུང་གིས་འཛིན་བཟུང་བྱས་ཡོད་པ་དང་སྐབས་དེར་རྒྱ་གཞུང་ཉེན་རྟོག་པས་ཚེ་བཀྲ་ལགས་ཀྱིས་བསྟན་འཛིན་ཤེས་རབ་ལགས་ཀྱི་སྤུན་མཆེད་ཐུབ་བསྟན་ལགས་དང་དེ་བཞིན་སྤུན་མཆེད་གཞན་གཅིག་དང་ངན་འབྲེལ་གྱིས་ཁོང་གི་ཕུང་པོ་ནང་མིར་རྩིས་སྤྲོད་བྱས་པའི་རྗེས་སུ་ཚེ་བཀྲ་ལགས་ཀྱི་ལག་ཐོགས་ཁ་པར་བརྒྱུད་ནས་ཕུང་པོའི་པར་ཕྱིར་གྱར་གནང་བའི་ཉེས་འཛུགས་ཀྱིས་ཟླ་བ་ ༧ ཙམ་རིང་བཀག་ཉར་བྱས་ནས་མནར་སྤྱོད་ཚད་མེད་བཏང་བ་མ་ཟད། ཁོང་ལ་ནག་ཉེས་ངོས་ལེན་གནང་དགོས་པའི་བཙན་བཀའ་ཡང་ཡང་བཏང་ཡོད་པ་སོགས་བཀོད་འདུག བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་ཉི་མ་འོད་ཟེར་ལགས་སུ་དེ་འབྲེལ་བཅར་འདྲི་ཞུས་སྐབས་ཁོང་གིས་ཕྱི་ལོ་ ༢༠༡༣ ལོར་ཚེ་བཀྲ་ལགས་འཛིན་བཟུང་བྱས་པ་དང་མནར་སྤྱོད་མྱངས་པའི་གནས་ཚུལ་ད་ལྟ་གཞི་ནས་ཤེས་རྟོགས་བྱུང་ཡོད་པ་དང་། གནད་དོན་དེའི་ཐོག་ནས་བོད་ནང་རྒྱ་གཞུང་གིས་གསར་འགྱུར་རང་དབང་དང་བོད་མིའི་གཞི་རྩའི་རང་དབང་ལ་དམ་དྲག་ག་ཚོད་ཙམ་བྱས་དང་བྱེད་མུས་ཡིན་པ་གསལ་པོ་རྟོགས་ཐུབ་ངེས་ཡིན་པ་སོགས་གསུངས་སོང་བ་དང་ཆབས་ཅིག རྒྱ་ནག་གཞུང་གི་ངོས་ནས་ཕྱི་ཕྱོགས་ལ་ཁག་དཀྲི་རྒྱུ་དང་འཁྱོག་བཤད་སོགས་མཚམས་འཇོག་བྱས་ཏེ་བོད་མི་རང་ལུས་མེར་སྲེག་གནང་མཁན་རྣམས་ཀྱི་དགོས་འདུན་གང་ཡིན་དང་མཐུན་པའི་ལག་བསྟར་དགོས་པའི་སྐུལ་མ་གནང་ཡོད། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་ད་དུང་གྲྭ་ཚེ་བཀྲ་ལགས་ཀྱི་གནས་ཚུལ་ར་འཕྲོད་བྱུང་བ་དང་བསྟུན་ནས་གནད་དོན་དེས་བོད་ནང་འབྲོག་པ་གཞིས་སྤོས་ཀྱི་སྲིད་བྱུས་དེ་ནོར་འཁྲུལ་ཇི་ཙམ་ཡིན་པ་གསལ་པོ་ཆགས་ཡོད་སྐོར་མངོན་གསལ་གནང་འདུག

ལིང་ཤེད་དབྱར་ཆོས་ཆེན་མོའི་མཇུག་སྡོམ་མཛད་སྒོར་དབུ་བཞུགས་དང་བློ་སྦྱོང་ཚིགས་བརྒྱད་མའི་བཀའ་ཆོས་སྩལ་བ།

ཁ་སང་ཕྱི་ཚེས་ ༡༠ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་གླེ་ཞི་བའི་ཚལ་ཕོ་བྲང་ནས་ཐད་འཕུར་གནམ་གྲུ་བརྒྱུད་ལ་དྭགས་ལིང་དགོན་སྐུ་འབུམ་བཀྲ་ཤིས་འོད་འབར་དགོན་གྱི་དབྱར་ཆོས་ཆེན་མོའི་མཇུག་སྡོམ་མཛད་སྒོའི་ཚོགས་མགོན་དུ་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་ཏེ་བློ་སྦྱོང་ཚིགས་བརྒྱད་མའི་བཀའ་ཆོས་ཀྱང་སྩལ་གནང་མཛད་ཡོད།དབྱར་ཆོས་གོ་སྒྲིག་ཚོགས་ཆུང་གིས་གཙོས་པའི་དད་ལྡན་སེར་སྐྱ་མི་མང་ཚོས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སྤོས་སྣེའི་སྤྱན་འདྲེན་གཟབ་རྒྱས་ཞུས་པ་དང་། མགོན་པོ་༸གང་ཉིད་མཆོག་ལིང་ཤེད་དགོན་གྱི་ གསུང་ཆོས་ར་བའི་གདོང་ལྔས་གཏེགས་པའི་གསེར་གྱི་ཁྲི་འཕང་མཐོན་པོར་༸ཞབས་སོར་བདེ་བར་འཁོད་མཚམས་སུ་ལིང་ཤེད་དབྱར་ཆོས་ཆེན་མོའི་གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་རྣམས་ཀྱིས་མཎྜལ་རྟེན་གསུམ་འདེགས་འབུལ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གཟེངས་རྟགས་ཤིག་འབུལ་ལམ་ཞུས་པ་དང་ཆབས་ཅིག་ཏུ་མགོན་པོ་༸གང་ཉིད་མཆོག་གིས་དགེ་བཤེས་གླང་རི་ཐང་པས་མཛད་པའི་བློ་སྦྱོང་ཚིགས་བརྒྱད་མའི་བཀའ་ཆོས་བཀྲིན་སྩལ་ཡོད་པ་རེད།༸གོང་ས་མཆོག་གིས་སྐབས་དེར་༸དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ཀྱི་ཕྱག་སྲོལ་ཐུན་མོང་མ་ཡིན་པ་རིགས་པའི་ལམ་དེ་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་མཛད་རྒྱུ་ངོས་ཀྱི་ལས་འགན་ཆེན་པོ་ཞིག་ཡིན་ཞེས་བཀའ་སྩལ་བ་དང་འབྲེལ། ཁུལ་དེར་ཡོད་པའི་དགོན་པ་གྲྭ་ཚང་ཚོས་སོ་སོའི་འཆར་ཅན་གྱི་ཁ་ཏོན་འདོན་པ་ཙམ་མ་ཡིན་པར་དཔེ་ཆར་ཏོག་ཙམ་སློབ་སྦྱོང་བྱ་རྒྱུ་ནི་ཧ་ཅང་གལ་ཆེན་པོ་ཡིན་པ་དང་། ལྷག་པར་དུ་སློབ་ཕྲུག་ཕོ་མོ་ཚོ་ཡིན་ནའང་རིགས་ལམ་ལ་དོ་སྣང་བྱ་རྒྱུ་ནི་ཆོས་ཀྱི་སྐད་ཆ་ཙམ་མ་ཡིན་པར་མིའི་རྣམ་དཔྱོད་གོང་འཔེལ་གཏོང་རྒྱུ་མ་ཟད། བློ་གསལ་དུ་འགྲོ་བར་ཁྱད་པར་ཆེན་པོ་ཡོད་ཅེས་བཀའ་སྩལ་འདུགའཛམ་གླིང་ཞི་བདེ་ནི་ནང་སེམས་ཀྱི་ཞི་བདེའི་རྒྱུད་ནས་ཡོང་དགོས་པ་དང་ཆགས་སྡང་གི་གཞན་དབང་དུ་ཕྱིན་པ་ཡིན་ན་སེམས་ཀྱི་ཞི་བདེ་དཀྲུག་གི་ཡོད་པ་རེད་ཅེས་བཀའ་སྩལ་བ་དང་འབྲེལ་ཏེ་ཞི་བདེ་ནི་སྨོན་ལམ་རྒྱབ་ནས་ཡོང་རྒྱུ་ཁག་པོ་ཡིན་སྟབས། སེམས་པ་བཟང་པོ་བྱ་རྒྱུ་དང་ཕན་སེམས་བྱ་རྒྱུ། དེ་བཞིན་ཀུན་ལ་བརྩེ་བ་བྱ་རྒྱུ་ནི་དངོས་གནས་ཞི་བདེའི་རྩ་བ་ཆགས་ཡོད་སྟབས། འཛམ་གླིང་འདིའི་སྟེང་གི་མི་དུང་ཕྱུར་བདུན་ཅུ་ཚང་མས་མི་གཅིག་མཚུངས་ཡིན་བསམ་པའི་ཐོག་ནས་ཕན་ཚུན་ལ་བརྩེ་བ་དང་རོགས་རམ་བྱེད་དགོས་པར་བཀའ་སློབ་སྩལ་འདུག༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་གི་ཁོར་ཡུག་ལ་ཉེན་ཁ་གསར་པ་ཞིག་སླེབས་ཀྱི་ཡོད་པར་བཀའ་སྩལ་བ་དང་སྦྲགས། ཤིང་སྣ་འདེབས་འཛུགས་བྱེད་པ་སོགས་ཀྱི་ཐོག་ལ་ཏོག་ཙམ་ཤུགས་རྒྱག་དགོས་པ་དང་། དེས་མི་ཚང་མར་ཕན་རྒྱུ་ཙམ་མ་ཟད་གནམ་གཤིས་ལའང་ཕན་གྱི་ཡོད་སྟབས། ང་ཚོ་ཚང་མས་སྤྱི་སེམས་ཁོག་ལ་བཅངས་ཏེ་སྤྱི་བའི་དོན་དུ་བསམ་བློ་མང་ཙམ་བཏང་ན་སོ་སོའི་སྒེར་དོན་ཞོར་ལ་འགྲིག་རྒྱུ་དང་། མི་ཚེ་ལྷག་ལུས་དེ་དོན་སྙིང་ལྡན་པ་ཞིག་འབྱུང་ན་ཧ་ཅང་སྐྱིད་པོ་ཡོང་གི་རེད་ཅེས་བཀའ་སློབ་སྩལ་རྗེས་བློ་སྦྱོང་ཚིགས་བརྒྱད་མའི་ལྗགས་ལུང་མཛད་ཡོད།གཞི་རྩའི་ལིང་དགོན་སྐུ་འབུམ་བཀྲ་ཤིས་འོད་འབར་ནི་རི་བོ་དགེ་ལྡན་པའི་གཞི་དགོན་ཞིག་དང་ལ་དྭགས་རི་ལྗོངས་ཡར་རྒྱས་རྫོང་གི་ཤམས་ཕྱོགས་ལྷོ་ནུབ་ཀྱི་ཉེ་འདབས་སུ་ཆགས་ཡོད། འདི་ནི་ལ་དྭགས་ཀྱི་དགོན་རྙིང་གྲགས་ཅན་ཞིག་ཞིག་ཡིན།  ཕྱི་ལོ་ ༡༤༤༠ ལོར་ལོ་ཙཱ་བ་རིན་ཆེན་བཟང་པོ་ས་ཆ་འདིར་ཕེབས་ཏེ་ས་གཞི་བྱིན་གྱིས་རླབས་ཡོད་པ་དང་། ཕྱིས་སུ་རྗེ་ཙོང་ཁ་པ་ཆེན་པོའི་དངོས་སློབ་སྟོད་བྱང་སེམས་ཤེས་རབ་བཟང་པོ་མཆོག་གིས་དཀར་ཆ་དང་ཕུག་ཐར་དགོན་པ་གཉིས་ཕྱག་བཏབ་ནས་ལྷོ་ཕྱོགས་བརྒྱུད་ཏེ་ལིང་ཤེད་ཕྱོགས་སུ་ཕེབས་ཏེ་ཧ་ནུ་མ་ལ་Hanuma-la ཞེས་པར་བཞུགས་ཞག་གིས་ལིང་ཤེད་ཕྱོགས་སུ་གཟིགས་སྐབས་ཕ་བོང་ཞིག་ལ་འོད་འབར་འཕྲོ་བ་གཟིགས་ཤིང་། དེར་མ་འོངས་པར་དགོན་པ་གྲགས་ཅན་ཞིག་ཆགས་པར་གཟིགས་ནས་ཕ་བོང་དེར་མཆོད་རྟེན་ཞིག་བཞེངས་པ་དེ་དུས་ད་ལྟའང་མཇལ་རྒྱུ་ཡོད་པར་མ་ཟད། ཕྱི་ལོ་ ༡༧༧༩ ལོར་ལ་དྭགས་རྒྱལ་པོ་ཚེ་དབང་རྣམ་རྒྱལ་གྱིས་ལིང་ཤེད་དང་། དེ་ཡི་ཉེ་འཁོར་གྱི་ས་གཞི་མང་པོ་ཞིག་མངའ་རིས་རིན་པོ་ཆེ་སྐུ་ཕྲེང་གསུམ་པ་བླ་ོབཟང་དགེ་ལེགས་ཡེ་ཤེས་གྲགས་པ་མཆོག་ལ་ཕུལ་ཞིང་། དེ་ནས་བཟུང་དགོན་པ་འདི་མངལ་རིས་རིན་པོ་ཆེའི་ཆོས་གཞིའི་ཁུངས་སུ་གཏོགས་པ་ཞིག་ཡིན་པ་དགོན་པའི་ལོ་རྒྱུས་སུ་གསལ་བ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལོ་ ༢༠༠༩ ལོར་དགོན་པ་འདིར་ཆིབས་བསྒྱུར་གྱིས་དད་ལྡན་མི་མང་ལ་སེམས་བསྐྱེད་དང་སྒྲོལ་དཀར་ཚེ་དབང་སོགས་ཀྱི་བཀའ་ཆོས་བཀའ་དྲིན་སྩལ་ཡོད།༸གོང་ས་མཆོག་གི་ལིང་དགོན་སྐུ་འབུམ་བཀྲ་ཤིས་འོད་འབར་དགོན་གྱི་དབྱར་ཆོས་ཆེན་མོའི་མཛད་འཆར་ཁག་ལེགས་པར་གྲུབ་ནས་དེ་རིང་ཞོགས་པ་ཕྱག་ཚོད་ ༩༌༤༠ ཡོལ་ཙམ་ལ་ཐད་འཕུར་གནམ་གྲུ་བརྒྱུད་ཟངས་དཀར་གྱི་རྒྱལ་ས་པ་ལྡུམ་ཁུལ་དུ་༸ཞབས་སོར་བདེ་བར་འཁོད་གནང་མཛད་འདུགམཛད་འཆར་ལ་གཞིགས་ན། སང་ཕྱི་ཚེས་ ༡༢ དང་ ༡༣ བཅས་ཉིན་གྲངས་གཉིས་རིང་གྲུ་འཛིན་ཕོ་བྲང་དུ་ཆོས་འབྲེལ་དང་ཕྱི་ཚེས་ ༡༤ ཉིན་གླེར་ཆིབས་སྒྱུར་མཛད་ཀྱི་ཡོད་པ་རེད། ༸སྐུ་པར་ཁག་གི་བདག་དབང་༸དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་།

བཞུགས་སྒར་དུ་བོད་ཀྱི་རིག་གཞུང་ཐོག་མཁས་པའི་བགྲོ་གླེང་ཆེས་ཐོག་མ་དབུ་འཛུགས་གནང་བ།

དེ་རིང་ཕྱི་ཟླ་ ༨ ཚེས་ ༡༠ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཐོག་བཞུགས་སྒར་ནོར་བུ་གསོལ་མགྲོལ་ཁང་གི་ཚོགས་ཁང་དུ་སྐུ་མགྲོ་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་ཆོས་རིག་བཀའ་བློན་གཅིག་ལྕོགས་སྐུ་ཞབས་སྤེན་པ་ཚེ་རིང་མཆོག་དབུ་བཞུགས་ཐོག་བཙན་བྱོལ་ནང་གི་ད་ལྟའི་བོད་ཀྱི་རིག་གཞུང་གི་གནས་བབ་དང་མ་འོངས་ལམ་སྟོན་ཞེས་པའི་བརྗོད་གཞི་དང་འབྲེལ་བའི་བོད་ཀྱི་རིག་གཞུང་ཐོག་མཁས་པའི་བགྲོ་གླེང་ཆེས་ཐོག་མ་དབུ་འཛུགས་གནང་སོང་།  དེ་རིང་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ནས་གོ་སྒྲིག་ཞུས་པའི་བོད་ཀྱི་རིག་གཞུང་ཐོག་མཁས་པའི་བགྲོ་གླེང་ཐེངས་དང་པོའི་ཐོག་དུས་རྒྱུན་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཀྱི་རིག་གཞུང་དང་ཤེས་ཡོན་གྱི་བསྟི་གནས་ཁང་། དེ་བཞིན་ཚོགས་པ་དང་སྒྲིག་འཛུགས་འདྲ་མིན་ཁག་ཏུ་བོད་ཀྱི་རིག་གཞུང་དང་འབྲེལ་བའི་ཕྱག་ལས་གནང་བཞིན་པ་དང་དེ་སྔ་གནང་མྱོང་ཡོད་པ་བཅས་ཀྱི་ཚོགས་བཅར་བ་ ༢༣ མཉམ་ཞུགས་གནང་འདུགབགྲོ་གླེང་དབུ་འབྱེད་ཀྱི་མཛད་སྒོ་ཐོག་སྐུ་མགྲོ་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་ཆོས་རིག་བཀའ་བློན་གཅིག་ལྕོགས་སྐུ་ཞབས་སྤེན་པ་ཚེ་རིང་མཆོག་གིས་ཚོགས་བཅར་བ་ཡོངས་ལ་འཚམས་འདྲི་གནང་བ་དང་སྦྲགས། ཆོས་རིག་ལས་ཁུངས་ཀྱི་ངོས་ནས་རིག་གཞུང་གི་སྡེ་ཚན་ཁག་གི་ལས་གཞི་ལ་ཐད་ཀར་ཐེ་བྱུས་དང་ལས་གཞི་སྤེལ་རྒྱུ་སོགས་གནང་སྲོལ་མེད་སྐོར་འགྲེལ་བརྗོད་གནང་བ་དང་ཆབས་ཅིག ད་ལྟའི་ཆར་བོད་ཀྱི་ཆོས་རིག་དང་སྐད་ཡིག་སོགས་ཀྱི་ཐོག་ཕྱག་ལས་གནང་མཁན་ཚོགས་སྒེར་མི་ཉུང་བ་ཞིག་ཡོད་པ་དང་། ཆོས་རིག་ལས་ཁུངས་ནས་རྐང་བོད་པའི་རིག་གཞུང་ལས་སྟོང་ལ་ཉེ་བའི་རིག་གཞུང་དང་འབྲེལ་བའི་སྒྱུ་རྩལ་དང་རིག་རྩལ་སོགས་ཀྱི་ཐོག་འགན་བཞེས་ཐུབ་ཐབས་དང་། སྤྱི་ཚོགས་ནང་བོད་ཀྱི་རིག་གཞུང་དང་འབྲེལ་བའི་ཁོར་ཡུག་བསྐྲུན་གལ་ཆགས་ཡོད་པ་གསུངས་སོང་།   ད་ལྟའི་ཆར་བོད་པའི་རིག་གཞུང་བསྟི་གནས་དགོན་སྡེ་གྲྭ་ཚང་ཁག་ཏུ་སྤྱི་ཡོངས་ཀྱི་གྲྭ་བཙུན་གྱི་གྲངས་ཚད་དེ་ཙམ་ཉུང་དུ་ཕྱིན་མེད་ཀྱང་གྲྭ་བཙུན་ནང་ལ་བོད་པའི་གྲྭ་བཙུན་ཉུང་དུ་ཕྱིན་ཡོད་པ་གསལ་པོ་ཆགས་ཡོད་སྟབས་མ་འོངས་གནས་བབས་ཇི་ཆགས་ཐོག་དགོངས་པ་བཞེས་རྒྱུ་དང་། དེ་བཞིན་བོད་ཀྱི་རིག་གཞུང་མི་ཉམས་རྒྱུན་འཛིན་དང་བོད་ཀྱི་འཐབ་རྩོད་རྒྱུན་གནས་ཐུབ་ཐབས་སུ་བོད་མིའི་གཞིས་ཆགས་ཁག་སྲ་བརྟན་དགོས་གལ་ཡིན་པ་སོགས་གསུངས་ཡོད། ལྷག་པར་དུ་སྲིད་སྐྱོང་མཆོག་གིས་ཐེངས་འདིའི་བགྲོ་གླེང་ཚོགས་འདུ་འདི་ནི་བརྗོད་གཞི་དམིགས་བསལ་མེད་པར་ཐབས་བྱུས་ཀྱི་ཚོགས་འདུ་ལྟ་བུ་ཞིག་ཡིན་པ་དང་། ཚོགས་དུས་ཐོག་ཚོགས་བཅར་བ་རྣམས་ནས་དགོངས་ཚུལ་གང་བྱུང་བ་དེ་དག་ཐབས་བྱུས་ཀྱི་ངོ་བོར་དགོངས་པ་བཞེས་རྒྱུ་དང་། འཆར་གཞི་གང་ཞིག་བཀོད་སྒྲིག་གནང་ཡང་གཙོ་བོ་བོད་པའི་གཞོན་སྐྱེས་ཚོར་སྙོབས་ཐུབ་པ་ཞིག་གནང་རྒྱུར་དགོངས་བཞེས་གནང་དགོས་པ་སོགས་ཀྱི་ལམ་སྟོན་གནང་ཡོད།  དེ་བཞིན་ཆོས་རིག་ལས་ཁུངས་ཀྱི་དྲུང་ཆེ་འཆི་མེད་ཚེ་དབྱངས་ལགས་ཀྱིས་ད་བར་ཆོས་རིག་ལས་ཁུངས་ནས་བོད་ཀྱི་རིག་གཞུང་དང་འབྲེལ་བའི་ལས་གཞི་ཇི་སྤེལ་ཁག་ངོ་སྤྲོད་གནང་སྟེ། ཚོགས་འདུའི་ཐོག་ཕེབས་པའི་ཚོགས་བཅར་བ་རྣམས་ནས་ཆོས་རིག་ལས་ཁུངས་ཀྱི་ལས་གཞི་ཁག་ཇེ་བཟང་གཏོང་ཐབས་དང་། མ་འོངས་ཕྱག་ལས་གནང་ཕྱོགས་སོགས་ལ་སྨན་པའི་དགོངས་ཚུལ་དང་བགྲོ་གླེང་ལྷུག་པོ་གནང་རོགས་ཞེས་གཞེན་སྐུལ་གནང་སོང་། རྩ་བའི་དེ་་རིང་སྔ་དྲོར་དབུ་འཛུསག་གནང་བའི་བོད་ཀྱི་རིག་གཞུང་ཐོག་མཁས་པའི་བགྲོ་གླེང་ཆེས་ཐོག་མ་འདི་ཉིད་དེ་རིང་དང་སང་ཉིན་བཅས་ཉིན་གྲངས་གཉིས་ཀྱི་རིང་གནང་གི་ཡོད་པ་དང་། བགྲོ་གླེང་ཚོགས་འདུ་དེའང་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ནས་བོད་ཀྱི་རིག་གཞུང་མི་ཉམས་གོང་འཕེལ་དང་། མ་འོངས་བོད་ཀྱི་རིག་གཞུང་དང་འབྲེལ་བའི་ལས་དོན་བྱེད་ཕྱོགས། འཆར་གཞི་བཀོད་སྒྲིག ལྷག་པར་དུ་གཞོན་སྐྱེས་གཙོ་བོར་གྱུར་པའི་བོད་པའི་སྤྱི་ཚོགས་ནང་བོད་ཀྱི་རིག་གཞུང་ལ་དོ་སྣང་དང་། གདེང་སྤོབས། ཆེ་མཐོང་། སྤྲོ་སྣང་གསར་པ་ཞིག་བསྐྲུན་ཐབས་སོགས་ལ་དམིགས་ཡོད་པ་རེད།

Latest news