Tibetan Royal Year of 2151 | Year of the Wood Dragon

གསར་འགྱུར།

སུད་སི་དོན་གཅོད་ཀྱིས་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་སྲིད་བློན་ཆེན་གཞོན་པ་དང་མཇལ་འཕྲད་གནང་བར་རྒྱ་ནག་གཞུང་ཚབ་ནས་སྐྱོན་བརྗོད།

སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཁུལ་གྱི་གཞུང་འབྲེལ་ཕྱོགས་ཕེབས་གནང་བའི་ཁྲོད་ཡུལ་དེའི་ཕྱི་སྲིད་བློན་ཆེན་གཞོན་པ་སྐུ་ཞབས་ Martin Dvořák མཆོག་དང་མཇལ་མོལ་གནང་ཡོད་སྟབས་རྒྱ་ནག་གཞུང་ཚབ་ཁང་གིས་དེར་སྐྱོན་བརྗོད་བྱས་འདུགསུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་ཟླ་ ༨ ཚེས་ ༧ ནས་ ༡༠ བར་ཅེཀ་སྤྱི་མཐུན་རྒྱལ་ཁབ་ལ་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་པ་དང་བསྟུན་ཁ་སང་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་སྲིད་བློན་ཆེན་གཞོན་པ་སྐུ་ཞབས་ Martin Dvořák མཆོག་དང་མཇལ་འཕྲད་གནང་སྟེ་ཅེཀ་སྤྱི་མཐུན་རྒྱལ་ཁབ་ནས་བོད་མིར་རྒྱབ་སྐྱོར་གཡོ་བ་མེད་པར་གནང་བར་ཐུགས་རྗེ་ཆེ་ཞུས་འདུགསྐུ་ཞབས་ཁོང་གིས་སྐུ་སྒེར་གྱི་འཕྲུལ་སྒྲ་ཐོག་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་དང་མཇལ་འཕྲད་ཀྱིས་བོད་ཀྱི་ད་ལྟའི་གནས་སྟངས་སོགས་ཀྱི་སྐོར་བཀའ་མོལ་བྱུང་ཡོད་སྐོར་དང་འགྲོ་བ་མིའི་ཐོབ་ཐང་ལ་རྒྱབ་སྐྱོར་གནང་རྒྱུ་ནི་ང་ཚོས་གལ་གནད་ཆེ་ཤོས་སུ་ངོས་འཛིན་པའི་གནད་དོན་ཞིག་ཆགས་ཀྱི་ཡོད་ཅེས་གསུངས་འདུག འོན་ཀྱང་སྐུ་ཞབས་ Martin Dvořák མཆོག་གིས་ Twitter དྲ་གནས་ཐོག་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་དང་མཇལ་མོལ་གནང་པའི་སྐོར་བཀོད་པའི་གནད་དོན་དེར་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཏུ་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གིས་མི་འདོད་པའི་རྣམ་འགྱུར་དང་སྦྲགས་ཏེ་བཙན་བྱོལ་དུ་ཡོད་པའི་བོད་མིའི་སྒྲིག་འཛུགས་ནི་བོད་རང་བཙན་རྩོད་མཁན་གྱི་ཁ་བྲལ་ཆབ་སྲིད་ཚོགས་པ་ཞིག་དང་སྒྲིག་འཛུགས་དེ་ནི་རྒྱ་ནག་གཞུང་གི་རྩ་ཁྲིམས་དང་རྒྱབ་འགལ་ཆགས་ཡོད་པར་མ་ཟད་རྒྱལ་སྤྱིའི་རྒྱལ་ཁབ་ཚོའི་ངོས་ནས་དེར་ངོས་ལེན་གནང་གི་མེད་ཅེས་བཤད་འདུགཅེཀ་སྤྱི་མཐུན་རྒྱལ་ཁབ་ནས་རྒྱ་ནག་གཅིག་གི་སྲིད་བྱུས་ལ་ཆབ་སྲིད་ཀྱི་ཞལ་བཞེས་གནང་དོན་ལྟར་སོར་གནས་དགོས་པ་དང་སྒོས་རྒྱ་ནག་དང་ཅེཀ་སྤྱི་མཐུན་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་ཡར་རྒྱས་གཏོང་དགོས་སྐོར་དང་ཕྱི་སྲིད་བློན་ཆེན་གཞོན་པས་སུད་སི་དོན་གཅོད་དང་མཇལ་འཕྲད་གནང་བ་ལ་མཐའ་གཅིག་ཏུ་དགག་པ་ཡོད་ཅེས་བཤད་འདུགདོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་ཀྱི་ཅེཀ་སྤྱི་མཐུན་རྒྱལ་ཁབ་ནང་གི་གཞུང་འབྲེལ་ཕྱོགས་སྐྱོད་ཁྲོད་དུ་དོན་ཁང་གི་རྒྱལ་ཚོགས་ཀྱི་འབྲེལ་མཐུད་པ་སྐལ་ལྡན་མཚོ་མོ་ལགས་ལྷན་བཅར་ཞུས་པ་དང་། འདས་པའི་ཕྱོགས་སྐྱོད་ཁྲོད་ཁུལ་དེའི་བོད་དོན་རྒྱབ་སྐྱོར་བ་དང་ལྷན་དུ་ཚོགས་འདུ་དང་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཟུར་སྐུ་ཞབས་ František Kopřiva ལགས་དང་ཚོགས་པའི་ཚོགས་མི་ཟུར་པ་ Dana Balcarová ལགས་རྣམ་གཉིས་དང་མཇལ་འཕྲད་ཀྱིས་མུ་མཐུད་བོད་དོན་ལ་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་ཞུ་སྐུལ་སོགས་གནང་ཡོད།

༸གོང་ས་མཆོག་གིས་རྒྱ་གར་གྱི་བདམས་ཐོན་སྲིད་འཛིན་གཞོན་པར་འཚམས་འཕྲིན་སྩལ་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་ཞབས་ Jagdeep Dhankhar མཆོག་རྒྱ་གར་གྱི་སྲིད་འཛིན་སྐུ་གཞོན་ལ་བདམས་ཐོན་བྱུང་བར་དགའ་བསུའི་འཚམས་འདྲི་སྩལ་བ་དང་སྦྲགས་ཏེ་མ་འོངས་ཕྱག་ལས་ཁག་ལེགས་གྲུབ་ཡོང་བར་ཐུགས་སྨོན་མཛད་འདུག༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭགས་ཞི་བའི་ཚལ་ཕོ་བྲང་ནས་དགའ་བསུའི་འཚམས་འདྲི་ཞིག་སྩལ་བའི་ནང་འདས་པའི་ལོ་དུས་དེ་དག་ཁྲོད་དུ་རྒྱ་གར་ནང་ལ་ཚན་རིག་དང་འཕྲུལ་རིག་གིས་གཙོས་པའི་སྡེ་ཚན་མང་པོར་ཡར་རྒྱས་ཚད་མཐོ་པོ་འགྲོ་བཞིན་ཡོད་པ་སོགས་བཀའ་འགྲེལ་དང་སྦྲགས། ད་ཆ་རྒྱ་གར་རང་བཙན་གྱི་རྒྱལ་ཁབ་ཆགས་ནས་ལོ་ངོ་ ༧༥ འཁོར་བཞིན་པའི་དུས་སྐབས་འདིར་སྐུ་ཞབས་ Jagdeep Dhankhar མཆོག་ནས་རྒྱ་གར་གྱི་སྲིད་འཛིན་གཞོན་པའི་ཐུགས་འགན་བཞེས་གཏན་ཁེལ་བ་ནི་རྟེན་འབྲེལ་བཟང་པོ་ཞིག་རེད་ཅེས་བཀའ་སྩལ་འདུག མགོན་པོ་༸གང་ཉིད་མཆོག་གིས་རྒྱ་གར་ནི་འགྲོ་བ་སྤྱི་ལ་ཕན་པ་བསྒྲུབ་ཐུབ་པའི་འཚེ་མེད་ཞི་བ་དང་བྱམས་སྙིང་རྫེའི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་ཅིག་ཡིན་པ་དང་། བདག་ཉིན་ཆེན་པོ་གྷཾདྷཱི་མཆོག་གིས་འཚེ་མེད་ཞི་བའི་ལྟ་གྲུབ་ཁག་རྒྱལ་སྤྱིའི་ཁྱོན་ལ་ཁྱབ་སྤེལ་གནང་ཡོད་པ་སོགས་བཀའ་སྩལ་བ་དང་ཆབས་ཅིག་ཏུ་མགོན་པོ་མཆོག་གིས་ཀྱང་འཚེ་བ་མེད་པ་དང་བྱམས་སྙིང་རྗེ་གཞི་རྩར་བཟུང་སྟེ་བཟང་པོའི་ལྟ་གྲུབ་དང་བསླབ་བྱ་ཁག་རྒྱ་གར་གྱི་སྤྱི་ཚོགས་ཙམ་མ་ཟད་རྒྱལ་སྤྱིའི་ཁྱོན་ལ་གོང་སྤེལ་གང་ཐུབ་མཛད་བཞིན་ཡོད་པ་སོགས་བཀའ་སྩལ་འདུགལྷག་པར་དུ་མགོན་པོ་མཆོག་ནས་རྒྱ་གར་གྱི་གནའ་བོའི་རིག་གནས་དེ་དག་ནི་འགྲོ་བ་མིའི་སེམས་ཁམས་དང་ཤེས་པ། སེམས་ཚོར་གྱི་རྣམ་གཞག་སོགས་རྒྱུས་ལོན་གནང་ཐབས་ཀྱི་གཞི་རྟེན་ལྟ་བུར་གྱུར་ཡོད་པར་མ་ཟད་རིག་གནས་དེ་དག་ནང་བློ་སྦྱོང་དང་སྒོམ་སྒྲུབ་སོགས་ཀྱི་ཐབས་ལམ་ཡོད་པ་དེ་དག་ནི་ཚེ་འདི་ཕྱི་གཉིས་ཀར་ཕན་ཐོགས་ཡོད་པ་འབའ་ཞིག་ཆགས་ཡོད་ཅེས་བཀའ་སྩལ་བ་དང་ཆབས་ཅིག རྒྱ་གར་གྱི་གནའ་བོའི་རིག་གཞུང་དེ་དག་ཆོས་ལུགས་དང་མ་འབྲེལ་བའི་ཐོག་ནས་དེང་དུས་ཀྱི་ཤེས་ཡོན་སློབ་གསོའི་ནང་ལ་སློབ་ཁྲིད་གནང་གལ་ཡིན་པ་དང་། དེང་སྐབས་རྒྱ་གར་གྱི་མངའ་སྡེ་ཁག་ཅིག་ཏུ་དེ་དག་སློབ་ཁྲིད་དབུ་འཛུགས་གནང་ཟིན་སྟབས་རིམ་པས་རྒྱ་གར་རྒྱལ་ཡོངས་སུ་ལག་བསྟར་ཐུབ་པའི་ཐུགས་རེ་ཡོད་སྐོར་བཀའ་སྩལ་མཛད་ཡོད། དེ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ད་ཆ་རྒྱལ་སྤྱིའི་སྤྱི་ཚོགས་ཁྱོན་ཡོངས་སུ་རྒྱ་གར་རྒྱལ་ཁབ་ཀྱི་གལ་གནད་དང་མཚན་མཐོང་གོང་འཕེལ་འགྲོ་བཞིན་པ་དང་། རྒྱ་གར་ནི་རྒྱལ་སྤྱིའི་ཐོག་ཞི་བདེ་དང་ཡར་རྒྱས་གོང་འཕེལ་ཐད་ཞབས་འདེགས་རླབས་ཆེན་བསྒྲུབ་རྒྱུའི་ནུས་པ་ལྡན་ཡོད་ཅེས་བཀའ་སྩལ་དང་འབྲེལ་ནས་སྐུ་ཞབས་ Jagdeep Dhankhar མཆོག་གིས་འདས་པའི་ལོ་དུས་ནང་ཕྱག་ལས་སྣ་མང་གནང་བའི་བརྒྱུད་རིམ་དང་ཉམས་མྱོང་ཐོག་ནས་སྲིད་འཛིན་སྐུ་གཞོན་གྱི་ལས་ཡུན་རིང་ལ་རྒྱ་གར་རྒྱལ་ཁབ་དང་མི་སེར་གྱི་བདེ་དོན་ལ་སྨན་པའི་ཕྱག་ལས་གནང་ཐུབ་པའི་ཐུགས་རེ་ཡོད་ཅེས་བཀའ་སྩལ་འདུགབོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་ཀྱང་རྒྱ་གར་གཞུང་མང་གཉིས་ནས་ད་བར་བོད་མིའི་འཚེ་མེད་ཞི་བའི་འཐབ་རྩོད་ལ་རྒྱབ་སྐྱོར་གནང་དང་གནང་བཞིན་པར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། སྐུ་ཞབས་ Jagdeep Dhankhar མཆོག་རྒྱ་གར་གྱི་སྲིད་འཛིན་གཞོན་པར་བདམས་ཐོན་བྱུང་བར་དགའ་བསུ་ཞུས་འདུག རྩ་བའི་སྐུ་ཞབས་ Jagdeep Dhankhar མཆོག་ ༡༩༥༡ ལོར་རྒྱ་གར་གྱི་ Rajasthan མངའ་སྡེར་འཁྲུངས་ཤིང་། འདས་པའི་ལོ་དུས་ནང་རྒྱ་གར་དབུས་གཞུང་གི་བློན་ཆེན་དང་དབུས་ས་གཉིས་ཀྱི་གྲོས་ཚོགས་འཐུས་མི། དེ་བཞིན་མངའ་སྡེའི་སྲིད་སྐྱོང་སོགས་ཀྱི་ཐུགས་འགན་མང་དག་ཅིག་བཞེས་མྱོང་ཡོད་པ་དང་། སྐུ་ཞབས་ཁོང་ནས་ཟླ་ ༨ ཚེས་ ༡༡ ཉིན་རྒྱ་གར་གྱི་སྲིད་འཛིན་གཞོན་པའི་དམ་འབུལ་དང་ཕྱག་ལས་དངོས་སུ་དབུ་འཛུགས་གནང་གི་ཡོད་པ་རེད།

༸གོང་ས་མཆོག་གིས་གཞིས་བྱེས་མཉམ་འཛོམས་ཀྱིས་བཀྲིས་ལོ་ལེགས་འབྱུང་གི་རེད་ཅེས་བཀའ་བཞེས་བཟང་པོ་མཛད་སོང་།

དེ་རིང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭགས་གླེ་ལྕོག་ལམ་གསར་དུ་ཡོད་པའི་བོད་ཁྱིམ་སློབ་གྲྭའི་རྩེད་ཐང་དུ་བོད་མི་ཚོར་དམིགས་བསལ་མཇལ་ཁ་དང་ལམ་སྟོན་བཀའ་སློབ་བཀྲིན་སྩལ་གནང་མཛད་ཡོད།སྐབས་དེར་ལ་དྭགས་ཀྱི་ས་ཕྱོགས་གང་ས་ནས་བོད་མི་སྟོང་ཕྲག་འགའ་ཤས་འདུ་འཛོམས་བྱུང་ཡོད་པ་དང་། མཛད་སྒོའི་སྐབས་མགོན་པོ་༸གང་ཉིད་མཆོག་ནས་ཐོག་མ་བཙན་བྱོལ་དུ་ཕེབས་དགོས་པའི་དོན་རྐྱེན་སོགས་དང་འབྲེལ་ནས་བཀའ་སྩལ་མཛད་སྐབས་གཙོ་བོ་ཕྱི་ལོ་ ༡༩༥༩ ལོར་༸གང་ཉིད་མཆོག་ལ་བཅིངས་གྲོལ་དམག་སྒར་གྱི་ཟློས་སྒར་གཟིགས་མོར་སྐུ་རྐྱང་དུ་ཕེབས་དགོས་པའི་མགྲོན་བརྡར་མི་མང་ཚོས་དངངས་འཚབ་ཀྱི་རྣམ་འགྱུར་ཤུགས་ཆེར་བཏོན་པའི་ཁྲོད་༸གང་ཉིད་མཆོག་དེར་ཕེབས་རྒྱུ་མེད་པའི་འབོད་སྐུལ་དང་སྦྲགས། རྩ་བའི་བོད་མི་ཚོས་རྒྱ་མིར་རེ་བ་དང་ཡིད་ཆེས་རྩ་བ་ནས་མེད་སྟབས། སྐབས་དེར་དོན་རྐྱེན་ཆེན་པོ་བྱུང་ཡོད་སྐོར་དང་།ལྷག་པར་དུ་དེའི་རྗེས་བཅིངས་གྲོལ་དམག་མིས་བོད་མི་ཚོར་དྲག་གནོན་བྱ་རྒྱུའི་སྡིགས་ར་བཏང་ཡོད་པ་མ་ཟད། ནོར་བུ་གླིང་གའི་ཕོ་བྲང་དུ་འབར་རྫས་དང་མེ་ཤུགས་ཕུར་མདའ་སོགས་བརྒྱག་རྒྱུའི་གྲ་སྒྲིག་བྱས་པ་སོགས་ཀྱི་གནས་སྟངས་ཤིན་ཏུ་ནས་ཛ་དྲག་བྱུང་རྐྱེན། ལྷ་བླའི་ལུང་བསྟན་ལྟར་ནོར་བུ་གླིང་ག་ནས་ཕེབས་ཐོན་གནང་དགོས་པ་སོགས་ཐུགས་ཚོར་ཆེན་པོས་དེ་བྱུང་གི་གནས་སྟངས་ཉག་ཕྲ་བ་རྣམས་ངོ་སྤྲོད་མཛད་སོང་།༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་སྐབས་དེར་ད་དུང་རྒྱ་གར་རང་དབང་ལུང་པར་བཙན་བྱོལ་ཕེབས་དགོས་བྱུང་སྟེ་སྐུ་ཚེ་གསར་པ་ཞིག་དབུ་འཛུགས་གནང་དགོས་བྱུང་ཡོད་ཀྱང་རྐྱེན་ངན་གྲོགས་སུ་ཤར་བ་ལྟ་བུ་འགྱུར་ནས་རྒྱ་གར་དུ་བཙན་བྱོལ་འབྱོར་རྗེས་བོད་ཀྱི་ཆབ་སྲིད་གནད་དོན་སྤྱི་དང་། ལྷག་པར་དུ་འཛམ་གླིང་མི་མང་ཚོས་ཤིན་ཏུ་རྒྱ་ཆེ་བའི་དཔལ་ན་ལན་ཌ་ནས་བརྒྱུད་པའི་བོད་ཀྱི་ནང་པ་སངས་རྒྱས་པའི་ཆོས་ལ་དོ་སྣང་གསར་པ་ཞིག་དང་འཛམ་གླིང་མི་མང་ཚོས་ཤེས་རྟོགས་ཐུབ་ཡོད་པ་སོགས་ཀྱི་ངོ་སྤྲོད་མཛད་པ་དང་འབྲེལ། སྐབས་དེའི་དྲག་གནོན་བྱེད་མཁན་རྒྱ་མིའི་དཔོན་རིགས་ཚོས་བསམ་ཡུལ་ལས་འདས་དགོས་པ་སོགས་བྱུང་ཡོད་པ་དང་། དེ་དག་ནི་བོད་གངས་ཅན་པའི་མི་མང་རྣམས་ཀྱི་ལྷག་བསམ་དང་དད་པ། ཡིད་ཆེས་འདུན་པ་ཆིག་སྒྲིལ་བཅས་ཀྱི་ནུས་སྟོབས་ཡིན་པ་སོགས་བཀའ་སྩལ་མཛད་ཡོད།དེས་ན་མགོན་པོ་༸གང་ཉིད་མཆོག་ནས་རིང་པོ་མ་ཐོགས་པར་བོད་དོན་བདེན་མཐའ་སེལ་ནས་གཞིས་བྱེས་མཉམ་འཛོམས་འབྱུང་གི་རེད་ཅེས་བཀའ་བཞེས་བཟང་པོ་སྨིན་སྩལ་མཛད་སོང་།གཞན་ཡང་དེ་རིང་གི་མཛད་སྒོའི་ཐོག་ས་གནས་ཀྱི་ཡུལ་མིས་གཙོས་དད་ལྡན་ཁག་གཅིག་ཕེབས་འདུག་པ་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཧཱི་མ་ལ་ཡའི་རི་རྒྱུད་ཀྱི་མི་མང་ཚོས་རྒྱུན་དུ་ནས་སངས་རྒྱས་པའི་ཆོས་ཀྱི་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་སློབ་གཉེར་གནང་དགོས་པ་དང་ཆོས་ཤེས་པའི་ཐོག་ནས་དད་པ་བྱ་དགོས་པའི་ལམ་སྟོན་བཀྲིན་སྩལ་ཡོད།དེ་བཞིན་མཛད་སྒོའི་སྐབས་ལ་སྤྱི་དོན་གྲུབ་བཀྲིས་ལགས་ཀྱིས་ས་གནས་ཀྱི་ལས་བསྡོམས་སྙན་སྒྲོན་ཞུས་པ་མ་ཟད། སྐབས་དེར་ལ་དྭགས་བོད་ཕྲུག་ཁྱིམ་སྡེ་དང་། བསོད་ནམས་གླིང་བྱང་ཐང་མི་མང་། དེ་བཞིན་གླེ་མི་མང་བཅས་ནས་༸གང་ཉིད་མཆོག་ལ་གླུ་གར་གྱི་མཆོད་པ་ཡང་ཕུལ་ཡོད།

༸གོང་ས་མཆོག་ལ་ལ་དྭགས་གཞུང་དམངས་གཉིས་ནས་དཔལ་རྔམ་གཟེངས་རྟགས་འབུལ་བཞེས་མཛད་སོང་།

ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ནས་ཇི་ལྟར་གསལ་བསྒྲགས་ཞུས་པའི་དཔལ་རྔོན་དུས་སྟོན་གྱི་ཉིན་མོ་དང་བསྟུན། དེ་རིང་གི་མཛད་སྒོའི་སྐབས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དཔལ་རྔམ་གཟེངས་རྟགས་འབུལ་བཞེས་མཛད་སོང་།བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཀྱང་སྐབས་དེར་ཐུགས་བརྩེ་བ་ཆེན་པོས་༸གང་ཉིད་ནས་འགྲོ་བ་སྤྱི་ལ་བདེ་སྐྱིད་དང་། ཆོས་ལུགས་མཐུན་འབྲེལ་ཡོངས་ཐབས་ཀྱི་དགོངས་གཞི། དེ་བཞིན་ལ་དྭགས་ཁུལ་དུ་ཤིང་ནགས་འདེབས་འཛུགས་དང་ཁོར་ཡུག་སྲུང་སྐྱོབ་གནང་དགོས་པ་སོགས་ཀྱི་ལམ་སྟོན་ཀའ་སྩལ་དང་སྦྲགས། ད་རེས་ལ་དྭགས་མི་མང་ངོས་ནས་དད་པ་དང་དམ་ཚིག་གཡོ་བ་མེད་པའི་ཐོག་གཟེངས་རྟགས་འབུལ་བཞེས་མཛད་པར་༸གང་ཉིད་ནས་ཐུགས་རྗེ་ཆེ་ཞུས་དང་འབྲེལ། མ་འོངས་པར་ལ་དྭགས་ཁུལ་དུ་ཆིབས་བསྒྱུར་གནང་རྒྱུའི་ཐུགས་འདུན་ཡོད་པ་སོགས་ཀྱི་དགོངས་གཞི་བཀྲིན་སྩལ་གནང་མཛད་ཡོད།དེ་རིང་གི་མཛད་སྒོ་དེའི་ཐོག་སྐུ་མགྲོན་དུ། འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་ཐོག་བརྒྱ་དང་བཞི་པ་རྗེ་བཙུན་བློ་བཟང་བསྟན་འཛིན་མཆོག་དང་། ཁྲིག་སེ་རིན་པོ་ཆེ་མཆོག་གིས་དབུས་པའི་བླ་སྤྲུལ་དང་། ལ་དྭགས་རང་སྐྱོང་རི་ལྗོངས་ལྷན་ཚོགས་ཀྱི་སྲིད་སྐྱོང་སློབ་སྟོན་པ་སྐུ་ཞབས་ Umang Narula མཆོག་གི་དབུས་གྲོས་ཚོགས་ཀྱི་ཚོགས་མི་སྐུ་ཞབས་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་ལགས་དང་། གཞན་ཡང་ཁུལ་དེའི་འཛིན་སྐྱོང་དང་འབྲེལ་བའི་དཔོན་རིགས་ཆེ་ཁག དེ་བཞིན་ཡུལ་ལུང་སོ་སོའི་འགོ་དཔོན་སློབ་ཕྲུག་བཅས་མང་ཚོགས་སྟོང་ཕྲག་ཉེ་བ་ཞིག་འདུ་འཛོམས་བྱུང་ཡོད་པ་མ་ཟད། སྲིད་སྐྱོང་གི་སློབ་སྟོན་པ་སྐུ་ཞབས་ Umang Narula མཆོག་གིས་སྐབས་དེར་ད་རེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དཔལ་རྔམ་གཟེངས་རྟགས་འབུལ་བཞེས་མཛད་པ་དེ་ལོ་རྒྱུས་རང་བཞིན་ལྡན་པ་ཞིག་ཡིན་སྐོར་དང་། རྒྱ་གར་དབུས་གཞུང་གི་ངོས་ནས་ཁོར་ཡུག་སྲུང་སྐྱོབ་དང་འབྲེལ། ལ་དྭགས་རིམ་པར་ཡར་རྒྱས་གོང་འཕེལ་གྱི་ལས་འཆར་འཛུགས་བསྐྲུན་བྱེད་བཞིན་ཡོད་པ་སོགས་ཀྱི་ལས་བསྡོམས་སྙན་སྒྲོན་ཞུས་པ་མ་ཟད། མཛད་སྒོའི་ཐོག་ད་དུང་གྲོས་ཚོགས་ཀྱི་ཚོགས་མི་སྐུ་ཞབས་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་ལགས་ཀྱིས། ལ་དྭགས་མི་མང་རྣམས་ལ་ཚེ་འདིར་༸གོང་ས་༸སྐྱབས་མགོན་ཆེན་པོ་དངོས་སུ་མཇལ་རྒྱུ་བྱུང་བ་དེ་སྐལ་པ་ཤིན་ཏུ་ནས་བཟང་པོ་ཞིག་དང་། ཚེ་ཕྱི་མར་ཡང་མགོན་པོ་༸གང་ཉིད་མཆོག་གི་རྗེས་སུ་བཟུང་ཐུབ་པའི་སྨོན་ལམ། དེ་བཞིན་༸གོང་ས་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་པའི་སྨོན་མདུན་དང་། ལ་དྭགས་མི་མང་ངོས་ནས་༸གང་ཉིད་མཆོག་ལ་རྒྱ་གར་གཞུང་གི་སྤྱི་མང་གཟེངས་རྟགས་མཐོ་ཤོས་ Bharat Ratna འབུལ་བཞེས་ཡོང་བའི་འབད་བརྩོན་གང་ཡོངས་ཞུ་རྒྱུ་སོགས་ཀྱི་བཀའ་མོལ་གནང་ཡོད།རྩ་བའི་ལ་དྭགས་ཀྱི་དཔལ་རྔམ་གཟེངས་རྟགས་ཞེས་པ་དེ་ཁུལ་དེའི་མི་མང་ཁོངས་ནས་ཆབ་སྲིད་དང་སྤྱི་ཚོགས་བཅས་ཀྱི་ལས་དོན་གཟེངས་སུ་ཐོན་པ་རྣམས་ལ་གནང་སྲོལ་ཡོད་པའི་གཟེངས་རྟགས་ཤིག་ཡིན་འདུག་ཀྱང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་འགྲོ་བ་སྤྱི་དང་། བོད་མི། ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་རིགས་བཅས་དང་། ལྷག་པར་དུ་ལ་དྭགས་མི་མང་ལ་ཐུགས་ཤིན་ཏུ་བརྩེ་བ་ཆེན་པོས་ད་བར་ཁུལ་དེར་ཆིབས་བསྒྱུར་ཐེངས་༢༦ བཀྲིན་བསྐྱང་མཛད་ཡོད་པ་མ་ཟད། ཆོས་འབྲེལ་དང་བླང་དོར་ལམ་སྟོན་བཅས་ཀྱི་བཀྲིན་ལ་བརྟེན། ལ་དྭགས་མི་མང་གི་ཆབ་དཔལ་རིག་གསུམ་སྒོ་གང་ས་ནས་སྤྱི་ཚོགས་ཡར་རྒྱས་གོང་འཕེལ་ལ་ཤུགས་རྐྱེན་ཆེན་པོ་ཞིག་བསྐྲུན་ཡོད་པ་དེར་བཀྲིན་རྗེས་དྲན་མཚོན་ཆེད་གཟེངས་རྟགས་དེ་བཞིན་འབུལ་བཞེས་མཛད་པ་ཞིག་ཡིན་འདུག དེ་ཡང་དེ་རང་སྔ་དྲོ་ལ་དྭགས་གླེ་གྲོང་ཁྱེར་གྱི་སེང་གེ་གཙང་པོའི་ཆུ་མཐར་འཚོགས་པའི་མཛད་སྒོ་དེའི་ཐོག་ལ་དྭགས་རང་སྐྱོང་རི་ལྗོངས་ལྷན་ཚོགས་ཀྱི་སྡེ་དཔོན་བཀྲིས་རྒྱལ་མཚན་མཆོག་ནས་ད་རེས་ཀྱི་གཟེངས་རྟགས་འདི་བཞིན་ལ་དྭགས་མི་མང་ཡོངས་ཀྱི་དད་སེམས་ཆེན་པོའི་ཐོག་ཕུལ་བའི་གཟེངས་རྟགས་དམིགས་བསལ་ཅན་ཞིག་ཡིན་པ་མ་ཟད་། ༸གང་ཉིད་ཀྱི་བཀྲིན་ལ་བརྟེན་ནས་ད་ལྟ་ལ་དྭགས་ཀྱི་མི་མང་རྣམས་ཚགས་ཚུད་པོ་ཡོད་ཅེས་གསུངས་པ་དང་། དེ་བཞིན་བོད་མི་ཚོར་ཡང་ལ་དྭགས་མི་མང་དང་གཅིག་མཚུངས་ཀྱི་གཟིགས་སྐྱོང་གནང་གི་ཡོད་སྐོར་ཡང་སྙན་སེང་ཞུས་ཡོད་པ་རེད།མཛད་སྒོ་དེའི་ཐོག་ལ་དྭགས་ཀྱི་ལོ་རྒྱུས་རང་བཞིན་ལྡན་པའི་རིག་གཞུང་གི་གཞས་སྣ་ཁག་གཅིག་ཀྱང་གཟིགས་འབུལ་ཞུས་ཡོད།གཞི་རྩའི་ལ་དྭགས་ནི་ཆོས་དང་རིག་གཞུང་ལོ་རྒྱུས་བཅས་ཀྱི་ཐོག་ནས་བོད་དང་ཐད་ཀར་འབྲེལ་བ་ཡོད་པའི་རྒྱ་གར་གྱི་ས་གནས་ཤིག་ཡིན་པ་མ་ཟད། ས་བབ་ཀྱི་གནས་སྟངས་ཆ་ནས་ཀྱང་ལ་དྭགས་ཀྱི་ཤར་ཕྱོགས་ས་མཚམས་སུ་བོད་དང་། ལྷོ་ཕྱོགས་སུ་རྒྱ་གར་གྱི་ཧི་མ་ཅལ་མངའ་སྡེ་འཁེལ་གྱི་ཡོད་པ་རེད། མི་འབོར་ ༢༧༥༠༠༠ ཙམ་ལས་མེད་པའི་ས་གནས་འདི་ནི་ས་ཁྱོན་གྱི་ཆ་ནས་མི་ཚོགས་ཐར་ཐོར་དུ་གནས་པའི་རྒྱ་གར་གྱི་ས་ཁུལ་ཞིག་ཏུ་ངོས་འཛིན་གནང་གི་ཡོད་པ་དང་། ཕྱི་ལོ་ ༢༠༡༩ སྔ་རོལ་དུ་ལ་དྭགས་དེ་བཞིན་ཇ་མུ་ཀྴི་མིར་མངའ་སྡེའི་ཁྱབ་ཁོངས་ཤིག་ཡིན་ཡང་། ༢༠༡༩ ལོའི་ཕྱི་ཟླ་ ༡༠ ཚེས་ ༣༡ ཉིན་རྒྱ་གར་གྱི་གྲོས་ཚོགས་ནས་ཇ་མུ་ཀྴི་མིར་གྱི་མངའ་སྡེ་ཆ་བགོས་བྱས་པའི་ཁྲིམས་འཆར་ཞིག་གི་འོག་ལ་དྭགས་དེ་བཞིན་དབུས་གཞུང་གི་ཐད་ཀར་འཛིན་སྐྱོང་གི་རང་སྐྱོང་ས་གནས་ཤིག་ཏུ་ངོས་འཛིན་བྱུང་ཡོད་པ་རེད། ཆོས་ལུགས་ཀྱི་ཆ་ནས་ས་གནས་འདིའི་མོ་འབོར་གྱི་བརྒྱ་ཆ་ ༤༦ ཁ་ཆེ་དང་། བརྒྱ་ཆ་ ༤༠ ནང་པ། བརྒྱ་ཆ་ ༡༢ ཧིན་རྡུ་དང་། དེ་བཞིན་ཆོས་ལུགས་གཞན་གྱི་བརྒྱ་ཆ་གཉིས་ལས་ཟིན་གྱི་མེད་ཀྱང་། གླེ་དང་ཀར་གིལ་བཅས་རྫོང་ཁག་གཉིས་སུ་དབྱེ་བའི་རང་སྐྱོང་ས་ཁུལ་དེའི་ཁ་ཆེ་དང་ནང་པ་བཅས་མི་མང་ཡོངས་ནས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དད་པ་དང་བརྩི་བཀུར་ཧ་ཅང་ཆེན་པོ་ཡོད་པ་རེད།

རྒྱ་ནག་གིས་ཨ་རིའི་དཔོན་རིགས་བཀག་འགོག་གིས་ཐའེ་ཝན་ནམ་ཡང་ཁྱེར་རྐྱང་བཞག་ཐུབ་ཀྱི་མ་རེད།

ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་སྐུ་ Nancy Pelosi  མཆོག་ཐའེ་ཝན་ནང་ཕྱོགས་ཕེབས་དང་འབྲེལ་ནས་རྒྱ་ནག་གིས་ཁུལ་དེའི་མཚོ་ཁར་མེ་ཤུགས་འཕུར་མདའ་བདེ་སྤྱོད་ཀྱི་སྔར་ལས་ལྷག་པའི་དྲག་པོའི་འཇིགས་སྐུལ་བྱེད་བཞིན་ཡོད་པ་དང་བསྟུན། དེ་རིང་ལྕམ་སྐུ་མཆོག་གིས་ཉི་ཧོང་ནང་རྒྱ་ནག་གིས་ཨ་རིའི་དཔོན་རིགས་བཀག་འགོག་གིས་ཐའེ་ཝན་ནམ་ཡང་ཁྱེར་རྐྱང་བཞག་ཐུབ་ཀྱི་མ་རེད་ཅེས་གསུངས་འདུགདེ་ཡང་ཕྱི་ཚེས་ ༣ ཉིན་ལྕམ་སྐུ་མཆོག་ནས་ཐའེ་ཝན་གྱི་སྲིད་འཛིན་མཆོག་དང་མཇལ་འཕྲད་ཀྱིས་ཨ་རིས་ཐའེ་ཝན་གྱི་མང་གཙོ་སྲུང་སྐྱོབ་དང་འབྲེལ་བ་སྔར་ལྷག་སྲ་བརྟན། དེ་བཞིན་རྒྱབ་སྐྱོར་ཚད་མཐོ་བོ་གནང་ཡོད་པ་བསྟུན། རྒྱ་ནག་གིས་གནད་དོན་དེར་འཁོན་ལན་ཤུགས་ཆེར་བྱེད་བཞིན་ཡོད་པའི་ཁྲོད་ཁ་སྔོན་ཕྱི་ཚེས་ ༣ ནས་ཁུལ་དེའི་མཚོ་ཁར་དམག་སྦྱོང་བྱས་འགོ་བཙུགས་ཡོད་པ་དང་། ལྕམ་སྐུ་མཆོག་ཐའེ་ཝན་གྱི་ཕྱོགས་བསྐྱོད་མཇུག་སྒྲིལ་ཏེ་ལྷོ་ཀོ་རིའི་ཕྱོགས་སུ་ཐོན་མ་ཐག་རྒྱ་ནག་གི་ཁ་སྔོན་ལས་ལྷག་པར་ཁུལ་དེའི་མཚོ་ཁར་མེ་ཤུགས་འཕུར་མདའ་ཧ་ཅང་ཉེན་ཁ་ཆེ་བ་རྣམས་བེད་སྤྱོད་ཀྱིས་མཚོ་གླིང་གི་མཐའ་མཚམས་བརྒལ་ཏེ་འཇིགས་སྐུལ་དང་སྦྲགས་དམག་སྦྱོང་བྱེད་བཞིན་ཡོད་པར་དེ་རིང་ལྕམ་སྐུ་མཆོག་ནས་རྒྱ་གར་ཞི་བདེའི་རྒྱ་མཚོའི་ཁུལ་གྱི་ཕྱོགས་བསྐྱོད་མཐའ་མ་ཉི་ཧོང་དུ་ཆེད་ཕེབས་ཀྱིས་སྐབས་དེར་ཁོང་གིས་རྒྱ་ནག་གིས་ཨ་རིའི་དཔོན་རིགས་བཀག་འགོག་གིས་ཐའེ་ཝན་ནམ་ཡང་ཁྱེར་རྐྱང་བཞག་ཐུབ་ཀྱི་མ་རེད་ཅེས་གསུངས་པ་དང་འབྲེལ་ནས་དེ་རིང་རྒྱ་ནག་གིས་ལྕམ་སྐུ་མཆོག་ཁ་སྔོན་ཐའེ་ཝན་དུ་ཕེབས་པར་རྒྱ་ནག་རྒྱལ་ཁབ་ཀྱི་ཁྲིམས་དང་བརྒལ་ཡོད་པའི་སྐྱོན་བརྗོད་དང་འབྲེལ་ཁོང་དང་འབྲེལ་ཡོད་ནང་མིར་སྲིད་དོན་ཉེས་ཆད་བཀལ་ཡོད་པ་རེད་འདུག བརྒྱུད་ལམ་ཁག་གི་ནང་གནས་ཚུལ་སྤེལ་བ་གཞིགས་ན་རྒྱ་ནག་གིས་ཁུལ་དེར་དམག་སྦྱོང་གི་འཇིགས་སྐུལ་ཙམ་མ་ཟད། ཐའེ་ཝན་གྱི་སྲིད་འཛིན་ལས་ཁུངས་གཙོས་བདེ་སྲུང་དང་ཕྱི་སྲིད་ལས་ཁུངས་ཀྱི་དྲྭ་ཐོག་གསང་ཉུལ་ཀྱིས་གནས་ཚུལ་འཇབ་རྐུས་སོགས་ཀྱི་དཀའ་ངལ་ཡང་བྱུང་ཡོད་པ་རེད་འདུག འོན་ཀྱང་ཐའེ་ཝན་འཛིན་སྐྱོང་གི་མགྲིན་ཚབ་པ་སྐུ་ཞབས་ Lo Pong-cheng ལགས་ཀྱིས་གསུངས་དོན་ལྟར་ན། ཐའེ་ཝན་ངོས་ནས་དྲྭ་རྒྱའི་བདེ་འཇགས་ཆེད་འཕྲུལ་ཆས་གསར་པ་ཞིག་འགོ་འཛུགས་བྱས་ཡོད་པས་དྲྭ་རྒྱའི་བདེ་འཇགས་ལ་ཉེན་ཁ་མེད་སྐོར་མངོན་གསལ་གནང་ཡོད་པ་རེད་འདུགདེ་བཞིན་ཐའེ་ཝན་གྱི་སྲིད་འཛིན་མཆོག་གིས་ཁ་སང་ཕྱི་ཚེས་ ༤ ཕྱི་དྲོ་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཡོད་པ་དེའི་ནང་། ཐའེ་ཝན་ངོས་ནས་རྙོག་དྲ་བསླང་འདོད་མེད་ལ་རྙོག་དྲ་རྒྱུད་སྐུལ་ཡང་བྱེད་འདོད་མེད། འོན་ཀྱང་ང་ཚོས་བློ་རྩ་བརྟན་པོས་ཐོག་ནས་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས་སྲུང་སྐྱོབ་ཐོག་ནས་མང་གཙོ་དང་རང་དབང་སྲུང་སྐྱོབ་བྱ་རྒྱུ་ཡིན་པ་ནན་བརྗོད་གནང་འདུག་པ་མ་ཟད། རྒྱ་ནག་གིས་འགན་ཁུར་མེད་པར་དེ་ལྟ་བུའི་དམག་སྦྱོང་བྱེད་བཞིན་པའི་ཁྲོད་ཧ་ཅང་ཉེན་ཁ་ཆེ་བའི་མེ་ཤུགས་འཕུར་མདའ་བེད་སྤྱོད་བྱེད་པ་དེས་ཐའེ་ཝན་ཙམ་མིན་པར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཆེས་གནད་འགག་ཅན་གྱི་ཚོང་ལམ་ཐད་ལའང་འགོག་རྐྱེན་ཆེན་པོ་བཟོས་ཀྱི་ཡོད་པ་དང་ཆབས་ཅིག རྒྱ་གར་ཞི་བདེ་རྒྱ་མཚོའི་ཁུལ་ཀྱི་བདེ་འཇགས་ལའང་གནོད་ཀྱི་ཡོད་སྐོར་གསུངས་འདུགརྩ་བའི་ཁ་སང་ཕྱི་ཚེས་ ༤ ཉིན་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་སྐུ་ Pelosi མཆོག་གི་ཐའེ་ཝན་ཕྱོགས་བསྐྱོད་མཇུག་སྒྲིལ་ནས་ལྷོ་ཀོ་རི་ཡའི་ཕྱོགས་སུ་ཕེབས་ཐོན་གྱིས་ཁ་སང་ཁུལ་དེའི་གྲོས་ཚོགས་ཀྱི་ཚོགས་གཙོ་མཆོག་དང་གྲོས་ཚོགས་འཐུས་མི་རྣམས་མཇལ་འཕྲད་གནང་ཡོད་པ་རེད། སྐབས་དེར་ཕན་ཚུན་བར་གྱི་འབྲེལ་ལམ་བཟང་དུ་གཏོང་ཕྱོགས་སོགས་ཀྱི་སྐོར་བཀའ་མོལ་གནང་ཡོད་པ་མ་ཟད། ཕན་ཚུན་ཐུན་མོང་གིས་ཐོག་ནས་བྱང་ཀོ་རི་ཡས་རྡུལ་ཕྲན་མཚོན་ཆའི་ཉེན་ཁ་འགོག་ཐབས་དང་དེར་གདོང་ལེན་སོགས་ཀྱི་ཐད་ལ་གྲོས་མོལ་བྱུང་ཡོད་འདུག འོན་ཀྱང་ཁུལ་དེའི་སྲིད་འཛིན་སྐུ་ཞབས་ Yoon Suk Yeol མཆོག་དང་ལྷན་དུ་དངོས་སུ་མཇལ་འཕྲད་བྱུང་མེད་ཀྱང་ཞལ་པར་བརྒྱུད་ཐུན་མོང་གི་མཐུན་གྲོས་དང་ཕྱི་འབྲེལ་སྲིད་ཇུས། དེ་བཞིན་གལ་ཆེའི་གནད་དོན་གཞན་རྣམས་བཀའ་བསྡུར་གནང་ཡོད་པ་རེད། དེ་རྗེས་ལྕམ་སྐུ་མཆོག་ཁ་སང་ཕྱི་ཚེས་ ༤ ཕྱི་དྲོ་ཉི་ཧོང་དུ་ཆེད་ཕེབས་ཀྱིས་དེ་རིང་ཞོགས་པ་ཁུལ་དེའི་སྲིད་བློན་སྐུ་ཞབས་ Fumio Kishida མཆོག་དང་མཇལ་འཕྲད་གནང་ཡོད་པ་རེད་འདུགགཞི་རྩའི་ལྕམ་སྐུ་མཆོག་གི་ཐའེ་ཝན་ཕྱོགས་བསྐྱོད་དེས་རྒྱ་ནག་ལ་ཧ་ཅང་ཕོག་ཐུག་བྱུང་ཡོད་སྟབས། ལྕམ་སྐུ་མཆོག་ཐའེ་ཝན་ནས་ཕེབས་ཐོན་གནང་མ་ཐག་རྒྱ་ནག་གིས་ཁུལ་དེར་སྔར་ལྷག་དྲག་པོའི་དམག་སྦྱོང་བྱས་འགོ་བཙུགས་ཡོད་པ་དང་བསྟུན། བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་བར་གཞིགས་ན། རྒྱ་ནག་གི་མེ་ཤུགས་འཕུར་མདའ་ ༥ ཉི་ཧོང་གི་ཆེས་གནད་འགག་ཅན་གྱི་དཔལ་འབྱོར་ས་ཚིགས་སུ་བབས་ཡོད་པ་འཁོད་འདུག གནས་ཚུལ་དེ་བྱུང་འཕྲལ་ཉི་ཧོང་གི་སྲིད་བློན་སྐུ་ཞབས་ Kishida མཆོག་གིས་རྒྱ་ནག་གི་དམག་སྦྱོང་དེ་བཞིན་ཁུལ་དེའི་བདེ་འཇགས་དང་ཞི་བདེ་ལ་ཧ་ཅང་དཀའ་ངལ་ཆེན་པོ་ཞིག་བཟོ་བཞིན་ཡོད་པས་འཕྲལ་དུ་མཚམས་འཇོག་དགོས་པ་གསུངས་འདུགདེ་བཞིན་དེ་རིང་ཨ་རིའི་ཕྲི་སྲིད་དྲུང་ཆེ་སྐུ་ཞབས་ Antony Blinken མཆོག་ནས་ཨེ་ཤི་ཡའི་ཆེས་མཐོའི་ཕྱི་འབྲེལ་མི་སྣའི་ལྷན་དུ་ཚོགས་འདུའི་སྐབས་རྒྱ་ནག་གིས་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་སྐུ་ Nancy Pelosi  མཆོག་གི་ཐའེ་ཝན་ཕྱོགས་བསྐྱོད་ལ་དེ་ལྟ་བུའི་རྣམ་འགྱུར་སྟོན་པ་དེ་ཧ་ཅང་ཁོང་ཁྲོ་སློང་གཞི་ཞིག་ཡིན་སྐོར་གསུངས་ཡོད་པ་དང་ཆབས་ཅིག ཨོས་ཊོ་ལིཡའི་སྲིད་བློན་སྐུ་ཞབས་ Anthony Albanese མཆོག་གིས་རྒྱ་ནག་གི་བྱ་སྤྱོས་དེར་སྐྱོན་བརྗོད་དང་སྦྲགས། ཁོང་གིས་སྤྱིར་རྒྱ་ནག་དང་ལྷན་དུ་མཉམ་ལས་དང་བཟང་ཕྱོགས་ཀྱི་འབྲེལ་ལམ་མུ་མཐུད་འཛིན་འདོད་ཡོད་ཀྱང་གཞི་རྩའི་ཨོས་ཊོ་ལིཡའི་རྒྱལ་ཁབ་རང་ཉིད་ཀྱི་རིན་ཐང་དང་ཁེ་ཕན་ཐོག་བཞེངས་ཕྱོགས་བརྟན་པོ་ཡོད་པ་གསུངས་འདུག

༸གོང་ས་མཆོག་ལ་ལ་དྭགས་གཞུང་དམངས་ངོས་ནས་དཔལ་རྔམ་གཟེངས་རྟགས་འབུལ་རྒྱུ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ལ་དྭགས་གཞུང་དམངས་ངོས་ནས་བཀྲིན་རྗེས་དྲན་མཚོན་ཆེད་དཔལ་རྔམ་གཟེངས་རྟགས་འབུལ་རྒྱུ་ཡིན་འདུགདེ་ཡང་ཁ་སང་ལ་དྭགས་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་སྡེ་དཔོན་སྐུ་ཞབས་བཀྲིས་རྒྱལ་མཚན་ལགས་ཀྱི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་སང་ཕྱི་ཟླ་ ༨ ཚེས་ ༥ ཉིན་རྒྱ་གར་བྱང་ཕྱོགས་ལ་དྭགས་དེ་བཞིན་ UT ཞེས་རྒྱ་གར་དབུས་གཞུང་གི་ཐད་ཀར་སྟངས་འཛིན་གནང་རྒྱུའི་ས་ཁུལ་ཞིག་ཏུ་གསལ་བསྒྲགས་གནང་བའི་ཉིན་མོ་དང་བསྟུན། ལ་དྭགས་ཁུལ་དུ་དཔལ་རྔམ་དུས་སྟོན་ཞེས་སྲུང་བརྩི་ཞུ་བཞིན་པ་དེ་ཉིད་འདི་ལོ་ནས་ཕྱི་ཚེས་ ༥ ཉིན་སྲུང་བརྩི་ཞུ་རྒྱུའི་གསལ་བསྒྲགས་དང་སྦྲགས། འདི་ལོའི་དཔལ་རྔམ་དུས་སྟོན་དེ་བཞིན་སང་ཉིན་ལ་དྭགས་ལྕོག་ལམ་སར་གྱི་ཉེ་འཁྲིས་སུ་ཆགས་པའི་ Sindhu Ghat ནང་སྲུང་བརྩི་ཞུ་རྒྱུ་དང་། དུས་སྟོན་དེའི་ཐོག་སྐུ་མགྲོན་གཙོ་བོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གདན་ཞུ་གནང་ཡོད་པ་རེད་འདུགསྐུ་ཞབས་བཀྲིས་རྒྱལ་མཚན་ལགས་ཀྱིས་ད་དུང་དུས་སྟོན་དེའི་ཐོག་ལ་དྭགས་གཞུང་འབྲེལ་གཟེངས་རྟགས་མཐོ་ཤོས་ཏེ་དཔལ་རྔམ་དུས་སྟོན་གཟེངས་རྟགས་ཞེས་འབུལ་བཞིན་ཡོད་པ་ལྟར། བོད་མི་བླ་ན་མེད་པའི་དབུ་ཁྲིད་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དུས་དང་རྣམ་པ་ཀུན་དུ་ལ་དྭགས་མི་མང་ཡོངས་ལ་ཐུགས་བརྩེ་བ་ཆེན་པོས་ཁུལ་དེར་ཆིབས་བསྒྱུར་དང་བཀའ་ཆོས། དེ་བཞིན་བཀའ་སློབ་ལམ་སྟོན་སོགས་གནང་བཞིན་ཡོད་སྟབས། ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ནས་ཐག་གཅོད་གཙོས་མཁན་བླ་སྤྲུལ་ཁག་དང་མཁས་པ་རྣམས་པས་གྲོས་བསྡུར་གནང་མཐར་ལ་དྭགས་གཞུང་མང་གཉིས་ནས་བཀྲིན་རྗེས་དྲན་མཚོན་ཆེད་མགོན་པོ་༸གང་ཉིད་མཆོག་ལ་དཔལ་རྔམ་གཟེངས་རྟགས་འབུལ་རྒྱུ་ཡིན་འདུགགཞན་ཡང་དུས་སྟོན་སྲུང་བརྩི་ཞུ་སའི་ས་ཚིགས་དེ་བཞིན་དེ་ཙམ་གྱི་ས་ཁྱོན་ཆེན་པོ་མེད་སྟབས། ལ་དྭགས་མི་མང་ཡོངས་རྫོགས་ས་ཁུལ་དེར་ཆུད་པར་དཀའ་བས། སྤྱི་ཚོགས་དྲ་ལམ་བརྒྱུད་དུས་སྟོན་སྲུང་བརྩིའི་མཛད་རིམ་ཁག་དྲྭ་ཐོག་ནས་ཐད་གཏོང་ཞུ་རྒྱུ་དང་། དེ་ཡང་རྒྱལ་ས་གླེའི་ཁྲོམ་གཞུང་དང་ Ladakh Eco སྐྱེད་མོའི་ཚལ། དེ་བཞིན་མཐོ་སློབ་དང་སློབ་གྲྭ་ཁག་གི་ནང་དུ་བརྙན་འཕྲིན་བརྒྱུད་ཐད་གཏོང་གཟིགས་རྒྱུར་གྲ་སྒྲིག་གནང་ཡོད་པ་གསལ་བསྒྲགས་སྤེལ་འདུགགཞི་རྩའི་ཟླ་བ་སྔོན་མའི་ཚེས་ ༢༡ ཉིན་ལ་དྭགས་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་སྡེ་དཔོན་གཙོས་ནང་ཚོགས་ཀྱི་ཚོགས་གཙོ། གཞན་ཡང་གནད་ཡོད་མི་སྣ་ཁག་ཅིག་ནས་གཟིམ་ཆུང་མཇལ་ཁར་བཅར་ཏེ། སྡེ་དཔོན་ལགས་ཀྱིས་ལ་དྭགས་དེ་བཞིན་རྒྱ་གར་དབུས་གཞུང་གིས་ཐད་ཀར་སྟངས་འཛིན་བྱ་སའི་ས་ཚིགས་ཤིག་ཏུ་གྱུར་པ་ནས་བཟུང་ལ་དྭགས་ཁུལ་དུ་གནས་སྡོད་བཙན་བྱོལ་བོད་མིར་ལྟ་རྟོགས་བྱ་རྒྱུར་ཡུལ་མི་དང་གང་ཐུབ་གཅིག་མཚུངས་ཡོང་ཐབས་སུ་འབད་བཞིན་ཡོད་སྐོར་སྙན་སེང་ཞུས་པའི་ཁྲོད་བསོད་ནམས་གླིང་གཞིས་ཆགས་སུ་གཞུང་ལམ་གསར་རྒྱག་དང་ཁྱིམ་ཚང་རེ་རེ་བཞིན་ཆུ་རྐ་ལ་འཐེན་ཡོད་པ་དང་། དེ་བཞིན་གློག་གི་དཀའ་ངལ་སོགས་སེལ་ཡོད་སྐོར་སྙན་སེང་ཞུས་པ་མ་ཟད། ལ་དྭགས་ཁུལ་གྱི་རྒྱ་གར་གཞུང་གི་སློབ་གྲྭ་ཁག་གི་ནང་དུ་སཱི་ཤེས་ཡོན་སློབ་གསོའི་བསླབ་གཞི་དབུ་འཛུགས་གནང་ཡོད་པའང་སྙན་སེང་དང་སྦྲགས། མགོན་པོ་༸གང་ཉིད་མཆོག་དུས་ཡུན་རིང་ཙམ་ཁུལ་དེར་༸སྐུ་ངལ་གསོ་བཞུགས་མཛད་རྒྱུའི་གསོལ་འདེབས་ཞུས་ཡོད་པ་རེད།    

བོད་མི་ ༦ ཉིན་བརྒྱའི་རྡུང་རྡེག་འགུལ་སྐྱོད་ལས་འགུལ་ཁྲོད་བཙན་ཁྲིད་བྱས་འདུག

བོད་ཀྱི་ས་ཁུལ་ཁག་ཅིག་ནང་རྒྱ་གཞུང་གིས་ཉིན་བརྒྱའི་རྡུང་རྡེག་དྲག་པོ་གཏོང་བའི་ལས་འགུལ་སྤེལ་མུས་ཡིན་པ་ལྟར་རྒྱ་གཞུང་གིས་དབྱེ་བའི་བོད་རང་སྐྱོང་ལྗོངས་ཟེར་བའི་ཁུལ་ནས་བོད་མི་  ༦   རྒྱུ་མཚན་གསལ་ཁ་གང་ཡང་མེད་པར་བཙན་འཁྲིད་བྱས་ཡོད་འདུགརྒྱ་གཞུང་གིས་དབྱེ་བའི་བོད་རང་སྐྱོང་ལྗོངས་ཁོངས་ཀྱི་རྒྱལ་ས་ལྷ་སའི་ཉེ་འགྲམ་དུ་ཆགས་པའི་མལ་གྲོ་གུང་དཀར་རྫོང་དང་འདམ་གཞུང་རྫོང་།   སྙེ་མོ་རྫོང་།  ལྷུན་གྲུབ་རྫོང་།  ཆུ་ཤུར་རྫོང་བཅས་ཀྱི་ནང་དུ་རྒྱ་ནག་གཞུང་ནས་ཉིན་བརྒྱའི་རྡུང་རྡེག་དྲག་པོ་གཏོང་བའི་འགུལ་སྐྱོད་དྲག་པོ་ཅེས་པའི་དྲག་གནོན་གྱི་ལས་འགུལ་ཞེས་པའི་མིང་བྱང་འོག་ལྷ་ས་གྲོང་ཁྱེར་ཉེན་རྟོག་གིས་སྣེ་འཁྲིད་སྟེ་བོད་ཀྱི་ས་ཁུལ་ཁག་ཅིག་གི་ནང་ལ་ཞིབ་བཤེར་དང་རྟོགས་ཞིབ་དམ་དྲག་གྱི་ལས་གཞི་སྔར་ལྷག་སྤེལ་བ་མ་ཟད། ཉེས་མིང་འདྲ་མིན་འོག་ནས་ཡུལ་མི་རྣམས་གྱི་འགྲོ་འདུག་གང་བྱུང་ཞིབ་བཤེར་བྱས་ནས་འཛིན་བཟུང་བཙན་འཁྲིད་བྱེད་ཀྱི་ཡོད་པ་རེད་འདུག འདི་གའི་གསར་འགོད་པར་གནས་ཚུལ་མཁོ་སྤྲོད་པས་གསུང་བར་གཞིགས་ན་ཉེ་བའི་འཆར་ཕྱི་ཟླ་ ༧ ཚེས་ ༣༡ ཉིན་རྒྱ་གཞུང་གིས་ཉིན་བརྒྱའི་རྡུང་རྡེག་དྲག་གནོན་གྱི་བྱ་སྤྱོད་འོག་བོད་མི་ ༦ བཙན་འཁྲིད་འོག་བཀག་ཉར་བྱས་ཡོད་པ་དང་ད་ལྟའི་ཆར་ཁོང་རྣམ་པའི་གནས་སྟངས་དང་ས་གནས་གང་དུ་བཀག་ཉར་བྱས་ཡོད་མེད་སོགས་ཀྱི་གནས་ཚུལ་ཞིབ་ཕྲ་ནང་མི་ཁྱིམ་མཚེས་ཚོས་ཀྱང་ཤེས་རྟོགས་ཐུབ་མེད་པ་གསུངས་བྱུང་། མ་ཟད་རྒྱ་ནག་གཞུང་གིས་དྲྭ་རྒྱའི་བདེ་ཐང་དམངས་ཀྱི་ཆེད་།   དྲྭ་རྒྱའི་བདེ་ཐང་དམངས་ལ་བརྟེན་ཟེར་བའི་འབོད་ཚིག་བསྒྲགས་བ་དང་འཕྲེད་དར་ཕྱར་བ་སོགས་ཀྱིས་བརྒྱུད་བོད་ཀྱི་རྒྱལ་ས་ལྷ་སའི་གཡས་གཡོན་གྱི་ས་ཁུལ་གང་སར་ལ་དམག་མི་སྔར་ལྷག་བཀྲམ་པ་མ་ཟད། ས་གནས་ཀྱི་མང་ཚོགས་འདུ་སྐོངས་ཀྱིས་ཚོགས་འདུ་ཚོགས་ཏེ་ཕྱིའི་རྒྱལ་ཁབ་ཁག་ནང་ཡོད་པའི་ནང་མི་ཉེ་སྤུན་དང་ཚོང་རོགས་ཚོར་ངོ་ཤེས་དང་འབྲེལ་བ་བྱེད་ཚེ། རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་གཏོང་བ་རེད་ཅེས་དང་།  སྤྱི་ཚོགས་ནང་ཟང་ཟིང་གི་བྱ་སྤྱོད་སྤེལ་ཚེ་ཡུལ་ཁྲིམས་ལྟར་ཐག་གཅོད་ནན་པོ་བྱ་རྒྱུའི་ཉེན་བརྡ་བཏང་པ་མ་ཟད། ས་གནས་བོད་མི་རྣམས་ཀྱི་ལག་ཐོག་ཁ་པར་དང་སྡོད་ཁྱིམ་སོགས་སུ་དུས་ཚོད་ངེས་མེད་ལ་ཞིབ་བཤེར་དང་རྟོགས་ཞིབ་བྱས་ཏེ་འདྲི་རྩད་སྣ་ཚོགས་བྱས་ཀྱི་ཡོད་པ་རེད་འདུག དེ་བཞིན་བོད་དབུས་ཕྱོགས་ནས་ཡིན་པ་ད་ལྟའི་ཚར་མཐོ་སློབ་ནང་བསྐྱོད་བཞིན་པའི་བུ་མོ་ཞིག་གིས་རང་ཉིད་ཕ་ཡུལ་དང་འབྲེལ་བ་མ་བྱས་ནས་ཟླ་ཤས་ཕྱིན་སོང་བ་དང་། ཉེ་ལམ་ནང་མི་ཚོར་འབྲེལ་བ་བྱ་ཐབས་བྱས་ཀྱང་ནང་མི་རྣམས་ཀྱི་སྐད་ཆ་བཤད་རྒྱུར་ཞེད་སྣང་བྱས་ཏེ་སྐད་ཆ་དེ་སྔ་ལྟར་ཤོད་ཀྱི་མེད་པ་གསུངས་བྱུང་། གཞི་རྩའི་རྒྱ་ནག་གཞུང་ནས་ཉིན་བརྒྱའི་ལས་འགུལ་འམ་ཉིན་བརྒྱའི་བྱ་སྤྱོད་ཟེར་བའིི་དྲག་གནོན་རྡུང་རྡེག་གཏོང་བའི་འགུལ་སྐྱོད་གྱི་ལས་གཞི་ཟེར་བ་དེ་ཕལ་ཆེ་ལོ་ལྟར་སྤེལ་བཞིན་ཡོད་པ་ཞིག་ཡིན་འདུག་པ་དང་། ཉེ་སྔོན་ཕྱི་ཟླ་ ༦ པའི་ཚེས་ ༢༥ ཉིན་རྒྱ་ནག་རྒྱལ་ཡོངས་ཉེན་རྟོག་ཚན་པས་དབྱར་དུས་ཀྱི་བདེ་འཇགས་བཅོས་སྐྱོང་རྡུང་རྡེག་གི་ཉིན་བརྒྱའི་ལས་གཞི་ཟེར་བ་ཞིག་ཀྱང་སྤེལ་ཡོད་པ་རེད་འདུག པར་དབང་བོད་ཀྱི་དུས་བབ།  

བོད་མིའི་སྒྲིག་འཛུགས་ཀྱིས་ལྕམ་སྐུ་པེ་ལོ་སིའི་ཐའེ་ཝན་ཕྱོགས་བསྐྱོད་དང་འབྲེལ་རྒྱ་ནག་ལ་སྐྱོན་བརྗོད།

ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་སྐུ་ Nancy Pelosi མཆོག་གིས་ཐའེ་ཝན་ནང་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་ཕྱོགས་བསྐྱོད་མཇུག་སྒྲིལ་དང་སྦྲགས། ཁ་ས་ཕྱི་དྲོ་ལྷོ་ཀོ་རི་ཡའི་ཕྱོགས་སུ་ཐོན་མ་ཐག་རྒྱ་ནག་ངོས་ནས་ཐའེ་ཝན་གྱི་མཐའ་སྐོར་ས་ཚིགས་བདུན་ཙམ་གྱི་ནང་མཁའ་དམག་དཔུང་འཇོག་གིས་དམག་སྦྱོང་བྱེད་འགོ་བཙུགས་ཡོད་པ་རེད།བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་སྤྱི་འཐུས་ཚོགས་གཞོན་མཆོག་ནས་རྒྱ་ནག་གི་བྱེད་སྟངས་འདིར་སྐྱོན་བརྗོད་ཤུགས་ཆེ་གནང་འདུག་པ་མ་ཟད། བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པའི་ངོས་ནས་ཀྱང་ཨ་རི་དང་རྒྱ་ནག་གཉིས་བར་ཕན་ཚུན་གྲོས་མོལ་གནང་སྟེ་དཀའ་ངལ་སེལ་ཐབས་གནང་དགོས་པ་འགྲེལ་བརྗོད་གནང་སོང་།དེ་ཡང་ཁ་སང་ཕྱི་ཚེས་ ༣ ཉིན་ ANI གསར་ཁང་ནས་སྤེལ་བའི་གནས་ཚུལ་ནང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ལྕམ་སྐུ་ Pelosi མཆོག་གི་ཐའེ་ཝན་གྱི་ཕྱོགས་བསྐྱོད་དེ་འོས་འཚམས་ཞིག་ལ་འགྲེལ་བརྗོད་དང་འབྲེལ། རྒྱ་ནག་གིས་གནད་དོན་དེ་ཇི་ཙམ་གྱི་ཆེན་པོ་བཟོས་པ་དེ་ཙམ་གྱིས་ཨ་རི་དང་རྒྱ་ནག་གཉིས་དབར་གྱི་མ་འོངས་འབྲེལ་ལམ་དོ་ཕོག་འགྲོ་ངེས་ཡིན་སྐོར་གསུངས་འདུག ཁོང་གིས་ད་དུང་ཐའེ་ཝན་དེ་ཉིད་རྒྱ་ནག་གི་རྒྱལ་རྒྱུད་སྤྱི་འདྲ་ཞིག་གི་འོག་ནམ་ཡང་གནས་མྱོང་མེད་པ་འགྲེལ་བརྗོད་དང་འབྲེལ། ཁུལ་དེ་བཞིན་མང་གཙོའི་ལམ་ལུགས་དང་མཐུན་པའི་ཐོག་ནས་ཞི་བདེ་ལྷིང་འཇགས་ངང་གནས་བཞིན་པའི་ཁྲོད་འདིར་རྒྱ་ནག་གིས་རྒྱུ་མཚན་གང་གི་ཕྱིར་དེའི་ཐོག་བདག་དབང་རྩོད་བཞིན་ཡོད་དམ་ཞེས་དྲི་བ་དང་འབྲེལ་ནས་སྐྱོན་བརྗོད་ནན་པོ་གནང་འདུགདེ་བཞིན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་ལགས་ནས་ཀྱང་རྒྱ་ནག་གིས་ལྕམ་སྐུ་ Pelosi  མཆོག་གི་ཐའེ་ཝན་ཕྱོགས་བསྐྱོད་ལ་དེ་ལྟ་བུའི་བློ་འཚབ་བྱ་དགོས་དོན་གང་ཡིན་ནམ་ཞེས་དྲི་བ་ནན་བརྗོད་དང་འབྲེལ། ལྕམ་སྐུ་མཆོག་གིས་ཕྱོགས་བསྐྱོད་དེ་ནི་མང་གཙོའི་ལམ་ལུགས་ལྡན་པའི་རྒྱལ་ཁབ་དེའི་རང་དབང་གི་རིན་ཐང་མཚོན་གྱི་ཡོད་སྐོར་གསུངས་བ་མ་ཟད།  འཛམ་གླིང་ཁྱོན་ཡོངས་ནས་ད་རེས་རྒྱ་ནག་གིས་འཇིགས་སྐུལ་ལ་ལྟོས་མེད་ལྕམ་སྐུ་མཆོག་གི་སྙིང་སྟོབས་ལ་དམིགས་ལྟོས་བྱ་དགོས་ལ། རྒྱ་ནག་གིས་བྱ་སྤྱོད་ངན་པ་དག་ལ་མཉམ་རུབ་ཀྱི་གདོང་ལེན་བྱ་དགོས་པ་གསུངས་འདུགགཞི་རྩའི་ལྕམ་སྐུ་མཆོག་གིས་ཁ་སང་ཐའེ་ཝན་ནང་སྲིད་འཛིན་ Tsai Ing-wenm མཆོག་མཇལ་འཕྲད་དང་འབྲེལ། ཨ་རིའི་ངོས་ནས་ཐའེ་ཝན་གྱི་མང་གཙོ་སྲུང་སྐྱོབ་བྱ་རྒྱའི་ཆོད་སེམས་མུ་མཐུད་བརྟན་པོ་ཡིན་པའི་འགྲེལ་བརྗོད་གནང་བ་མ་ཟད། ཡུལ་དེའི་གྲོས་ཚོགས་ལ་ཆེད་ཕེབས་ཀྱིས་གསུང་བཤད་དང་། དེ་བཞིན་ཐའེ་ཝན་གྱི་འགྲོ་བ་མིའི་ཐོབ་ཐང་གི་འགྲེམས་སྟོན་ཁང་དུ་ཆེད་ཕེབས་ཀྱིས་ཡུ་གུར་མི་རིགས་གནམ་སྡེ་སྒོ་མོ་ཕྱེའི་མང་གཙོའི་ལས་འགུལ་བ་ Wuer Kaixi དང་། དེ་སྔ་རྒྱ་ནག་གིས་བཙོན་འཇུག་རྗེས་ཐའེ་ཝན་དུ་སྐྱབས་བཅོལ་ལ་ཕེབས་པའི་ཧོང་ཀོང་གི་དོབ་ཚོང་བ་གྲགས་ཅན་ Lam Wing-kee དང་། རྒྱ་ནག་གི་བཙོན་ཁང་ནང་ལོ་ ༥ བཙོན་འཇུག་བྱེད་མྱོང་ཡོད་པའི་ཐའེ་ཝན་གྱི་རང་དབང་རྩོད་ལེན་པ་ Lee Ming-che དེ་བཞིན་ཐའེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་འབའ་བ་སྐལ་བཟད་རྒྱལ་མཚན་ལགས་སོགས་དང་ལྷན་མཇལ་འཕྲད་གནང་ཡོད་པ་རེད།ལྕམ་སྐུ་མཆོག་གིས་སྣེ་འཁྲིད་པའི་སྐུ་ཚབ་རྣམས་ཁ་སང་ཐའེ་ཝན་ནས་ཕེབས་ཐོན་གྱིས་དེ་རིང་ལྷོ་ཀོ་རི་ཡའི་གྲོས་ཚོགས་ཀྱི་ཚོགས་གཙོ་མཇལ་འཕྲད་གནང་ཡོད་པ་དང་། ལྷོ་ཀོ་རི་ཡའི་རྗེས་ཉི་ཧོང་ལ་ཆེད་ཕེབས་གནང་གི་ཡོད་པ་རེད་འདུག

ཐའེ་ཝན་གྱི་མང་གཙོ་སྲུང་སྐྱོབ་བྱ་རྒྱུའི་ཆོད་སེམས་ལྕགས་གོས་ལྟར་བརྟན་པོ་ཡིན་པ་གསུངས་འདུག

རྒྱ་ནག་གི་ཉེན་བརྡ་རིམ་པ་ལ་མ་ལྟོས་པར་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་སྐུ་ Nancy Pelosi མཆོག་ཁ་སང་ཕྱི་དྲོ་ཐའེ་ཝན་ལ་གཞུང་འབྲེལ་ཆེད་ཕེབས་གནང་བ་མ་ཟད། དེ་རིང་ཡུལ་དེའི་སྲིད་འཛིན་ Tsai ing-wen མཆོག་གིས་ལྕམ་སྐུ་ Pelosi མཆོག་ལ་ Order of Propitius Cloud ཞེས་པའི་ཐའེ་ཝན་གྱི་ཆེ་བསྟོད་གཟེངས་རྟགས་ཞིག་འབུལ་བཞེས་ཞུས་སྐབས། ལྕམ་སྐུ་མཆོག་གིས་ཨ་རིའི་ངོས་ནས་ཐའེ་ཝན་གྱི་མང་གཙོ་སྲུང་སྐྱོབ་བྱ་རྒྱུའི་ཆོད་སེམས་དེ་ཉིད་ Iron-clad འམ་ལྕགས་གོས་ལྟ་བུ་བརྟན་པོ་ཡིན་པའི་འགྲེལ་བརྗོད་གནང་འདུགལྕམ་སྐུ་ Pelosi མཆོག་ནི་མི་ལོ་༢༥ རྗེས་ཐའེ་ཝན་ལ་འཚམས་གཟིགས་སུ་ཕེབས་པའི་ཨ་རིའི་དཔོན་རིགས་མཐོ་ཤོས་དེ་ཆགས་ཡོད་པ་དང་། ཁོང་ཐེངས་འདིར་ཐའེ་ཝན་དུ་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་ཕྱོགས་བསྐྱོད་སླད་འབྱོར་བའི་གནས་ཚུལ་ཐོན་མ་ཐག་རྒྱ་ནག་གཞུང་ངོས་ནས་ཨ་རིའི་གཞུང་ཚབ་ཆེན་མོ་འབོད་འགུགས་ཀྱིས་ཉེན་བརྡ་ནན་པོ་བཏང་བ་མ་ཟད། མཁའ་དམག་གནམ་གྲུ་ ༢༠ ལྷག་ཐའེ་ཝན་ཕྱོགས་སུ་བཏང་ཡོད་པ་དང། དེ་བཞིན་ཐའེ་ཝན་དང་ལྷན་དུ་ཟས་རིགས་ཚོང་འབྲེལ་ལ་སོགས་པའི་ཚོང་སྒོ་མང་པོ་ཞིག་བཀག་བ་དང་ཆབས་གཅིག ཐའེ་ཝན་གྱི་མཐའ་འཁོར་དུ་དམག་སྦྱོང་བྱ་རྒྱུ་གསལ་བསྒྲགས་སྤེལ་ཡོད།ལྕམ་སྐུ་ Nancy Pelosi མཆོག་གིས་གང་ལྟར་དེ་རིང་ཐའེ་ཝན་གྱི་སྲིད་འཛིན་མཆོག་མཇལ་འཕྲད་དང་། ཡུལ་དེའི་གྲོས་ཚོགས་ལ་གཏམ་བཤད་སྤེལ་བ་མ་ཟད། ཐའེ་ཝན་གྱི་སྲིད་འཛིན་ནས་ལྕམ་སྐུ་མཆོག་ལ་ཡུལ་དེའི་ཆེས་མཐོའི་གཟེངས་རྟགས་འབུལ་བཞེས་ཞུ་སྐབས། ལྕམ་སྐུ་མཆོག་གིས་གསུངས་བཤད་ཁྲོད་སྲིད་འཛིན་ Tsai ing-wen མཆོག་ལ་འཛམ་གླིང་ནང་ཁྱེད་ལྟ་བུ་བེུད་དབུ་ཁྲིད་ཅིག་ཡོད་པ་དེ་གཟི་བརྗིད་དང་སྤོབས་པ་བྱེད་འོས་པ་ཞིག་ཡིན་སྐོར་འགྲེལ་བརྗོད་དང་འབྲེལ། ཨ་རི་དང་ཐའེ་ཝན་དབར་ Taiwan Relations Act ཞེས་པའི་ཐའེ་ཝན་དང་འབྲེལ་ལམ་ཁྲིམས་གཞི་བཞག་ནས་ད་བར་མི་ལོ་ ༤༣ ཕྱིན་ཡོད་པ་དང་། ཨ་རིའི་ངོས་ནས་ཁྲིམས་གཞི་དེའི་བརྒྱུད་ཐའེ་ཝན་དང་ལྷན་དུ་དུས་རྟག་ཏུ་བཞེངས་རྒྱུའི་དམ་བཅའ་ཡོད་པ་བཞིན། ཁོང་གིས་སྣེ་འཁྲིད་པའི་གྲོས་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་རྣམས་ད་རེས་ཐའེ་ཝན་ལ་རྒྱབ་སྐྱོར་མཚོན་ཆེད་ཁུལ་དེར་ཆེད་ཕེབས་གནང་ཡོད་པ་དང་། དེང་སྐབས་འཛམ་གླིང་ཁྲོད་མང་གཙོ་དང་མི་གཅིག་དབང་སྒྱུར་རིང་ལུགས་ཀྱི་འདམས་ཁ་གཉིས་ཡོད་པའི་སྐབས་འདིར། ཨ་རིའི་ངོས་ནས་ཐའེ་ཝན་གྱི་མང་གཙོ་སྲུང་སྐྱོབ་བྱ་རྒྱུའི་ཆོད་སེམས་དེ་བཞིན་ Iron-Clad འམ་ལྕགས་གོས་ལྟ་བུ་ཡིན་པར་གསུངས་འདུགསྐབས་དེར་ཐའེ་ཝན་གྱི་སྲིད་འཛིན་ Tsai ing-wen མཆོག་གིས་ཀྱང་། ལྕམ་ Pelosi  མཆོག་དང་གྲོས་ཚོགས་འཐུས་མིའི་སྐུ་ཚབ་རྣམས་ཁུལ་དེར་ཕེབས་པར་དགའ་བསུའི་འཚམས་འདྲི་ཞུས་པ་དང་སྦྲགས། ཁྱེད་རྣམས་ཁུལ་དེར་ཕེབས་པ་དེས་ང་ཚོར་རྒྱབ་སྐྱོར་ཆེན་པོ་ཞིག་མཚོན་གྱི་ཡོད་སྐོར་མ་ཟད། ལྕམ་སྐུ་མཆོག་གིས་ལོ་མང་པོའི་རིང་རང་དབང་དང་མང་གཙོ། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་སྲུང་སྐྱོབ་སླད་དུ་གདོང་ལེན་རིམ་པ་གནང་ཡོད་པ་དེར་བསྔགས་བརྗོད་དང་སེམས་འགུལ་ཆེན་པོ་ཐེབས་ངེས་ཡིན་པ་གསུངས་ཡོད། དེ་བཞིན་སྲིད་འཛིན་མཆོག་ནས་ཐའེ་ཝན་འདི་ཉིད་རྒྱ་གར་ཞི་བདེའི་རྒྱ་མཚོའི་ཁུལ་གྱི་བདེ་འཇགས་ལ་གནད་འགག་ཆེན་པོ་ཆགས་ཀྱི་ཡོད་པ་ཆབས་ཅིག རྒྱ་གཞུང་གིས་འཇིགས་སྐུལ་ལ་ཞུམ་དགོས་དོན་མེད་པ་མཟད། ཐའེ་ཝན་རྒྱལ་ཁབ་ཀྱི་མང་གཙོ་སྲུང་སྐྱོབ་ཆེད་གདོང་ལེན་དང་། འཛམ་གླིང་ཞི་བདེ། དེ་བཞིན་རྒྱ་གར་ཞི་བདེའི་རྒྱ་མཚོའི་ཁུལ་གྱི་བདེ་འཇགས་ལ་ཐའེ་ཝན་ངོས་ནས་རམས་འདེགས་ཞུ་རྒྱུ་ཆོད་སེམས་བརྟན་པོ་ཡོད་པ་མ་ཟད། ཨ་རི་ལྷན་དུ་སྔར་ལྷག་འབྲེལ་བ་གོང་སྤེལ་བྱ་རྒྱུ་ཡིན་པ་བཅས་གསུངས་འདུགགནས་ཚུལ་ཐོན་ཁག་ལ་གཞིགས་ན། རྒྱ་ནག་ངོས་ནས་ལྕམ་སྐུ་མཆོག་གི་ཕྱོགས་བསྐྱོད་དེར་ངོ་རྒོལ་མཚོན་ཆེད། ཐའེ་ཝན་ནས་ཤིང་ཏོག་དང་ཉའི་ཐོན་ཁུངས་རིགས་ནང་འདྲེན་དང་། དེ་བཞིན་ཐའེ་ཝན་ལ་བྱེ་མའི་ཐོན་ཁུངས་ཕྱིར་བཙོང་བྱ་རྒྱུ་མཚམས་འཇོག་བྱས་པ་མ་ཟད། ཨ་རིའི་ཆེས་མཐོའི་སྐུ་ཚབ་རྣམས་ཁུལ་དེ་ནས་ཕྱིར་ཐོན་མ་ཐག སང་ཉིན་ནས་ཐའེ་ཝན་མཚོ་གླིང་གྱི་མཐའ་སྐོར་དུ་དམག་སྦྱོང་བྱ་རྒྱུའི་གསལ་བསྒྲགས་བྱས་པ་ལྟར། ཐའེ་ཝན་ངོས་ནས་ད་ལྟའི་འཆར་ཉི་ཧོང་དང་། Philippines ལྷན་དུ་གྲོས་མོལ་བརྒྱུད་མཚོ་ལམ་གཞན་འཚོལ་ཐབས་བྱེད་བཞིན་པ་རེད་འདུགགཞི་རྩའི་ལྕམ་སྐུ་མཆོག་ནས་ཁ་སང་དགོང་མོ་ཐའེ་ཝན་དུ་འབྱོར་མ་ཐག་རང་ཉིད་ཀྱི་ Tweeter དྲ་ལམ་ཐོག་ཐེངས་འདིའི་ཕྱོགས་བསྐྱོད་དེ་བཞིན་ཨ་རིས་ཐེ་ཝན་གྱི་མང་གཙོ་ལ་རྒྱབ་སྐྱོར་བརྟན་པོ་མཚོན་གྱི་ཡོད་སྐོར་དང་། ཁུལ་དེའི་གཙོ་འཛིན་ལྷན་དུ་གྲོས་མོལ་བྱ་རྒྱུ་དེའང་ཐེ་ཝན་གཙོས་རྒྱ་གར་ཞི་བདེའི་རྒྱ་མཚོའི་ཁུལ་གྱི་ཨ་རིའི་མཐུན་ཕྱོགས་རྒྱལ་ཁབ་ཁག་གི་རང་དབང་དང་ཞི་བདེ། དེ་བཞིན་ཕན་ཚུན་གཉིས་ཀའི་མཐུན་ཕྱོགས་དེ་དག་གི་ཐོག་ལ་ཨ་རིས་རྒྱབ་སྐྱོར་ཤུགས་ཆེར་མཚོན་གྱི་ཡོད་པ་བཀོད་འདུགསྤྱིར་ལྕམ་སྐུ་ Pelosi མཆོག་གིས་སྣེ་འཁྲིད་པའི་ཨ་རིའི་གྲོས་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་ཚོ་ཁག་ཁུལ་དེར་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་ཕྱོགས་བསྐྱོད་ལ་ཕེབས་པ་དང་བསྟུན། ཐའེ་ཝན་སྐུ་ཚབ་དོན་གཅོད་སྐལ་བཟང་རྒྱལ་མཚན་ལགས་དང་མཇལ་འཕྲད་གནང་ཡོད་པ་དང་འབྲེལ་ཁོང་ལ་བཀའ་འདྲི་ཁག་ཞུས་པ་གཤམ་འོག་གི་སྒྲ་ཐོག་བརྒྱུད་གསན་ཐུབ། དེ་བཞིན་ཐའེ་ཝན་དུ་གནས་བཞུགས་བོད་མི་ཁག་གཅིག་གིས་ཀྱང་སྐུ་ཚབ་ཚོགས་པའི་བཞུགས་གནས་མགྲོན་ཁང་དུ་བསྐྱོད་ནས་ལག་ཏུ་བོད་ཀྱི་རྒྱལ་དར་ནབ་བཞིན་ཁོང་རྣམ་པས་དགའ་བསུའི་རྣམ་པ་ཤུགས་ཆེར་བཏོན་གནང་འདུག འདི་ག་རླུང་འཕྲིན་ཁང་ནས་དེའི་ཁོངས་སུ་ཡོད་པའི་བོད་དང་ཐའེ་ཝན་གྱི་འགྲོ་བ་མིའིི་ཐོབ་ཐང་འབྲེལ་མཐུད་ཁང་གི་འགན་འཛིན་བཀྲིས་ཚེ་རིང་ལགས་སུ་བཀའ་འདྲི་ཁག་ཅིག་ཞུས་པ་གཤམ་འོག་གི་སྒྲ་ཐོག་བརྒྱུད་གསན་ཐུབ། སྐུ་ཚབ་དོན་གཅོད་པར་དབང་RFA

Latest news