Tibetan Royal Year of 2151 | Year of the Wood Dragon

གསར་འགྱུར།

ཐེ་ཝན་གྲོས་ཚོགས་ཀྱི་ཚོགས་ཁང་ནང་བོད་མིའི་མང་གཙོ་དབུ་བརྙེས་ཏེ་མི་ལོ་ ༦༢ འཁོར་བའི་དུས་ཆེན་སྲུང་བརྩི།

དེ་རིང་ཕྱི་ཟླ་ ༩ ཚེས་ ༢ ཉིན་མོ་འདི་ནི་བོད་མིའི་མང་གཙོ་དབུ་བརྙེས་ཏེ་མི་ལོ་ ༦༢ འཁོར་བའི་དུས་ཆེན་ཡིན་པ་དང་བསྟུན་ཐེ་ཝན་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་ཐེ་ཝན་དོན་གཅོད་ལས་ཁུངས། ཐེ་ཝན་བོད་རིགས་ཚོགས་པ་བཅས་ཐུན་མོང་གི་གོ་སྒྲིག་འོག་གྲོས་ཚོགས་ཀྱི་ཚོགས་ཁང་ནང་མང་གཙོ་དུས་ཆེན་སྲུང་བརྩི་ཞུས་འདུག་པ་དང་། དེ་ནི་ཐེ་ཝན་གྲོས་ཚོགས་ཀྱི་ཚོགས་ཁང་ནང་བོད་མིའི་མང་གཙོ་དུས་ཆེན་སྲུང་བརྩི་ཞུས་པ་ཆེས་ཐོག་མ་དེ་ཆགས་ཀྱི་ཡོད་པ་རེད། དེ་རིང་སྔ་དྲོ་ཚོུད་ ༩ ནས་ ༡༡༌༣༠ བར་ཐེ་ཝན་གྱི་གྲོས་ཚོགས་ཚོགས་ཁང་ནང་བོད་ཀྱི་རྒྱལ་དར་འཕྱར་ཏེ་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དང་མང་གཙོའི་གསར་བཞད་བླངས་ནས་བོད་མིའི་མང་གཙོའི་དུས་ཆེན་སྲུང་བརྩི་ཞུས་འདུག་པ་དང་། མཛད་སྒོ་ཐོག་ཐེ་ཝན་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་  Freddy Lim ལགས་དང་ཐེ་ཝན་གྱི་མང་གཙོ་ཡར་ཐོན་ཚོགས་པའི་གྲོས་ཚོགས་འཐུས་མི་སོགས་ནས་གསུང་བཤད་གནང་འདུག་ལ།  ལྷག་པར་ད་རེས་ཀྱི་དུས་ཚིགས་ཁྱད་པར་ཅན་དང་བསྟུན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བརྙན་པར་བརྒྱུད་ཐེ་ཝན་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པས་ཐེ་ཝན་གནས་སྡོད་བོད་མི་དང་ལྷན་གྲོས་ཚོགས་ཀྱི་ཚོགས་ཁང་ནང་བོད་མིའི་མང་གཙོ་དུས་ཆེན་གོ་སྒྲིག་ཞུས་པར་ཐུགས་རྗེ་ཆེ་ཞེས་གསུངས་པ་དང་སྦྲགས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མིར་མང་གཙོ་མར་གསོལ་སྩལ་མཛད་པ་ཞིག་ཡིན་པ་སོགས་ངོ་སྤྲོད་གནང་ཡོད།   སྲིད་སྐྱོང་མཆོག་གིས་རང་ངོས་ནས་ཐེ་ཝན་མང་ཚོགས་ནས་རྒྱ་ནག་གི་འཇིགས་སྐུལ་སོགས་ལ་གདོང་ལེན་དང་རྒྱལ་ཁབ་སྲུང་སྐྱོབ་གནང་བར་གྲ་སྒྲིག་ཡོད་པའི་རེ་བ་ཡོད་པ་དང་སྒོས་ཐེ་ཝན་དང་ང་ཚོ་མང་གཙོའི་ལྟ་གྲུབ་ལ་ཤར་སྐྱོད་གནང་མཁན་གཅིག་མཚུངས་ཆགས་ཀྱི་ཡོད་སྟབས། ང་ཚོས་གཞན་གྱི་སྡིགས་ར་སོགས་ལ་མ་ལྟོས་པར་མང་གཙོའི་ལམ་ལུགས་ལ་མུ་མཐུད་ཤར་སྐྱོད་གནང་དགོས་པར་གསུངས་ཡོད།གཞི་རྩའི་བོད་མིའི་མང་གཙོ་དུས་ཆེན་མཛད་སྒོར་སྐུ་མགྲོན་གཙོ་བོ་ཐེ་ཝན་གྲོས་ཚོགས་ཀྱི་ཚོགས་གཙོ་གདན་འདྲེན་ཞུས་འདུག་ཀྱང་ཐེ་ཝན་ནང་ད་ཆ་འོས་བསྡུའི་ལས་རིམ་འགྲོ་བཞིན་ཡོད་པར་བརྟེན་ཚོགས་གཙོ་མཆོག་ཕེབས་ཐུབ་མེད་པ་རེད། ཉེ་ལམ་ཐེ་པེའི་ནང་ཐེ་ཝན་གྱི་ཕྱི་སྲིད་ལས་ཁུངས་དང་མང་གཙོ་ཐེབས་རྩ། ཐེ་ཝན་དུ་རྟེན་གཞི་བྱས་པའི་ཨ་རིའི་གཞུང་ཚབ་ཁང་ཐུན་མོང་གིས་གོ་སྒྲིག་གནང་སྟེ་རྒྱལ་སྤྱིའི་ཆོས་ལུགས་རང་དབང་གླེང་སྟེགས་སྐབས་ ༢ ཐོག་ཐེ་ཝན་སྐུ་ཚབ་དོན་གཅོད་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་དང་ལྟ་གྲུབ་དགེ་རྒན་བསྟན་འཛིན་རྣམ་གྲོལ་རིན་པོ་ཆེ་རྣམ་གཉིས་ཚོགས་བཅར་ཞུས་ཏེ་རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་ལུགས་རྩ་མེད་ཇི་ལྟར་བཏང་བའི་སྲིད་བྱུས་དང་བོད་ནང་གི་ཛ་དྲག་གནས་སྟངས་ཁག་ངོ་སྤྲོད་ཞུས་ཡོད། ཚོགས་འདུ་དབུ་འབྱེད་སྐབས་སྐུ་མགྲོན་གཙོ་བོར་ཐེ་ཝན་གྱི་སྲིད་འཛིན་ལྕམ་སྐུ་ཚའེ་དབྱིང་ཝེན་མཆོག་གཙོས་གྲོས་ཚོགས་ཀྱི་ཚོགས་གཙོ་དང་ཐེ་ཝན་ཕྱི་སྲིད་བློན་ཆེན། ཐེ་ཝན་མང་གཙོ་ཐེབས་རྩའི་ཚོགས་གཙོ། ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ Nury Turkel མཆོག་བཅས་ལྷན་ཞུགས་གནང་ཡོད་པ་རེད།བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་གླེང་སྟེགས་དེ་ནི་ཡོངས་གྲགས་མིན་པར་ནང་མོལ་ཚོགས་འདུ་ཞིག་ཆགས་ཀྱི་ཡོད་པ་དང་རྒྱལ་ཁབ་འདྲ་མིན་ཁག་ནས་འབྲེལ་ཡོད་ཚོགས་མི་བརྒྱ་ལྷག་གདན་ཞུ་གནང་ཡོད་སྐོར་བཀོད་འདུག

བོད་ནང་ཏོགས་དབྱིབས་ཁྲོད་སྲིད་གཞུང་གི་དྲིལ་བསྒྲགས་དང་ས་གནས་ཀྱི་གནས་སྟངས་དབར་འགལ་ཟླ་ཆེན་པོ་ཡོད་པ་མངོན་གསལ།

ཟླ་བ་སྔོན་མའི་ཚེས་ ༧ ནས་བཟུང་། བོད་ཀྱི་རྒྱལ་ས་ལྷ་ས་གཙོས་བོད་ཀྱི་ས་ཁུལ་མང་དག་ཅིག་གི་ནང་ཏོག་དབྱིབས་གཉན་རིམས་ ༡༩ པ་ཁྱབ་གདལ་ཆེས་ཆེར་འགྲོ་བཞིན་པའི་ཁྲོད་འདིར་རྒྱ་ནག་གཞུང་གི་བརྒྱུད་ལམ་ཁག་ཏུ་བོད་ནང་ཏོག་དབྱིབས་གཉན་རིམས་འགོག་ཐབས་ཀྱི་ལས་དོན་ཁག་འཐུས་ཚང་སྤེལ་ཚུལ་དང་། རྒྱ་ནག་གཞུང་གི་ངོས་ནས་གཉན་རིམས་འགོག་ཐབས་ཀྱི་ལས་དོན་བྱེད་ཕྱོགས་ལ་བསྔགས་བརྗོད་སོགས་ཀྱི་དྲིལ་བསྒྲགས་ཤུགས་ཆེར་རྫུན་སྤེལ་བྱེད་བཞིན་ཡོད་ཀྱང་། ས་གནས་ས་ཐོག་ཡུལ་དངོས་ཀྱི་གནས་སྟངས་ནི་རྒྱ་ནག་གཞུང་གིས་བཤད་པ་ལས་ཆེས་ཞན་པ་ཡོད་པར་མངོན་གསལ་གནང་འདུགཁ་སང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་དྲ་གནས་ཐོག་བོད་ནང་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་དང་འབྲེལ་བའི་ཕྱོགས་སྒྲིག་གི་སྙན་ཐོ་ཞིག་སྤེལ་བར་དེང་སྐབས་རྒྱ་ནག་གཞུང་གིས་བོད་ནང་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་འགྲོ་བཞིན་པ་དེ་ནི་ཕྱི་ཕྱོགས་རྒྱ་གར་དང་བལ་ཡུལ་བཅས་ནས་ཁྱབ་གསལ་བྱུང་ཞིག་ཡིན་པ་དང་། རྒྱ་ནག་གཞུང་གིས་གཉན་རིམས་ཀླད་ཀོར་གྱི་སྲིད་བྱུས་འོག་བོད་ནང་གི་བོད་མིའི་ཆེད་དུ་བཟའ་ཆས་སོགས་དུས་ཐོག་ཏུ་སྐྱེལ་བཞིན་ཡོད་སྐོར་བཤད་ཡོད་ཀྱང་། གཉན་རིམས་ལ་ཁ་གཡར་ནས་གསར་འགོད་པ་གཙོས་ཕྱི་མི་སུ་གང་བོད་ནང་འགྲོ་བར་བཀག་སྡོམ་བྱེད་བཞིན་པར་བརྟེན་ས་གནས་དངོས་ཀྱི་གནས་སྟངས་ཇི་ཆགས་ཤེས་རྟོགས་དཀར་བར་གྱུར་ཡོད་པ་དེ་ལྟར་ནའང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཉེ་བའི་དུས་སུ་བོད་ནང་གི་སྤྱི་ཚོགས་དྲ་ལམ་ཁག་ལ་རྒྱ་རིགས་དང་བོད་རིགས་མང་ཚོགས་ཀྱི་འཕྲིན་ཐུང་སྤེལ་བ་དང་གཞུང་ལ་སྐྱོན་བརྗོད་བྱས་པ་ཁག་ལ་གཞིགས་ཏེ་ས་གནས་ཀྱི་གནས་སྟངས་དངོས་རྒྱུས་ལོན་གནང་སྐབས་སུ་རྒྱ་ནག་གཞུང་གིས་བཤད་པ་ལས་ས་གནས་ས་ཐོག་གི་གནས་སྟངས་ཆེས་ཞན་པ་དང་ཛ་དྲག་པ་ཡོད་པ་ཤེས་རྟགས་བྱུང་ཡོད་པ་མངོན་གསལ་གནང་འདུག རྒྱ་གཞུང་གིས་ཐོག་མར་བོད་ནང་གཉན་རིམས་ཁྱབ་གདལ་བྱུང་སྐབས་ད་ལྟ་བོད་ནང་ཁྱབ་བཞིན་པ་དེ་ཏོག་དབྱིབས་གཉན་རིམས་ ༡༩  ངོ་བོར་འགྱུར་བའི་ Omicron གཉན་སྲིན་གྱི་ BA 2 ཡིན་ཚུལ་འོག་རྒྱ་གར་དང་བལ་ཡུལ་བཅས་དང་ས་འབྲེལ་ཡོད་པའི་གཞིས་ཀ་རྩེ་དེ་བོད་ནང་གཉན་རིམས་ཁྱབ་གདལ་གྱི་འབྱུང་ཁུངས་ཡིན་སྐོར་བཤད་འདུགརྒྱ་ནག་གཞུང་འབྲེལ་གྱི་དྲ་བ་ Health Times ཡིས་བོད་ནང་གཉན་རིམས་ཁྱབ་གདལ་དེ་ཐོག་མར་བོད་ཀྱི་རྒྱལ་ས་ལྷ་ས་ནས་བྱུང་ཡོད་པ་དང་། དུས་སྐབས་དེར་རྒྱ་ནག་གི་གྲོང་ཁྱེར་གཞན་ ༡༦ ཙམ་གྱི་ནང་གཉན་རིམས་གྱི་གཉན་སྲིན་དེ་ཁྱབ་ཡོད་པར་ཤེས་རྟོགས་བྱུང་ཡོད་པ་མངོན་གསལ་བྱས་པ་དེ་ནས་བཟུང་བོད་ནང་གཉན་རིམས་ཁྱབ་གདལ་བྱུང་བ་དེ་རྒྱ་གར་དང་བལ་ཡུལ་ནས་མ་ཡིན་པར་རྒྱ་ནག་གི་གྲོང་ཁྱེར་གཞན་ཁག་ནས་ཁྱབ་པ་ཞིག་ཡིན་པ་ལུང་འདྲེན་དང་སྦྲགས། གཉན་རིམས་ཁྱབ་གདལ་འབྱུང་ཁུངས་དངོས་ཀྱི་ས་གནས་གང་ཡིན་ལ་མུ་མཐུད་ཞིབ་འཇུག་གནང་བ་ལས་དེ་མིན་ཤེས་རྟོགས་དཀའ་བའི་གནད་ཡིན་པ་གསུངས་འདུག དེའི་ཁྲོད་རྒྱ་ནག་གཞུང་གིས་མང་ཚོགས་ཀྱི་ཁ་བཀག་ཆེད་དུ་བོད་ནང་གཉན་རིམས་འགོག་སླད་སྲིད་གཞུང་གིས་ཚད་མཐོའི་སྨན་བཅོས་ཀྱི་མཐུན་རྐྱེན་སྦྱོར་བཞིན་པ་དང་མང་ཚོགས་ལ་དགོས་ངེས་མཁོ་ཆས་ཀྱི་མཐུན་རྐྱེན་ཆེད་མེད་སྤྲོད་བཞིན་ཡོད་པའི་དྲིལ་བསྒྲགས་བྱས་པར་མ་ཟད། རླངས་འཁོར་བརྒྱུད་ནས་གྲོང་ཁྱེར་ཁག་ཏུ་དུག་སེལ་གྱི་སྨན་གཏོར་བ་དང་མི་ཚང་གཅིག་ལས་མེད་པའི་འབྲོག་ཁུལ་དུའང་སྲིད་གཞུང་གི་ལས་བྱེད་པ་ཆེད་གཏོང་བྱེད་མུས་ཡིན་པ་སོགས་བཤད་པ་མ་ཚད་པར་སྔོན་འགོག་གི་གྱོན་ཆད་སྤྲས་པའི་ལས་བྱེད་པ་རྣམས་རྒྱ་ནག་དམར་ཤོག་ཚོགས་པའི་འཕྲེད་དར་འཁྱེར་ནས་རྟ་གཞོན་ཏེ་ལུང་ཁུག་ཁག་ཏུ་སྐྱོད་བཞིན་པ། དེ་བཞིན་གསར་འགོད་ལྷན་ཚོགས་ཐོག་མང་ཚོགས་ལ་མཐུན་རྐྱེན་སོགས་གང་ལེགས་སྤྲད་རྒྱུ་ཡིན་སྐོར་བཤད་ནས་འཁྲབ་སྟོན་ལྟ་བུའི་བྱ་སྤྱོད་སྤེལ་བཞིན་པ་དེ་ལྟར་ནའང་། དོན་དངོས་ཐོག་ཁ་བཤད་ལག་སྒྲུབ་མེད་པའི་གནས་སྟངས་དངོས་ར་འཕྲོད་ཡོད་པར་མངོན་གསལ་གནང་འདུགདེའི་ཁྲོད་ཉེ་ཆར་རྒྱ་གཞུང་གིས་གཉན་རིམས་འགོག་ཐབས་ཀྱི་ལས་གཞི་འཐུས་ཚང་སྤེལ་གྱི་ཡོད་ཚུལ་འོག རྒྱ་གཞུང་གི་དབྱེ་བའི་ཀན་སུའུ་ཞིང་ཆེན་ཁུལ་གྱི་རྫོང་ཞིག་ཏུ་ Social Zero ཞེས་ས་ཁུལ་དེར་གཉན་རིམས་ཀྱི་གནད་དོན་གསར་པ་མེད་པའི་གསལ་སྒྲགས་སྤེལ་བ་དང་འབྲེལ་ཏེ། དྲ་རྒྱའི་མི་སྣའི་ཁྲོད་ནས་ས་གནས་སྲིད་གཞུང་གིས་རྫུན་གཏམ་སྤེལ་བར་ཐེར་འདོན་གྱིས་སྐྱོན་བརྗོད་འདྲ་མིན་བྱས་པར་མ་ཟད། སྲིད་གཞུང་གི་མི་སྣ་རྣམས་ལ་ས་གནས་སུ་གནས་སྟངས་དངོས་རྒྱུས་ལོན་ཆེད་ཡོང་དགོས་སྐོར་སོགས་གསུངས་པ་ལས་སྲིད་གཞུང་གིས་དྲིལ་བསྒྲགས་དང་ས་གནས་ས་ཐོག་ཏུ་གནས་པའི་མང་ཚོགས་ཀྱི་བཀའ་མོལ་གཉིས་དབར་འགལ་ཟླ་ཆེན་པོ་ཡོད་པ་མངོན་གསལ་གནང་འདུག རྩ་བའི་ཁ་ཉིན་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཁག་གིས་ བོད་ནང་གཉན་རིམས་ཁྱབ་གདལ་དང་འབྲེལ་བའི་གནས་ཚུལ་སྤེལ་བར་ཟླ་ ༨ ཚེས་ ༢༩ ཉིན་བོད་ཀྱི་རྒྱལ་ས་ལྷ་སར་གཉན་རིམས་ཕོག་པའི་ནད་པ་གསར་པ་ ༢༧༤ བྱུང་ཡོད་པ་དང་། ནག་ཆུ་ཁུལ་དུ་ ༩༦ ལྷོ་ཁ་ཁུལ་དུ་ ༣༡ གཞིས་ཀ་རྩེ་ཁུལ་དུ་ ༢༡༥ དང་། ཚེས་ ༢༨ ཉིན་མངའ་རིས་ཁུལ་དུ་ནད་པ་གསར་པ་ ༣༧ མང་དུ་ཕྱིན་པ་དང་། དེ་ཉིན་ཆབ་མདོ་རུ་ནད་པ་ ༨ དང་ཉིང་ཁྲིར་ནད་པ་ ༥ མང་དུ་ཕྱིན་ཡོད་པ་བཅས་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ཉིན་གྲངས་གཅིག་ལ་རིམས་ནད་ཕོག་མཁན་ ༧༢༣ ཙམ་མང་དུ་ཕྱིན་འདུག

རྒྱ་གར་གྱི་དེང་དུས་ཤེས་ཡོན་ནང་བྱམས་བརྩེ་དང་སྙིང་རྗེའི་བསླབ་གཞི་གསར་འཇུག་གནང་དགོས།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་སྲིད་འཛིན་དམ་པའི་རྗེས་དྲན་མཛད་སྒོ་ཐོག་རྒྱ་གར་གྱིས་དེང་དུས་ཤེས་ཡོན་ལམ་ལུགས་ནང་བྱམས་བརྩེ་དང་སྙིང་རྗེའི་བསླབ་གཞི་གསར་འཇུག་གནང་དགོས་པ་དང་། དེའང་ཆོས་ཕྱོགས་ཀྱི་ངོ་བོར་མིན་པར་ནང་སེམས་ཀྱི་ཞི་བདེ་དང་འགྲོ་བ་མིའི་རིགས་ཀྱི་རིན་ཐང་གོང་འཕེལ་དང་འབྲེལ་བའི་ཐོག་ནས་གནང་དགོས་པའི་ལམ་སྟོན་སྩལ་འདུགཁ་སང་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྒྱ་གར་གྱི་སྲིད་འཛིན་ཟུར་པ་སྐུ་ཞབས་ Pranab Mukherjee མཆོག་དགོངས་པ་རྫོགས་ནས་ལོ་གཉིས་འཁོར་བའི་རྗེས་དྲན་གྱི་མཛད་སྒོ་ཞིག་ཚོགས་ཡོད་པའི་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བརྙན་པར་བརྒྱུད་གསུང་འཕྲིན་ཞིག་སྩལ་འདུག ༸གོང་ས་མཆོག་གིས་རྒྱ་གར་ནི་བྱམས་བརྩེའི་ཞིང་ཁམས་ཡིན་པ་དང་འཛམ་གླིང་ཞི་བདེ་ཞེས་པ་དེ་བྱམས་བརྩེ་ཁོ་ནའི་ཐོག་ནས་བསྐྲུན་ཐུབ་རྒྱུ་ཡིན་པར་བཀའ་སྩལ་དང་འབྲེལ་ནས་མགོན་པོ་༸གང་ཉིད་མཆོག་གིས་རྒྱ་གར་གྱིས་རང་ཉིད་ཀྱི་གནའ་བོའི་རིག་གནས་དང་དེང་དུས་ཀྱི་ཤེས་ཡོན་གཉིས་ཟུང་འབྲེལ་ཐོག་ནས་སློབ་མ་རྣམས་ལ་སློབ་ཁྲིད་དང་ དེའང་ཆོས་ཕྱོགས་ཀྱི་ངོ་བོར་མིན་པར་ནང་སེམས་ཀྱི་ཞི་བདེ་དང་འགྲོ་བ་མིའི་རིགས་ཀྱི་རིན་ཐང་གོང་འཕེལ་དང་འབྲེལ་བའི་ཐོག་ནས་གནང་དགོས་པའི་ལམ་སྟོན་སྩལ་འདུགདེ་བཞིན་༸གོང་ས་མཆོག་གིས་མགོན་༸གང་ཉིད་མཆོག་ནི་རྒྱ་གར་གྱི་སྐུ་མགྲོན་རྒྱུན་རིང་ཤོས་དེ་ཆགས་ཡོད་པ་དང་། དུས་ཡུན་དེའི་རིང་མགོན་པོ་མཆོག་གིས་རྒྱ་གར་གྱི་སྲིད་བློན་ཐོག་མ་པཎྡྲི་ཏ་ཇབཱཧར་ལཱལ་ནེཧརུ་མཆོག་གིས་དབུས་པའི་ལཱལ་བཧཱདུར་ཤཱསྟྲཱི་མཆོག་དང་། སྲིད་འཛིན་ཐོག་མ་ཌོ་ཌར་རཱཇེནྡྲ་པྲསཱད་མཆོག སྲིད་འཛིན་གཞོན་པ་ཐོག་མ་ཨེས་རཱདྷཱ་ཀྲིཤྞན་མཆོག་བཅས་དང་ལྷན་གྲོགས་འདྲིས་གནང་ཡོད་སྐོར་བཀའ་སྩལ་བ་དང་། ལྷག་པར་དུ་༸གོང་ས་མཆོག་གིས་མེས་པོ་དམ་པ་གྷཱཾདྷཱི་མཆོག་གི་འཚེ་མེད་ཞི་བའི་དགོངས་པར་ཡི་རང་བསྔགས་བརྗོད་མཛད་པ་དང་སྦྲགས། གལ་ཏེ་ད་ལྟ་གྷཱཾདྷཱི་མཆོག་སྐུ་ཚོ་བཞུགས་ཡིན་ཚེ་༸གོང་ས་མཆོག་གིས་ཁོང་ལ་བྱམས་བརྩེའི་སྐོར་མང་ཙམ་གསུངས་རོགས་ཞེས་བཀའ་སྩལ་མཛད་ངེས་ཡིན་པར་བཀའ་སྩལ་འདུག མཛད་སྒོ་ཐོག་ཕེབས་པའི་ལྡི་ལི་བཙུག་ལག་སློབ་གཉེར་ཁང་གི་རིགས་བདག་སྐུ་ཞབས་ Dinesh Singh ལགས་ཀྱིས་སྲིད་འཛིན་དམ་པ་ Pranab Mukherjee མཆོག་སྐུ་འཚོ་བཞུགས་སྐབས་ཐེངས་གཅིག་མཐོ་སློབ་ཀྱི་སློབ་ཐོན་མཛད་སྒོར་ཕེབས་སྐབས་དབང་པོ་སྐྱོན་ཅན་གྱི་སློབ་ཕྲུག་ཞིག་ལ་གཟེངས་རྟགས་གནང་ཆེད་སྲིད་འཛིན་ཁོང་སྡིངས་ཆ་ནས་སློབ་ཕྲུག་ཡོད་སར་ཕེབས་ཏེ་གཟེངས་རྟགས་གནང་བར་བརྟེན་སློབ་ཕྲུག་རྣམས་དགའ་ཚོར་ཆེན་པོས་མིག་ནས་མཆི་མ་ཤོར་བའི་གནས་སྟངས་བྱུང་ཡོད་པ་དྲན་གསོ་གནང་བ་དང་འབྲེལ། ༸གོང་ས་མཆོག་གིས་བྱམས་བརྩེའི་བསླབ་གཞི་སྐོར་ལམ་སྟོན་བཀའ་སྩལ་མཛད་པ་འདི་ནི་སྲིད་འཛིན་ཟུར་པ་སྐུ་ཞབས་ Pranab Mukherjee དམ་པ་ཁོང་གི་ཐུགས་དགོངས་དང་མཐུན་པ་ཞིག་ཡིན་པར་གསུངས་པ་དང་ཆབས་ཅིག་ཁོང་གི་ངོས་ནས་༸གོང་ས་མཆོག་གི་བཀའ་སློབ་ཇི་སྩལ་ལ་རྒྱབ་སྐྱོར་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད།དེ་བཞིན་ Chattisgarh གྱི་སྲིད་སྐྱོང་སྐུ་ཞབས་ Shekhar Dutt ལགས་དང་དེ་སྔ་སྲིད་འཛིན་དམ་པ་ཁོང་གི་དམག་དོན་དྲུང་ཆེ་ Anil Khosla ལགས་བཅས་ཀྱིས་ཀྱང་སྲིད་འཛིན་དམ་པ་ཁོང་གིས་བྱམས་བརྩེ་ཕྱག་བསྟར་གནང་སྲོལ་ཡོད་པའི་གཏམ་བཤད་གནང་འདུག མཛད་སྒོ་དེ་ནི་སྲིད་འཛིན་དམ་པ་ཁོང་གི་མཚན་གནས་ཐེབས་རྩ་ཁང་གིས་གོ་སྒྲིག་གནང་ཡོད་ཅིང་། མཛད་སྒོ་ཐོག་སྲིད་འཛིན་དམ་པ་ཁོང་གི་སྲས་མོས་ཀྱང་ཡབ་དམ་པར་རྗེས་དྲན་ཞུས་ཡོད་པ་རེད།

སྐུ་ཞབས་གོ་བྷ་ཆའུ་དམ་པ་ཁོང་ནི་འཆར་སྣང་ལྡན་ཞིང་མིག་དཔེར་འོས་པའི་ཆབ་སྲིད་ཀྱི་དབུ་ཁྲིད་ཅིག་རེད།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་སྔའི་ཨུ་རུ་སུའི་སྤྱི་མཐུན་རྒྱལ་ཁབ་ཀྱི་དབུ་ཁྲིད་ཟུར་པ་སྐུ་ཞབས་ Mikhail Gorbachev མཆོག་དགོངས་པ་རྫོགས་པར་ཐུགས་གསོའི་གསུང་འཕྲིན་ཞིག་སྩལ་འདུག དགུང་ལོ་ ༩༡ ལ་ཕེབས་པའི་སྐུ་ཞབས་ Gorbachev མཆོག་ནི་ USSR ཞེས་དེ་སྔའི་ཨུ་རུ་སུའི་མཉམ་འབྲེལ་རྒྱལ་ཁབ་ཀྱི་སྲིད་འཛིན་མཐའ་མ་དེ་ཡིན་པ་དང་། ཁོང་ནི་སྐབས་དེ་དང་དེའི་ཚེ་ཨུ་རུ་སུའི་དམར་ཤོག་གཞུང་ལ་བཅོས་སྒྱུར་གྱིས་ཨ་རི་དང་ལྷན་དུ་རྡུལ་ཕྲན་མཚོན་ཆ་ཉུང་འཕྲི་གནང་རྒྱུ་གཙོས་གྲང་དམག་གི་ཁོར་ཡུག་མེད་པ་བཟོ་མཁན་གྱི་དབུ་ཁྲིད་ཅིག་ལ་ངོས་འཛིན་གནང་བར་མ་ཟད། ཕྱི་ལོ་ ༡༩༩༠ ལོར་འཛམ་གླིང་ནང་སྙན་པར་གྲགས་པའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ཞིག་ཡིན་པ་རེད། ཁོང་ཁ་ཉིན་ཕྱི་ཚེས་ ༣༠ ཉིན་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་འཕྲལ། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁ་སང་དམ་དེ་ཉིད་ཀྱི་ཐེབས་རྩ་ཁང་གི་མཚན་ཐོག་ཏུ་ཐུགས་གསོའི་གསུང་འཕྲིན་བསྩལ་བའི་ནང་། དམ་པ་ཁོང་་ནི་འཆར་སྣང་ལྡན་ཞིང་མིག་དཔེར་འོས་པའི་ཆབ་སྲིད་ཀྱི་དབུ་ཁྲིད་ཅིག་ཡིན་པར་བཀའ་སྩལ་བ་དང་སྦྲགས། དམ་པ་ཁོང་ལ་ཐུགས་སྨོན་དང་བཅས་ཤུལ་ལུས་ཁོང་གི་སྲས་མོ་ Irina Virganskaya ལགས་ཀྱིས་གཙོས་པའི་སྐུ་འཁོར་རྣམས་དང་རྒྱབ་སྐྱོར་བ་བཅས་ལ་ཐུགས་གསོ་མཛད་འདུག ༸གོང་ས་མཆོག་གིས་གསུང་འཕྲིན་ནང་དམ་པ་ཁོང་གིས་རྒྱལ་ཁབ་ནང་གུ་ཡངས་དང་གསར་བརྗེ་གནང་བ་གཙོས་རྡུལ་ཕྲན་མཚོན་ཆར་དགག་གནང་བའི་རླབས་ཆེའི་མཛད་རྗེས་ལ་ངོས་ཀྱིས་གུས་བརྩི་ཆེན་པོ་ཞུ་ཡི་ཡོད་ལ། ཁོང་གིས་འཛམ་གླིང་ལ་རྡུལ་ཕྲན་མཚོན་ཆ་ཉུང་འཕྲི་གནང་བར་ཐུགས་བརྩོན་ཆེན་ཕྱག་ལས་གནང་ཡོད་སྐོར་སོགས་དྲན་གསོ་མཛད་འདུག དེབཞིན་མགོན་པོ་༸གང་ཉིད་མཆོག་གིས་འདས་པའི་ལོ་ཟླའི་ནང་ངོས་དང་སྐུ་ཞབས་ཁོང་འཛམ་གླིང་གི་ཞི་བདེའི་གླེང་སྟེགས་འདྲ་མིན་ཐོག་ལྷན་ཞུགས་མཛད་མྱོང་ཡོད་པ་དང་དེ་ནས་རིམ་པས་ཕན་ཚུལ་དབར་མཛའ་འབྲེལ་བཟང་པོ་གྱུར་ཡོད་ཅེས་བཀའ་སྩལ་འདུག སྐུ་ཞབས་གོ་བྷ་ཆོའུ་མཆོག་ནི་འཆར་སྣང་ལྡན་ཞིང་མིག་དཔེར་འོས་པའི་ཆབ་སྲིད་ཀྱི་དབུ་ཁྲིད་ཅིག་ཡིན་པར་མ་ཟད། ལྷག་དོན་ཁོང་བགྲེས་ཡོལ་ལ་ཕེབས་པའི་རྗེས་སུའང་གོ་ལ་ཁྱོན་ལ་ཞི་བདེ་གོང་འཕེལ་དང་གོ་ལ་འདུམ་འགྲིག་གི་ཕྱག་ལས་ཁག་མུ་མཐུད་གནང་ཡོད་ཅེས་བཀའ་སྩལ་བ་དང་ཆབས་ཅིག སྐུ་ཞབས་ཁོང་གིས་ཐུགས་འགན་གཙོ་བཞེས་ཀྱིས་ World Summit of Nobel Peace Laureates ཞེས་འཛམ་གླིང་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་གྱི་ལྷན་ཚོགས་གསར་བསྐྲུན་བརྒྱུད་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་གང་ཟག་དང་འབྲེལ་བའི་ཚོགས་པ་རྣམས་ལྷན་འཛོམས་ཀྱིས་གོ་ལ་འདིར་སྔར་ལྷག་བྱམས་བརྩེ་དང་ཞི་བདེ་ལྡན་པ་ཞིག་བསྐྲུན་པར་དགོངས་འཆར་ཆེད་འདོན་གནང་གི་ཡོད་སྐོར་བཀའ་སྩལ་འདུག གསུང་འཕྲིན་མཐའ་མར་མགོན་པོ་༸གང་ཉིད་མཆོག་གིས་ཁོང་གིས་སྐུ་ཚེ་དོན་སྙིང་ལྡན་པ་ཞིག་བསྐྱལ་ཡོད། ང་ཚོས་མུ་མཐུད་ནས་ཁོང་གི་སྙིང་སྟོབས་གསོན་གནས་ཐུབ་པ་གནང་དགོས། དེའང་ཁོང་གིས་འཛམ་གླིང་འདི་རང་དབང་ལྡན་ཞིང་དམག་འཁྲུགས་མེད་པ་ཞིག་བསྐྲུན་པར་དགོངས་བཞེས་ཡོད་དོན་བཞིན་སྤྲོ་སེམས་འཁོལ་བའི་ནས་ནས་བློ་ཐག་གཙང་བཅད་ཀྱིས་འཇུག་དགོས་པ་བཅས་ལམ་སྟོན་མཛད་ཡོད། གཞི་རྩའི་ Mikhail Gorbachev མཆོག་ནི་ཕྱི་ལོ་ ༡༩༣༡ ཟླ་ ༣ ཚེས་ ༢ ཉིན་ཨུ་རུ་སུ་ནང་ཞིང་པ་དབུལ་པོའི་ཁྱིམ་གཞིར་སྐུ་འཁྲུངས་ཞིང་། Moscow གཙུག་ལག་སློབ་གཉེར་ཁང་དུ་སློབ་གཉེར་གནང་མཐར་ཕྱི་ལོ་ ༡༩༥༥ ལོར་ཁྲིམས་རྩོད་པའི་ཕྱག་འཁྱེར་བཞེས། ཕྱི་ལོ་ ༡༩༩༠ ལོར་ཁོང་ལ་འཛམ་གླིང་ནང་སྙན་པར་གྲགས་པའི་ ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཕུལ་ཡོད་པ་རེད། ཕྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༢༥ ལ་ཁོང་དང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྣམ་གཉིས་འཛམ་གླིང་གི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ལྷན་ཚོགས་ཐེངས་ ༡༢ ཐོག་ ལྷན་ཞུགས་ཀྱི་གོ་ལ་སྤྱིར་སྨན་པའི་བཀའ་བསྡུར་མཛད་མྱོང་ཡོད་པ་རེད། འབྲེལ་ཡོད་པར་སྤྱི་ཚོགས་དྲ་རྒྱ་ལས་བཏུས།

ཤིན་ཅང་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཚབས་ཆེན་བཏང་བའི་སྙན་ཐོ་འདོན་སྤེལ།

ལྕམ་སྐུ་ Michelle Bachelet མཆོག་གིས་ཕྱི་ཚེས་ ༣༡ ཉིན་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གཙོ་འཛིན་གྱི་ལས་གནས་ནས་འཁྱུར་བར་དུས་ཡུན་སྐར་མ་ཁ་ཤས་ལས་མེད་པའི་མཚམས་སུ་ཡུ་གུར་མི་རིགས་གཙོས་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་ཚོགས་སྒེར་མང་པོས་ཡུན་རིང་པོར་ངང་སྒུག་གནང་བཞིན་པའི་ཤིན་ཅང་ནང་གི་གནས་སྟངས་དང་འབྲེལ་བའི་སྙན་ཐོ་འདོན་སྤེལ་གནང་ཡོད་པའི་ནང་རྒྱ་ནག་གཞུང་གི་ངོས་ནས་ཤིན་ཅང་ནང་ཡུ་གུར་གཙོ་བོར་གྱུར་པའི་ཁ་ཆེའི་མི་རིགས་རྣམས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཚབས་ཆེན་བཏང་ཡོད་པ་ར་སྤྲོད་གནང་བ་དང་འབྲེལ། ཡུ་གུར་མི་རིགས་རྣམས་ཁྲིམས་མེད་ལུང་མེད་སྒོ་ནས་འཇིན་བཟུང་བཀག་ཉར་དང་ཁོང་རྣམ་པར་མི་རིགས་དབྱེ་འབྱེད་ཀྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་དེ་ནི་འགྲོ་བ་མིའི་རིགས་ལ་རྒོད་རྡུང་གི་ནག་ཉེས་ཞིག་ཆགས་པར་འགྲེལ་བརྗོད་གནང་འདུག རྒྱལ་ཚོགས་ཀྱི་གཙོ་འཛིན་ཟུར་པ་ལྕམ་སྐུ་ Michelle Bachelet མཆོག་གིས་དེ་སྔ་རང་ཉིད་ཀྱི་ལས་གནས་ནས་མ་འཁྱུར་གོང་དུ་ཤིན་ཅང་གི་སྙན་ཐོ་འདོན་སྤེལ་གནང་རྒྱུའི་ཁས་ལེན་བྱས་ཡོད་ཀྱང་། ཉེ་ལམ་ཕྱི་ཟླ་ ༨ ཚེས་ ༢༥ ཉིན་Geneva ནང་དུ་ཁོ་མོས་ཆེས་མཐའ་མའི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ཐོག་རྒྱ་ནག་གཙོས་པའི་རྒྱལ་ཁབ་ ༤༠ ལྷག་གིས་ཁོང་ལ་ཕྱག་བྲིས་བརྒྱུད་ཤིན་ཅང་གི་སྙན་ཐོ་དེ་འདོན་སྤེལ་གནང་རྒྱུ་མེད་པའི་གནོན་ཤུགས་སྤྲད་ཡོད་སྐོར་གསུངས་ཡོད་པ་དེ་ལྟར་ཡང་། ཁོང་གིས་ཁ་སང་ཕྱི་ཚེས་ ༣༡ ཉིན་རྒྱ་ནག་གིས་གནོན་ཤུགས་རིམ་པ་སྤྲད་པར་ལྟོས་མེད་ཤོག་གྲངས་ ༤༨ ཅན་གྱི་སྙན་ཐོ་འདོན་སྤེལ་གནང་ཡོད་པ་རེད། སྙན་ཐོའི་ནང་རྒྱ་ནག་གཞུང་གིས་ཤིན་ཅང་ནང་འཇིགས་སྐུལ་རིང་ལུགས་དང་ཕྱོགས་ཞེན་རིང་ལུགས་དགོག་ཐབས་སོགས་ཀྱི་སྲིད་བྱུས་ཀྱི་མིང་བྱང་འོག་ཁུལ་དེར་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཧ་ཅང་ཚབས་ཆེན་བཏང་ཡོད་སྐོར་འགྲེལ་བརྗོད་དང་འབྲེལ་ཏེ་རྒྱ་ནག་གིས་ཡུ་གུར་མི་རིགས་རྣམས་ལ་སྡུག་སྦྱོང་མནར་གཅོད་དང་། བཀག་ཉར་ཁང་དུ་ཆེས་ཞེན་པའི་གནས་སྟངས་འོག་བཙན་དབང་གིས་སྨན་བཅོས་དང་། ཆགས་སྲེད་རྩུབ་སྤྲོད་སོགས་ཀྱི་ཉེས་འཛུགས་རིམ་པ་བྱས་ཡོད་ཁག་གཞི་རྩ་ཡོད་པ་ཞིག་ཡིན་པར་འགྲེལ་བརྗོད་གནང་འདུག རྩ་བའི་ཁ་སང་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གིས་ཤིན་ཅང་གི་སྙན་ཐོ་འདོན་སྤེལ་གནང་བའི་རྗེས་སུ་རྒྱ་ནག་གིས་སྙན་ཐོ་དེ་ཁས་ལེན་བྱས་མེད་པར་མ་ཟད་ཤིན་ཅང་གི་སྙན་ཐོ་ལ་དགག་ལན་ཤོག་གྲངས་ ༡༣༡ ཅན་ཞིག་འདོན་སྤེལ་བྱས་ཡོད་པ་དང་ཆབས་ཅིག ཨ་རིས་གཙོས་པའི་ནུབ་ཕྱོགས་རྒྱལ་ཁབ་དང་རྒྱ་ནག་ལ་ཁ་གཏད་བྱེད་མཁན་རྣམས་ནས་གནས་ཚུལ་རྫུན་མ་ནག་ཉེས་ཀྱི་ཚོད་དཔག་སོགས་ལ་གཞི་བཅོལ་པའི་ཟློས་གར་ཞིག་ཡིན་སྐོར་བཤད་འདུག དེ་བཞིན་རྒྱལ་ཚོགས་ནང་གི་རྒྱ་ནག་སྐུ་ཚབ་ Zhang Jun ཀྱིས་རྒྱལ་ཚོགས་ནས་རྒྱ་ནག་རྒྱལ་ནང་གི་གནས་ཚུལ་ལ་ཐེ་བྱུས་གནང་དབང་མེད་པ་དང་། དེ་ནི་ཆབ་སྲིད་ཀྱི་དགོས་མཁོ་དང་རྒྱ་ནག་གྱི་བརྟན་ལྷིང་། དེ་བཞིན་ཡར་རྒྱས་སོགས་དགོག་ཐབས་སླད་དུ་གཡོ་རྫུན་གྱི་བཏུམས་པའི་སྙན་ཐོ་ཞིག་ཡིན་སྐོར་བཤད་པར་མ་ཟད། རྒྱ་ཚོགས་དང་རྒྱ་ནག་དབར་གྱི་འབྲེལ་བར་སྣང་ཆུང་བྱས་པ་རེད་ཅེས་བཤད་འདུགཤིན་ཅང་གི་སྙན་ཐོ་དེ་དང་འབྲེལ་ནས་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚན་པས་ལྕམ་སྐུ་མཆོག་ནས་ཤིན་ཅང་གི་སྙན་ཐོ་འདོན་སྤེལ་གནང་རྗེས་ལས་གནས་ནས་འཁྱུར་བ་དེས་སྙན་ཐོའི་རིན་ཐང་ཇེ་ཆུང་དུ་སོང་ཡོད་པར་མ་ཟད་ལྕམ་སྐུ་མཆོག་ནས་ཤིན་ཅང་གི་གནད་དོན་དེ་བློས་བཏང་པ་རེད་ཅེས་གསུངས་འདུག འོན་ཀྱང་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚན་པས་ཐེངས་འདིར་ཤིན་ཅང་གི་སྙན་ཐོ་འདོན་སྤེལ་གནང་བ་དེ་ཉིད་ཧ་ཅང་གནད་འགག་ཞིག་ཡིན་པར་གསུངས་འདུག ཚོགས་པའི་རྒྱལ་སྤྱིའི་ཞུ་གཏུག་ལྷན་ཁང་གི་གཙོ་འཛིན་གཞོན་པ་སྐུ་ཞབས་ John Fisher མཆོག་གིས་སྙན་ཐོ་བརྒྱུད་ནས་རྒྱ་ནག་གཞུང་གིས་དུས་ཡུན་རིང་པོ་ཞིག་ནས་ཤིན་ཅང་ནང་སྡུག་སྦྱོང་མནར་གཅོད་བཏང་དང་གཏོང་བཞིན་པའི་གནས་སྟངས་དེར་ངོས་འཛིན་ཐོབ་པ་དེ་ལྟར་ཡང་། འབྱུང་འགྱུར་གྱི་རྒྱལ་ཚོགས་ནས་དེ་འབྲེལ་ནག་ཉེས་ཅན་ལ་ཆད་པ་གང་འདྲ་གཏང་མིན་ལ་གཟིགས་ཆོག་གི་རེད་ཅེས་གསུངས་འདུག

༸གོང་ས་མཆོག་བཞུགས་སྒར་དུ་༸ཞབས་སོར་བདེ་བར་འཁོད་སོང་།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་བྱང་ཕྱོགས་ལ་དྭགས་ནང་གི་མཛད་འཕྲིན་ཁག་ལེགས་གྲུབ་ཀྱིས་དེ་རིང་སྔ་དྲོ་བཞུགས་སྒར་དུ་༸ཞབས་སོར་བདེ་བར་འཁོད་གནང་མཛད་སོང་།བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་བྱང་ཕྱོགས་ལ་དྭགས་ནང་ཟླ་བ་གཅིག་ལྷག་གི་མཛད་འཆར་ཁག་ལེགས་པར་གྲུབ་སྟེ། དེ་རིང་ཕྱི་ཟླ་ ༨ ཚེས་ ༣༡ ཉིན་གྱི་སྔ་དྲོ་ཕྱག་ཚོད་ ༧༌༣༠ ཡོལ་ཙམ་ལ་བཞུགས་སྒར་ཉེ་འདབས་སུ་རྟེན་གཞི་བྱས་པའི་གྷ་གྷལ་གནམ་ཐང་དུ་༸ཞབས་སོར་འཁོད་སྐབས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་སོགས་ཕེབས་འདུག་པ་དང་། དེ་བཞིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༡༨ པའི་ཐོག་བཅར་བའི་ཚོགས་བཅར་བ་རྣམས་ཆེད་བཅར་གྱིས་ཕེབས་བསུའི་སྣེ་ལེན་ཞུས་པ་དང་སྦྲགས། ཆིབས་གྲུ་བརྒྱུད་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་ཆིབས་བསྒྱུར་མཛད་སྐབས་ཕེབས་ལམ་གྱི་གཡས་གཡོན་དུ་གཉུག་མར་གནས་པ་དང་གློ་བུར་དུ་ལྷགས་པའི་ཕྱི་ནང་གི་དད་ལྡན་མང་ཚོགས་སྟོང་ཕྲག་དུ་མས་དགའ་དད་སྤྲོ་གསུམ་འཁོལ་བའི་ངང་ནས་ཕྱག་ཏུ་དཀར་གཙང་གི་མཇལ་དར་དང་དྲི་བཟང་བདུག་སྤོས་སོགས་བསྣམས་ཏེ་དགའ་བསུའི་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་པ་རེད།གཞི་རྩའི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཟླ་ ༧ ཚེས་ ༡༥ ཉིན་ལ་དྭགས་ནང་ཚོགས་དང་དགོན་ཚོགས་གཉིས་ཀྱིས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་ཁུལ་དེར་ཟླ་བ་གཅིག་ལྷག་གི་རིང་བཀའ་ཆོས་དང་བཀའ་དབང་། གནས་གཟིགས་སོགས་ཀྱི་མཛད་འཕྲིན་བསྐྱངས་ཡོད་པ་དེ་ནི་ཕྱི་ལོ་ ༢༠༢༠ ལོར་འཛམ་གླིང་ཡོངས་ལ་ཏོག་དབྱིབས་གཉན་རིམས་ཁྱབ་བརྡལ་གྱི་གནས་སྟངས་ཕྲན་བུ་བཟང་དུ་ཕྱིན་རྗེས་༸རྒྱལ་བའི་བཞུགས་སྒར་ནས་ཕྱི་ཕྱོགས་སུ་ཆིབས་བསྒྱུར་མཛད་པ་ཆེས་ཐོག་མ་དེ་ཆགས་ཡོད་པ་དང་། ལ་དྭགས་ནང་གི་མཛད་འཕྲིན་ཁག་ལེགས་པར་གྲུབ་རྗེས་ཕྱི་ཚེས་ ༢༧ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཆིབས་སྒྱུར་གྱིས་༸སྐུའི་འཕྲོད་བཞེས་བརྟག་དཔྱད་མཛད་ཡོད་པ་རེད།༸གོང་ས་མཆོག་གི་མཛད་འཆར་ཐུགས་གཏན་ཁེལ་བར་གཞིགས་ན། ཕྱི་ཟླ་ ༩ ཚེས་ ༧ རེས་གཟའ་ལྷག་པ་༸རྒྱལ་བའི་༸སྐུའི་བླ་གཟའ་དང་བསྟུན་མོན་ཡུལ་བསྟད་དོན་རིག་གཞུང་གཅེས་སྐྱོང་ཁང་དང་གཞིས་བྱེས་རྒྱལ་བ་ཇོ་ནང་པ། མདོ་སྨད་མང་འབའ་བྱ་གསུམ། བལ་ཡུལ་རྣམ་རྒྱལ་མཐོ་འབྲིང་དགེ་ལས་སློབ་ཟུར། དེ་བཞིན་སིཌ་ནི་བོད་རིགས་མཐུན་ཚོགས་བཅས་ཚོགས་པ་ལྔས་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན་༸རྒྱལ་བའི་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་མགོན་པ་༸གང་ཉིད་མཆོག་༸སྐུ་ཚེ་མི་འཇིག་རྡོ་རྗེ་འཆང་གི་ངོ་བོ་བརྟན་ཕྱིར་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་དང་། དེ་རྗེས་ཕྱི་ཚེས་ ༡༥ དང་ ༡༦ བཅས་ཉིན་གཉིས་རིང་ལྷོ་ཤར་ཨེ་ཤ་ཡའི་དད་ལྡན་རྣམས་ལ་དབུ་མ་འཇུག་པ་རང་འགྲེལ་གྱི་གསུང་ཆོས་བཀྲིན་སྩལ་གནང་གི་ཡོད་པ་རེད།

སྲིད་སྐྱོང་མཆོག་ཅེཀ་གྲོས་ཚོགས་གོང་འོག་གི་འཐུས་མི་དང་མཇལ་འཕྲད་གནང་འདུག

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་འོག་འཐུས་མི་གཙོས་ཁུལ་དེའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་སྐུ་ཚབ་དང་ལྷན་མཇལ་འཕྲད་གནང་འདུག ཁ་སང་ཕྱི་ཚེས་ ༣༠ ཉིན་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མའི་ཚོགས་ཁང་ལྗང་ཁུ་དུ་ཚོགས་གཞོན་སྐུ་ཞབས་ Jiří Oberfalzer མཆོག་དང་ཚོགས་གཞོན་གཞན་གཉིས། དེ་བཞིན་གྲོས་ཚོགས་གོང་མའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་  Přemysl Rabas ལགས་ཀྱིས་གཙོས་པའི་གྲོས་ཚོགས་གོང་མའི་འཐུས་མིས་ཁག་གཅིག་གིས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གདན་ཞུས་ལྟར་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་པར་མ་ཟད། དེ་རྗེས་གྲོས་ཚོགས་འོག་མར་གདན་ཞུས་ཀྱིས་ཚོགས་གཙོ་ Markéta Pekarová Adamová མཆོག་དང་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ Hayato Okamura མཆོག་བཅས་དང་མཇལ་འཕྲད་གནང་ཡོད་པ་རེད་འདུགསྲིད་སྐྱོང་མཆོག་གིས་གྲོས་ཚོགས་གོང་འོག་གི་འཐུས་མི་ཁག་དང་མཇལ་འཕྲད་ཚོགས་འདུའི་སྐབས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་དེ་བཞིན་ཡོ་རོབ་མཐུན་ཚོགས་གཙོས་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་ངོས་ནས་བོད་དོན་ཐོག་རྒྱབ་སྐྱོར་གནང་ཕྱོགས་སོགས་ཀྱི་ཐད་ལ་བཀའ་མོལ་གནང་ཡོད་པ་རེད། སྐབས་དེར་གྲོས་ཚོགས་གོང་མའི་ཚོགས་གཞོན་ Jiří Oberfalzer མཆོག་གིས་ཚོགས་འདུའི་དམིགས་ཡུལ་གཙོ་བོ་ནི་ད་ལྟའི་བོད་ཀྱི་གནས་བབ་དང་ཡོ་རོབ་མཐུན་ཚོགས་ཀྱི་ཆབ་སྲིད་ར་བར་བོད་འདི་དབང་སྒྱུར་འོག་གནས་ཡོད་པའི་གནད་དོན་དེ་སེལ་རྒྱུ་ཡིན་པ་དང་། རྒྱ་ནག་དམར་ཤོག་གིས་བོད་ ལ་དབང་སྒྱུར་བྱས་ཡོད་ཀྱང་དུས་ནམ་ཡང་བོད་མི་རྣམས་ཀྱི་སེམས་ལ་དབང་སྒྱུར་བྱེད་ཐུབ་མ་རེད་ཅེས་གསུངས་པ་དང་ཆབས་ཅིག་མང་གཙོའི་རྒྱལ་ཁབ་རྣམས་ནས་བོད་མི་རྣམས་ཀྱི་མངོན་འདོད་ལ་རྒྱབ་སྐྱོར་ངེས་པར་དུ་གནང་དགོས་སྐོར་གསུངས་འདུགརྩ་བའི་སྐབས་དེར་སྲིད་སྐྱོང་མཆོག་ནས་གྲོས་ཚོགས་འཐུས་མི་ཁག་གཅིག་མཇལ་འཕྲད་གྲུབ་མཚམས་སུ་ཁུལ་དེའི་པཱ་རག་རྒྱལ་ཡོངས་དཔེ་མཛོད་ཁང་དུ་གྲོས་ཚོགས་གོང་མའི་ཚོགས་གཙོ་སྐུ་ཞབས་ Jiří Oberfalzer མཆོག་གིས་གོ་སྒྲིག་འོག་ཁུལ་དེར་པོད་གྲངས་ ༢༢༣ བདག་ཉིད་ཅན་གྱི་སྨོན་ལམ་ཚིག་མཛོད་དབུ་འབྱེད་མཛད་སྒོར་སྲིད་སྐྱོང་མཆོག་དང་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་རིག་གཞུང་བློན་ཆེན་སྐུ་ཞབས་ Martin Baxa མཆོག་ལྷན་ཞུགས་གནང་ཡོད་པ་རེད།

རྒྱལ་སྤྱིའི་གར་སོང་ཆ་མེད་དུ་གྱུར་བའི་ཉིན་མོར་༸པཎ་ཆེན་རིན་པོ་ཆེ་མཆོག་གི་གནད་དོན་འབུར་བཏོན།

ཁ་སང་ཕྱི་ཟླ་ ༨ ཚེས་ ༣༠ ཉིན་མོ་དེ་ནི་རྒྱལ་སྤྱིའི་གར་སོང་ཆ་མེད་དུ་གྱུར་བའི་དུས་དྲན་ཉིན་མོ་ཡིན་པ་དང་བསྟུན། བོད་མི་དང་བོད་དོན་རྒྱབ་སྐྱོར་བས་༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་༸སྐུ་ཕྲེང་བཅིུག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་གནད་དོན་ཐེར་འདོན་གྱིས་རིན་པོ་ཆེ་མཆོག་འཕྲལ་མར་གློད་བཀྲོལ་དགོས་པའི་དགོས་འདུན་བཏོན་འདུགCECC ཞེས་ཨ་རིའི་འཛིན་སྐྱོང་དང་གྲོས་ཚོགས་ཀྱི་རྒྱ་ནག་ཐོག་གི་ཚོགས་ཆུང་གིས་ཁ་སང་འཕྲུལ་སྒྲ་ཐོག་རྒྱལ་སྤྱིའི་གར་སོང་ཆ་མེད་དུ་གྱུར་བའི་སྐྱེ་བོ་རྣམས་དྲན་གསོ་ཞུས་པ་དང་སྦྲགས། རྒྱ་ནག་གཞུང་གིས་༸པཎ་ཆེན་རིན་པོ་ཆེ་མཆོག་དགུང་ལོ་དྲུག་ལ་ཕེབས་སྐབས་ཡབ་ཡུམ་དང་ལྷན་གར་སོང་ཆ་མེད་དུ་བཏང་སྟེ་རིན་པོ་ཆེ་མཆོག་འཛམ་གླིང་ནང་བཙོན་པ་དུས་ཡུན་རིང་ཤོས་ལ་བཙོན་འཇུག་ཞུས་པ་ཞིག་ཆགས་ཀྱི་ཡོད་སྟབས། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་རིན་པོ་ཆེ་མཆོག་གིས་དབུས་པའི་སྐུ་འཁོར་རྣམས་སྐུ་འཚོ་བཞུགས་ཡིན་པའི་ཁུངས་འཕེལ་དང་། བོད་མི་རྣམས་དང་བཀའ་མོལ་གནང་བཅུག་དགོས་པའི་དགོས་འདུན་བཏོན་འདུག དེ་བཞིན་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་ Gao Zhisheng ལགས་ཀྱིས་གནད་དོན་དེ་ཐེར་འདོན་གྱིས་རྒྱལ་སྤྱིའི་ཚོགས་སྡེ་ཁག་ནས་ Gao Zhisheng ལ་མནར་གཅོད་དང་གར་སོང་ཆ་མེད་དུ་བཏང་མཁན་རྣམས་འགན་ཁུར་ལྡན་པ་ཞིག་བཟོ་རྒྱུའི་དུས་ལ་སླེབས་ཡོད་སྐོར་བཀོད་འདུགགཞན་ཡང་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་མེག་ལོཌ་ཁྲོམ་གཞུང་ལ་༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་དང་སྐུ་འཁོར་དང་བཅས་པ་གར་སོང་ཆ་མེད་དུ་གྱུར་ཏེ་ལོ་ངོ་ ༢༧ འགྲོ་བཞིན་པའི་སྐོར་མང་ཚོགས་ལ་གོ་རྟོགས་ཀྱི་ལས་འགུལ་སྤེལ་བར་མ་ཟད། རིན་པོ་ཆེའི་གནད་དོན་ལ་རྒྱལ་སྤྱིའི་ཡོངས་ནས་རྒྱབ་སྐྱོར་དང་ཐུགས་སྣང་གནང་དགོས་པ་དང་ཆབས་ཅིག་རྒྱ་ནག་སྤྱི་མཐུན་རྒྱལ་ཁབ་ནས་ཀྱང་རིན་པོ་ཆེ་མཆོག་འཕྲལ་མར་གློད་བཀྲོལ་དགོས་པའི་དགོས་འདུན་བཏོན་འདུགགཞི་རྩའི་འདས་པའི་དུས་ཡུན་ནས་རྒྱ་ནག་གིས་དམ་དྲག་དང་དྲག་གནོན་ཅན་གྱི་སྲིད་བྱུས་འོག་བོད་མི་གང་བྱུང་དུ་འཛིན་བཟུང་བཙན་ཁྲིད་ཀྱིས་རྡུང་རྡེག་མནར་གཅོད་བཏང་དང་གཏོང་མུས་ཡིན་པར་མ་ཟད། ལྷག་དོན་བོད་མི་མང་དག་ཅིག་བཙན་དབང་འོག་གར་སོང་ཆ་མེད་དུ་བཏང་ཡོད་པ་རེད།

མི་རིགས་དང་རིག་གཞུང་ལ་ཕུལ་བའི་ལེགས་སྐྱེས་ནི་ནམ་ཡང་འཇིག་ཏུ་མེད་པའི་རྡོ་རིང་བཞིན་ལྷང་ངེས་གནས་ཡོད་ཅེས་གསུངས་པ།

ཁ་ཉིན་ཚེས་ ༢༩ ཉིན་ད་ལྟ་དགུང་ལོ་ ༨༢ ལ་ཕེབས་པའི་བོད་ཀྱི་ལྷ་བྲིས་སྒྱུ་རྩལ་བ་ཆེན་མོ་དང་བོད་ལྗོངས་སློབ་ཆེན་གྱི་བཟོ་རིག་སློབ་དཔོན་ཆེན་མོ་བསྟན་པ་རབ་བརྟན་ལགས་བོད་ཀྱི་རྒྱལ་ས་ལྷ་སའི་རང་ཁྱིམ་དུ་སྐུ་གཤེགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པ་དང་། དེ་དོན་ཁ་སང་༸དཔལ་རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་གིས་དབུས་པའི་བོད་མི་རྣམས་ནས་ཁོང་ལ་མྱ་ངན་རྗེས་དྲན་ཞུ་བཞིན་འདུགཁ་སང་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཁག་གི་ཐོག་བོད་ཀྱི་རྒྱུ་རྩལ་བ་གྲགས་ཆེན་བརྒན་བསྟན་པ་རབ་བརྟན་ལགས་སྐུ་གཤེགས་པའི་གནས་ཚུལ་ཐོན་རྗེས་༸དཔལ་རྒྱལ་དབང་ཀརྨ་པ་ མཆོག་གིས་སྐུ་སྒེར་ངོ་དེབ་ཐོག་དམ་པ་ཁོང་གི་ཆེད་དུ་རྗེས་དྲན་གསུང་འཕྲིན་ཞིག་སྩལ་འདུག་པའི་ནང་དམ་པ་དེ་ཉིད་ལ་དམིགས་ཏེ་ཐུགས་སྨོན་མཛད་པ་དང་འབྲེལ། དགེན་བསྟན་པ་རབ་བརྟན་ལགས་དམ་པ་ཁོང་སྐུ་ཚེ་མ་ཟིན་པར་ཐུགས་ཕམ་དཔག་མེད་བྱུང་ཡོད་སྐོར་དང་། ཁོང་སྐུ་གཤེགས་པ་འདི་ནི་བོད་ཀྱི་རིག་གནས་སྤྱི་དང་བྱེ་བྲག་གཟོ་རིག་སྒྱུ་རྩལ་གྱི་གོད་ཆག་ཅིག་ཡིན་པར་གསུངས་འདུག འོན་ཏང་དགེན་དམ་པ་ཁོང་གིས་བསྐྱེད་བསྲིང་གནང་བའི་སློབ་ཚོགས་དུ་མས་གངས་ལྗོངས་མཐའ་དབུས་རྣམས་ནས་ཞུམ་པ་མེད་པའི་སྙིང་སྟོབས་བསྐྱེད་བཞིན་བཟོ་རིག་སྒྱུ་རྩལ་མི་ཉམས་སླར་གསོ་གནང་བཞིན་པ་དེ་ནི་དགེན་དམ་པ་ཁོང་གཟིམ་མལ་གྱི་ཐ་མར་བཞུགས་དུས་ཀྱང་ཐུགས་ཡིད་ཚིམས་ཤོས་སུ་གྱུར་ཡོད་ངེས་རེད་ཅེས་གསུངས་འདུག༸དཔལ་རྒྱལ་དབང་ཀརྨ་པ་ཆེ་མཆོག་གིས་ད་དུང་དགེན་དམ་པ་ཁོང་རེ་ཞིག་རང་རེ་རྣམས་དང་ཞལ་བྲལ་ཡང་ཁོང་གིས་མི་རིགས་དང་རིག་གཞུང་ལ་ཕུལ་བའི་ལེགས་སྐྱེས་ནི་ནམ་ཡང་འཇིག་ཏུ་མེད་པའི་རྡོ་རིང་བཞིན་ལྷང་ངེས་གནས་ཡོད་པ་དང་འབྲེལ། རིན་པོ་མཆོག་ཀྱང་བོད་ཀྱི་སྲོལ་རྒྱུན་སྒྱུ་རྩལ་དང་རིག་གནས་ལ་དུང་བ་ཡོད་མཁན་ཞིག་དང་། དགེན་ཁོང་གི་བརྩམས་ཆོས་རྣམས་ལ་དགའ་མོས་ཞུ་མཁན་ཞིག་ཡིན་པའི་ཆ་ནས་ད་རེས་དགེན་ཁོང་ཞི་བར་གཤེགས་པའི་དུས་འདིར་བླ་ན་མེད་པའི་གུས་འདུད་དང་སྨོན་འདུན་ཟབ་མོ་ཞུ་རྒྱུ་ཡིན་པར་མ་ཟད། ཤུལ་ལུས་ནང་མི་རྣམས་དང་སློབ་འབངས་རྣམས་ལའང་སྙིང་ཐག་པ་ནས་ཐུགས་གསོ་ཞུ་རྒྱུ་ཡིན་ཞེས་གསུངས་འདུག རྩ་བའི་སློབ་དཔོན་ཆེན་མོ་བསྟན་པ་རབ་བརྟན་ལགས་ནི་ཕྱི་ལོ་ ༡༩༤༡ ལོར་རི་མོའི་ཁྱིམ་རྒྱུད་ཤིག་ཏུ་སྐུ་འཁྲུངས་ཞིང་། ཁོང་ནི་བོད་ཀྱི་ཐང་བྲིས་སྒྱུ་རྩལ་ཐད་བྱས་རྗེས་བླ་ན་མེད་པ་འཇོག་མཁན་ཞིག་དང་། ཁོང་གི་ཡབ་དྲུང་གཏོགས་སྐལ་བཟང་ནོར་བུ་མཆོག་ནི་དེ་སྔ་བོད་ནང་དགའ་ལྡན་ཕོ་བྲང་སྲིད་གཞུང་གི་དངུལ་སྒོར་ཇུས་འགོད་པ་དང་བཟོ་རིག་སྒྱུ་རྩལ་བ་ཞིག་ཡིན་འདུག་ལ། དེ་བཞིན་ཁོང་གི་སྤོ་བོ་ཨེ་པ་ཚེ་རིང་རྒྱའུ་མཆོག་ནི་༸རྒྱལ་དབང་བཅུ་གསུམ་པ་ཆེན་པོའི་གམ་བཅར་རི་མོ་བའམ་རི་མོའི་དབུ་མཛད་ཆེན་མོའི་ཕྱག་ལས་གནང་མྱོང་ཡོད་པ་དང་། མདོར་ན་ཁྱིམ་རྒྱུད་ཅིག་གིས་བོད་ཀྱི་བཟོ་རིག་ཐད་མི་རབས་མང་པོར་བྱས་རྗེས་བཞག་གནང་ཡོད།

Latest news