Tibetan Royal Year of 2151 | Year of the Wood Dragon

རྒྱ་ནག་གིས་བོད་ནང་འཛམ་གླིང་གི་སྤྱི་གླིང་ཆེ་ཤོས་རྒྱག་རྒྱུའི་འཆར་གཞི་འདིང་བཞིན་པ།

Tibetan News Headlines

  • In conversation with 3 former bodyguards of the Dalai Lama

རེས་གཟའ་ཉི་མ། ༢༠༢༤།༠༦།༡༦

  • ༸གོང་ས་མཆོག་གི་༸སྐུའི་སྲུང་བྱའི་ཐོག་ཞབས་ཞུ་བསྒྲུབས་མྱོང་མཁན་སྐུ་སྲུང་ཟུར་པ་གསུམ་དང་གླེང་མོལ།

རྒྱ་ནག་གི་གཞུང་འབྲེལ་ Xinhua གསར་ཁང་གིས་ཕྱི་ཚེས་ ༢༢ ཉིན་སྤེལ་བའི་གནས་ཚུལ་ལྟར་ན།  རྒྱ་གཞུང་ངོས་ནས་སྥྱི་ལོ་ ༢༠༣༥ གོང་དུ་འཛམ་གླིང་གི་ National Park འམ་རྒྱལ་ཡོངས་སྤྱི་གླིང་ཆེ་ཤོས་དེ་རྒྱག་རྒྱུའི་འཆར་གཞི་འདིང་བཞིན་ཡོད་པ་དང་། དེའི་ཁོངས་ནས་ས་ཁྱོན་བརྒྱ་ཆ་ ༧༠ ཙམ་བོད་མཐོ་སྒང་དུ་ཆགས་ཀྱི་ཡོད་པ་རེད་འདུག

World Largest National Park

རྒྱ་ནག་གིས་སྤྱི་ལོ་ ༢༠༢༡ ལོར་རྒྱལ་ཡོངས་སྤྱི་གླིང་གི་ལས་གཞི་ཐེངས་དང་པོའི་ཁོངས་སུ་ས་ཁྱོན་སྤྱི་ལེ་གྲུ་བཞི་འབུམ་གཉིས་དང་ཁྲི་གསུམ་ཙམ་གྱི་མཐའ་ཚད་ལྡན་པའི་སྲུང་སྐྱོབ་ས་ཁུལ་ཁག་གཅིག་གཏན་འབེབས་བྱས་པའི་ཁོངས་སུ། གཙང་གསུམ་འབྱུང་ཁུངས་ Sanjiangyuan སྤྱི་གླིང་དང་། Giant Panda སྤྱི་གླིང་། Hainan Tropical Rainforest སྤྱི་གླིང་། དེ་བཞིན་ Wuyishan སྤྱི་གླིང་སོགས་ཚུད་ཀྱི་ཡོད་པ་འགྲེལ་བརྗོད་བྱས་ཀྱང་། དེའི་ནང་ནས་བོད་མཚོ་སྔོན་ཞིང་ཆེན་དུ་ཆགས་པའི་ Sanjiangyuan འམ་ཆུ་བོ་ཆེན་པོ་འབྲི་ཆུ་དང་རྨ་ཆུ། རྫ་ཆུ་གསུམ་མམ་གཙང་གསུམ་ཆུའི་འགོ་ཁུངས་ས་ཁུལ་གྱི་རྒྱལ་ཡོངས་སྤྱི་གླིང་འམ་སྲུང་སྐྱོབ་ས་ཁུལ་ཡོངས་སུ་རྫོགས་པ་དེ་ཉིད་བོད་མི་གནས་སྡོད་ས་ཁུལ་དུ་ཆགས་ཀྱི་ཡོད་པ་དང་། མ་ཟད་ Giant Panda སྤྱི་གླིང་གི་ས་ཁྱོན་གང་ལ་གང་ཙམ་གནའ་རབས་ནས་བོད་མི་འཚོ་གནས་བྱེད་སའི་ Sichuan དང་ Gansu ཞིང་ཆེན་ཁོངས་ཀྱི་ས་ཁུལ་ཆགས་ཡོད་པས། སྤྱི་གླིང་གི་ལས་གཞི་དེ་དག་གི་རྐྱེན་པས་དེ་སྔ་བོད་མི་ཞིང་འབྲོག་མང་པོ་འདོད་པ་མེད་བཞིན་དུ་ས་གནས་གཞན་དུ་གནས་སྤོས་བྱས་དགོས་བྱུང་བའི་གནས་ཚུལ་བྱུང་ཡོད་པ་རེད།

ཤིན་ཧུའ་གསར་ཁང་གིས་སྤེལ་བའི་གནས་ཚུལ་ནང་གསལ་ལྟར་ན། རྒྱ་གཞུང་གིས་སྥྱི་ལོ་ ༢༠༣༥ ལོ་བར་དུ་གྲུབ་འཆར་ཡོད་པའི་འཛམ་གླིང་གི་སྤྱི་གླིང་ཆེ་ཤོས་གསར་རྒྱག་གི་ལས་གཞི་དེའི་སླད་ས་ཁྱོན་སྤྱི་ལེ་གྲུ་བཞི་ས་ཡ་ ༡་༡ ཙམ་མངའ་འོག་ཏུ་བྱས་ཏེ་རྒྱ་ནག་གིས་ས་ཁུལ་ཁག་ ༤༩ འདེམས་སྒྲུག་བྱས་ཡོད་པ་དང་། དེ་འབྲེལ་འཆར་བཀོད་ཀྱི་ལས་གཞི་གཅིག་དེ་སྔ་སྥྱི་ལོ་ ༢༠༢༢ ལོར་མང་ཚོགས་ལ་གསལ་བསྒྲགས་བྱས་ཟིན་ཡོད་པ་རེད་འདུག

World Largest National Park

དོ་སྣང་བྱེད་འོས་པ་ཞིག་ལ་ལས་གཞི་དེའི་ཁོངས་བོད་མཐོ་སྒང་ཀྱི་ས་ཁུལ་སྡོམ་ ༡༣ ཚུད་ཀྱི་ཡོད་པ་དང་། དེའང་སྤྱི་ལེ་གྲུ་བཞི་འབུམ་བདུན་དང་ཁྲི་བདུན་ཙམ་གྱི་ས་ཁྱོན་ལྡན་པའི་ས་ཁུལ་དེ་དག་ནི་སྤྱི་གླིང་གྱི་ལས་གཞི་ཁྱོན་ཡོངས་ནས་བརྒྱ་ཆ་ ༧༠ བོད་ནང་གི་ས་ཁུལ་ཆགས་ཡོད་པ་མངོན་གསལ་བྱུང་འདུག

དེ་བཞིན་སྤྱི་གླིང་གསར་རྒྱག་གི་ལས་འཆར་དེའི་ཁོངས་ནས་ས་ཁུལ་གཅིག་བོད་རང་སྐྱོང་ལྗོངས་ཟེར་བའི་བྱང་ཕྱོགས་ནག་ཆུ་གྲོང་སྡེ་ནང་དུ་ཡོད་པའི་བྱང་ཐང་སྲུང་སྐྱོབ་ཁུལ་དེ་ཉིད་ཡིན་འདུག་པས། ཉེ་ཆར་ས་ཁུལ་དེ་ནས་བོད་མི་རུ་ཁག་གཅིག་བོད་རང་སྐྱོང་ལྗོངས་ཀྱི་ལྷོ་ཕྱོགས་སུ་གནས་སྤོས་བྱེད་དུ་བཅུག་ཡོད་པ་རྒྱ་གཞུང་གསར་ཁང་ནས་གནས་ཚུལ་ཐོན་ཡོད་པ་རེད།

རྩ་བའི་རྒྱ་གཞུང་གིས་འདས་པའི་ལོ་ཤས་མང་པོའི་རིང་ནས་མང་ཚོགས་ཀྱི་འཚོ་བ་ཡར་རྒྱས་དང་། ཁོར་ཡུག་སྲུང་སྐྱོབ་བཅས་ལ་ཁ་གཡར་ནས། བོད་མི་ཞིང་འབྲོག་མང་ཚོགས་རྣམས་ས་གནས་གཞན་དུ་གནས་སྤོས་ཀྱི་ལས་གཞི་སྤེལ་དང་སྤེལ་མུས་ཡིན་པ་དང་། རྒྱ་གཞུང་ངོས་ནས་ལས་གཞི་དེ་དག་ས་གནས་བོད་མིའི་འདོད་མོས་བཞིན་སྤེལ་ཀྱི་ཡོད་ཚུལ་བརྗོད་ཀྱི་ཡོད་ཀྱང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་ཉེ་ལམ་འདོན་སྤེལ་གནང་བའི་སྙན་ཐོའི་ནང་། རྒྱ་ནག་གཞུང་གིས་བོད་མི་ཞིང་འབྲོག་རྣམས་ལ་རྣམ་པ་འདྲ་མིན་གྱི་སྒོ་ནས་གནོན་ཤུགས་བསྟུད་མར་སྤྲད་དེ་བཙན་ཤེད་ཀྱིས་གཞིས་སྤོས་བཅུག་གི་ཡོད་པ་མངོན་གསལ་གནང་ཡོད་པ་རེད།

World Largest National Park

དེའང་ཕྱི་ལོ་ ༢༠༠༠ ལོ་ནས་ད་བར་ལས་གཞི་དེའི་འོག་བོད་མི་སྒེར་སོ་སོའི་ཁྱིམ་དུ་ཕྱིན་ནས་གཞིས་སྤོས་དགོས་པའི་ལྡིག་ར་སྐུལ་བ་དང་། གལ་ཏེ་དེ་ལྟར་མ་བྱས་ཚེ་ཁྱིམ་ཚང་གི་གཞི་རྩའི་ཐོབ་ཐང་འཕྲོག་རྒྱུ་མ་ཟད། མོས་མཐུན་མ་བྱེད་མཁན་ཚོར་དཀྲོག་གཏམ་ཁྱབ་སྤེལ་སོགས་ཀྱི་ཉེས་མིང་འདྲ་མིན་བཀལ་བ་སོགས་ཀྱི་བརྒྱུད་ད་བར་བོད་མི་ཞིང་འབྲོག་མང་ཚོགས་ཁྱོན་ ༩༣༠༠༠༠ ལྷག་གཞིས་སྤོས་ཟིན་པ་དང་། དེའི་ཁོངས་ནས་བརྒྱ་ཆ་ ༧༦ སྟེ་བོད་མི་འབུམ་བདུན་ལྷག་ཙམ་ཕྱི་ལོ་ ༢༠༡༦ རྗེས་གཞིས་སྤོས་བྱས་པ་ཞིག་ཆགས་ཡོད་པ་མ་ཟད། འབུམ་གཅིག་དང་ཕྱེད་ཀ་ཙམ་གྲོང་གསེབ་ཡོང་རྫོགས་གཞིས་སྤོས་ཀྱི་ཆ་ཤས་འོག་བཙན་ཤེད་ཀྱིས་གནས་སྤོས་བྱས་པ་ཞིག་དང་། འབུམ་ལྔ་དང་ཕྱེད་ཀ་ལྷག་ཙམ་སྒེར་གྱི་ཁྱིམ་ཚང་གཞིས་སྤོས་ཀྱི་ཆ་ཤས་ཡིན་པ་རེད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།