Tibetan Royal Year of 2151 | Year of the Wood Dragon

རྒྱལ་ས་ལྡི་ལིར་རྒྱ་གར་དབུས་གཞུང་གི་མཐུན་འགྱུར་འོག་ས་ག་ཟླ་བའི་དུས་ཆེན་སྲུང་བརྩི།

Tibetan News Headlines

  • In conversation with 3 former bodyguards of the Dalai Lama

རེས་གཟའ་ཉི་མ། ༢༠༢༤།༠༦།༡༦

  • ༸གོང་ས་མཆོག་གི་༸སྐུའི་སྲུང་བྱའི་ཐོག་ཞབས་ཞུ་བསྒྲུབས་མྱོང་མཁན་སྐུ་སྲུང་ཟུར་པ་གསུམ་དང་གླེང་མོལ།

ཁ་སང་ས་ག་ཟླ་བའི་ཚེས་པ་ ༡༥ ཉིན། རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྒྱ་གར་དབུས་གཞུང་གི་རིག་གཞུང་བློན་ཆེན་ལས་ཁུངས་ཀྱི་མཐུན་འགྱུར་འོག International Buddhist Confederation འམ་རྒྱལ་སྤྱིའི་ནང་པའི་མཐུན་ཚོགས་ཀྱི་ངོས་ནས་རྒྱ་གར་གྱི་རྒྱལ་ཡོངས་འགྲེམས་སྟོན་ཁང་ National Museum ནང་ས་ག་ཟླ་བའི་དུས་ཆེན་སྲུང་བརྩི་ཞུས་ཡོད་པ་རེད། 

India Commemorates Buddha Purnima

མཛད་སྒོ་དེའི་སྐུ་མགྲོན་གཙོ་བོར་ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་རིན་པོ་ཆེ་མཆོག་ཆེད་མངགས་གདན་ཞུས་གནང་འདུག་པ་དང་། མཛད་རིམ་གྱི་ཐོག་མར་ཀུན་བདེ་གླིང་རིན་པོ་ཆེ་མཆོག་དང་རྒྱལ་སྤྱིའི་ནང་པའི་མཐུན་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་ཤར་རྩེ་མཁན་ཟུར་བྱང་ཆུབ་ཆོས་ལྡན་རིན་པོ་ཆེ་བཅས་ཀྱི་དབུས་པའི་ཆོས་ལུགས་རིས་མེད་ཀྱི་སྐུ་ཚབ་ཁག་ནས་རྒྱལ་ཡོངས་འགྲེམས་སྟོན་ཁང་དུ་བཞུགས་པའི་སྟོན་པའི་རིང་བསྲེལ་སྐུ་མདུན་དུ་ཐུགས་སྨོན་དང་བཅས་ལྷན་ཚོགས་དེ་དབུ་འཛུགས་གནང་ཡོད།  

གཞི་རྩའི་རྒྱུན་ལྡན་ལྟར་ན་བོད་བརྒྱུད་ནང་པ་དང་།  ལྷོ་བྱང་རྒྱུད་ཀྱི་ནང་པ་བཅས་ཀྱིས་སྟོན་པའི་དུས་ཆེན་གསུམ་འཛོམས་ཀྱི་དུས་ཚིགས་ཉིན་གཅིག་རང་དུ་འཁེལ་གྱི་མེད་རུང་།  འདི་ལོའི་ལོ་ཐོའི་ནང་སྟོན་པ་སྐུ་བལྟམས་པ་དང་སངས་རྒྱས་པ།  སྐུ་མྱ་ངན་ལས་འདས་པ་བཅས་དུས་ཆེན་གསུམ་འཛོམས་ཀྱི་ཉིན་མོ་དེ་དུས་གཅིག་ཏུ་འཁེལ་ཡོད་སྟབས།  ཁ་སའི་མཛད་སྒོ་དེའི་ཐོག་ནང་པའི་ཆོས་ལུགས་རིས་མེད་ཀྱི་སྐུ་ཚབ་བཅས་མི་གྲངས་བརྒྱ་ཕྲག་འགའ་ཤས་འདུ་འཛོམས་བྱུང་འདུག་པ་དང་།   སྐུ་མགྲོན་གཙོ་བོ་ཀུན་བདེ་གླིང་རིན་པོ་མཆོག་གིས་སྐབས་དེར་དབྱིན་སྐད་ནང་བཀའ་སློབ་ལམ་སྟོན་གནང་ཡོད་པ་རེད།

India Commemorates Buddha Purnima

མཛད་སྒོའི་ཐོག་ད་དུང་རྒྱ་གར་གྱི་སྲིད་འཛིན་ Droupadi Murmu མཆོག་ནས་ཀྱང་དུས་ཆེན་དང་འབྲེལ་བརྙན་འཕྲིན་བརྒྱུད་བརྡ་ལན་ཞིག་གནང་ཡོད་པ་དེའི་ནང་།  ནང་པ་ཡོངས་ལ་མཚམས་འདྲི་དང་སྦྲགས།  སྟོན་པ་བཅོམ་ལྡན་འདས་ནི་སྙིང་རྗེའི་རང་གཟུགས་ཤིག་ཡིན་པ་དང་།  གང་ཉིད་ཀྱི་ལམ་སྟོན་མཛད་པའི་བདེན་པ་དང་།  འཚེ་བ་མེད་པ།  ཞི་བདེ་མཉམ་གནས་བཅས་ནི་དེང་གི་དུས་འགྲོ་བ་ཀུན་ལ་ཤིན་ཏུ་ནས་མཁོ་བའི་ཡོན་ཏན་ཞིག་ཡིན་སྟབས།  ང་ཚོས་ཚང་མས་སྟོན་པའི་འཕགས་ལམ་ཡན་ལག་བརྒྱད་ཀྱི་ལམ་སྟོན་ལྟར་མི་ཚེ་དོན་དང་ལྡན་པ་ཞིག་སྐྱེལ་ཐབས་སོགས་ཀྱི་སྐོར་གསུངས་འདུག

འདི་ག་རླུང་འཕྲིན་ཁང་ནས་རྒྱལ་སྤྱི་ནང་པའི་མཐུན་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་ཤར་རྩེ་མཁན་ཟུར་བྱང་ཆུབ་ཆོས་ལྡན་ལགས་སུ་བཅར་འདྲི་ཞུས་སྐབས།    ཁོང་ཚོའི་ཚོགས་པ་དེའི་ལས་འགན་གཙོ་བོ་དེ་ནི་རྒྱལ་སྤྱིའི་ནང་དུ་ནང་ཆོས་དང་འབྲེལ་བའི་ལས་འགུལ་སྤེལ་ཐབས་བྱེད་རྒྱུ་ཡིན་པ་དང་།   རྒྱ་གར་དབུས་གཞུང་གི་ངོས་ནས་ཀྱང་ས་ག་ཟླ་བའི་དུས་ཆེན་དེ་གལ་ཆེན་ཞིག་ཏུ་ངོས་འཛིན་ཞུའི་ཡོད་པ་སོགས་ཀྱི་འགྲེལ་བརྗོད་གནང་གི་འདུག

India Commemorates Buddha Purnima

རྩ་བའི་ས་ག་ཟླ་བའི་འབུམ་འགྱུར་དུས་ཆེན་དང་བསྟུན།   ལྡི་ལི་ཁུལ་དུ་ཡོད་པའི་བོད་མི་ཙམ་གྱི་མ་ཟད་ནང་པ་ཡོངས་ཀྱི་ཁ་སང་ཚེས་པ་ ༡༥ ཉིན་ཆོས་འབུལ་དང་།   ལྷག་པར་དུ་བོད་སྒར་བསམ་ཡས་གླིང་དང་ལ་དྭགས་རྡ་རམ་ས་ལའི་བོད་མི་ཚོས་གནམ་གཤིས་ཤིན་ཏུ་ནས་ཚ་བ་ཆེ་བའི་གོ་སྐབས་དང་བསྟུན།  གཞུང་ལམ་གྱི་འགྲུལ་པ་ཚོར་ཆུ་མངར་དང་ཟས་རིགས་སོགས་ཀྱི་སྦྱིན་གཏོང་ཙམ་གྱི་མ་ཟད།  སྲོག་བསླུ་ཚེ་ཐར་སོགས་ཀྱི་དགེ་སྦྱོར་གྱི་ལས་འགུལ་སྣ་ཚོགས་ཤིག་སྤེལ་ཡོད་པ་རེད།

དེ་བཞིན་ INC གསར་ཁང་གིས་འབྲེལ་ཡོད་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་ལ་ཧོལ་སྤི་ཏིའི་ Bauddh Sewa Sangh རྗེས་འབྲངས་དང་ཧིན་བོད་མཛའ་འབྲེལ་ཚོགས་པ་གཉིས་མཉམ་འདུས་ཀྱི་གོ་སྒྲིག་འོག་ཧི་མ་ཅཱལ་རྒྱལ་ས་ Shimla ཤིམ་ལཱ་ནང་དུ་རྟེན་གཞི་བྱས་པའི་རྡོ་རྗེ་བྲག་ནང་པའི་དགོན་པར་ས་ག་ཟླ་བའི་ཚེས་པ་ ༡༥ སྟེ། སངས་རྒྱས་འཁྲུངས་ནས་ལོ་ ༢༥༦༨ འཁོར་བའི་དུས་ཚིགས་ཁྱད་པར་ཅན་དེ་ཉིད་སྲུང་བརྩི་ཞུས་ཡོད་པ་དང་བསྟུན། ཧི་མ་ཅཱལ་མངའ་སྡེའི་སྲིད་སྐྱོང་ Shiv Pratap Shukla མཆོག་སྐུ་མགྲོན་གཙོ་བོར་གདན་ཞུས་ཀྱིས་ལྷན་ཞུགས་གནང་ཡོད་པ་རེད་འདུག

India Commemorates Buddha Purnima
Photo: Himachal State News

སྐབས་དེར་སྐུ་མགྲོན་གཙོ་བོ་མཆོག་གིས། སངས་རྒྱས་ཀྱི་སྐུ་ཚེའི་ལོ་རྒྱུས་དང་བསླབ་བྱ་དེ་དག་གིས། ནང་སེམས་ཀྱི་སློབ་སྦྱོང་དང་བཟང་སྤྱོད། དེ་བཞིན་ཤེས་རབ་འཚོལ་རྒྱུར་སྐུལ་མ་གནང་གི་ཡོད་ཅིང་། ལྷག་པར་སངས་རྒྱས་ཀྱིས་གསུངས་པའི་འཕགས་པའི་བདེན་པ་བཞི་དང་འཕགས་ལམ་ཡན་ལག་བརྒྱད་ཀྱིས། སྒེར་དང་སྤྱི་ཚོགས་འཆམ་མཐུན་ཐད་རམ་འདེགས་ཤུགས་ཆེ་དང་། མི་རྣམས་ནས་སྡུག་བསྔལ་གྱི་རྒྱུ་དང་འགོག་ལམ་ངོ་ཤེས་པའི་ཐོག་ནས་སྡུག་བསྔལ་གདོང་ལེན་བྱ་རྒྱུར་ཕན་ཐོགས་ཆེན་པོ་བྱུང་བཞིན་ཡོད་པ་དང་སྦྲགས། དེང་གི་དུས་སུ་སངས་རྒྱས་ཀྱི་བསླབ་བྱ་དེ་དག་གིས། བཟོད་སྒོམ་དང་བདག་གཞན་མཉམ་བརྗེ། དེ་བཞིན་ཕན་ཚུན་གུས་བཀུར་གྱི་བསམ་བློ་གོང་མཐོར་ལ་རམ་འདེགས་ཙམ་མ་ཟད། བྱམས་བརྩེ་དང་དྲན་པ་ཉེར་གཞག་ནི་མི་ཚེ་དོན་དང་ལྡན་པ་སྐྱེལ་རྒྱུའི་རྩ་བ་ཡིན་པས་ཚེ་འདིར་ཆགས་པ་སྐྱེ་ཡུལ་ཆ་ཚང་མི་རྟག་པ་ཡིན་པ་སོགས་དྲན་སྐུལ་གནང་གི་ཡོད་པ་གསུངས་འདུག

དེ་བཞིན་ཀི་ནོར་དང་སྤི་ཏི། ཧིན་བོད་མཛའ་འབྲེལ་ཚོགས་པ་བཅས་ཀྱིས་སངས་རྒྱས་ཀྱི་ཆོས་སོགས་མི་ཉམས་རྒྱུན་འཛིན་དང་དར་སྤེལ་ཐད་འགན་བཞེས་པར་བསྔགས་བརྗོད་ཀྱིས། ཁོང་རྣམ་པའི་ཕྱག་ལས་ལ་བརྟེན་ནས་ད་ཆ་མི་རབས་གསར་པ་ཚོར་ཞི་བདེ་དང་འཚེ་བ་མེད་པ་དེ་བཞིན་བྱམས་སྙིང་རྗེའི་ལྟ་གྲུབ་ཀྱིས་སེམས་འགུལ་ཐེབས་བཞིན་ཡོད་པ་གསུངས་འདུག་ལ། དེ་ལྟ་བུའི་དུས་ཚིགས་ཁྱད་པར་ཅན་དེས། བོད་དང་རྒྱ་གར་གཉིས་ཀྱི་མི་རྣམས་ཀྱི་དབར་མཐུན་ལམ་དང་རིག་གཞུང་བརྗེ་རེས་མུ་མཐུད་བྱུང་བཞིན་ཡོད་པས། རྒྱལ་ཁབ་ཕན་ཚུན་དབར་གྱི་རིག་གནས་བརྗེ་ལེན་སྒོ་ནས་འབྲེལ་བ་དམ་ཟབ་ཏུ་གཏང་དགོས་ཤིང་། དེས་ང་ཚོའི་དབར་བསམ་ཤེས་དང་ཆིག་སྒྲིལ་གྱི་ནུས་པ་ཤུགས་ཆེ་རུ་བཏང་གི་ཡོད་པ་གསུངས་འདུག མ་ཟད་མང་ཚོགས་ལ་སངས་རྒྱས་ཀྱི་ཆོས་རྣམས་རང་ཉིད་ཀྱི་ཉིན་རེའི་འཚོ་བའི་ཁྲོད་ཉམས་ལེན་གྱིས། འཛམ་གླིང་ནང་ཞི་བདེ་དང་བྱམས་བརྩེ་གོང་འཕེལ་གཏོང་དགོས་པའི་སྐུལ་མ་གནང་འདུག

India Commemorates Buddha Purnima
Photo: Himachal State News

ཐེངས་འདིའི་མཛད་སྒོའི་ཐོག་༸སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེའི་ཡང་སྲིད་མཆོག་དང་། ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་གཙོས་པའི་གནད་ཡོད་མི་སྣ་ཁག་གཅིག། དེ་བཞིན་ Buddhist Seva Sangh གི་ཚོགས་མི་རྣམས་ལྷན་ཞུགས་ཀྱིས། ཧི་མ་ཅཱལ་མཐོ་སློབ་ཁག་དང་བོད་པའི་སློབ་ཕྲུག་རྣམས་ཀྱིས་རིག་གཞུང་འཁྲབ་སྟོན་གཟིགས་འབུལ་ཞུས་ཡོད་པ་དང་སྦྲགས། ཧི་མ་ཅཱལ་སྲིད་སྐྱོང་མཆོག་གིས་ Dr. Shravan Kumar དང་གྲྭ་ཤེས་སྒྲུབ་དབང་རྒྱལ་བཅས་རྒྱ་གར་དང་བོད་པའི་འཐུས་མི་གཉིས་ལ་ཕྱི་ལོ་ ༢༠༢༤ ལོའི་ Bharat Tibet Maitri Samman ཞེས་པའི་གཟེངས་རྟགས་ཕུལ་ཡོད་པ་རེད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།