Tibetan Royal Year of 2151 | Year of the Wood Dragon

གསར་འགྱུར།

གསོ་བཅུད་ཁང་དང་འགོག་དབྱེ་ཟུར་འཇོག་ཁང་སོགས་ཕྱིར་བསྡུ།

བོད་མིའི་སྒྲིག་འཛུགས་ཀྱི་ཏོག་དབྱིབས་ ༡༩ ལས་དོན་ཚོགས་ཆུང་གི་གསར་འགོད་གསལ་བསྒྲགས་ཐེངས་ ༡༠༠ པའི་ཐོག་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་ཀྱིས་རྒྱལ་སྤྱི་དང་གནས་ཡུལ་རྒྱ་གར་བཅས་ལ་ནད་དུག་གི་གནས་སྟངས་བཟང་དུ་ཕྱིན་པར་བརྟེན་ཏོག་དབྱིབས་གཉན་རིམས་དང་འབྲེལ་བའི་ལམ་སྟོན་ཁག་ལ་བསྒྱུར་བཅོས་བཏང་ཡོད་པ་ལྟར། བོད་མིའི་སྒྲིག་འཛུགས་ཀྱིས་བཞུགས་སྒར་དྷརྨ་སཱ་ལཱར་ཆེད་འཛུགས་གནང་བའི་འགོག་དབྱེ་ཟུར་འཇོག་ཁང་དང་གསོ་བཅུད་ཁང་ཕྱིར་བསྡུ་གནང་རྒྱུ་དང་། ཕྱི་ནས་ཕེབས་པའི་འགྲུལ་པ་རྣམས་སྔར་གྱི་ལམ་སྟོན་ལྟར་ནད་དུག་བརྟག་དཔྱད་གནང་བའི་ཕྱག་འཁྱེར་སོགས་དགོས་ཀྱི་མེད་སྐོར་གསུངས་སོང་།དེ་སྔ་སྒྲིག་འཛུགས་ཀྱིས་ས་གནས་ཁག་གི་སྨན་ཁང་ཆེ་འབྲིང་ཆུང་གསུམ་ལ་ཆེད་འཛུགས་གནང་བའི་གསོ་བཅུད་ཁང་ཕྱིར་བསྡུ་གནང་སྟེ། ས་གནས་ཀྱི་གནས་སྟངས་ལ་གཞིགས་ཏེ་ས་གནས་སོ་སོར་འགོག་དབྱེ་ཟུར་འཇོག་ཁང་དང་གསོ་བཅུད་ཁང་སོགས་དགོས་མིན་ཐོག་ས་གནས་ཀྱི་ཛ་དྲག་ལས་དོན་ཚོགས་ཆུང་ནས་གཟིགས་ཞིབ་དགོས་ཀྱང་། སྔོན་ཁབ་མ་རག་པ་དང་ལོ་ན་རྒན་པ་རྣམས་ལ་ས་གནས་སོ་སོའི་སྨན་ཁང་ནས་གཟིགས་རྟོག་གནང་དགོས་པ་གསུངས་ཡོད། ད་བར་ཏོག་དབྱིབས་ནད་དུག་གི་ནད་རླབས་གསུམ་པའི་ཁྲོད་བོད་མི་ཉིས་སྟོང་ལྷག་ལ་ནད་གཞི་དེ་ཕོག་ཡོད་པ་དང་། བོད་མི་ལྔ་ཙམ་འདས་གྲོངས་སུ་ཕྱིན་ཡོད་ཀྱང་རྐྱེན་འདས་སུ་གྱུར་བའི་མི་སྣ་མང་ཆེ་བ་ལོ་ན་རྒན་པ་དང་བླ་གཉན་གྱི་ན་ཚ་ཡོད་པ་ཆགས་ཀྱི་ཡོད་པ་དང་། ད་ལྟའི་ཆར་རྒྱ་བལ་གཉིས་སུ་ནད་དུག་ཕོག་མཁན་བོད་མི་བདུན་ཅུ་ཙམ་ལས་མེད་སྐོར་གསུངས་ཡོད།གསར་འགོད་གསལ་བསྒྲགས་ཐོག་བདེ་ལེགས་སྨན་ཁང་གི་སྨན་པ་བསྟན་འཛིན་རྣམ་སྒྲོལ་ལགས་ཀྱིས་ཏོག་དབྱིབས་ཕོག་ནས་དྲག་སྐྱེད་བྱུང་བའི་རྗེས་སུའང་ནད་རྟགས་གང་ཡོད་མེད་སོགས་ངོ་སྤྲོད་གནང་སྐབས་ནད་པ་ཁག་ཅིག་ལ་ཟླ་བ་གཅིག་ལྷག་གི་རིང་ལ་མུ་མཐུད་ནད་རྟགས་མངོན་གྱི་ཡོད་པ་ནི་ Long Covid འམ་ Post Covid symptom ཞེས་བརྗོད་ཀྱི་ཡོད་པ་དང་དེའི་སྐབས་སུ་ལུས་ཐང་ཆད་པ་དང་དབུགས་རྔུབ་ལེན་དཀའ་བ་སོགས་ཀྱི་ངལ་ཆེས་ཆེར་འཕྲད་ཀྱི་ཡོད་སྟབས་དེར་སྣང་མེད་དུ་མ་འཇོག་པར་སྨན་པ་བསྟེམ་གལ་ཡིན་པ་གསུངས་ཡོད།

༸གོང་ས་མཆོག་གིས་དྲ་ལམ་ཐོག་ནས་ Enes Kanter ལགས་ལ་མཇལ་ཁ་སྩལ་བ།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དྲ་རྒྱ་བརྒྱུད་ནས་བོད་དོན་རྒྱབ་སྐྱོར་བ་ཨ་རིའི་སིལ་སྤོལ་རྩེད་མཁན་གྲགས་ཅན་སྐུ་ཞབས་ Enes Kanter Freedom ལགས་ལ་མཇལ་ཁ་སྩལ་འདུག ཁ་སང་ཟླ་ ༢ ཚེས་ ༢༣ རེས་གཟའ་ལྷག་པའི་ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དྲ་ལམ་ཐོག་ནས་སྐུ་ཞབས་ Enes Kanter ལགས་སུ་དམིགས་བསལ་མཇལ་ཁ་སྩལ་བའི་སྐུ་པར་དྲ་ལམ་ཁག་ཏུ་ཐོན་པ་ལས་ད་ལྟའི་ཆར་ཞིབ་ཕྲའི་གནས་ཚུལ་ཐོན་མི་འདུག་ཀྱང་། ཁོང་གི་ངོ་དེབ་ཐོག་མཇལ་མོལ་སྐབས་ཀྱི་སྐུ་པར་བཞག་ནས་༸རྒྱལ་བ་རིན་པོ་ཆེའི་གྲོགས་འདྲིས་དང་རྒྱབ་སྐྱོར་ལ་ཐུགས་རྗེ་ཆེ་ཞུས་པ་དང་ཆབས་ཅིག འཛམ་གླིང་འདི་འགྲོ་བ་མི་ཀུན་ལ་བདག་པ་ལས་དབུ་ཁྲིད་ཚོར་བདག་གི་མེད་པ་ཅེས་བཀོད་འདུག གཞི་རྩའི་ Enes Kanter ལགས་བོད་དང་ཡུ་གུར་གྱི་གནད་དོན་དང་འབྲེལ་རྒྱ་ནག་གཞུང་ལ་འཛེམ་ཟོན་མེད་པར་སྐྱོན་བརྗོད་གནང་མཁན་ཞིག་ཆགས་ཀྱི་ཡོད་པ་རེད། ལྷག་པར་དུ་ཁོང་གིས་བོད་དོན་དང་འབྲེལ་དེ་སྔ་སྤྱི་ཚོགས་དྲ་ལམ་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་ཡོད་པའི་སྟོད་ཐུང་གྱོན་ཏེ་བོད་ནང་རྒྱ་གཞུང་གིས་བོད་ཕྲུག་ཚོ་སློབ་གྲྭར་བོད་ཡིག་སློབ་གཉེར་གནང་རྒྱུར་བཀག་སྡོམ་དང་བོད་མི་རྣམས་རང་དབང་སྒོ་ནས་འགྲུལ་བཞུད་མི་ཆོག་པ། དེ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་པར་ཉར་ཚགས་གནང་བ་ཙམ་གྱིས་འཛིན་བཟུང་བྱེད་བཞིན་ཡོད་སྟབས་རྒྱ་ནག་གིས་བོད་མིའི་ངོ་བོ་རྩ་མེད་བཟོ་ཐབས་བྱས་པ་དེ་ནི་ངོ་ཚ་ཁྲེལ་མེད་ཀྱི་བྱ་སྤྱོད་ཅིག་ཡིན་པར་སྐྱོན་བརྗོད་དང་བོད་ལ་རང་དབང་དགོས།  བོད་དེ་བོད་མིར་བདག་གི་ཡོད། ཞི་ཅིན་ཕིང་ལ་བརྡ་ལན་ནན་པོ་གནང་ཡོད། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཀྱང་ཁོང་ནས་བོད་དང་བོད་མིའི་འཐབ་རྩོད་ལ་རྒྱབ་སྐྱོར་ཤུགས་ཆེ་གམང་བར་ཐུགས་རྗེ་ཆེ་ཞུའི་ཕྱག་བྲིས་ཕུལ་ཡོད།   ཁོང་གིས་ Nike ཚོང་ལས་ཁང་ནས་རྒྱ་ནག་དང་ལག་སྦྲེལ་བྱས་པར་སྐྱོན་བརྗོད་ཤུགས་ཆེར་གནང་བ་མ་ཟད། རྩེད་འགྲན་པ་ཚོས་སྐབས་རེ་དངུལ་ཁོ་ནར་མ་དགོངས་པར་རང་ཉིད་ནས་ལངས་ཕྱོགས་ངེས་ཅན་ཞིག་བཟུང་གལ་ཡིན་སྐོར་གསུངས་ཡོད།  Enes Kanter ལགས་ཀྱིས་དྲག་གནོན་དང་མནར་གཅོད་འོག་དཀའ་སྡུག་མྱོང་བཞིན་པའི་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་སོགས་གླེང་སློང་གནང་རྐྱེན་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་ལ་གུས་བརྩི་གནང་མཁན་ཚོས་ཁོང་ལ་དགའ་མོས་ཞེ་དྲག་གནང་གི་ཡོད་པ་རེད། ཉེ་ལམ་ནོར་ཝེ་གྲོས་ཚོགས་འཐུས་མི་ཞིག་གིས་སྐུ་ཞབས་  Kanter ལགས་ཕྱི་ལོ་ ༢༠༢༢ ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཀྱི་འོས་དམིགས་ཁོངས་སུ་མཚན་འདོན་གནང་ཡོད་ལ། ཁ་སྔོན་ Geneva Summit for Human Rights and Democracy ཞེས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་ ༢༥ ལས་གྲུབ་པའི་ལྷན་ཚོགས་ཀྱིས་ཨ་རིའི་སིལ་སྤོལ་རྩེད་འགྲན་པ་གྲགས་ཅན་སྐུ་ཞབས་ Enes Kanter Freedom ལགས་སུ་ཕྱི་ལོ་ ༢༠༢༢ ལོའི་སྙིང་སྟོབས་ (Courage Award) གཟེངས་ཤིག་གནང་གཏན་ཁེལ་བ་བྱུང་ཡོད། རྩ་བའི་ཉེ་སྔོན་དྷརྨ་སཱ་ལཱར་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་ཆེས་ཆེར་སོང་རྐྱེན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་དྲ་ལམ་བརྒྱུད་བསྐྱང་རྒྱུའི་མཛད་འཆར་ཁག་རེ་ཞིག་འཕར་འགྱངས་གནང་ཡོད་པ་དང་། ཁ་སང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་དྲ་རྒྱ་བརྒྱུད་ Enes Kanter ལགས་དང་མཇལ་མོལ་མཛད་པ་དེ་སྤྱི་ཚོགས་དྲ་ལམ་བརྒྱུད་ཡོངས་གྲགས་གནང་བ་ཐོག་མའི་གྲས་ཤིག་ཆགས་ཀྱི་ཡོད་པ་རེད།  

ཁམས་བྲག་མགོ་ཁུལ་དུ་སླར་ཡང་གུ་རུའི་སྐུ་བརྙན་ཐོག་བརྩེགས་གསུམ་ཅན་ཞིག་གཏོར་བཤིག

སྔར་ལོར་ཁམས་བྲག་མགོ་རྫོང་དུ་རྒྱ་ནག་གིས་རྫོང་དཔོན་གསར་བ་རྒྱ་རིགས་ཝང་ཏུང་ཧྲིན་ཟེར་བ་བསྐོ་བཞག་བྱས་པ་ནས་བཟུང་། ཁམས་བྲག་མགོ་ཁུལ་དུ་སྟོན་པའི་སྐུ་བརྙན་ཕི་ཀྲི་༩༩་ཅན་དང་མ་ཎི་དུང་འཁོར། དེ་བཞིན་རྗེ་བཙུན་བྱམས་མགོན་གྱི་སྐུ་བརྙན་སོགས་གཏོར་བཤིག་བཏང་ཡོད་པ་མ་ཟད། ད་ཆ་སླར་ཡང་ཁམས་བྲག་མགོ་ཁུལ་གྱི་སྔ་འགྱུར་རྙིང་མའི་ཆ་ནང་དགོན་དུ་ཡང་གུ་རུའི་སྐུ་བརྙན་ཐོག་བརྩེགས་གསུམ་ཅན་ཞིག་གཏོར་བཤིག་བཏང་འདུགདེ་ཡང་དེ་རིང་བཙན་བྱོལ་དུ་ཡོད་པའིི་ཁམས་བྲག་མགོ་ཁུལ་གྱི་དགེ་འདུན་པ་ཞིག་གིས་འདི་གའི་གསར་ཁང་ལ་ཁ་པར་བརྒྱུད་ནས་གནས་ཚུལ་མཁོ་སྤྲོད་གནང་བའི་ནང་དུ།  རྒྱ་ནག་གིས་སྔར་ལོ་སྟོན་པའི་སྐུ་བརྙན་གཏོར་བཤིག་གཏོང་འགོ་ཚུགས་པ་ནས་ཁམས་བྲག་མགོ་རྫོང་ནས་རྟའུ་རྫོང་གི་ལམ་བར་དུ་སྤྱི་ལེ་ཉི་ཤུ་ཙམ་གྱི་ས་མཚམས་སུ་ཁེལ་བའི་ཆ་ནང་དགོན་གྱི་གུ་རུ་རིན་པོ་ཆེ་ཡི་སྐུ་བརྙན་དེ་ཡང་གཏོར་བཤིག་གཏོང་རྩིས་བྱས་ཡོད་ཀྱང་། སྐབས་དེར་འབྲེལ་ཡོད་ཀྱི་བླ་མ་ཞིག་གི་རྒྱབ་རྟེན་གྱི་ཡིག་ཆ་ཞིག་གི་རྐྱེན་གྱིས་གནས་སྐབས་སུ་གཏོར་བཤིག་བཏང་མེད་ཀྱང་། ད་ཆ་ཡིག་ཆ་དེར་ལྟོས་མེད་ཀྱིས་རྩ་གཏོར་བཏང་ཡོད་པ་ཞིག་ཡིན་པར་ངོ་སྤྲོད་གནང་ཡོད།གཞན་ཡང་ཁོང་གིས། ཉེ་སྔོན་རྒྱ་ནག་གིས་ཁམས་བྲག་མགོ་དགའ་ལྡན་རབ་བརྟན་རྣམ་རྒྱལ་གླིང་དགོན་དུ་སྨིད་༩༩་ཅན་གྱི་སྟོན་པའི་སྐུ་བརྙན་གཏོར་བཤིག་གཏོང་སྐབས་སྐུ་བརྙན་དེ་དགོན་པའི་ལྕགས་རིའི་ཕྱི་ལོགས་སུ་ཡོད་སྟབས་གཏོར་བཤིག་གཏོང་དགོས་བར་བརྗོད་ནས་བཙན་ཤེད་ཀྱིས་གཏོར་བཤིག་བཏང་ཡོད་ཀྱང་། ཐེངས་འདིའི་གུ་རུ་རིན་པོ་ཆེ་ཡི་སྐུ་བརྙན་དེ་ཆ་ནང་དགོན་གྱི་ལྕགས་རིའི་ནང་ལོགས་ཙམ་དུ་མ་ཟད། དགོན་པའི་དབུས་སུ་ཆགས་ཡོད་པ་ཞིག་ཡིན་ཡང་གཏོར་བཤིག་བཏང་ཡོད་པར་འགྲེལ་བརྗོད་ཀྱིས། རྒྱ་ནག་གིས་རྒྱུ་མཚན་ཅི་ཞིག་ལ་བསྙད་ནས་གཏོར་བཤིག་གཏོང་གི་ཡོད་མིན་ལ་མ་ལྟོས་པར། གཙོ་བོ་བོད་མི་གཞོན་སྐྱེས་རྣམས་ཀྱི་སྣང་ངོར་ཆོས་ལུགས་ཀྱི་དད་རྟེན་རྣམས་གཙང་བཟོ་བྱས་ཏེ་བོད་ཀྱི་བྱིས་པ་རྣམས་ཀྱི་བློ་ངོར་ཆོས་ལུགས་ཀྱི་ཤུགས་རྐྱེན་གཙང་བཟོ་བྱེད་བཞིན་པ་ཞིག་ཡིན་པར་མངོན་གསལ་གྱིས། སྐུ་བརྙན་གྱི་རིགས་ཙམ་དུ་མ་ཟད། བྲག་མགོ་ཁུལ་དུ། མ་ཎི་དར་ལྕོག་དང་རྡོ་རྐོས། དེ་བཞིན་མ་ཎི་རྡེའུ་འབུམ་དང་ཚ་ཁང་སོགས་ཡོངས་སུ་གཏོར་བཤིག་བཏང་ནས་མེ་ལ་སྲེག་པ་དང་ཆུ་ལ་གཡུག་པ་སོགས་བྱེད་ཀྱི་ཡོད་པར་གསུངས་སོང་།ཁོང་གིས་མི་མཐུད་དུ་གསུངས་དོན། ད་ཆ་རྒྱ་ནག་གིས་ཁམས་བྲག་མགོ་ཁུལ་དུ་སླར་ཡང་རིག་གནས་གསར་བརྗེ་ཆེན་མོ་བསྐྱར་སློག་བྱས་པ་ལྟ་བུའི་དམ་དྲག་བྱེད་བཞིན་པ་ཡོངས་གྲགས་ཀྱིས། རྒྱ་ནག་གིས་དགོན་པ་གྲྭ་ཚང་ཁག་གི་སྐུ་བརྙན་གྱི་ཁག་རྩ་གཏོར་གཏོང་གི་ཡོད་པ་དེ་དངོས་ཡོད་གནས་ཚུལ་ལ་གཞིར་བཞག་གིས་ཁྲིམས་འགལ་གྱི་གནས་བབ་ཅིག་གི་འོག་ནས་གཏོར་བཤིག་གཏོང་གི་ཡོད་ཚེ། དེ་དག་པར་ལེན་པ་དང་བརྙན་ལེན་པ་སོགས་ཀྱིས་འཛམ་གླིང་ལ་ཡོངས་གྲགས་བྱས་པའི་ཐོག་ནས་གཏོར་བཤིག་གཏོང་དགོས་བ་ཞིག་ཆགས་ཡོད་ཀྱང་། དོན་དངོས་དེ་ལྟར་མིན་པར། ལྐོག་ལྐོག་སིལ་སིལ་བྱས་ནས་གཏོར་གྱི་ཡོད་མ་ཟད། དེར་འབྲེལ་གྱི་པར་དང་བརྙན་ལེན་པ་སོགས་ཁྲིམས་འགལ་ཡིན་ལུགས་ཀྱིས་མང་ཚོགས་ལ་དམ་དྲག་ཤུགས་ཆེར་བྱེད་བཞིན་པ་དེ་ནི་ཕྱིན་ཅི་ལོག་པའི་བྱ་སྤྱོད་ཁོ་ན་ཞིག་ཆགས་ཡོད་པར་གསུངས་སོང་།མཐའ་མར་ཁོང་གིས། སྔོན་ཆད་བོད་ཕྱི་ནང་གི་བར་དུ་དམ་དྲག་ཇི་ལྟར་ཡོད་མེད་ལ་ལྟོས་མེད་ཀྱིས། ཁམས་བྲག་མགོ་ཁུལ་གྱི་བོད་མི་རྣམས་ཀྱིས་སྐད་འཕྲིན་གྱི་རྒྱབ་ལོགས་སུ་སྐྱབས་མགོན་རིན་པོ་ཆེ་ཡི་སྐུ་པར་དང་། དེ་བཞིན་ས་གནས་ཀྱི་དགོན་པ་གྲྭ་ཚང་ཁག་གི་འདུ་ཁང་དང་མཆོད་ཁང་སོགས་ཀྱི་པར་རིགས་སྤེལ་བཞིན་པ་ཡོད་ཀྱང་། ད་ཆ་དེ་དག་ཕར་ཞོག  ཕྱི་ལོགས་སྐད་ཆ་བཤད་རྒྱུར་འཛེམ་ཟོན་ཆེན་པོ་གནང་གི་ཡོད་པར་གསུངས་སོང་། དེ་ཙམ་དུ་མ་ཟད། རྒྱ་ནག་གིས་བོད་ཁུལ་དུ་དཔལ་འབྱོར་ཡར་རྒྱས་གཏོང་གི་ཡོད་པའི་དྲིལ་བསྒྲགས་ཤུགས་ཆེར་བྱེད་བཞིན་ཡོད་ཀྱང་། གཙོ་བོ་ས་གནས་བོད་མི་རྣམས་ལ་ཁག་དཀྲི་འདྲ་མིན་བྱས་ནས་རྒྱ་སྒོར་ཁྲི་ཉིས་བརྒྱ་སུམ་བརྒྱའི་ཆད་པ་བཅད་རྗེས། གྲོང་གསེབ་ཁག་ལ་ཕྱིན་ཏེ་མ་དངུལ་སྒོར་ཁྲི་བཅུ་ཙམ་གྱི་འགྲོ་གྲོན་བཏང་སྟེ་ཁྱབ་བསྒྲགས་བྱེད་བཞིན་པ་ཞིག་ཡིན་པ་ནི་བྲག་མགོ་རྫོང་ཐོག་གི་བོད་མིའི་ཁྱིམ་ཚང་གི་དཔལ་འབྱོར་བཟང་བའི་རིགས་ཤིག་ལ་ཉེས་ཆད་བཅད་པ་ལས་ཤེས་ཐུབ་པ་ཞིག་ཡིན་པར་གསུངས་སོང་། གཞི་རྩའི་སྔར་ལོ་རྒྱ་ནག་གིས་ཁམས་བྲག་མགོ་དགོན་དུ་སྐུ་བརྙན་དང་མ་ཎི་དུང་འཁོར་སོགས་གཏོར་བཅོམ་གཏོང་འགོ་ཚུགས་པ་ནས་བཟུང་། དེར་འབྲེལ་གྱི་དགོན་པའི་ལས་ཀྱི་སྣེ་མོ་རྣམས་ཀྱི་གཙོ་བྱས་པའི་མང་ཚོགས་ཁྲོད་གནས་ཚུལ་ཕྱིར་བསྒྲགས་བྱས་པ་སོགས་ལ་ཁ་གཡར་གྱིས་མ་མཐའ་ཡང་བོད་མི་བཅུ་ཙམ་འཛིན་བཟུང་བྱས་ཏེ་གཅར་རྡུང་རིམ་པ་བཏང་ཡོད་པ་མ་ཟད། ད་དུང་ཡང་ས་གནས་ཀྱི་ཡུལ་མི་རྣམས་ཀྱི་ཁ་པར་ལ་སྔོག་བཤེར་སོགས་ཀྱི་མཚོན་པའི་དྲག་གནོན་སྲིད་བྱུས་སྔར་ལྷག་ལག་བསྟར་བྱེད་བཞིན་པ་ཡོད་པ་རེད།  

བོད་ཀྱི་རིག་ཞུང་རྩ་མེད་བཟོ་རྒྱུའི་བྱེད་སྟངས་དེ་ནི་འཇིགས་སྐུལ་བའི་རྗེས་སུ་འབྲང་པ་ཞིག་རེད།

རྒྱ་གར་གྱི་འཐབ་བྱུས་ཆེད་མཁས་པ་སྐུ་ཞབས་ Brahma Chellaney ལགས་ཀྱིས་དཔྱད་བརྗོད་ཅིག་སྤེལ་བར་རྒྱ་ནག་གིས་ཁམས་བྲག་མགོའི་ཁུལ་དུ་དུས་རབས་དྲུག་པའི་ནང་བཞེངས་པའི་སྟོན་པ་དང་རྒྱལ་བ་བྱམས་པའི་སྐུ་བརྙན་ཆེན་པོ་གཉིས་གཏོར་བཤིག་བཏང་བའི་བྱེད་སྟངས་དེ་ནི་དེ་སྔ་ Afghanistan ཁུལ་དུ་ Taliban ཡི་འཇིགས་སྐུལ་བ་ཚོས་སྟོན་པ་ཤཱཀྱ་ཐུབ་པའི་སྐུ་བརྙན་གཙོ་གྱུར་ཆོས་ཕྱོགས་ཀྱི་གནའ་རྫས་མང་དག་ཅིག་གཏོར་བཅོམ་བཏང་བའི་བྱ་སྤྱོད་ངན་པའི་རྗེས་སུ་འབྲང་པ་ཞིག་རེད་ཅེས་གསུངས་འདུག རྒྱ་གར་ ANI གསར་འགྱུར་བརྒྱུད་ལམ་དུ་འདོན་སྤེལ་གནང་བའི་དཔྱད་བརྗོད་ནང་། སྐུ་ཞབས་ Brahma Chellaney ལགས་ཀྱིས་རྒྱ་ནག་གཞུང་གིས་ཐབས་བྱུས་ཡོད་དགུ་རྩལ་སྤྲུག་ཐོག་ནས་བོད་མིའི་རང་དབང་དང་ཐོབ་ཐང་ཁག་ལ་དྲག་གནོན་བྱས་པ་མ་ཟད་བོད་ཁུལ་གྱི་སློབ་གྲྭ་ཁག་ཏུ་རྒྱ་སྐད་དང་རྒྱ་ཡིག་སློབ་ཁྲིད་བྱས་ནས་བོད་མིའི་ཐོུང་མ་ཡིན་པའི་རིག་གཞུང་རྣམས་རྩ་མེད་བཟོ་རྒྱུའི་སྲིད་བྱུས་ལག་བསྟར་བྱེད་བཞིན་ཡོད་པའི་གནས་ཚུལ་ལུང་འདྲེན་དང་སྦྲགས། རྒྱ་ནག་གཞུང་གིས་ཁམས་བྲག་མགོ་དགའ་ལྡན་རབ་བརྟན་རྣམ་རྒྱལ་གླིང་དགོན་དུ་ཕི་ཊི་ ༩༩ ཅན་གྱི་སྟོན་པའི་སྐུ་འདྲ་དང་རྒྱལ་བ་བྱམས་པའི་སྐུ་འདྲ་གཏོར་བཤིག་བཏང་བ་དེ་ནི་དེ་སྔ་ཕྱི་ལོ་ ༢༠༠༡ ཕྱི་ཟླ་ ༣ ནང་ Afghanistan གྱི་ Bamiyan ཁུལ་དུ་འཇིགས་སྐུལ་བ་དྲག་སྤྱོད་པས་སྟོན་པའི་སྐུ་འདྲ་གྲགས་ཅན་ཞིག་གཏོར་བཤིག་བཏང་བའི་བྱ་སྤྱོད་དང་གཅིག་མཚུངས་ཡིན་པར་འགྲེལ་བརྗོད་དང་འབྲེལ། ཨཕ་གྷ་ནིསྟན་ནང་སྟོན་པའི་སྐུ་འདྲ་གཏོར་བཤིག་བཏང་བའི་གནས་ཚུལ་ཐོན་སྐབས་འཛམ་གླིང་རྒྱལ་ཁབ་ཚང་མ་ཧང་སང་དགོས་པའི་གནད་དོན་ཞིག་ཏུ་གྱུར་བ་ལྟར་རྒྱ་ནག་གཞུང་གིས་ད་ཆ་འཇིགས་སྐུལ་བའི་རྗེས་སུ་འབྲང་ནས་བྱ་ངན་དེ་དག་སྤེལ་བཞིན་ཡོད་སྐོར་གསུངས་ཡོད། ཁོང་གིས་ཉེ་ལམ་རྒྱ་ནག་ནང་དུ་སྐོང་ཚོགས་བྱས་པའི་དགུན་དུས་ཀྱི་ཨོ་རྩལ་འགྲན་ཚོགས་དང་འབྲེལ་ཏེ། རྒྱ་ནག་གཞུང་ནི་གྲངས་ཉུང་མི་རིགས་རྣམས་ལ་མནར་གཅོད་གཏོང་མཁན་ཞིག་ཡིན་པར་འགྲེལ་བརྗོད་གནང་བ་མ་ཟད་འགྲོ་བ་མིའི་ཐོབ་ཐང་གི་ལས་འགུལ་བ་མང་པོས་རྒྱལ་སྤྱིའི་ཨོ་རྩལ་ལྷན་ཚོགས་ནས་རྒྱ་གཞུང་ལ་རྒྱབ་སྐྱོར་གནང་བར་སྐྱོན་བརྗོད་ཀྱིས་ཁ་བརྡུང་བཏང་བ་མ་ཚད་པར་བོད་མིའི་ཁྲོད་རྒྱ་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་བའི་དཔང་རྟགས་མངོན་སུམ་དུ་བསྟན་རྒྱུ་ཡོད་བཞིན་དུ་རྒྱལ་སྤྱིའི་ཨོ་རྩལ་ལྷན་ཚོགས་ཀྱིས་ཚོང་གི་ཁེ་ཕན་གལ་ཆེ་བར་བརྩི་བཞིན་ཡོད་པར་སྐྱོན་བརྗོད་ཤུགས་ཆེར་གནང་མུས་ཡིན་པ་སོགས་ལུང་འདྲེན་དང་སྦྲགས་ཏེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཀྱང་རྒྱ་ནག་གཞུང་གི་དབང་སྒྱུར་ནི་ Cultural Genocide འམ་བོད་མིའི་རིག་གཞུང་རྩ་གཏོར་གྱི་བྱ་ངན་ཞིག་ལ་ངོས་འཛིན་མཛད་ཀྱི་ཡོད་པ་གསུངས་ཡོད། སྐུ་ཞབས་ Brahma Chellaneyལགས་ཀྱིས་ཕྱི་ལོ་ ༢༠༡༤ ནས་བཟུང་རྒྱ་གཞུང་ནས་ཤིན་ཅང་ཁུལ་དུ་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་དྲག་གནོན་ཤུགས་ཆེར་བྱེད་བཞིན་ཁག་རྒྱལ་སྤྱིའི་སྤྱི་ཚོགས་སུ་ཡོངས་གྲགས་ཆགས་ཡོད་པ་དང་།  ཡུ་གུར་བ་གཙོ་གྱུར་ཁ་ཆེའི་གྲངས་ཉུང་མི་རིགས་སོགས་བཙན་དབང་གིས་རྒྱ་ནག་གི་སློབ་གསོ་ཁང་དུ་ཆེད་གཏོང་གིས་ངལ་རྩོལ་བསྒྱུར་བཀོད་ཁང་དུ་འཇོག་བཞིན་པར་འགྲེལ་བརྗོད་དང་ཆབས་ཅིག  སྲིད་འཛིན་ཞི་ཅིན་ཕིང་གི་སྣེ་ཁྲིད་འོག་འདས་པའི་ལོ་ངོ་བཅུ་ཕྲག་གཅིག་དེ་ནི་རྒྱ་ནག་ནང་དུ་ཆེས་དཀའ་ངལ་ཆེ་བའི་དུས་རབས་ཤིག་ཆགས་ཡོད་པ་གསུངས་འདུག  

དང་བླངས་དཔྱ་དངུལ་ལག་དེབ་གསར་བཟོ་དང་བཟོ་བཅོས་ཞུ་ཕྱོགས་ཀྱི་རྩ་འཛིན་ལམ་སྟོན་གསར་པ་ངོ་སྤྲོད།

བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་སྐབས་ ༡༦ པས་ཕྱི་ལོ་ ༢༠༢༡ ཟླ་ ༡༡ ཚེས་ ༢༤ ཉིན་དང་བླངས་དཔྱ་དངུལ་ལག་དེབ་གསར་བཟོ་དང་བཟོ་བཅོས་ཞུ་ཕྱོགས་ཀྱི་རྩ་འཛིན་ལམ་སྟོན་གསར་པ་ཞིག་གཏན་འབེབས་དང་འབྲེལ་ཕྱི་ཟླ་ ༡༢ ནང་བོད་མི་གནས་སྡོད་ས་གནས་ཁག་གི་འབྲེལ་ཡོད་ལས་ཁུངས་སོ་སོར་ལམ་སྟོན་གསར་པ་དེ་བཏང་འབྱོར་བྱུང་ཡོད་པ་རེད།ཐེངས་འདིའི་རྩ་འཛིན་ལམ་སྟོན་ནང་གཙོ་བོ་དོན་ཚན་དགུ་བཀོད་ཡོད་པ་དང། གཙོ་བོ་བོད་ནས་དབུས་སྣེ་ལེན་ཁང་མ་བརྒྱུད་པར་ཕེབས་མཁན་ཚོར་འགེངས་ཤོག་ཟུར་དུ་བསྐངས་ཏེ་གསར་བཟོའི་དམིགས་བསལ་མཐུན་རྐྱེན་གནང་བ་དང་། བྱིས་པ་ལོ་དྲུག་བར་དུ་དཔྱ་དངུལ་ཕུལ་དགོས་ཀྱི་མེད་པ། གསོས་ཕྲུག དེ་བཞིན་དབུས་འོས་བསྡུ་ལས་ཁང་གི་སྒྲིག་གཞི་གཞིར་བཟུང་དོ་བདག་གི་ཆོལ་ཁུངས་བརྗེ་འགྱུར་གྱི་གོ་སྐབས་གནང་རྒྱུ་སོགས་བསྒྱུར་བཅོས་མང་དག་ཅིག་གནང་བ་གསལ་འདུགགཤམ་ལ་དཔལ་འབྱོར་ལས་ཁུངས་ཀྱི་གྲངས་ཐོ་ཚན་པའི་འགན་འཛིན་རིན་ཆེན་ལགས་དང་དྲུང་ལས་པདྨ་བདེ་ཆེན་ལགས་རྣམ་གཉིས་ཀྱིས་འདི་ག་རླུང་འཕྲིན་ཁང་ལ་བཙན་བྱོལ་བོད་མིའི་དང་བླངས་དཔྱ་དངུལ་ལག་དེབ་གསར་བཟོ་དང་བཟོ་བཅོས་ཞུ་ཕྱོགས་ཀྱི་རྩ་འཛིན་ལམ་སྟོན་ནང་དམིགས་བསལ་བསྒྱུར་བཅོས་གང་དང་གང་ཕྱིན་པའི་གནད་དོན་ཁག་ཅིག་ངོ་སྤྲོད་གནང་སོང་།གཞི་རྩའི་ཝཱ་རཱ་ཎ་སཱིར་གནས་འཁོད་བོད་མི་ཁག་ཅིག་གིས་རྐང་འགན་བཞེས་ཏེ། ཕྱི་ལོ་ ༡༩༧༢ ཟླ་ ༧ ཚེས་ ༢༢ ནས་ ༣༡ བར་བཞུགས་སྒར་དྷརྨ་ཤཱ་ལཱར་བོད་རང་དབང་བདེན་པའི་ལས་འགུལ་གྱི་སྔོན་འགྲོའི་ཚོགས་ཆེན་སྐོང་ཚོགས་གནང་སྐབས་ཀྱི་གྲོས་ཆོད་དགོངས་དོན་ལྟར། བཙན་བྱོལ་བོད་མི་ཡོངས་ཀྱིས་བཙན་བྱོལ་བོད་གཞུང་ལ་ངོས་ལེན་དང་བརྩི་མཐོང་མཚོན་བྱེད་དང་། མ་བསྐུལ་དང་བླངས་ཀྱི་ཐོག་ནས་རྒྱལ་དོན་མ་དངུལ་བསྡུ་འབུལ་གྱི་ལམ་སྲོལ་དབུ་འཛུགས་གནང་ཞིང་། ཕྱི་ལོ་ ༡༩༩༢ ལོར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་བཙན་བྱོལ་བོད་མིའི་དང་བླངས་དཔྱ་དངུལ་དང་བསྡུ་དངུལ་གཞན་དག་གི་འབུལ་འབབ་ཁྲིམས་ཡིག་གཏན་འབེབས་གནང་བ་མ་ཟད། བསྡུ་འབབ་གང་བྱུང་བ་དེ་དག་དཔྱ་ཁྲལ་གྱི་ངོ་བོར་བསྒྱུར་བཅོས་དང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༡༣ པའི་ནང་གསེས་ ༤ ནང་གསལ་བའི་བོད་ཀྱི་ཡུལ་མིའི་ལས་འགན་དུ་ངོས་འཛིན་དང་སྦྲགས། ཁྲིམས་ཡིག་ཏུ། ‘དང་བླངས་དཔྱ་དངུལ་དང་ཟས་བཅད་དོད། ཕོགས་ཐོབ་བརྒྱ་ཆ་ཆད་མེད་སྒྲུབ་འབུལ་མི་བྱེད་མཁན་སུས་ཀྱང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་ཁྲིམས་ཡིག་ནང་གསལ་ཡུལ་མིའི་ཐོབ་ཐང་ལོངས་སུ་སྤྱོད་མི་ཆོག་ཅེས་ཁྲིམས་སྡོམ་གནང་ཡོད། སྤྱིར་བོད་མིའི་སྒྲིག་འཛུགས་བཀའ་ཤག་རིམ་པའི་སྐབས་སོ་སོར་དགོས་ངེས་ཀྱི་བཟོ་བཅོས་དང་རྩ་འཛིན་ལམ་སྟོན། དཔྱ་དངུལ་ལག་དེབ་གསར་ཞུ་དང་། བཟོ་བཅོས། ནོར་བཅོས། ཕྱིར་བསྡུ། བསྐྱར་གསོ་བཅས་ཀྱི་གནང་སྒོ་མཐའ་དག་ལ་གུ་ཡངས་ཀྱི་ལེགས་བཅོས་གནང་ཡོད་པ་རེད། འབྲེལ་ཡོད་པར་སྤྱི་ཚོགས་དྲྭ་ལམ།

Enes Kanter Freedom ལགས་ལ་ཇི་ནི་ཝའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་སྙིང་སྟོབས་གཟེངས་རྟགས་གནང་གཏན་ཁེལ་བ།

Geneva Summit for Human Rights and Democracy ཞེས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་ ༢༥ ལས་གྲུབ་པའི་ལྷན་ཚོགས་ཀྱིས་ཨ་རིའི་སིལ་སྤོལ་རྩེད་འགྲན་པ་གྲགས་ཅན་སྐུ་ཞབས་ Enes Kanter Freedom ལགས་སུ་ཕྱི་ལོ་ ༢༠༢༢ ལོའི་སྙིང་སྟོབས་ (Courage Award) གཟེངས་ཤིག་གནང་གཏན་ཁེལ་འདུགཁ་སང་ UN Watch ཞེས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ལྟ་བུ་རྒྱལ་སྤྱིའི་སྒྲིག་འཛུགས་གསར་འཛུགས་གནང་སྐབས་སུ་དམིགས་ཡུལ་ཡོད་པ་ལྟར་ཕྱག་ལས་གནང་མིན་རྟོག་ཞིབ་གནང་མཁན་ཚོགས་པའི་དྲ་གནས་ཐོག་གནས་ཚུལ་སྤེལ་བར་གཞིགས་ཚེ་འཛམ་གླིང་ས་ཕྱོགས་གང་སའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་ཁག་ ༢༥ ལས་གྲུབ་པའི་ཇི་ནི་ཝའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་རྒྱ་ནག་གཞུང་གིས་བོད་མི་དང་ཤིན་ཅང་ཡུ་གུར་མང་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་བཏང་དང་གཏོང་བཞིན་པ་མངོན་གསལ་གནང་མཁན་སྐུ་ཞབས་ Kanter ལགས་སུ་འདི་ལོའི་ཇི་ནི་ཝའི་སྙིང་སྟོབས་གཟེངས་རྟགས་ཤིག་གནང་གཏན་ཁེལ་བ་དང་སྦྲགས། རིང་མིན་ཕྱི་ཟླ་ ༤ ཚེས་ ༦ ཉིན་ལྷན་ཚོགས་ཀྱི་མཛད་སྒོ་ཐོག་གཟེངས་རྟགས་དེ་དངོས་སུ་འབུལ་བཞེས་གནང་རྒྱུ་ཡིན་པ་དང་། མཛད་སྒོར་རྒྱལ་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་ཁག་དང་རྒྱལ་སྤྱིའི་ཁྲོད་ཀྱི་འགྲོ་བ་མིའི་ཐོབ་ཐང་ལས་འགུལ་བ་དང་གསར་འགོད་པ་སོགས་མཉམ་ཞུགས་གནང་གི་ཡོད་པ་རེད། Enes Kanter Freedom ལགས་ཀྱིས་རྒྱ་ནག་གི་འཁྱོག་བཤད་དྲིལ་བསྒྲགས་ཇི་ཙམ་སྤེལ་མིན་ལ་མ་ལྟོས་པར་རྒྱ་ནག་དམར་པོའི་གཞུང་གི་ཨོ་རྩལ་རྩེད་འགྲན་དེའི་ཐོག་ནས་ཕན་ཚུན་དབར་གུས་བརྩི་དང་མཛའ་གྲོགས་ཀྱི་རིན་ཐང་གང་ཡང་མཚོན་ཐུབས་ཐབས་མེད་སྐོར་གསུངས་པ་དང་འབྲེལ། ཇི་ནི་ཝའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་ཁོང་ལ་རྒྱབ་སྐྱོར་གནང་བ་དང་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་རྒྱལ་སྤྱིའི་ངོས་ནས་ཐུགས་སྣང་ཡོང་བ་བཟོས་པར་ཐུགས་རྗེ་ཆེ་ཞེས་གསུངས་པ་དང་ཆབས་ཅིག དེས་རྒྱལ་སྤྱིའི་རྩེ་འགྲན་པ་གཞན་ལ་བདེན་པའི་ཕྱོགས་སུ་བཞེངས་རྒྱུའི་ཀུན་སློང་སྤེལ་བའི་རེ་བ་ཡོད་ཅེས་གསུངས་ཡོད།སྐུ་ཞབས་ Kanter ལགས་ཀྱིས་ཡུ་གུར་གྱི་གནད་དོན་གླེང་བའི་སྔ་རོལ་དུ་ཞི་ཅིན་ཕིང་དང་རྒྱ་ནག་དམར་ཤོག་ཚོགས་པར་སྐྱོན་བརྗོད་ཀྱིས་རྒྱ་གཞུང་ནས་བོད་མིའི་ཐོག་ཏུ་སྤེལ་བའི་དྲག་གནོན་ཅན་གྱི་སྲིད་བྱུས་སྐོར་གླེང་ཡོད་པ་དང་སྦྲགས། སྤྱི་ཚོགས་དྲ་ལམ་ཐོག་ཁོང་ཉིད་ཀྱི་བརྙན་དེར་བརྒྱུད་སྤེལ་དང་གཟིགས་མཁན་ཧ་ཅང་མང་པོ་བྱུང་ནས་བོད་མི་གཙོས་བོད་དོན་རྒྱབ་སྐྱོར་བས་ཁོང་ལ་དགའ་བསུ་ཞུས་ཡོད་ཀྱང་། རྒྱ་ནག་དམར་ཤོག་ཚོགས་པའི་ལངས་ཕྱོགས་ལ་འཇུག་མཁན་ཚོས་དགག་པ་ཤུགས་ཆེར་བྱས་ཡོད། ལྷག་པར་གནད་དོན་དེའི་རྐྱེན་གྱིས་རྒྱ་ནག་དང་ཧོང་ཀོང་ལྟ་བུ་ནང་ Kanter ལགས་ཀྱིས་རུ་ཁག་ Boston Celtics གྱི་རྩེད་མོ་ཡོངས་རྒྱང་སྲིང་བྱ་རྒྱུ་ཕྱིར་འཐེན་བྱས་ཡོད་པ་རེད།ཇི་ནི་ཝའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་དེ་ལོ་ལྟར་ཕྱི་ཟླ་ ༤ པའི་ནང་རྒྱལ་ཚོགས་ཀྱི་ལོ་འཁོར་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་དབུ་འཛུགས་མ་གནང་བའི་ཉིན་གཅིག་གི་སྔོན་ཚུད་ལ་ཚོགས་ཀྱི་ཡོད་པ་དང་། ལྷན་ཚོགས་ཐོག་ཚོགས་པ་གསར་འཛུགས་གནང་མཁན་ཁོངས་སུ་ཡོད་པའི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཁག་གི་ཚོགས་མི་དང་རྒྱལ་སྤྱིའི་ཁྲོད་དབང་ཆ་གཅིག་བསྡུས་དང་གདུག་རྩུབ་ཅན་གྱི་སྲིད་བྱུས་ལ་སྐྱོན་བརྗོད་གནང་མཁན་གྱི་ལས་འགུལ་བ་དང་། གཞུང་འབྲེལ་མི་སྣ། གསར་འགོད་པ། སློབ་ཕྲུག་འགོ་ཁྲིད། རྒྱ་ནག་དང་ ཁུ་བྷ། སའུ་ཌི་ཨ་རབ། ཨཕ་གྷ་ནིསྟན་སོགས་ཀྱི་སྲིད་གཞུང་འོག་གདུག་རྩུབ་ཅན་གྱི་བྱ་སྤྱོད་དངོས་སུ་མྱངས་དང་མྱོང་བཞིན་པ་ཚོ་དང་དེ་དག་གི་ནང་མི་བཅས་ལྷན་འཛོམས་གནང་གི་ཡོད་པ་རེད། དེ་སྔ་ལྷན་ཚོགས་དེའི་སྙིང་སྟོབས་གཟེངས་རྟགས་བཞེས་མཁན་ཁོངས་སུ་ཨུ་རུ་སུའི་ཕྱོགས་འགལ་ཚོགས་པའི་འགོ་ཁྲིད་ Alexei Navalny དང་བཙོན་འཇུག་འོག་ཡོད་པའི་ Saudi གསར་འགོད་པ་གྲགས་ཅན་ Raif Badawi ལགས། དེ་བཞིན་བྲན་གཡོག་ལམ་ལུགས་ལ་ཁ་གཏད་གཅོག་མཁན་ Biram Dah Abeid ལགས་བཅས་རྒྱལ་སྤྱིའི་ལས་འགུལ་བ་གྲགས་ཅན་ཁག་ཅིག་གིས་གཙོས་པའི་ཕྱི་ལོ་ ༢༠༠༨ ལོའི་པེ་ཅིང་ཨོ་རྩལ་དང་འབྲེལ་བོད་ནང་གི་བོད་མིའི་ཐུགས་ཚོར་མངོན་གསལ་གནང་མཁན་འཇིགས་བྲལ་གློག་བརྙན་བཟོ་བསྐྲུན་པ་ཆབ་སྲིད་བཙོན་ཟུར་དོན་གྲུབ་དབང་ཆེན་ལགས་བཅས་ཡོད་འདུགགཞི་རྩའི་ཨ་རིའི་ཆབ་སྲིད་དང་ཕྱི་འབྲེལ་སྲིད་བྱུས་སོགས་ཀྱི་ཐོག་རྩོམ་སྤེལ་བའི་ The Atlantic བརྙན་དེབ་ནང་ནོར་ཝེ་གྲོས་ཚོགས་འཐུས་མི་ཞིག་གིས་སྐུ་ཞབས་  Kanter ལགས་ཕྱི་ལོ་ ༢༠༢༢ ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཀྱི་འོས་དམིགས་ཁོངས་སུ་མཚན་འདོན་གནང་བའི་གནས་ཚུལ་ཐོན་ཡོད་པ་རེད།

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གང་མགྱོགས་ཤིན་ཅང་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཐོ་འདོན་རྒྱུའི་ཞུ་སྐུལ།

ཨ་རིར་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་ངོས་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གཙོ་འཛིན་ལྕམ་ Michelle Bachelet ལགས་སུ་ཞུ་སྐུལ་གྱི་སྙན་ཞུ་ཞིག་ཕུལ་བའི་ནང་དུ། ད་ཆ་རྒྱ་ནག་གི་ཨོ་རྩལ་འགྲན་ཚོགས་མཇུག་སྒྲིལ་ཟིན་སྟབས། ཟླ་བ་རྗེས་མའི་ཚེས་བདུན་གྱི་ལོ་འཁོར་གྱི་ཚོགས་ཆེན་གྱི་སྔོན་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གང་མགྱོགས་རྒྱ་ནག་གིས་ཤིན་ཅང་ནང་གུ་ཁ་ཆེ་གྲངས་ཉུང་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་བཏང་བའི་ཐད་ཀྱི་སྙན་ཐོ་དེ་འདོན་སྤེལ་བྱེད་དགོས་བའི་སྐུལ་མ་གནང་འདུགགཞི་རྩའི་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་གི་གཙོ་འཛིན་མཆོག་གིས་རྒྱ་ནག་གཞུང་ལ་ཤིན་བྱང་ནང་རྟོགས་ཞིབ་ཆེད་སྐྱོད་དུ་འཇུག་དགོས་པའི་ཞུ་སྐུལ་རིམ་པ་གནང་རྗེས་ཉེ་ལམ་རྒྱ་ནག་གཞུང་གིས་ལྕམ་སྐུ་ Bachelet ལགས་ཨོ་རྩལ་འགྲན་ཚོགས་རྗེས་སུ་ཤིན་ཅང་དུ་སྐྱོད་ཆོག་པའི་ཆོག་མཆན་ཕུལ་བའི་གནས་ཚུལ་ཞིག་ཐོན་ཡོད་ཀྱང་། ཆོག་མཆན་དེ་དང་མཉམ་དུ་ཆ་རྐྱེན་ཞིག་བཏོན་པ་ནི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ངོས་ནས་ཤིན་ཅང་དང་འབྲེལ་བའི་སྙན་ཐོ་ཞིག་འདོན་སྤེལ་གནང་འཆར་ཡོད་པ་དེ་ཨོ་རྩལ་འགྲན་ཚོགས་སྔོན་ལ་འདོན་རྒྱུ་མེད་པའི་ཞུ་སྐུལ་བྱས་ཡོད་པའི་གནས་ཚུལ་ཐོན་ཡོད། འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་དཔྱད་ཞིབ་གནང་མཁན་ཁག་ཅིག་ནས་རྒྱ་ནག་གཞུང་གི་ངོས་ནས་ལྕམ་སྐུ་ Bachelet ལགས་རྒྱ་ནག་གི་ཨོ་རྩལ་འགྲན་ཚོགས་ཟིན་པའི་རྗེས་སུ་ཤིན་ཅང་ཕེབས་ཆོག་ཅེས་བཀོད་པ་དེ་ནི་གཙོ་བོ་རྒྱ་ནག་ནང་འཚོགས་རྒྱུའི་ཨོ་རྩལ་ལ་ཕྱི་ཕྱོགས་ནས་བར་ཆད་མི་ཡོང་བ་དང་། རྒྱ་ནག་རང་ཉིད་ཀྱི་ངོ་བོ་སྲུང་སྐྱོབ་བྱེད་རྒྱུར་དམིགས་པ་ཞིག་རེད་ཅེས་གསུང་མཁན་བྱུང་ཡོད། ཁ་སང་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གི་གཙོ་འཛིན་སྐུ་ཞབས། Ken Roth ལགས་ཀྱིས་གསར་འགོད་གསལ་བསྒྲགས་ཤིག་གི་སྐབས་སུ་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ལོ་འཁོར་གྱི་ཚོགས་ཆེན་འཚོགས་ལ་རན་པའི་སྐབས་འདིར་ཡང་ཤིན་ཅང་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་སྙན་ཐོ་ཕྱི་ལ་ཐོན་མེད་པ་དེ་ནི་བློ་ཕམ་རང་བཞིན་ཞིག་ཡིན་པར་སྐྱོན་བརྗོད་ཀྱིས། ལྕམ་སྐུ་ Michelle Bachelet ལགས་ཀྱིས་ཟླ་བ་རྗེས་མའི་ཚེས་བདུན་གྱི་ལོ་འཁོར་ལྷན་ཚོགས་འགོ་འཛུགས་མ་ཞུས་སྔོན་ལ་གནད་དོན་གཞན་ལ་ཁག་དཀྲི་གང་ཡང་མེད་པར་ངེས་བར་དུ་ཤིན་ཅང་ནང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གྱི་སྙན་ཐོ་འདོན་སྤེལ་བྱེད་དགོས་བའི་སྐུལ་མ་གནང་འདུགདེ་བཞིན་འགྲོ་བ་མིའི་ཐོབ་ཐང་གི་འབྲེལ་ཡོད་སྐུ་ཚབ་ཁག་ཅིག་གིས་ཀྱང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་ཤིན་ཅང་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཐོ་དེ་འདོན་སྤེལ་ལ་རྗེས་ལུས་ཐེབས་པར་སྐྱོན་བརྗོད་བྱས་པ་མ་ཟད། གཅིག་བྱས་པ་ཡིན་ན་ལོ་གསུམ་གྱི་ནང་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲེལ་ཡོད་ཚན་པས་ཤིན་ཅང་ནང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གྱི་དཔང་རྟགས་བསྡུ་རུབ་བྱས་པ་རྣམས་ཀྱང་འབྲེལ་བ་ག་ཚོད་ཅིག་ཆགས་ཡོད་མེད་ལ་དོགས་སློང་བྱས་འདུག གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་རྒྱ་ནག་གིས་ཤིན་ཅང་ནང་གི་ཁ་ཆེ་ཡུ་གུར་མི་རིགས་ལ་དྲག་གནོན་གྱིས་སྡུག་སྦྱོང་མནར་གཅོད་གཏོང་བཞིན་པ་མ་ཟད། ངལ་རྩོལ་སྒྱུར་བཀོལ་བྱས་པ་བརྒྱུད་ནས་ཁ་ཆེ་མི་མང་ས་ཡ་གཅིག་ལྷག་བཀག་སྐྱིལ་བྱས་ཡོད་པར་སྐྱོན་བརྗོད་བྱེད་མུས་ཡིན་ཡང་། རྒྱ་ནག་གིས་དུས་རྒྱུན་ནས་གདན་དོན་དེ་ནི་ཆོས་ལུགས་ཀྱི་དྲག་སྤྱོད་པར་ཁ་གཏད་གཅོག་ཐབས་ཤིག་ཡིན་པར་འགྲེལ་བརྗོད་ཀྱིས་བཀག་སྐྱིལ་ཁང་གི་མི་མང་ལ་ཤེས་ཡོན་དང་ལག་ཤེས་སྦྱོང་བརྡར་སྤྲོད་བཞིན་པ་མ་ཟད། ཨ་རིའི་གཙོ་བྱས་པའི་ཕྱིའི་རྒྱལ་ཁབ་ཁག་ཅིག་གིས་ཨོ་རྩལ་འགྲན་ཚོགས་བཀག་སྡོམ་བྱེད་ཆེད་དུ་རྒྱ་ནག་གིས་ཤིན་ཅང་གི་མི་རིགས་རྩ་གཏོར་དང་ངལ་རྩོལ་སྒྱུར་བཀོལ་སོགས་ཀྱི་སྙོན་འཛུགས་བྱེད་བཞིན་པ་ཞིག་ཡིན་པར་སྒྲོག་བཞིན་པ་རེད།སྤྱིར་བདུན་ཕྲག་སྔོན་མའི་ནང་། རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གྱིས་གསར་འགོད་གསལ་བསྒྲགས་ཤིག་གི་སྐབས་སུ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གཙོ་འཛིན་ལྕམ་ Michelle Bachelet ལགས་ཤིན་ཅང་གི་ཁུལ་དུ་ཕེབས་ཆོག་ཀྱང་། རྒྱ་ནག་གིས་ངོས་ནས་ཚོད་དཔག་རང་བཞིན་གྱི་ཉེས་དོན་རྟོག་ཞིབ་བྱེད་པར་མི་སུ་ཞིག་ཀྱང་སྣེ་ལེན་བྱེད་རྒྱུ་མིན་པར་བསྒྲགས་ཡོད་པ་རེད།

རྒྱལ་ས་ཁག་ཏུ་གནས་སྡོད་བོད་ཕྲུག་ཚོར་བོད་ཀྱི་སྐད་ཡིག་ཐོག་སློབ་གཉེར་གནང་བར་དཀའ་ངལ་འཕྲད་བཞིན་པ།

སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ཚེ་རིང་དབྱངས་ཅན་དང་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་རྣམ་གཉིས་ནས་ཕྱི་ཟླ་གཉིས་པའི་ཟླ་དཀྱིལ་ནས་བཟུང་རྒྱ་གར་ལྷོ་ཕྱོགས་མེང་ལོར་དང་། སྦེལ་ཀོབ་ལུགས་བསམ་གཞིས་ཆགས། མའེ་སོར། དེ་བཞིན་སྦེང་ལོར། ལྷོ་ཕྱོགས་གྲོང་ཁྱེར་དུ་མཐོ་སློབ་འགྲིམ་བཞིན་པའི་བོད་པའི་སློབ་ཕྲུག མཐོ་སློབ་ཁག་ཅིག་གི་སློབ་སྤྱི་སོགས་དང་མཇལ་འཕྲད་ཀྱིས་མེང་ལོར་ཁུལ་དུ་གཞུང་འབྲེལ་འཚམས་གཟིགས་ལེགས་གྲུབ་བྱུང་ཡོད་པ་རེད།ཁ་ཉིན་ཚེས་ ༢༡ ཉིན་གྱི་ཕྱི་དྲོ་ཁུལ་དེའི་བོད་མིའི་ཚོང་པ་དང་སློབ་མ་གཙོ་བོར་གྱུར་པའི་གཡས་གཡོན་གྱི་བོད་མི་རྣམས་དང་ཐུག་འཕྲད་གནང་སྟེ་ཁོང་རྣམ་པའི་གནས་སྟངས་སོགས་ལ་རྒྱུས་ལོན་གནང་བ་མ་ཟད་གནད་དོན་ཁག་ཅིག་ཐོག་དགོངས་ཚུལ་བསྡུ་བཞེས་གནང་ཡོད།སྦེང་ལོར་ལྷོ་སྤྱི་ལས་ཁུངས་གི་གོ་སྒྲིག་འོག་དེ་ཕྱི་དྲོ་ཚོུད་ ༥ པའི་ཐོག་སྤྱི་འཐུས་རྣམས་གཉིས་ནས་གསུང་བཤད་གནང་བའི་ཁྲོད་ནས་སྤྱི་འཐུས་ཚེ་རིང་དབྱངས་ཅན་ལགས་ཀྱིས་བོད་ནང་བཞུགས་པའོ་བོད་ཚོར་ངལ་བ་བཟོད་དཀའ་བ་འཕྲད་བཞིན་ཁག་ང་ཚོ་བཙན་བྱོལ་དུ་བཞུགས་པའི་བོད་མི་ཚོའི་ངོས་ནས་ངེས་པར་དུ་དྲན་དགོས་པ་དང་རང་གི་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་དུས་ཚོད་ཆུད་ཟོས་སུ་མ་གཏང་བར་བོད་ཀྱི་སྐད་ཡིག་དང་རིག་གཞུང་ཐོག་དུས་ཚོད་ཉུང་ངུ་ལས་མེད་ཀྱང་དེ་སྤྱད་ནས་སློབ་གཉེར་གནང་གལ་ཡིན་པའི་རེ་སྐུལ་གནང་ཡོད།དེ་བཞིན་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་ལགས་ཀྱིས་རྒྱལ་སྤྱིའི་གནད་དོན་དང་འབྲེལ་ཏེ་བོད་ཀྱི་གནས་བབས་ཐོག་གཏམ་བཤད་གནང་ཡོད།གསར་འགོད་པས་སྤྱི་འཐུས་ཚེ་རིང་དབྱངས་ཅན་ལགས་སུ་འཚམས་གཟིགས་དང་འབྲེལ་བཅར་འདྲི་ཁག་ཅིག་ཞུས་པར་བོད་མིའི་གཞི་ཆགས་ཁག་གི་ནང་དུ་སེམས་ཁམས་དང་འབྲེལ་བའི་དཀའ་ངལ་ཡོད་པ་མངོན་གསལ་བྱུང་བ་དང་། ལྷག་དོན་བོད་མི་རྣམས་ནས་རང་ཉིད་ཀྱི་འཚོ་བའི་ཆེད་དུ་ཚོང་ལས་གཙོས་པའི་ལས་རིགས་འདྲ་མིན་གཉེར་བཞིན་ཡོད་སྟབས་བོད་པའི་ཁོར་ཡུག་དང་བར་ཐག་རིང་པོ་ཆགས་པར་བརྟེན་ཕ་མ་ཚོའི་ངོས་ནས་རང་ཉིད་ཀྱི་བུ་ཕྲུག་ཚོར་བོད་ཀྱི་སྐད་ཡིག་དང་ལེགས་བྱང་སོགས་སློབ་ཁྲིད་གནང་དཀའ་གནས་སུ་གྱུར་ཡོད་སྐོར་སོགས་གསུངས་སོང་།བོད་མི་དེ་དག་དང་དགོངས་ཚུལ་བརྗེ་ལེན་ཁྲོད་ཕ་མ་ཚོས་བོད་པའི་ཁོར་ཡུག་མེད་པའི་རྒྱལ་ས་ཁག་ཏུ་བོད་ཡིག་སློབ་ཁྲིད་ཆེད་དགེ་རྒན་ཡག་པོ་ཞིག་བྱུང་ན་དགེ་རྒམ་དེའི་གསོལ་ཕོགས་དང་འགྲོ་གྲོན་རྣམས་ཚོང་པ་ཚོའི་ངོས་ནས་གནང་རྒྱུར་མོས་མཐུན་ཡོད་ཅེས་ཞུ་མཁན་བྱུང་སྐོར་ངོ་སྤྲོད་དང་ཆབས་ཅིག སླད་མར་ངལ་བ་འཕྲད་པ་དེའི་སྐོར་གྲོས་ཚོགས་སུ་སྙན་སེང་ཞུ་རྒྱུ་ཡིན་ཞེས་སོགས་གསུངས་ཡོད།ཆོས་གྲགས་རྒྱ་མཚོ་ལགས་དང་ཚེ་རིང་དབྱངས་ཅན་ལགས་རྣམ་གཉིས་ནས་འཚམས་གཟིགས་ཁྲོད་སྦེལ་ཀོབ་གཞིས་ཆགས་དང་ཉེ་འཁོར་གྱི་གྲོང་ཁྱེར་མེང་ལོར་དང་མེ་སོར་། དེ་བཞིན་སྦེང་ལོར་བཅས་སུ་ཆེད་ཕེབས་ཀྱིས་ས་གནས་སོ་སོའི་བོད་པའི་སློབ་ཕྲུག་དང་མཐོ་སློབ་ཁག་ཅིག་གི་སློབ་སྤྱི་སོགས་མཇལ་འཕྲད་གནང་ཡོད་པ་རེད།ཁ་ཉིན་སྦེང་ལོར་གྲོང་ཁྱེར་ནང་གི་ས་གནས་མང་ཚོགས་དང་སློབ་མ་ཚོ་དང་མཇལ་འཕྲད་སྐབས་བོད་མི་ཁག་ཅིག་གིས་ཉེ་ལམ་སྤྱི་འཐུས་ལྷན་ཚོགས་སུ་བྱུང་བའི་དཀའ་ངལ་ལ་གཞིགས་ཏེ་སྤྱི་འཐུས་རྣམ་པས་དེ་སྔ་ནོར་འཕྲུལ་ཤོར་བ་དེ་ནས་བསླབ་བྱ་བླངས་ཏེ་བོད་སྤྱིའི་བདེ་དོན་ཆེད་མུ་མཐུད་ནས་ཕྱག་ལས་གང་ཐུབ་གནང་རོགས་ཞེས་རེ་སྐུལ་ཞུ་མཁན་བྱུང་ཡོད།  

རྒྱལ་ཐང་ནས་ཡིན་པའི་བོད་པའི་སློབ་མ་གཉིས་འཛིན་བཟུང་།

ཡུན་ནན་ཞིང་ཆེན་ཁོངས་སུ་ས་འགོད་བྱས་པའི་བོད་མདོ་ཁམས་རྒྱལ་ཐང་ནས་ཡིན་ཞིང་། བོད་ལྗོངས་སློབ་གྲྭ་ཆེན་མོར་སྨན་ཞབས་པའི་སློབ་སྦྱོང་གནང་བཞིན་པའི་བློ་ལྡན་དང་ཤེས་རབ་ལགས་གཉིས་རྒྱ་གཞུང་གི་ཉེན་རྟོག་པས་འཛིན་བཟུང་བྱས་ནས་ད་བར་ཟླ་བ་གསུམ་ལྷག་འགྲོ་བཞིན་འདུག་ཀྱང་། ཁོང་གཉིས་འཛིན་བཟུང་བྱེད་དགོས་དོན་གང་ཡིན་པ་སོགས་ཤེས་རྟོགས་དཀའ་བར་གྱུར་འདུགཉེ་ལམ་ཕྱི་ཟླ་ ༡༡ ཚེས་ ༢༠ ཡས་མས་ཞིག་ལ་ཡུན་ནན་རྒྱལ་ཐང་རྫོང་ནས་ཡིན་པའི་བོད་རིགས་སློབ་མ་གཉིས་པོ་བོད་ཀྱི་རྒྱལ་ས་ལྷ་ས་ནས་དཀར་མཛེས་གནམ་ཐང་དུ་འབྱོར་བ་དང་། དེ་རྗེས་ལི་ཐང་དུ་འབྱོར་མ་ཐག་རྒྱ་གཞུང་གི་ཉེན་རྟོག་པས་རྒྱུ་མཚན་གང་ཡིན་གསལ་ཁ་གང་ཡང་མེད་པར་གློ་བུར་དུ་འཛིན་བཟུང་བྱས་ཡོད་པ་རེད། གནས་ཚུལ་དེ་ཐོན་ནས་ད་ཆ་ཟླ་བ་གསུམ་ལྷག་འགྲོ་བཞིན་ཡོད་ཀྱང་། ཁོང་རྣམ་གཉིས་བཙོན་ཁང་གང་དུ་བཙོན་འཇུག་བྱེད་མུས་ཡིན་པ་དང་གཟུགས་གཞི་བདེ་མིན་སོགས་ཀྱི་གནས་ཚུལ་ཤེས་རྟོགས་དཀའ་སྟབས་ནང་མི་སྤུན་མཆེད་ཚོས་ཐུགས་ཁྲལ་ཆེན་པོ་གནང་བཞིན་ཡོད་འདུག རྩ་བའི་ཕ་ཀརྨ་དོན་འགྲུབ་དང་མ་སྒྲོལ་མ་རིན་ཆེན་རྣམ་གཉིས་ཀྱི་གཅེས་ཕྲུག་བློ་ལྡན་ལགས་ནི། ཡང་ཐང་སྡེ་བ་ནས་ཡིན་ཞིང་། ཁོང་གི་ཁྱིམ་དུ་བུ་སྤུན་གསུམ་ཡོད་པ་ལས་ཁོང་རྒན་ཤོས་དེ་ཡིན་པ་རེད། དེ་བཞིན་རང་ལོ་ ༢༣ སོན་པའི་ཤེས་རབ་ལགས་ནི། རྒྱལ་ཐང་རྫོང་ཐེག་ཆེན་སྡེ་བ་ནས་ཡིན་ཞིང་། ཁོང་གི་ཨ་མ་ལགས་ཀྱི་མཚན་ལ་དབང་མོ་དང་པཱ་ལགས་ཀྱི་མཚན་ལ་དོན་བཀྲ་རེད་འདུག པར་གྱི་བདག་དབང་བོད་ཀྱི་དུས་བབ།

Latest news