Tibetan Royal Year of 2151 | Year of the Wood Dragon

གསར་འགྱུར།

དོན་གྲུབ་དབང་ཆེན་ལགས་ཀྱི་ཡོ་རོབ་རྒྱལ་ཁབ་ཁག་ཏུ་ཞུ་གཏུག་སྐོར་སྐྱོད་ཀྱི་ལས་འགུལ་མཇུག་སྒྲིལ།

བོད་མིའི་ཆབ་སྲིད་བཙོན་ཟུར་དོན་གྲུབ་དབང་ཆེན་ལགས་ཀྱིས་ལོ་སྔོན་མའི་ཕྱི་ཟླ་ ༡༡ ནང་ཕ་རན་སི་རྒྱལ་ཁབ་ནས་དབུ་འཛུགས་ཀྱིས་རྒྱ་ནག་གི་དགུན་དུས་ཨོ་རྩལ་འགྲན་ཚོགས་ལ་ངོ་རྒོལ་དང་ཕྱིར་འཐེན་ཡོང་བའི་ཕྱིར་ཡོ་རོབ་རྒྱལ་ཁབ་ཁག་གི་གཞུང་དང་གནས་ཡུལ་རྒྱལ་ཁབ་སོ་སོའི་ཨོ་རྩལ་ལས་ཁང་སོགས་ལ་རྒྱ་གཞུང་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དང་མི་རིགས་རྩ་མེད་ཀྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པའི་གནས་ཚུལ་སོགས་ཞུ་གཏུག་གིས་སྙན་སེང་ཞུས་ཏེ་སྐོར་སྐྱོད་གནང་ཡོད་པ་དང། ཕྱི་ཚེས་ ༤ སྟེ་རྒྱ་ནག་གི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་སྒོ་འབྱེད་ཉིན་སུད་བོད་མཐུན་གྲོགས་ཀྱི་གོ་སྒྲིག་འོག་སུད་སི་གྲོང་ཁྱེར་ཇི་ནིི་ཝ་ནང་རྟེན་གཞི་བྱས་པའི་ International House of Association ཚོགས་ཁང་ནང་དུ་དོན་གྲུབ་དབང་ཆེན་ལགས་ཀྱི་བཟོ་སྐྲུན་གནང་བའི་འཇིགས་བྲལ་གློག་བརྙན་གཟིགས་འབུལ་དང་བོད་དོན་བགྲོ་གླེང་གི་ལས་རིམ་ཞིག་ཚོགས་པའི་བརྒྱུད་ཁོང་གིས་ཐེངས་འདིའི་ཟླ་བ་གསུམ་རིང་གི་ཡོ་རོབ་རྒྱལ་ཁབ་ཁག་ ༡༥ ནང་དུ་བོད་དོན་སྐོར་སྐྱོད་ལས་རིམ་དེ་མཇུག་སྒྲིལ་གནང་ཡོད་པ་རེད།སུད་སི་གྲོས་ཚོགས་བོད་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ Nicolas Walder མཆོག་དང་ Carlo Sommaruga མཆོག དེ་བཞིན་ཡོ་རོབ་བོད་མི་མང་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་དང་ཐུབ་བསྟན་རྒྱ་མཚོ་ལགས་གཙོས་སུད་སི་སྐུ་ཚབ་དོན་གཅོད་དང་དོན་ཁང་གི་འབྲེལ་ཡོད་ལས་བྱེད། དེ་བཞིན་བོད་དོན་རྒྱབ་སྐྱོར་བ་དང་ས་གནས་ཡུལ་མི། དེ་བཞིན་བོད་མི་བཅས་མཉམ་ཞུགས་གནང་ཡོད་པ་རེད། གསར་འགོད་པས་བོད་མི་ཆབ་སྲིད་བཙོན་ཟུར་དོན་གྲུབ་དབང་ཆེན་ལགས་སུ་ཐེངས་འདིའི་ཡོ་རོབ་ཁུལ་གྱི་བོད་དོན་ཞུ་གཏུག་སྐོར་སྐྱོད་ཀྱི་ལས་རིམ་སྤྱི་ཡོངས་དང་འབྲེལ་བའི་དམིགས་བསལ་བཅར་འདྲི་ཞུས་ཡོད།

ཨམ་བྷ་ལའི་མེ་སྐྱོན་དོན་རྐྱེན་ཁྲོད་སྤྱི་འཐུས་ལྷན་ཚོགས་གཙོས་ཕྱི་རྒྱལ་གནས་བཞུགས་བོད་མིས་ཞལ་འདེབས་གནང་བ།  

ཉེ་ལམ་ཟླ་ ༡ ཚེས་ ༢༡ ཉིན་རྒྱ་གར་མངའ་སྡེ་ཧར་ཡ་ནའི་གྲོང་ཁྱེར་ཨམ་བྷ་ལ་ནང་ Potala Tibetan Refugee Market ཞེས་བོད་མིའི་སུད་ཚོང་གཉེར་སའི་ཁྲོམ་རར་མེ་སྐྱོན་ཕོག་པ་དང་སྦྲགས། སུད་ཚོང་གཉེར་མཁན་ཚོར་གདུང་སེམས་མཉམ་བསྐྱེད་དང་འབྲེལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོའི་ངལ་སེལ་ཐེབས་རྩ་དང་ཕྱི་རྒྱལ་གནས་བཞུགས་བོད་མི་སྤུན་མཆེད་ཁག་ཅིག་གིས་ཞལ་འདེབས་གནང་བའི་ཐོག་ནས་རོགས་རམ་གནང་འདུག ཨམ་བྷ་ལའི་བོད་མི་སུད་ཚོང་གཉེར་མཁན་གྱི་ཁྲོམ་ས་བཅུ་ཡོད་པ་དེར་མེ་སྐྱོན་ཚབས་ཆེན་ཕོག་ཏེ་ཚོང་པ་ཚོས་ཚོང་ཟོག་དང་དངུལ་རྣམས་མེར་འཚིག་ནས་གྱོང་གུད་ཕོག་པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་ཐུགས་གསོ་དང་གདུང་སེམས་མཉམ་བསྐྱེད་མཚོན་ཕྱིར་ཚོགས་གཙོའི་ངལ་སེལ་ཐེབས་རྩ་ནས་ཞལ་འདེབས་ཧིན་སྒོར་ཁྲི་ལྔ་གསོ་སྩལ་གནང་འདུགདེ་བཞིན་ཡུ་ཊུབ་བརྙན་འཕྲིན་བཟོ་མཁན་དཀོན་མཆོག་ལགས་བརྒྱུད་ཨ་རི་ཀོ་ལོ་ར་ཌོ་གནས་བཞུགས་བོད་མི་སྤུན་མཆེད་ཁག་ཅིག་གིས་ཁོང་རྣམ་པའི་ཨ་མ་ལགས་དམ་པའི་ཆེད་དུ་ཁྱོན་འབུམ་བཅུའི་ཞལ་འདེབས་གནང་ཡོད།གཞི་རྩའི་ཨམ་བྷ་ལའི་མེ་སྐྱོན་དོན་རྐྱེན་ཁྲོད་ཧིན་སྒོར་འབུམ་ ༩༨ ལྷག་གི་གྱོང་གུད་ཕོག་ཡོད་པ་མ་ཟད་ད་བར་བོད་མི་ཚོགས་སྒེར་ཁག་ཅིག་ནས་གདུང་སེམས་མཉམ་བསྐྱེད་སླད་ཚོང་པ་རྣམས་ལ་ཞལ་འདེབས་གནང་བ་བྱུང་འདུག  ཨམ་བྷ་ལའི་བོད་མིའི་སུད་ཚོང་གི་ཚོགས་གཙོ་བསོད་ནམས་ལགས་ཀྱིས་བོད་མི་སུད་ཚོང་བ་རྣམས་ནས་རང་ཉིད་ཀྱི་བདེ་སྡུག་ཞུ་ཕྱིར་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་སུ་ཆེད་བཅར་ཞུ་གྱི་ཡོད་སྐོར་གསུངས་སོང་།

བསྟན་འཛིན་རང་གྲོལ་ལགས་སུ་འཛམ་གླིང་ནང་གྲགས་ཆེ་བའི་རི་མོའི་སྒྱུ་རྩལ་གྱི་བྱ་དགའ་ཐོབ་པ།

བོད་རིགས་གཞོན་སྐྱེས་བསྟན་འཛིན་རང་གྲོལ་ལགས་སུ་འཛམ་གླིང་ནང་གྲགས་ཆེ་བའི་ Illustrators of the Future Contest ཞེས་པའི་རི་མོའི་སྒྱུ་རྩལ་གྱི་བྱ་དགའ་ཐོབ་ནས་ཨ་རིའི་ Fox གསར་ཁང་གིས་བཅར་འདྲི་གནང་འདུགབསྟན་འཛིན་རང་གྲོལ་ལགས་ནི། རྒྱ་གར་དུ་སྐྱེས་ཤིང་ཕ་མ་གཉིས་བོད་མོད་སྨད་རེབ་ཀོང་ཧོར་སྡེ་བ་ནས་ཡིན་པ་དང་། རང་ལོ་བཞིའི་སྐབས་ཕ་མ་དང་མཉམ་དུ་ཨ་རིར་གནས་སྤོ་གནང་སྟེ་ཨ་རིའི་མེ་རི་ལནྜ་མངའ་སྡེའི་ Montgomery རྫོང་གི་སློབ་གྲྭ་ཆུང་འབྲིང་འགྲིམས་ཏེ་མཐོ་འབྲིང་གི་རི་མོའི་ཆེད་སྦྱོང་སློབ་གྲྭར་ཡིག་རྒྱུགས་འཕྲོད་པ་ལྟར་རི་མོའི་ཆེད་སྦྱོང་གནང་བཞིན་ཡོད་པ་རེད། རང་གྲོལ་ལགས་ལ་འཛམ་གླིང་ནང་གྲགས་ཆེ་བའི་རི་མོའི་སྒྱུ་རྩལ་གྱི་བྱ་དགའ་དེ་ཐོབ་འཕྲལ་ཟླ་ ༢ ཚེས་ ༤ ཉིན་ཨ་རིའི་གྲགས་ཆེ་བའི་ Fox5 གསར་ཁང་གིས་ཁོང་ལ་དམིགས་བསལ་བཅར་འདྲི་གནང་འདུག་པའི་ནང་དུ་ཁོང་ནི་ཆུང་དུས་ནས་རི་མོར་དགའ་མོས་བྱེད་མཁན་ཞིག་དང་གཞི་རིམ་སློབ་གྲྭ་འགྲིམ་བཞིན་པའི་སྐབས་རི་མོའི་སྒྱུ་རྩལ་གྱི་ལས་རིམ་ཁག་ཡོད་པར་བརྟེན་ཐོག་མ་ཉིད་ནས་དོ་སྣང་ཆེན་པོ་གནང་བ་མ་ཟད། ཁོང་ནས་ལྟར་རི་མོའི་སྒྱུ་རྩལ་ལ་དོ་དབྱིངས་ཡོད་མཁན་རྒྱལ་སྤྱིའི་ཁྲོད་ཀྱི་རི་མོ་སྒྱུ་རྩལ་བ་གྲགས་ཆེ་བ་གཞན་ཁག་ཅིག་ཐུག་འཕྲད་གནང་རྒྱུ་བྱུང་བ་དེས་ཁོང་ལ་ཕན་ཐོགས་ཆེན་པོ་བྱུང་ཞེས་འགྲེལ་བརྗོད་གནང་ཡོད།སྐབས་དེར་གསར་འགོད་པས་རང་གྲོལ་ལགས་སུ་ཁོང་གི་རི་མོའི་བརྗོད་བྱ་སྐོར་དང་འབྲེལ་ནས་འདས་པའི་ལོ་ཤས་སམ། ཡང་ན་ད་བར་གྱི་བརྒྱུད་རིམ་ཁྲོད་འགྱུར་ལྡོག་གང་ཕྱིན་ཡོད་མེད་སྐོར་བཀའ་འདྲི་ཞུས་པར་ཁོང་ནས་དང་ཐོག་སུད་སི་རི་མོ་བ་གྲགས་ཅན་སྐུ་ཞབས་ H.R. Giger ལགས་ཀྱི་ཕྱག་ལས་ལ་ཡིད་སྨོན་ཆེན་པོ་གནང་གི་ཡོད་པ་དང་རིམ་པས་གློག་བརྙན་གྱི་འཆར་གཟུགས་དག་ལ་སྤྲོ་སྣང་འཕེལ་ནས་དེར་སེམས་འགུལ་ཐེབས་ཡོད་པ་གསུངས་འདུག རྩ་བའི་ Illustrators of the Future Contest ཞེས་པའི་གཟེངས་རྟགས་དེ་ནི་ཨ་རིའི་ཚན་རིག་རྟོག་བཟོའི་རྩོམ་པ་པོ་གྲགས་ཅན་ L. Ron Hubbard's ལགས་ཀྱིས་ཕྱི་ལོ་ ༡༩༨༨ ལོར་གསར་གཏོད་གནང་བ་ཞིག་ཡིན་པ་དང་དེའི་ནང་འཛམ་གླིང་གི་ས་ཁུལ་གང་སར་ཡོད་པའི་རྩོམ་པ་པོ་དང་རི་མོ་བ་སོགས་རང་འདོད་ཀྱིས་མཉམ་ཞུགས་ཆོག་པའི་རྩོམ་རིག་སྒྱུ་རྩལ་གྱི་རྩོམ་སྟེགས་ཤིག་ཡིན་པ་མ་ཟད། དེའི་བརྒྱུད་མཉམ་ཞུགས་གནང་མཁན་ཚན་རིག་རྟོག་བཟོ་དང་ངོ་མཚར་ཅན་གྱི་སྒྱུ་རྩལ་བ་རྣམས་ཀྱི་བརྩམས་ཆོས་དག་ལ་ཚད་དང་ལྡན་པའི་དཔྱད་བརྗོད་པ་དག་གིས་འདེམས་སྒྲིག་གནང་སྟེ་བྱ་དགའ་གནང་སྲོལ་ཡོད་པ་ཞིག་ཡིན་པ་རེད།ཐེངས་འདིར་འཛམ་གླིང་གི་རྟོག་བཟོ་དང་ངོ་མཚར་ཅན་གྱི་རི་མོའི་སྒྱུ་རྩལ་འགྲན་བསྡུར་གྱི་གཟེངས་རྟགས་ཐོབ་མཁན་མི་གྲངས་ ༡༢ ཁྲོད་བསྟན་འཛིན་རང་སྒྲོལ་ལགས་ལོ་ན་ཆུང་ཤོས་དེ་ཆགས་ཀྱི་འདུག

ཐུབ་བསྟན་ཚེ་རིང་ལགས་སྨན་རྩིས་ཁང་གི་འགན་འཛིན་དང་འཇིགས་མེད་ཚུལ་ཁྲིམས་ལགས་ལྷོ་སྤྱིར་བསྐོ་གཞག

རྒྱ་གར་ལྷོ་ཕྱོགས་གྲོང་ཁྱེར་སྦེང་ལོར་དུ་རྟེན་གཞི་བྱས་པའི་ལྷོ་སྤྱི་ཐུབ་བསྟན་ཚེ་རིང་ལགས་དབུས་བོད་ཀྱི་སྨན་རྩིས་ཁང་གི་འགན་འཛིན་ལ་བསྐོ་གཞག་དང་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་འཕགས་བོད་འབྲེལ་མཐུད་ལས་ཁང་འགན་འཛིན་འཇིགས་མེད་ཚུལ་ཁྲིམས་ལགས་ལྷོ་སྤྱིར་བསྐོ་གཞག་གནང་འདུགབོད་མིའི་སྒྲིག་འཛུགས་བཀའ་ཤག་གིས་ཟླ་བ་འདིའི་ཚེས་ ༤ ཉིན་སྤེལ་བའི་གསལ་བསྒྲགས་ནང་དོན་ལྟར་ན།  དབུས་བོད་ཀྱི་སྨན་རྩིས་ཁང་གི་འགན་འཛིན་བཀྲ་ཤིས་ཚེ་རིང་ལགས་ཕྱི་ལོ་ ༢༠༢༢ ལོའི་ཟླ་ ༣ ཚེས་ ༡ ནས་ལས་ཡུན་གཙང་གི་ཡོད་པ་ལྟར། སྨན་རྩིས་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་དུ་འགན་འཛིན་ཚབ་གསར་བོད་མིའི་སྒྲིག་འཛུགས་ནས་ལས་བྱེད་འོས་ཆོས་ལྡན་པ་ཞིག་ཞབས་གཡར་གཏོང་གནང་ཡོང་བ་ཞེས་ཞུས་པར་བཀའ་ཤག་ནས་དེ་དེ་བཞིན་རྒྱབ་གཉེར་གནང་བ་བཞིན། ལས་བྱེད་འདེམས་བསྐོ་ལྷན་ཁང་གི་སྒྲིག་གཞི་དོན་ཚན་བཅུ་བདུན་པའི་ནང་གསེས་གཉིས་པའི་དགོངས་དོན་འོག་ལྷོ་སྤྱི་དྲུང་འཕར་ཐུབ་བསྟན་ཚེ་རིང་ལགས་སྨན་རྩིས་ཁང་གི་འགན་འཛིན་དུ་ལོ་གཉིས་རིང་ཞབས་གཡར་བསྐོ་གཞག་གནང་སྟེ་ཟླ་བ་འདིའི་ཚེས་ ༡༤ ཉིན་དངོས་སུ་ལས་བཅར་གནང་དགོས་ཀྱི་ཡོད་པ་རེད། ད་ཆ་ལྷོ་སྤྱི་རྙིང་པ་ཐུབ་བསྟན་ཚེ་རིང་ལགས་དབུས་བོད་ཀྱི་སྨན་རྩིས་ཁང་གི་འགན་འཛིན་གསར་པར་བསྐོ་གཞག་གནང་བ་ལྟར་ལྷོ་སྤྱི་གསར་པར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་འཕགས་བོད་འབྲེལ་མཐུད་ལས་ཁང་འགན་འཛིན་འཇིགས་མེད་ཚུལ་ཁྲིམས་ལགས་ལྷོ་སྤྱིར་བསྐོ་གཞག་གནང་ཡོད་སྟབས། ཁོང་ཟླ་བ་རྗེས་མའི་ཚེས་ ༧ ཉིན་དངོས་སུ་ལས་བཅར་གནང་དགོས་ཀྱི་ཡོད་པ་རེད། རྩ་བའི་ཐུབ་བསྟན་ཚེ་རིང་ལགས་ཕྱི་ལོ་ ༢༠༠༦ ལོ་ནས་དྲུང་ལས་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་བར་འཛུགས་གནང་ནས་རིམ་པས་ཐེམ་པ་རིམ་འཛེགས་ཀྱིས་ཆོས་རིག་ལས་ཁུངས་དང་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཟུང་དྲུང་བཅས་གནང་བ་མ་ཟད། ༢༠༡༩ ལོར་སྦེལ་ཀོབ་ལུགས་བསམ་ས་གནས་འགོ་འཛིན་དང་དེ་རྗེས་ ༢༠༢༡ ནས་ད་བར་སྦེང་ལོར་ལྷོ་སྤྱི་བཅས་ཀྱི་ཐུགས་འགན་བཞེས་མུས་ཡིན་པ་རེད། དེ་བཞིན་འཇིགས་མེད་ཚུལ་ཁྲིམས་ལགས་ཕྱི་ལོ་ ༢༠༠༡ ལོ་ནས་དྲུང་ལས་ཀྱི་ངོ་བོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་བར་ཞུགས་ནས་རིམ་པས་ཐེམ་པ་རིམ་འཛེགས་ཀྱིས་ཕྱི་དྲིལ་ལས་ཁུངས་དང་ནང་སྲིད་ལས་ཁུངས། ལྡི་ལི་བོད་ཀྱི་སྐུ་ཚབ་དོན་ཁང་གི་འཕགས་བོད་འབྲེལ་མཐུད་པ། དེ་རྗེས་མོན་གྷོ་ས་གནས་འགོ་འཛིན་སོགས་གནང་བ་མ་ཟད། ཕྱི་ལོ་ ༢༠༡༩ ནས་ད་བར་འཕགས་བོད་འབྲེལ་མཐུད་ལས་ཁང་གི་འགན་འཛིན་གྱི་ཐུགས་འགན་བཞེས་ནས་ཁྱོན་མི་ལོ་ ༢༠ རིང་ལ་སྲི་ཞུའི་ཞབས་ཞུ་གནང་མུས་ཡིན་པ་རེད།

འབྲས་ནད་ཕོག་མཁན་ཡོངས་ལ་སྨན་བཅོས་མཐུན་རྐྱེན་གྱི་ཐོབ་ཐང་གཅིག་མཚུངས་དགོས་པའི་ཞུ་སྐུལ།

ཕྱི་ཟླ་ ༢ ཚེས་ ༤ ཉིན་རྒྱལ་སྤྱིའི་འབྲས་ནད་ཉིན་མོ་ཡིན་པ་དང་བསྟུན་ཁ་ཉིན་སྔ་དྲོ་ནས་ཉིན་འཁྱོངས་རིང་བོད་ཀྱི་འབྲས་ནད་ཚོགས་པས་མེག་ལོར་ཁྲོམ་གཞུང་དུ་ Close The Care Gap ཞེས་འབྲས་ནད་པ་རྣམས་ལ་སྨན་བཅོས་མཐུན་རྐྱེན་གྱི་ཐོབ་ཐང་གཅིག་མཚུངས་དགོས་པའི་མཚན་རྟགས་བསྡུ་རུབ་དང་རིན་མེད་ཐོག་ H-pylori  ཞེས་ཕོ་བར་ནད་འབུ་ཡོད་མེད་ཀྱི་བརྟག་དཔྱད་གནང་སྟེ། ནད་ཀྱི་སྔོན་འགོག་དང་སྨན་བཅོས་ཀྱི་གོ་རྟོགས་ལས་འགུལ་སྤེལ་བ་མ་ཟད། བོད་མིའི་སྒྲིག་འཛུགས་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་ལས་འགུལ་དབུ་འབྱེད་གནང་སོང་།བོད་ཀྱི་འབྲས་ནད་ཚོགས་པའི་འགན་འཛིན་ཚུལ་ཁྲིམས་རྡོ་རྗེ་ལགས་ཀྱིས་གསར་འགོད་པ་རྣམས་ལ་སྤྱིར་རྒྱལ་སྤྱིའི་འབྲས་ནད་ཉིན་མོ་དེ་ཕྱི་ཟླ་ ༢ ཚེས་ ༤ ཉིན་ཁེལ་གྱི་ཡོད་ཀྱང་། ཉིན་དེར་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་དགུན་དུས་ཨོ་རྩལ་འགྲན་ཚོགས་ཚོགས་ཀྱི་ཡོད་སྟབས་བོད་མིའི་འཐབ་རྩོད་དེ་གནད་ཆེར་ངོས་འཛིན་ནས་ཉིན་གཅིག་འཕར་འགྱང་གནང་ཡོད་སྐོར་ངོ་སྤྲོད་གནང་བ་དང་སྦྲགས།འཛམ་གླིང་ཁྲོད་དུ་ལོ་འཁོར་གཅིག་ནང་འབྲས་ནད་ཕོག་མཁན་མི་ས་ཡ་བཅུ་ཙམ་བྱུང་གི་ཡོད་པ་དང་དེ་དག་ལས་བརྒྱ་ཆ་བདུན་ཅུ་ཙམ་ལོ་ ༦༥ ལྷག་འབའ་ཞིག་ཆགས་ཀྱི་ཡོད་པ་ནི་སྨན་བཅོས་ཀྱི་མཐུན་རྐྱེན་མ་འཛོམ་པའི་དབང་གིས་ཡིན་སྟབས། ད་ལན་རྒྱལ་སྤྱིའི་འབྲས་ནད་ལྷན་ཚོགས་ཀྱིས་ཉིན་མོ་དེར་ Close The Care Gap ཞེས་འབྲས་ནད་པ་རྣམས་ལ་སྨན་བཅོས་མཐུན་རྐྱེན་གྱི་ཐོབ་ཐང་གཅིག་མཚུངས་དགོས་པའི་གོ་རྟོགས་ཀྱི་ལས་འགུལ་སྤེལ་བ་བཞིན་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ས་ཁུག་ལུང་ཁུག་ཁག་ཏུ་ལ་ཡོད་པའི་ནད་པ་རྣམས་ལ་སྨན་བཅོས་ཀྱི་ཐུན་རྐྱེན་དེ་ཙམ་རག་གི་མེད་སྟབས། དབུས་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱིས་གཙོས་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་སྨན་བཅོས་མཐུན་རྐྱེན་སྦྱོར་སྤྲོད་ཐོག་ལ་གྲོས་ཆོད་གཏན་འབེབས་གནང་ཐུབ་གལ་ཡིན་པའི་དགོངས་ཚུལ་གསུངས་ཡོད། དེ་བཞིན་བོད་མིའི་སྤྱི་ཚོགས་ནས་མཆིན་པའི་གཉན་ཚད་དང་ཕོ་བར་འབྲས་ནད་ཕོག་མཁན་མང་ཤོས་དང་། གཞན་ཡང་ནུ་མ་དང་པགས་པ་སོགས་ཀྱི་འབྲས་ནད་ཕོག་མཁན་ཡང་མང་པོ་ཡོད་སྟབས། རྒྱལ་སྤྱིའི་འབྲས་ནད་ཀྱི་ཉིན་མོ་དང་བསྟུན་རིན་མེད་ཐོག་ H-pylori  ཞེས་ཕོ་བར་ནད་འབུ་ཡོད་མེད་ཀྱི་བརྟག་དཔྱད་གནང་བ་མ་ཚད་པར་འབྲས་ནད་རིགས་ལ་སྨན་བཅོས་དུས་ཐོག་ཏུ་གནང་ཚེ་འཆི་ཡི་མ་རེད་ཅེས་པའི་མཚན་རྟགས་བསྡུ་རུབ་གནང་ཡོད།བོད་མིའི་སྒྲིག་འཛུགས་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་བོད་ཀྱི་འབྲས་ནད་ཚོགས་པས་རྣམ་ཀུན་དང་ལྷག་དོན་ཏོག་དབྱིབས་ནད་དུག་ཁྱབ་གདལ་ཁྲོད་སྤོབས་པ་གནང་འོས་པའི་ཕྱག་ལས་གནང་བར་བསྔགས་བརྗོད་དང་། ཕྱི་ཟླ་ ༢ ཚེས་ ༠༤ ཉིན་མོ་དེ་བོད་ཀྱི་འཐབ་རྩོད་དང་ཆབ་སྲིད་ལ་ཉིན་མོ་གལ་ཆེ་ཞིག་ལ་གཟིགས་ཏེ་འཕར་འགྱང་གནང་བར་ཐུགས་རྗེ་ཆེ་ཞེས་གསུངས་པ་དང་ཆབས་ཅིག ཁོང་སྐུ་སྒེར་གྱི་ཁྱིམ་དུ་ཆ་མཚོན་ན་ཡབ་དམ་པ་དང་གཅེན་པོ་བཀའ་ཟུར་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་རྣམ་གཉིས་ཀྱང་ནད་གཞི་དེའི་རྐྱེན་གྱིས་འདས་གྲོངས་སུ་གྱུར་ཡོད་སྟབས། བོད་མི་ཚོས་ངེས་པར་དུ་སྔོན་འགོག་གི་ཐབས་ལམ་དང་སྨན་བཅོས་སོགས་གནང་དགོས་པའི་གཞེན་སྐུལ་གནང་ཡོད།

རྒྱ་གར་གཞུང་གིས་པེ་ཅིང་ཨོ་རྩལ་འགྲན་ཚོགས་ཐོག་ཕྱི་འབྲེལ་མི་སྣ་གཏོང་རྒྱུ་མིན་པའི་གསལ་བསྒྲགས་སྤེལ་བ།

རྒྱ་གར་གཞུང་གིས་པེ་ཅིང་ཨོ་རྩལ་འགྲན་ཚོགས་ཀྱི་སྒོ་འབྱེད་དང་མཇུག་སྡོམ་མཛད་སྒོ་གཉིས་ཀྱི་ཐོག་ཡུལ་དེའི་ཕྱི་འབྲེལ་མི་སྣ་མཉམ་ཞུགས་གནང་གི་མེད་སྐོར་ཡོངས་གྲགས་གནང་འདུགདེ་རིང་བར་ཨ་རིས་གཙོས་མང་གཙོའི་རྒྱལ་ཁབ་ཁག་ཅིག་ནས་རྒྱ་ནག་གི་ཆེས་ཞན་པའི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དང་འབྲེལ་ཏེ། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཐོག་གཞུང་འབྲེལ་སྐུ་ཚབ་གཏོང་རྒྱུ་མིན་སྐོར་ཡོངས་གྲགས་གནང་བའི་རྗེས་སུའང་རྒྱ་གར་གྱི་ངོས་ནས་དེ་མཚུངས་གནང་རྒྱུའི་གསལ་བསྒྲགས་གང་ཡང་གནང་མེད་ལ། ད་དུང་ཨོ་རྩལ་འགྲན་ཚོགས་ཐོག་པེ་ཅིང་ནང་ཡོད་པའི་རྒྱ་གར་གྱི་ཕྱི་འབྲེལ་མི་སྣ་མཐོ་གྲས་ཤིག་མཉམ་ཞུགས་གནང་རྒྱུར་ཚོད་དཔག་གནང་བཞིན་པའི་མཚམས་འདིར་ཁ་སང་ཕྱི་དྲོ་རྒྱ་གར་གྱི་ཕྱི་སྲིད་ལྷན་ཁང་གི་མགྲིན་པ་སྐུ་ཞབས་ Arindam Bagchi ལགས་ཀྱིས་གསལ་བསྒྲགས་ཤིག་གནང་བ་བརྒྱུད་པེ་ཅིང་དུ་དེ་རིང་ནས་འགོ་འཛུགས་བྱ་རྒྱུའི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་སྒོར་འབྱེད་དང་མཇུག་སྡོམ་མཛད་སྒོ་གཉིས་ཀར་ཁུལ་དེར་ཡོད་པའི་རྒྱ་གར་གྱི་གཞུང་ཚབ་ལས་ཁུངས་ཀྱི་ངོས་ནས་མཉམ་ཞུགས་གནང་གི་མེད་པར་ཡོངས་གྲགས་གནང་ཡོད།རྒྱ་གར་གཞུང་གིས་འདི་ལྟ་བུའི་ཐག་གཅོད་དེ་ནི་ཕྱི་ཟླ་ ༢ ཚེས་ ༢ ཉིན་པེ་ཅིང་དུ་ཨོ་ལམ་པིཀ་རྩེད་འགྲན་གྱི་དཔལ་འབར་སྐོར་སྐྱོད་འགོ་འཛུགས་གནང་སྐབས་དེ་སྔ་ཕྱི་ལོ་ ༢༠༢༠ ལོར་འཕགས་བོད་གཉིས་ཀྱི་ས་མཚམས་ཉེ་འཁྲིས་ལ་དྭགས་ཀྱི་གྷལ་ཝན་ཡུལ་གཤོང་དུ་རྒྱ་དཀར་ནག་གི་དམག་མིའི་དབར་དྲག་པོའི་གདོང་ཐུག་གིས་རྨས་སྐྱོན་ཕོག་པའི་རྒྱ་རིགས་དམག་མི་ Qi Fabao ལ་དཔལ་འབར་འཁྱེར་མཁན་ཁོངས་སུ་བཞག་པའི་གནས་ཚུལ་ཐོན་རྗེས་ཡོངས་གྲགས་གནང་བ་ཞིག་ཡིན་པ་རེད།སྐུ་ཞབས་ Arindam Bagchi ལགས་ཀྱིས་གསར་འགོད་གསལ་བསྒྲགས་སྐབས་ང་ཚོས་གྷལ་ཝན་གྱི་དམག་དཔོན་ཞིག་ཨོ་རྩལ་གྱི་དཔལ་འབར་འཁྱེར་མཁན་ལ་བདམས་པའི་གནས་ཚུལ་དེའི་སྐོར་མཐོང་ཐོས་བྱུང་ཞེས་དང་བྱ་སྤྱོད་དེ་དག་ནི་ཁོང་ཁྲོ་སློང་མཁན་ཞིག་དང་། ལྷག་དོན་རྒྱ་གཞུང་གིས་རྒྱལ་སྤྱིའི་རྩེད་འགྲན་འདི་ཡང་ཆབ་སྲིད་ཀྱི་དགོས་མཁོར་སྤྱོད་བཞིན་པ་ནི་བློ་ཕམ་བྱ་ཡུལ་གྱི་གཞི་ལས་མ་འདས་པར་འགྲེལ་བརྗོད་གནང་འདུགདེ་རིང་ནས་འགོ་འཛུགས་བྱས་པའི་པེ་ཅིང་གི་དགུན་དུས་རྩལ་འགྲན་ཚོགས་ནང་རྒྱ་གར་གྱི་ཕྱོགས་ནས་གངས་བཤུད་གཏོང་མཁན་ Arif Khan ལགས་མ་གཏོགས་རྩེད་འགྲན་པ་གཞན་མེད་པ་དང་། རྒྱ་གར་གཞུང་གིས་གོང་ཞུས་གསལ་བསྒྲགས་སྤེལ་རྗེས་རྒྱ་གར་རྒྱལ་ཡོངས་རླུང་འཕྲིན་ལས་ཁང་ Doordarshan གི་ངོས་ནས་ཀྱང་རྩེད་མོའི་བརྒྱུད་ལམ་ཐོག་པེ་ཅིང་གི་རྩེད་འགྲན་སྒོ་འབྱེད་དང་མཇུག་སྡོམ་གྱི་མཛད་སྒོ་གཉིས་ཀའི་ཐད་གཏོང་ཕྱིར་འཐེན་བྱས་འདུགརེས་གཟའ་ལྷག་པའི་ཉིན་པེ་ཅིང་དུ་ཨོ་ལམ་པིཀ་དཔལ་འབར་སྐོར་སྐྱོད་འགོ་འཛུགས་ཁྲོད་རྒྱ་ནག་གི་དམག་མི་ Qi Fabao ཟེར་བ་དེར་ཆེ་བསྟོད་ཀྱིས་ཨོ་རྩལ་གྱི་དཔལ་འབར་འཁྱེར་མཁན་མི་གྲངས་ ༡༢༠༠ ཁོངས་ནས་འདེམས་སྒྲུག་བྱས་པར་རྒྱ་གར་གཞུང་མང་གཉིས་ནས་བློ་ཕམ་གི་རྣམ་པ་མངོན་གསལ་གནང་བ་དང་ཆབས་ཅིག ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ཞིག་གིས་ཀྱང་རྒྱ་ནག་གི་བྱེད་ཕྱོགས་དེ་ནི་ངོ་ཚ་མེད་པ་ཞིག་དང་ཨ་རིའི་ངོས་ནས་ཡུ་གུར་གྱི་རང་དབང་དང་རྒྱ་གར་གྱི་ས་ཁོངས་བདག་དབང་ཐད་རྒྱབ་སྐྱོར་ཞུ་རྒྱུའི་ཞལ་བཞེས་གནང་སྟེ་རྒྱ་ནག་ལ་སྐྱོན་བརྗོད་ནན་པོ་གནང་ཡོད།གཞི་རྩའི་རྒྱ་དཀར་ནག་གཉིས་དབར་འདས་པའི་ལོ་མང་རིང་ལ་ཚབས་ཆེ་བའི་དོན་རྐྱེན་སོགས་གང་ཡང་བྱུང་མེད་ཀྱང་། ཕྱི་ལོ་ ༢༠༢༠ ལོར་ལ་དྭགས་གྷལ་ཝན་གྱི་དོན་རྐྱེན་ཁྲོད་ཕྱོགས་གཉིས་ཀྱི་དམག་མི་དབར་འཐབ་འཛིང་བྱུང་སྟེ་རྒྱ་གར་གྱི་དམག་མི་ ༢༠ འདས་གྲོངས་སུ་གྱུར་ཡོད་པ་དང་། སྐབས་དེར་རྒྱ་ནག་གི་བརྒྱུད་ལམ་ཐོག་ཡུལ་དེའི་དམག་མི་ ༤ འདས་གྲོངས་སུ་གྱུར་ཡོད་པའི་གནས་ཚུལ་སྤེལ་ཡོད་ནའང་། དོན་དངོས་ཐོག་ཡོངས་གྲངས་བྱས་པའི་གྲངས་འབོར་ལས་མང་བ་ཡོད་པར་ཚོད་དཔག་གནང་བཞིན་ཡོད་པ་རེད། ཕྱོགས་གཉིས་ཀྱི་དབར་ད་བར་ས་མཚམས་ཀྱི་གནད་དོན་ཐད་གྲོས་མོལ་ཐེངས་ ༡༤ ཙམ་གནང་ཡོད་ཀྱང་དོན་འབྲས་སོན་པ་གང་ཡང་བྱུང་མེད་པ་མ་ཟད་ལྷག་དོན་རྒྱ་ནག་གིས་མཐའ་མཚམས་ནས་དམག་མི་ཡོངས་རྫོགས་ཕྱིར་འཐེན་བྱ་རྒྱུའི་གནད་དོན་ཐོག་མོས་མཐུན་བྱས་མེད།

 པེ་ཅིང་དུ་དགུན་དུས་ཨོ་རྩལ་འགྲན་ཚོགས་ཚོགས་པ་དེ་ནི་འོས་འཚམས་ཤིག་མ་རེད།

དེ་རིང་ཕྱི་ཟླ་ ༢ ཚེས་ ༤ རེས་གཟའ་པ་སངས་ཉིན་མོར་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་རྒྱལ་སྤྱིའི་དགུན་དུས་ཨོ་རྩལ་དངོས་སུ་འགོ་འཛུགས་བྱེད་ཀྱི་ཡོད་པ་ལྟར་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་མིའི་གཞུང་འབྲེལ་མིན་པའི་ཚོགས་པ་ཆེ་ཁག་ལྔ་ཟུང་འབྲེལ་ཐོག་དགུན་དུས་ཨོ་རྩལ་འགྲན་ཚོགས་ལ་སྐྱོན་བརྗོད་ཀྱི་གསར་འགོད་གསལ་བསྒྲགས་དང་དེ་བཞིན་ཉིན་རངས་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་སྤེལ་སོང་།ཚོགས་པ་ལྔ་པོའི་གསར་འགོད་གསལ་བསྒྲགས་ཐོག་རྒྱ་གཞུང་གིས་བཙན་གནོན་འོག་བོད་ནང་གི་བོད་མི་ཚོར་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་མེད་སྐོར་ལུང་འདྲེན་དང་འབྲེལ། འཛམ་གླིང་ས་ཕྱོགས་གང་སར་ཡོད་པའི་ཕྱི་རྒྱལ་ཡུལ་མི་དང་གནད་ཡོད་མི་སྣ་རྣམས་ནས་བོད་མི་རིགས་ཀྱི་འཐབ་རྩོད་ལ་མུ་མཐུད་ནས་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་པ་དང་། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་འཚོགས་བཞིན་པ་འདི་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ངོས་ནས་རྒྱ་ནག་ལ་གདོང་ལེན་ཚད་ལྡན་ཞིག་གནང་མ་ཐུབ་པའི་རྟགས་མཚན་གསལ་པོ་ཞིག་ཕྱིར་མངོན་པར་ངོས་འཛིན་ཞུ་བཞིན་ཡོད་པ་དང་ཆབས་ཅིག  རྒྱ་གཞུང་གིས་བོད་མི་ཙམ་མ་ཟད་མི་རིགས་གཞན་ལའང་དྲག་གནོན་གྱི་སྲིད་བྱུས་གཅིག་མཚུངས་ལག་བསྟར་དང་རྒྱ་མི་རིགས་ནང་ཁུལ་ལའང་རང་དབང་དང་འདྲ་མཉམ་ཀྱི་ཐོབ་ཐང་མེད་པའི་གནས་སྟངས་ཁྲོད་པེ་ཅིང་དུ་དགུན་དུས་ཨོ་རྩལ་འགྲན་ཚོགས་བསྐོང་ཚོགས་བྱས་པ་ནི་འོས་འཚམས་ཤིག་གཏན་ནས་མ་རེད་ཅེས་མཐའ་གཅིག་ཏུ་ངོ་རྒོལ་ཡོད་པ་གསུངས་ཡོད།   དེ་བཞིན་རྒྱ་ནག་དང་ལྷན་མང་གཙོའི་རྒྱལ་ཁབ་ཚོས་ཚོང་འབྲེལ་གསར་འཛུགས་བྱས་ཡོད་པས་ད་ཆ་མང་གཙོའི་རྒྱལ་ཁབ་ཁག་གི་དབུ་ཁྲིད་ཚོས་འདས་པའི་ལོ་རྒྱུས་དང་སྲིད་བྱུས་ལ་བསྐྱར་ཞིབ་གནང་སྟེ་མང་གཙོ་སྲུང་སྐྱོབ་དང་དར་སྤེལ་ཆེད་རྒྱ་ནག་ལ་འཛེམ་ཟོན་དང་བཅས་པའི་སྲིད་བྱུས་ཡོད་པ་དེ་དག་འཕྲལ་མར་མཚམས་འཇོག་དགོས་པ་མ་ཟད། རྒྱ་ནག་ནས་༸ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གིས་གཙོས་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་ཆ་རྐྱེན་གང་ཡང་མེད་པར་གློད་བཀྲོལ་དགོས་པའི་གནོན་ཤུགས་སྤྲོད་དགོས་ཞེས་འབོད་སྐུལ་བསྐྱར་ནན་གནང་སོང་། གསར་འགོད་པས་རྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་རིག་འཛིན་ཆོས་སྒྲོན་ལགས་སུ་དེ་རིང་གི་ཉིན་མོ་དང་འབྲེལ་བཅར་འདྲི་ཞུས་པར་ཁོང་གིས་ཐེངས་འདིའི་ཨོ་རྩལ་དང་འབྲེལ་གཞུང་འབྲེལ་མིན་པའི་ཚོགས་པ་ཚོས་ད་བར་ལས་འགུལ་རབ་དང་རིམ་པ་སྤེལ་ཡོད་པ་དང་། ལྷག་པར་རྒྱལ་སྤྱིའི་ཁྲོད་རྒྱ་ནག་གི་ཨོ་རྩལ་ལ་ངོ་རྒོལ་ཤུགས་ཆེ་གནང་རྐྱེན་ད་ཆ་རྒྱལ་ཁབ་ཁག་ཅིག་ནས་ཨོ་རྩལ་འགྲན་ཚོགས་ལ་གཞུང་འབྲེལ་སྐུ་ཚབ་ཕེབས་རྒྱུ་མིན་པའི་ཐག་གཅོད་གནང་སྐོར་གསུངས་པ་དང་ཆབས་ཅིག   ཁས་ས་རྒྱ་གར་ནས་ཀྱང་དེ་གའི་སྐུ་ཚབ་ཆེད་གཏོང་མ་གཏང་རྒྱུའི་ཐག་གཅོད་གནང་ཡོད་པས་དེར་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞེས་ཞུས་སོང་།  ལྷག་པར་ཁོང་གིས་རྒྱལ་སྤྱིའི་དབུ་ཁྲིད་ཚོས་རྒྱ་ནག་ནས་རང་ཉིད་ཀྱི་ནོར་འཁྲུལ་ཅན་གྱི་སྲིད་བྱུས་ལག་བསྟར་མཚམས་འཇོག་དགོས་པའི་གནོན་ཤུགས་སྤྲོད་པའི་དུས་ལ་བབ་ཡོད་ཅེས་གསུངས་ཡོད།གཞི་རྩའི་དེ་རིང་རྒྱ་ནག་གི་དགུན་དུས་ཨོ་རྩལ་འགོ་འཛུགས་དང་བསྟུན་ནིའུ་ཡོག་དང་ཁེལ་ཕོར་ནི་ཡ། དེ་བཞིན་མེཀ་སི་ཀོ་བཅས་ཀྱི་ནང་དུ་ཡོད་པའི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་སོ་སོའི་ས་གནས་སུ་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་མདུན་དུ་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་དང་། ཨོ་སི་ཊོ་ལི་ཡ་ལྟ་བུར་མཚོན་ན་བོད་མི་ལས་འགུལ་བ་རྣམས་ནས་ཚེས་ ༣༡ ཉིན་དབུ་འཛུགས་ཞུས་པའི་བོད་དོན་གོམ་བགྲོད་ཀྱི་ལས་འགུལ་དེ་བཞིན་སིཌ་ནི་གྲོང་ཁྱེར་ Martin Place ནང་མཇུག་སྒྲིལ་གྱིས་གཞི་རྒྱ་ཆེ་བའི་ལས་འགུལ་སྤེལ་བ་མ་ཟད། ནིའུ་ཛ་ལན་ཌི་ནང་དུའང་རྒྱ་ནག་གི་གཞུང་ཚབ་མདུན་དུ་བོད་མི་ཚོས་ངོ་རྒོལ་གྱི་ལས་འགུལ་སྤེལ་འདུག་ལ། ཁེ་ན་ཌ་ནང་ལའང་དེ་མཚུངས་ཀྱི་ལས་འགུལ་སྤེལ་རྒྱུ་ཡིན་པ་རེད།

ཡོ་རོབ་བོད་མི་ཚོས་ཨོ་རྩལ་མཐུན་ཚོགས་ཀྱི་ལས་ཁུངས་མདུན་དུ་གཞི་རྒྱ་ཆེ་བའི་ངོ་རྒོལ་གནང་བ།

༢༠༢༢ ལོའི་པེ་ཅིང་གི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་སྒོ་འབྱེད་ཀྱི་སྔ་ནུབ་ཏུ་འདི་ག་སུད་སི་གྲོང་ཁྱེར་ Lausanne ནང་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་ཨོ་རྩལ་མཐུན་ཚོགས་ཀྱི་ལས་ཁུངས་མདུན་དུ་ཡོ་རོབ་རྒྱལ་ཁབ་ཁག་ ༨ ནས་བོད་རིགས་ཚོགས་པའི་སྐུ་ཚབ་དང་བོད་མི་ལས་འགུལ་བ། དེ་བཞིན་བོད་དོན་རྒྱབ་སྐྱོར་བ་བཅས་འདུ་འཛོམས་ཀྱིས་ཨོ་ལམ་པིཀ་འགྲེམས་སྟོན་ཁང་བར་ཞི་བའི་གོམ་བགྲོད་གནང་བ་མ་ཟད། རྒྱ་ནག་ནང་དུ་འཚོགས་བཞིན་པའི་དགུན་དུས་ཨོ་རྩལ་འགྲན་ཚོགས་དེ་འཛམ་གླིང་ནང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཚབས་ཆེན་གཏོང་མཁན་རྒྱལ་ཁབ་ཅིག་ནང་ཚོགས་པའི་རྩེད་འགྲན་ཞིག་རེད་ཅེས་པའི་འབོད་སྒྲའི་འོག་རྒྱ་ནག་གི་ཨོ་རྩལ་འགྲན་ཚོགས་ལ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་ཡོད། དེ་བཞིན་རྒྱལ་སྤྱིའི་ཨོ་རྩལ་མཐུན་ཚོགས་ཀྱི་ངོས་ནས་རྒྱ་ནག་གི་མངའ་འོག་ཏུ་མནར་གཅོད་མྱོང་བཞིན་པའི་མང་ཚོགས་ཀྱི་མངོན་འདོད་ལ་གུས་བརྩི་ཞུས་ནས་རྒྱ་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་ཡོད་ཀྱང་དེར་དེར་ལྟོས་མེད་ཀྱིས་ཚོགས་ཀྱི་ཡོད་པ་ངོས་ལེན་གྱི་སྤྱིར་བསྒྲགས་ཤིག་སྤེལ་དགོས་པའི་རེ་སྐུལ་ཞུས་ཡོད་པ་རེད།ཐེངས་འདིའི་ཡོ་རོབ་བོད་མི་རྣམ་མཉམ་སྦྲེལ་གྱིས་སྤེལ་བའི་གོམ་བགྲོད་ལས་འགུལ་དེའི་ཐོག་ཡོ་རོབ་བོད་མི་མང་སྤྱི་འཐུས་རྣམ་གཉིས་གཙོས་ཡོ་རོབ་བོད་རིགས་ཚོགས་ཁག་གི་ཟུང་འབྲེལ་ཐོག་ནས་མཚན་རྟགས་བཀོད་པའི་ཞུ་སྙན་ཞིག་རྒྱལ་སྤྱིའི་ཨོ་རྩལ་མཐུན་ཚོགས་ཀྱི་ཚོགས་གཙོ་ Thomas Bach མཚན་ཐོག་ལ་ཕུལ་སོང་བ་དང་། ཞུ་སྙན་ནང་གཙོ་བོ་ ༢༠༠༨ ལོའི་པེ་ཅིང་དུ་ཨོ་རྩལ་འགྲན་ཚོགས་བསྐོང་ཚོགས་ཟིན་པའི་རྗེས་སུ་རྒྱ་ནག་གི་མངའ་འོག་ཏུ་ཡོད་པའི་བོད་གཙོ་གྱུར་ས་ཁུལ་ཁག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་ཕྱིན་ཡོད་པ་དང། ལྷག་པར་དུ་བོད་ནང་དུ་ད་བར་བོད་མི་ ༡༥༥ ལྷག་གིས་རྒྱ་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་བྱུས་ལ་ངོ་རྒོལ་གནང་སྟེ་སྐུ་ལུས་ཞུགས་འབུལ་གནང་བའི་གནང་སྟངས་སོགས་བྱུང་ཡོད་པ་དེ་ལྟར་ཡང། ཨོ་རྩལ་མཐུན་ཚོགས་ནས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་གོང་འཕེལ་གྱི་རྩ་བའི་ལྟ་གྲུབ་ཁག་སྣང་མེད་བཏང་ནས་ད་ལན་བསྐྱར་དུ་རྒྱ་ནག་ལ་ཕྱི་ལོ་ ༢༠༢༢ ལོའི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་བདག་དབང་སྤྲད་པ་ནི་ཆེས་བློ་ཕམ་བྱ་གཞི་ལས་མ་འདས་པ་ཞིག་རེད་ཅེས་སྐྱོན་བརྗོད་གནང་བ་མ་ཟད། ལྷག་པར་དུ་ཞུ་སྙན་དེ་བརྒྱུད་ནས་ཨོ་རྩལ་མཐུན་ཚོགས་ཀྱི་ངོས་ནས་རྒྱ་ནག་གི་མངའ་འོག་ཏུ་གདུག་རྩུབ་མྱོང་བཞིན་པའི་མང་ཚོགས་ཀྱི་མངོན་འདོད་ལ་གུས་བརྩི་ཞུས་ཏེ། རྒྱ་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་དུ་རྒྱ་ནག་ཏུ་དགུན་དུས་ཨོ་རྩལ་འགྲན་ཚོགས་དེ་ཚོགས་བྱེད་ཀྱི་ཡོད་པར་ངོས་ལེན་གྱི་སྤྱིར་བསྒྲགས་ཤིག་སྤེལ་དགོས་པའི་རེ་སྐུལ་ཞུས་འདུག སྐབས་དེར་ལས་འགུལ་བ་རྣམས་ནས་ཕྱག་ཏུ་བོད་ཀྱི་རྒྱལ་དར་བསྣམས་པ་དང་སྦྲགས། པེ་ཅིང་ཨོ་རྩལ་འགྲན་ཚོགས་དང་རྒྱལ་སྤྱིའི་ཨོ་རྩལ་མཐུན་ཚོགས་ཀྱི་བྱ་སྤྱོད་ལ་ངོ་རྒོལ་གྱི་ཤོག་སྦྱང་སོགས་བསྣམས་ཏེ་ངོ་རྒོལ་སྐད་འབོད་གནང་བ་མ་ཟད། རྒྱལ་སྤྱིའི་ཨོ་རྩལ་མཐུན་ཚོགས་ཀྱི་ལས་ཁུངས་ཨ་མའི་མདུན་ནས་ཞི་བའི་གོམ་བགྲོད་གནང་སྟེ། མཐར་ཨོ་ལམ་པིཀ་འགྲེམས་སྟོན་ཁང་གི་མདུན་དུ་གོམ་བགྲོད་པ་རྣམས་འདུ་འཛོམས་ཀྱིས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བླངས་པ་དང་ད་བར་བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ་སྐུ་སྲོག་བློས་བཏང་གནང་མཁན་རྒྱལ་གཅེས་པ་ཡོངས་ལ་མྱ་ངན་གུས་འདུད་ཞུས་ཏེ། ལུ་སཎ་གྲོང་ཁྱེར་སྤྱི་ཁྱབ་པ་ llias Penchant མཆོག་དང་ཡོ་རོབ་བོད་མི་མང་སྤྱི་འཐུས། སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད། དེ་བཞིན་སུད་སི་དང་ལིག་ཏིག་སིཊཡན་བོད་རིགས་མི་མང་གཙོས་ལས་འགུལ་ཐོག་ཕེབས་པའི་ཡོ་རོབ་བོད་རིགས་ཚོགས་པ་ཁག་གི་སྐུ་ཚབ་དང། བོད་མིའི་གཞུང་འབྲེལ་མིན་པའི་ཚོགས་ཁག་གི་འཐུས་མི་སོགས་ནས་རྒྱ་ནག་གི་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་རྒྱལ་སྤྱིའི་ཨོ་རྩལ་མཐུན་ཚོགས་ཀྱི་བྱ་སྤྱོད་ལ་སྐྱོན་བརྗོད་ཀྱི་གཏམ་བཤད་སྤེལ་ཡོད།དེ་བཞིན་ལས་འགུལ་ཐོག་ཉེ་སྔོན་སུད་སི་རྒྱལ་ས་སྦན་ནས་གངས་བཤུད་ལྷམ་གྱོན་ནས་རྒྱ་ནག་ཨོ་རྩལ་འགྲན་ཚོགས་ལ་ངོ་རྒོལ་གྱི་གོམ་བགྲོད་ལས་འགུལ་སྤེལ་མཁན་བོད་མི་སྒྱུ་རྩལ་བ་བློ་ལྡན་རྣམ་གླིང་ལགས་ཀྱིས་ཀྱང་ཨོ་ལམ་པིཀ་འགྲེམས་སྟོན་ཁང་དུ་ལས་འགུལ་མཇུག་སྒྲིལ་གནང་ཡོད་པ་རེད།རྩ་བའི་ཐེངས་འདིའི་རྒྱ་ནག་གི་དགུན་དུས་ཨོ་རྩལ་འགྲན་ཚོགས་ལ་དམིགས་ཏེ་ཡོ་རོབ་བོད་མིའི་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་ཆེན་མོ་སྤེལ་བ་དེ་ ༢༠༢༡ ཟླ་ ༡༢ ཚེས་ ༡༨ ནས་ ༡༩ ཉིན་གཉིས་རིང་ཕ་རན་སིའི་རྒྱལ་ས་པེ་རིས་ལ་ཚོགས་པའི་ཡུ་རོབ་བོད་རིགས་ཚོགས་པ་ཁག་གི་ལོ་འཁོར་ཚོགས་ཆེན་ཐེངས་གཉིས་པའི་ཐོག་གྲོས་ཆོད་བཞག་ཡོད་པ་ལྟར་ལས་འགུལ་དེ་སུད་སི་དང་ལིག་ཏིག་སིཊཡན་བོད་རིགས་མི་མང་ཚོས་གཙོ་འགན་བཞེས་ཏེ་གོ་སྒྲིག་གནང་བ་ཞིག་ཡིན་པ་རེད།

ལྡི་ལིའི་རྒྱ་ནག་གཞུང་ཚབ་ཀྱི་ཉེ་འཁྲིས་སུ་བོད་མི་ལས་འགུལ་བ་དྲུག་ལྷག་འཛིན་བཟུང་།

དེ་རིང་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་དགུན་དུས་ཀྱི་ཨོ་ལམ་པིཀ་རྩེད་འགྲན་སྒོ་འབྱེད་དང་བསྟུན་ལྡི་ལི་བསམ་ཡས་གླིང་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་གཉིས་ཟུང་འབྲེལ་གྱིས་རྒྱལ་ས་ལྡི་ལིའི་རྒྱ་ནག་གཞུང་ཚབ་ཁང་གི་ཉེ་འཁྲིས་སུ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་ཞིག་གོ་སྒྲིག་གནང་ཡོད་པ་རེད།ལས་འགུལ་གྱི་དགོས་དམིགས་གཙོ་བོ་ནི། རྒྱ་ནག་གཞུང་ལ་འགྲོ་བ་མིའི་ཐོབ་ཐང་དང་བཟང་སྤྱོད་བཅས་གང་གི་ཆ་ནས་ཀྱང་ཨོ་རྩལ་འགྲན་ཚོགས་གོ་སྒྲིག་བྱ་རྒྱུའི་འོས་བབ་གཏན་ནས་མེད་ཅེས་ངོ་རྒོལ་དང་སྐྱོན་བརྗོད་གནང་ཕྱིར་ཡིན་པ་རེད།ལྡི་ལི་གསར་པའི་རྒྱ་ནག་གཞུང་ཚབ་ཁང་ནས་མི་ཊར་ ༡༠༠ ལྷག་གི་ས་ཐག་ཏིན་མུར་ཏི་ནས་དབུ་འཛུགས་གནང་བའི་དེ་རིང་གི་ངོ་རྒོལ་ལས་འགུལ་དེའི་ནང་བོད་སྒར་བསམ་ཡས་གླིང་དང་ལ་དྭགས་དྷརྨ་ཤཱ་ལཱ། ལཱལ་ཀི་ལའི་སུད་ཚོང་བའི་བོད་མི། དེ་བཞིན་ལྡི་ལི་ལྷོ་ཕྱོགས་བཅས་ཀྱི་བོད་མི་ལས་འགུལ་བ་མི་གྲངས་ ༡༠༠ ལྷག་ནས་མཉམ་ཞུགས་གནང་འདུག་པ་དང་ལས་འགུལ་བ་དེ་དག་ཚང་མས་གསུང་ཤུགས་ཆེན་པོའི་ཐོག་ནས་རྒྱ་ནག་ལག་དམར་ལ་ཨོ་རྩལ་འགྲན་ཚོགས་ཀྱི་འོས་བབ་མེད། བོད་མིར་རང་དབང་སྤྲོད་དགོས། རང་དབང་དང་མང་གཙོར་དགའ་ཞེན་ཡོད་མཁན་རྒྱལ་སྤྱིའི་མང་ཚོགས་ཚོས་བོད་དོན་ལ་རྒྱབ་སྐྱོར་གནང་དགོས་ཞེས་སོགས་ཀྱི་སྐད་འབོད་གནང་ཡོད། རྒྱལ་ས་ལྡི་ལིའི་ལས་འགུལ་སྐབས་བོད་རང་བཙན་འཐབ་རྩོད་པ་བསྟན་འཛིན་བརྩོན་འགྲུས་ལགས་མཉམ་ཞུགས་གནང་འདུག་པ་དང་སྐབས་དེར་ཁོང་དང་ལས་འགུལ་བ་གཞན་ཁག་ཅིག་གིས་རྒྱ་ནག་གི་རྒྱལ་དར་མེར་བསྲེགས་བཏང་བ་མ་ཟད། རྒྱ་ནག་གིས་ད་རེས་ཨོ་ལམ་པིཀ་འགྲན་ཚོགས་གོ་སྒྲིག་བྱེད་ཀྱི་ཡོད་པ་དེ་ནི་ཕྱི་ལོ་ ༡༩༣༦ ལོའི་ན་ཛིལ་ཨོ་རྩལ་དང་གཅིག་མཚུངས་ཀྱི་མཇུག་འབྲས་ཤིག་ཡོང་ངེས་ཡིན་པ་དང་། ལྷག་དོན་ཨོ་རྩལ་གྱི་དཔལ་འབར་འཁྱེར་མཁན་དེའང་རྒྱ་གར་གྱི་དམག་མི་གསོད་མཁན་ལག་དམར་བ་ཞིག་ཡིན་པ་བཅས་ཀྱི་ཆ་ནས་མཐའ་གཅིག་ཏུ་ངོ་རྒོལ་ཡོད་ཅེས་གསུངས་སོང་། ལས་འགུལ་བ་མི་གྲངས་ ༡༠༠ ལྷག་ཡོད་པ་དེ་དག་གིས་ཏིན་མུར་ཏི་ནས་རྒྱའི་གཞུང་ཚབ་ཁང་གི་བར་དུ་ཕེབས་ཐབས་གནང་ཡོད་ཀྱང་། ས་གནས་སྐོར་སྲུང་བས་ལས་འགུལ་བ་རྣམས་ལམ་ཕྱེད་ཙམ་ནས་བཀག་འགོག་བྱས་ཡོད་པ་དང་། སྐབས་དེར་འགུལ་བ་ཁག་ཅིག་གིས་སྐོར་སྲུང་བས་ར་བ་སྐོར་བ་ལས་བརྒལ་ནས་རྒོལ་མཆོང་གནང་སྟབས་ས་གནས་སྐོར་སྲུང་བས་ལས་འགུལ་བ་མི་གྲངས་དྲུག་ལྷག་ཞིག་འཛིན་བཟུང་བཀག་ཉར་བྱས་ཡོད་པ་རེད།བོད་མི་ལས་འགུལ་བ་གཞན་རྣམས་ཀྱིས་དུས་ཚོད་དུས་ཚོད་ཐུང་ངུ་ཞིག་གི་རིང་ཨོ་རྩལ་ལ་ངོ་རྒོལ་གྱི་སྐད་འབོད་གནང་བ་དང་། དེ་རྗེས་བདེན་ཚིག་སྨོན་ལམ་གསུང་འདོན་གནང་བའི་ཐོག་ནས་ལས་འགུལ་རེ་ཞིག་མཇུག་སྒྲིག་གནང་ཡོད།

Latest news