Tibetan Royal Year of 2151 | Year of the Wood Dragon

གསར་འགྱུར།

རྒྱ་ནག་རྒྱལ་ཚོགས་ཀྱི་ལས་དོན་ཚོགས་མིར་བསྐོས་པར་སྐྱོན་བརྗོད།

ཁ་ཉིན་ཚེས་ ༦ ཉིན་ཨ་རིའི་གྲོས་ཚོགས་གོང་མའི་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་བདུན་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་ Antonio Guterres མཆོག་གི་མཚན་ཐོག་ཏུ་ཕྱག་ཡིག་ཅིག་ཕུལ་ཏེ་རྒྱ་ནག་མཉམ་འཐུས་ཚབ་པ་ Jiang Duan རྒྱལ་ཚོགས་ཀྱི་ལས་དོན་ཚོགས་ཆུང་དུ་བསྐོ་གཞག་བྱས་པར་སྐྱོན་བརྗོད་ནན་པོ་གནང་འདུགཁོང་ཚོའི་ཕྱག་བྲིས་དེའི་ནང་རྒྱ་ནག་ནི་རང་རྒྱལ་གྱི་ཕྱི་ནང་གཉིས་སུ་འགྲོ་བ་མིའི་ཐོབ་ཐང་གི་གནས་བབས་ཆེས་ཞན་ཤོས་ཀྱི་རྒྱལ་ཁབ་ཅིག་ཡིན་པར་བརྟེན་ཐེངས་འདིར་རྒྱ་ནག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཤུགས་རྐྱེན་ཆེ་བའི་ལས་དོན་ཚོགས་ཆུང་དུ་བསྐོ་བཞག་བྱས་པར་ངོས་ལེན་རྩ་བ་ནས་མེད་པ་མ་ཟད་རྒྱལ་ཚོགས་ཀྱིས་རྒྱ་ནག་དེ་ལས་དོན་ཚོགས་ཆུང་ནས་ཕྱིར་ཕུད་གནང་དགོས་པའི་དགོས་འདུན་ཆེད་བཏོན་གནང་འདུགདེ་བཞིན་ཞུ་སྙན་དེའི་ནང་ཐེངས་འདིར་རྒྱ་ནག་གི་སྐུ་ཚབ་འགྲོ་བ་མིའི་ཐོབ་ཐང་གི་ལས་དོན་ཚོགས་ཆུང་དུ་བསྐོ་གཞག་བྱས་པ་དེས་སྤྱི་ཡོངས་ཀྱི་འགྲོ་བ་མིའི་ཐོབ་ཐང་དུ་འབྲེལ་ནས་རང་དབང་གི་རྟོག་ཞིབ་པ་ ༡༧ ལྷག་འདེམས་སྒྲུག་གནང་གི་ཡོད་ལུགས་ལུང་འདྲེན་གྱིས་ས་མིག་དེ་དག་གི་ཁྲོད་རྒྱ་ནག་གིས་དུས་རྒྱུན་ནས་ལག་བསྟར་བྱེད་བཞིན་པའི་སྨྲ་བརྗོད་རང་དབང་ལ་དམ་དྲག་དང་གང་བྱུང་དུ་འཛིན་བཟུང་། གར་སོང་ཆ་མེད་དུ་གྱུར་བ་སོགས་ཀྱི་གནད་དོན་ལ་རྟོག་ཞིབ་གནང་མཁན་མི་སྣ་མང་པོར་དམ་དྲག་ཤུགས་ཆེ་བྱས་པར་བརྟེན་རྒྱལ་ཚོགས་ཀྱིས་རྒྱ་ནག་གི་འཐུས་པ་པ་ལས་དོན་ཚོགས་ཆུང་དུ་བསྐོ་གཞག་བྱས་པར་བློ་ཕམ་ཆེན་པོ་ཡོད་པ་འཁོད་འདུགདེ་བཞིན་གྲོས་ཚོགས་འཐུས་མི་རྣམས་ཀྱིས་རྒྱ་ནག་གིས་འདི་ལོའི་རྒྱ་ནག་གི་གྲོང་ཁྱེར་ཝུ་ཧྲན་ནས་ཁྱབ་བརྡལ་བྱུང་བའི་ཉེན་ཚབས་ཀྱི་ཐད་ནས་འཛམ་གླིང་ཧྲིལ་པོར་མགོ་སྐོར་བཏང་ཡོད་པར་མ་ཟད་ནད་ཡམས་ཁྱབ་བརྡལ་གྱི་སྐབས་སུ་སྤྱི་ཡོངས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་བཏང་སྟེ་གཉན་རིམས་ཁྱབ་བརྡལ་ལ་གསལ་འདེབས་བྱེད་མཁན་གྱི་སྨན་པ་རྣམས་ལ་ཉེས་ཆད་བཅད་པ་དང་རིམས་ནད་ཀྱི་གནས་ཚུལ་ཡོད་ཚད་ལ་དྲྭ་ཐོག་ནས་བཀག་སྡོམ་བྱས་ཏེ་ད་ཆ་འཛམ་གླིང་ཡོངས་ལ་ནད་ཡམས་ཁྱབ་བརྡལ་འགྲོ་བཞིན་པ་སོགས་མངོན་གསལ་གནང་བ་དང་ཆབས་ཅིག་ཏུ་རྒྱ་ནག་གི་འཐུས་ཚབ་པ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་དོན་ཚོགས་ཆུང་དུ་བསྐོ་གཞག་གནང་རྒྱུ་རྩིས་མེད་གཏོང་དགོས་པའི་འབོད་སྐུལ་གནང་འདུག  གནས་ཚུལ་དེ་དང་འབྲེལ་ཏེ་རྒྱ་ནག་གིས་ཡུ་གུར་མི་མང་ས་ཡ་གཅིག་ལྷག་བཀག་བསྐྱིལ་གྱིས་གྲངས་ཉུང་མི་རིགས་གཙང་བཟོ་བྱེད་རྒྱུའི་སྲིད་བྱུས་ལག་བསྟར་བྱེད་ཀྱི་ཡོད་པ་གསལ་པོ་ཆགས་ཡོད་པ་དང་ཁ་ཆེ་མི་རིགས་ནི་རྒྱ་ནག་གི་ནང་མི་སེར་རིམ་པ་གཉིས་ལ་ལྟ་བུའི་ངོ་བོར་གནས་ཡོད་ལུགས་ལུང་འདྲེན་གནང་སྟེ་དེ་ལྟ་བུའི་བྱེད་བབ་དེ་ནི་འགྲོ་བ་མིའི་རིགས་སྤྱིར་གནོད་འཚབ་ཆེ་བའི་ནག་ཉེས་ཤིག་ཡིན་པ་གསུངས་བ་མ་ཟད་རྒྱ་ནག་དེ་རྒྱལ་ཚོགས་ཀྱི་ལས་དོན་ཚོགས་ཆུང་དུ་བསྐོ་གཞག་བྱེད་ཐབས་མེད་པ་ཡོངས་གྲགས་གནང་འདུགམཉམ་འབྲེལ་རྒྱལ་ཚོགས་ནི་འགྲོ་བ་མིའི་རིགས་ཀྱི་དཀའ་རྙོག་བསྐྱར་བཟློས་མི་ཡོང་བ་དང་མིའི་རིགས་ཀྱི་བདེ་རྩར་དམིགས་ནས་ཆེད་འཛུགས་བྱས་པ་ཞིག་ཡིན་པ་གསལ་འདེབས་གནང་བ་དང་ལྷན་དུ་ང་ཚོས་ངེས་པར་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབུ་ཁྲིད་དང་ཚོགས་མིའི་རྒྱལ་ཁབ་ཁག་ནས་ལེགས་ཕྱོགས་ལ་རེ་བ་བྱས་ཏེ་ང་ཚོའི་ཐུན་མོང་གི་རིན་ཐང་དང་ཆེ་མཐོང་གཙུག་ཏུ་བཟུང་ཐོག་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་མཁན་གྱི་རྒྱ་ནག་གི་འཐུས་ཚབ་པ་ལས་དོན་ཚོགས་ཆུང་ནས་ཕྱིར་ཕུད་གཏོང་དགོས་པའི་འབོད་སྐུལ་ནན་བརྗོད་གནང་འདུགགཞི་རྩའི་ཕྱི་ཟླ་ ༤ ཚེས་ ༡ ཉིན་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལས་དོན་ཚོང་ཆུང་གི་ནང་རྒྱ་ནག་ཨེ་ཤ་ཡའི་ཞི་བདེ་རྒྱ་མཚོའི་ཁུལ་གྱི་འཐུས་མིར་བསྐོས་ཡོད་པར་བརྟེན་ཨ་རིའི་གྲོས་ཚོགས་འཐུས་མི་དང་རྒྱལ་ཚོགས་གནད་དོན་ལྟ་ཞིབ་ཁང་སོགས་ནས་སྨྲ་བརྗོད་རང་དབང་དང་ཆོས་དད་རང་དབང་སོགས་རྡོག་རོལ་གཏོང་མཁན་ཆེས་སྡུག་ཤོས་ཀྱི་རྒྱ་ནག་གི་འཐུས་ཚབ་པ་རྒྱལ་ཚོགས་ཀྱི་ལས་དོན་ཚོགས་ཆུང་ནང་བསྐོ་གཞག་བྱུང་བར་སྐྱོན་བརྗོད་ཤུགས་ཆེ་གནང་ཡོད་པ་རེད། ལྷག་པར་དུ་བོད་མིའི་སྒྲིག་འཛུགས་དྲིལ་བསྒྲགས་དྲུང་ཆེ་ཚེ་དབང་རྒྱལ་པོ་ཨརྱ་ལགས་ཀྱིས་རྒྱ་ནག་དམར་པོའི་སྲིད་གཞུང་ནི་འཛམ་གླིང་ནང་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་ཐོག་དམ་དྲག་ཤུགས་ཆེ་ཤོས་བྱེད་མཁན་དང་བསམ་ཚུལ་བརྗེ་ལེན་དང་སྨྲ་བརྗོད་རང་དབང་བརྡལ་བཤིག་གཏོང་མཁན་གྱི་རྒྱལ་ཁབ་གཙོ་བོ་ཞིག་ཡིན་པ་ཡོངས་གྲགས་ཡིན་བཞིན་དུ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ལམ་སྟོན་ཚོགས་ཆུང་གི་ཚོགས་མིའི་ཁོངས་སུ་བསྐོ་གཞག་བྱས་པ་དེ་ནི་བློ་ཕམ་གྱི་གནས་ཤིག་ཡིན་པ་དང་། གནང་བབས་དེས་རང་དབང་དང་དྲང་བདེན་ལ་དགའ་བའི་རྒྱལ་སྤྱིའི་སྤྱི་ཚོགས་ནང་བརྡ་ལན་ལོག་པ་ཞིག་བཏང་བ་མ་ཟད་རྒྱལ་སྤྱིའི་ཐོག་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་འགྲེལ་བརྗོད་བྱེད་སྟངས་ལའང་ཤུགས་རྐྱེན་ངན་པ་ཐེབས་རྒྱུ་ཡིན་པ་སོགས་འགྲེལ་བརྗོད་གནང་བ་དང་སྦྲགས། ད་ཆ་དཀའ་སྡུག་མྱོང་བཞིན་པའི་མི་རིགས་དེ་དག་གི་ངོས་ནས་རེ་བ་བཅོལ་ཡུལ་རྒྱལ་སྤྱིའི་སྒྲིག་འཛུགས་ནང་ཉེས་ཅན་པ་རང་ཉིད་སྒྲིག་འཛུགས་སྲུང་མིར་བསྐོས་པ་ནི་སྤྱང་ཀི་ལུག་རྫིར་བསྐོས་པའི་དཔེ་ལྟར་རེད་ཅེས་གསུངས་འདུག

དབུལ་ཕོངས་ངལ་སེལ་གྱི་རོགས་དངུལ་ཐེབས་རྩ་ཧིན་སྒོར་འབུམ་བཅུ་གསོལ་བསྩལ།

ད་ཆ་རྒྱ་ནག་ཝུ་ཧན་ནས་ཁྱབ་བརྡལ་བྱུང་བའི་ཏོག་དབྱིབས་རིམས་ནད་རྐྱེན་གྱིས་རྒྱལ་སྤྱིའི་གཞུང་དང་མང་ཚོགས་སྤྱིའི་གནས་སྟངས་ལ་དཀའ་ངལ་རབས་དང་རིམ་པ་འཕྲད་བཞིན་པའི་ཁྲོད་འདིར་༧སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་གིས་རྒྱ་གར་གྱི་ཡུལ་མི་ཉམ་ཐག་མང་པོའི་ཛ་དྲག་གི་གནས་སྟངས་ལ་གདུང་སེམས་མཉམ་བསྐྱེད་དང་། ངལ་བ་ཁག་སེལ་སླད་རྒྱ་གར་གྱི་སྲིད་བློན་མཆོག་གི་དབུལ་ཕོངས་ལ་དམིགས་པའི་ངལ་སེལ་གྱི་རོགས་དངུལ་ཐེབས་རྩ་ཧིན་སྒོར་འབུམ་ ༡༠ གསོལ་བསྩལ་གནང་འདུག རིན་པོ་ཆེ་མཆོག་གིས་ད་ཆ་འཛམ་གླིང་ས་ཕྱོགས་གང་སར་ཏོག་དབྱིབས་རིམས་ནད་ཁྱབ་བརྡལ་ཕྱིན་ནས་སྐྱེ་འགྲོ་མང་པོ་སྡུག་བསྔལ་གྱིས་མནར་བཞིན་པར་ཐུགས་བརྩེ་ཆེན་པོས་ཐུགས་སྨོན་གནང་བཞིན་ཡོད་པ་དང་གོ་ལ་སྤྱི་ལ་ཁྱབ་བཞིན་པའི་གོད་ཆག་འདིའི་འོག་མི་མང་དཀྱུས་མ་ས་ཡ་མང་པོ་ནད་ཀྱིས་མནར་བ་དང་འདས་གསོན་ཁ་བྲལ་བྱུང་བ། ཡོང་འབབ་དང་འཚོ་རྟེན་ཤོར་ནས་དཀའ་སྡུག་ཚད་མེད་མྱོང་དགོས་པའི་གནས་སུ་ལྷུང་བཞིན་ཡོད་པ་དང་། འཛམ་གླིང་ཀུན་ལ་ཁྱབ་པའི་ཁ་ཡོད་ལག་ཡོད་ཀྱི་རོགས་སྐྱོར་ཆེན་པོ་ཞིག་བྱ་ཐབས་དཀའ་ཡང་རྒྱ་གར་གྱི་ཡུལ་མི་ཉམ་ཐག་མང་པོའི་ཛ་དྲག་གི་ངལ་བ་སེལ་སླད་ཧིན་སྒོར་འབུམ་ ༡༠ ཞལ་འདེབས་སུ་གསོལ་བསྩལ་མཛད་རྒྱུ་ཡིན་ཞེས་བཀའ་བསྩལ་འདུགརིན་པོ་ཆེ་མཆོག་གིས་ད་དུང་རྒྱ་གར་རླབས་ཆེན་གྱི་རྒྱལ་ཁབ་འདིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་བོད་མི་རྣམས་ལ་སྐྱབས་བཅོལ་གྱི་རོགས་རམ་གནང་བ་སོགས་རྒྱ་གར་འཕགས་པའི་ཡུལ་གྱི་བཀའ་དྲིན་ཁག་དྲན་གསོ་དང་བསྦྲགས། ད་ལྟའི་ཛ་དྲག་གི་དུས་སྐབས་འདིར་སྲིད་བློན་མོ་དཱི་མཆོག་གིས་རིམས་ནད་འགོག་ཐབས་དང་། མ་འོངས་པར་ནད་ཡམས་དེའི་རིགས་འབྱུང་ཚེ་ཁ་གཏད་གདོང་ལེན་བྱ་ཐབས། དེ་བཞིན་མི་སེར་ལ་རོགས་སྐྱོར་དང་འབྲེལ་བའི་ཛ་དྲག་ངལ་སེལ་དགེ་རྩ་གསར་འཛུགས་གནང་བ་སོགས་ལ་རྒྱབ་སྐྱོར་ཡོད་ཅེས་བཀའ་བསྩལ་བ་དང་ཆབས་ཅིག སྲིད་བློན་མཆོག་གིས་བཙུགས་པའི་ཛ་དྲག་ངལ་སེལ་གྱི་དགེ་རྩས་མགོན་མེད་སྐྱབས་མེད་ཀྱི་མང་ཚོགས་དག་ལ་ལྟ་རྟོག་དང་རོགས་སྐྱོར་གྱི་བྱ་བ་སྒྲུབ་བཞིན་པ་ཐམས་ཅད་བདེ་བླག་ཉིད་དུ་ལེགས་གྲུབ་ཐུབ་པའི་ཐུགས་སྨོན་དང་། རྒྱ་གར་གཞུང་ནས་ཏོག་དབྱིབས་ནད་ཡམས་ཁྱབ་བཞིན་པ་དེ་འགོག་ཐབས་དང་མང་ཚོགས་ཀྱི་ཚེ་སྲོག་སྲུང་སྐྱོབ་སོགས་གནང་བཞིན་པར་ཡི་རང་བསྔགས་བརྗོད་མཛད་འདུགགཞི་རྩའི་རིམས་ནད་ཀྱི་ཛ་དྲག་གནས་སྟངས་ཁྲོད་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་གཡུང་དྲུང་བོན་གྱི་འཛིན་སྐྱོང་ལྷན་ཚོགས་དང་ལྷོ་ཕྱོགས་བཀྲ་ཤིས་ལྷུན་པོ་དགོན་པ། ས་སྐྱ་མཐོ་སློབ་དང་ས་སྐྱ་སྨོན་ལམ་ཐེབས་རྩ་ཁང་། སྒྲོལ་མ་ཕོ་བྲང་ཚོགས་པ། ས་སྐྱ་དབུས་ལྟེ་གནས་ཁང་སོགས་བོད་པའི་དགོན་སྡེ་གྲྭ་ཚང་དང་གཞིས་སྒར་ཁག དེ་བཞིན་བོད་མི་མང་ཚོགས་སོགས་ནས་ཉེ་འཁོར་གྱི་རྒྱ་གར་ཡུལ་མི་རྣམས་ལ་ཟས་སྦྱིན་དང་མངའ་སྡེ་སོ་སོའི་སྤྱི་ཁྱབ་བློན་ཆེན་དང་རྒྱ་གར་གྱི་སྲིད་བློན་མཆོག་གི་དབུལ་ཕོངས་ལ་དམིགས་པའི་ངལ་སེལ་གྱི་རོགས་དངུལ་ཐེབས་རྩ་བཅས་ལ་གང་ནུས་ཀྱིས་ཞལ་འདེབས་གནང་མཁན་མང་པོ་བྱུང་ཡོད་པ་རེད།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་ཚོགས་གཙོ་རྣམ་གཉིས་མཆོག་གིས་མཱདྱ་མངའ་སྡེ་བློན་ཆེན་ལ་འཚམས་འདྲི།

བོད་མའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཆོག་རྣམ་གཉིས་ཀྱིས་རྒྱ་གར་དཀྱིལ་ཤར་གྱི་མངའ་སྡེ་ Madhya Pradesh ཡི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ Shivraj Singh Chouhan མཆོག་བསྐྱར་དུ་མངའ་སྡེ་བློན་ཆེན་ལ་འོས་འདེམས་བྱུང་བར་འཚམས་འདྲི་གནང་འདུགདེ་རིང་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་གནས་སུ་གནས་ཚུལ་སྤེལ་བར་སྲིད་སྐྱོང་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་ཚབ་གནང་སྟེ་སྤྱི་ཁྱབ་བློན་ཆེན་མཆོག་བསྐྱར་དུ་འོས་འདེམས་བྱུང་བར་འཚམས་འདྲི་ཞུས་པ་དང་སྦྲགས། ཛ་དྲག་ཀྱི་དུས་སྐབས་འདིར་སྐུ་ཞབས་མཆོག་བསྐྱར་དུ་མང་མོས་ཀྱིས་འོས་འདེམས་བྱུང་སྟེ་མངའ་སྡེའི་དབུ་ཁྲིད་མཛད་རྒྱུའི་རེ་འབོད་གནང་བ་དེས་ཁོང་གི་དམིགས་བསལ་གྱི་དབུ་ཁྲིད་ཀྱི་ཁྱད་ཆོས་ཤིག་མཚོན་ཡོད་པར་མངོན་གསལ་གྱིས་དེང་སྐབས་རྒྱ་ནག་ཝུ་ཧན་གྱི་རིམས་ནད་རྐྱེན་པས་རྒྱལ་ཁབ་མང་པོ་ཞིག་ལ་དཀའ་ངལ་འཕྲད་བཞིན་པར་བརྟེན། བོད་མི་རྣམས་ཀྱིས་རྒྱ་གར་གྱིས་རིམས་ནད་འདིར་གདོང་ལེན་གནང་བཞིན་པར་རམ་འདེགས་དང་གང་མགྱོགས་ནད་ཡམས་ཞི་བའི་སྨོན་ལམ་འདེབས་བཞིན་ཡོད་པར་བསྒྲགས་འདུག གཞན་ཡང་ཁོང་གིས་རྒྱ་གར་ནང་རིམས་ནད་ཁྱབ་བརྡལ་འབྱུང་བཞིན་པར་གདུང་སེམས་མཉམ་བསྐྱེད་ཡོད་པ་གསུངས་འདུགམངའ་སྡེ་སྤྱི་ཁྱབ་བློན་ཆེན་མཆོག་གིས་ལོ་ངོ་བཅུ་གྲངས་ལ་ཁུལ་དེར་དབུ་ཁྲིད་མཛད་པའི་ཉམས་མྱོང་གིས་ཛ་དྲག་གི་དུས་སྐབས་འདིར་མི་མང་ལ་ཕན་རླབས་ངེས་ཅན་ཞིག་ཐོབ་པར་ཡིད་ཆེས་ཡོད་པ་གསུངས་འདུག་པར་མ་ཟད། སྲིད་སྐྱོང་མཆོག་གིས་བློན་ཆེན་མཆོག་སྔ་ལོར་བོད་མིའི་སྒྲིག་འཛུགས་སུ་ཆེད་བཅར་གནང་བ་དྲན་གསོདང་སྦྲགས་ཏེ་མཱདྱ་མངའ་སྡེ་སྲིད་གཞུང་གིས་ཁུལ་དེར་དགུན་ཚོང་གཉེར་བཞིན་པའི་བོད་མི་རྣམས་ལ་དུས་རྒྱུན་ནས་རྒྱབ་སྐྱོར་ཆེན་པོ་གནང་བཞིན་པར་བཀའ་དྲིན་ཆེ་ཞུས་པ་དང་ལྷན་དུ་བློན་ཆེན་མཆོག་གི་དབུ་ཁྲིད་འོག་མངའ་སྡེ་དེའི་བྱ་གཞག་ཀུན་དོན་སྨིན་སོན་པའི་སྨོན་འདུན་ཞུས་འདུགདེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་མཆོག་གིས་ཀྱང་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་མཆོག་བསྐྱར་དུ་འོས་འདེམས་བྱུང་བར་འཚམས་འདྲི་ཞུས་པ་དང་སྦྲགས། དེང་སྐབས་འཛམ་གླིང་ཡོངས་ལ་ཏོག་དབྱིབས་གཉན་རིམས་ཁྱབ་བརྡལ་འགྲོ་བཞིན་པའི་སྐབས་འདིར་བློན་ཆེན་མཆོག་གིས་སོ་སོའི་མངའ་སྡེའི་ནང་ནད་ཡམས་སྔོན་འགོག་གི་ལས་འགུལ་སྤེལ་བཞིན་པར་ཡི་རངས་བསྔགས་བརྗོད་དང་ནད་ཡམས་འདི་ཉིད་འཛམ་གླིང་ནས་གང་མགྱོགས་ཞི་བའི་སྨོན་འདུན་ཞུས་འདུག ཚོགས་གཙོ་མཆོག་གིས་ད་དུང་སྤྱི་ཁྱབ་བློན་ཆེན་གྱི་དུས་ཡུན་གསར་པ་དབུ་འཛུགས་དང་འབྲེལ་སྐུ་ཉིད་མཆོག་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུས་པ་དང་ལྷན་དུ་རྒྱ་གར་གཞུང་མང་གཉིས་ནས་ད་བར་བོད་དོན་དང་བཙན་བྱོལ་བོད་མི་རྣམས་ལ་འདས་པའི་ལོ་ངོ་ ༦༠ རིང་རྒྱབ་སྐྱོར་གྱིས་མཐུན་འགྱུར་རོགས་རམ་གནང་དང་གནང་བཞིན་པར་ཐུགས་རྗེ་ཆེ་ཞུས་ཏེ་སྤྱི་ཁྱབ་བློན་ཆེན་མཆོག་གི་དབུ་ཁྲིད་ཀྱི་འོག་མངའ་སྡེ་གང་དེའི་བྱ་གཞག་ཡོད་ཚད་སྔར་བཞིན་དར་ཞིང་རྒྱས་པའི་སྨོན་འདུན་ཞུས་འདུག 

ཆབ་སྲིད་བཙོན་པ་བསོད་ནམས་དར་རྒྱས་ལགས་ལོ་ལྔའི་བཙོན་འཇུག་རྗེས་གློད་བཀྲོལ་བཏང་འདུག

དེ་སྔ་ཕྱི་ལོ་ ༢༠༡༥ ལོར་བོད་མདོ་སྨད་རྔ་བ་ནང་༸གོང་ས་མཆོག་གི་༸སྐུ་པར་ཡོད་པའི་འཛམ་གླིང་ཞི་བདེའི་དར་ཆ་འཕྱར་རྐྱེན་འཛིན་བཟུང་བྱས་པའི་བོད་མི་ཆབ་སྲིད་བཙོན་པ་བསོད་ནམས་དར་རྒྱས་ལགས་ཉེ་ཆར་ཕྱི་ཟླ་ ༣ ཚེས་ ༣༠ ཉིན་བཙོན་གྲོལ་ཐོབ་འདུགདེ་རིང་མཚན་བརྗོད་འདོད་མེད་པའི་བོད་མི་ཞིག་གིས་རླུང་འཕྲིན་ཁང་ལ་བོད་ནང་གི་ཁུངས་ལྡན་གནས་ཚུལ་ངོ་སྤྲོད་གནང་བར་བསོད་ནམས་དར་རྒྱལ་ལགས་ཉེ་ཆར་ཕྱི་ཟླ་ ༣ ཚེས་ ༣༠ ཉིན་བཙོན་གྲོལ་ཐོབ་སྟེ་རྔ་བ་བསུ་བ་སྡེ་བར་རང་གི་ཕ་མའི་སར་འབྱོར་ཡོད་པ་དང་དེ་སྔ་ཁོང་འཛིན་བཟུང་བྱས་རྗེས་ཁོང་གི་བཟའ་ཟླ་དབྱངས་འཛོམས་ལགས་རྔ་བ་ཀིརྟི་དགོན་པའི་རྒྱབ་ངོས་ཀྱི་བློན་ཚང་གྲོང་བརྡལ་ཆ་བོ་ར་སྡེ་བར་རང་གི་ཕ་མའི་འགྲམ་དུ་བཞུགས་བཞིན་ཡོད་པ་ལྟར། དེ་རིང་བསོད་ནམས་དར་རྒྱས་ལགས་རང་གི་ཕ་མའི་ཁྱིམ་ནས་ཆ་བོ་ར་སྡེ་བར་བཟའ་ཟླའི་ཁྱིམ་ལ་ཕེབས་བཞིན་ཡོད་སྐོར་གསུངས་སོང་བར་མ་ཟད་ཁོང་བཙོན་གྲོལ་སྐབས་སྐུ་གཟུགས་ཀྱི་གནས་སྟངས་ཡག་པོ་ཡོད་པ་མངོན་རྒྱུ་ཡོད་འདུག བསོད་ནམས་དར་རྒྱས་ལགས་ནི་མདོ་སྨད་རྔ་བ་རྫོང་བསུ་བ་སྡེ་བའི་ཕ་མཆོག་གོ་དང་མ་རི་ལུ་གཉིས་ཀྱི་བུ་ཡིན་པ་དང་། བཟའ་ཟླའི་མིང་ལ་དབྱངས་འཛོམས་དང་ཁོང་གཉིས་ལ་ཕྲུ་གུ་ ༣ ཡོད་པ་རེད་འདུག ཁོང་འཛིན་བཟུང་མ་གནང་སྔོན་ཁོང་བཟའ་ཚང་གཉིས་མགོ་ལོག་པདྨ་རྫོང་ཐོག་ཏུ་ཚོང་ལས་གཉེར་བཞིན་ཡོད་པ་རེད་འདུགབསོད་ནམས་དར་རྒྱས་ལགས་ཀྱིས་དེ་སྔོན་ ༢༠༡༥ ལོའི་རྔ་བ་སྒོ་མང་དགོན་པའི་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་ཚེས་ ༡༤ ཡི་འཆམ་གྱི་ཉིན་འཛམ་གླིང་ཞི་བདེའི་དར་ཆའི་སྟེང་༧གོང་ས་མཆོག་གི་དང་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག དེ་བཞིན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་སྐུ་པར་འཕྱར་བའི་གནད་དོན་དང་འབྲེལ་བ་བཏགས་ཏེ་ལོ་དེའི་ཕྱི་ཟླ་ ༤ པའི་ཟླ་མཇུག་སྔོན་ལ་རྔ་བ་རྫོང་གི་ཚོང་ར་ནས་ཉེན་རྟོག་པས་འཛིན་བཟུང་བཙན་ཁྲིད་བྱས་ནས་ལོ་ལྔའི་རིང་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད། ཤེས་རྟོགས་བྱུང་བར་ཉེ་ཆར་ཁོང་བཙོན་གྲོལ་སྐབས་ཉེན་རྟོག་པས་མི་གསུམ་ལས་མང་བ་བསུ་བར་ཡོང་མི་ཆོག་པའི་བཙན་བཀའ་བཏང་བར་བརྟེན་ཁོང་གི་ནང་མི་ཉེ་འབྲེལ་གསུམ་བཙོན་ཁང་དུ་བསུ་བར་ཕེབས་འདུག་པ་དང་།དེ་རིང་ཁོང་གི་བཟའ་ཟླའི་སར་ཕེབས་སྐབས་མང་ཚོགས་ནས་ལམ་བར་དུ་དཀར་གཙང་གི་མཇལ་དར་དང་ལྷ་བསངས་སོགས་གནང་སྟེ་ཁོང་ལ་བསུ་བ་གནང་ཡོད་པ་རེད།

བོད་ཀྱི་གནད་དོན་སེལ་ཐབས་ཀྱི་གླེང་སློང་གནང་བར་དམ་དྲག་བྱེད་བཞིན་པ་ཐེར་འདོན།

ཉེ་ཆར་རྒྱ་ནག་གཞུང་གིས་སྤྱི་ཚོགས་ཁྲོད་ Pornography འམ་འཆལ་སྤྱོད་དང་ཁྲིམས་འགལ་གྱི་གནད་དོན་བརྒྱུད་སྤེལ་འགོག་ཐབས་ཀྱི་ཁྲིམས་སྒྲིག་གསར་པ་ངོ་སྤྲོད་བྱེད་བཞིན་འོག་བོད་ཆེན་པོ་དང་ཚད་མཐོའི་རང་སྐྱོང་གི་གནས་བབས། དེ་བཞིན་དབུ་མའི་ལམ་སོགས་བོད་དོན་དང་འབྲེལ་བའི་གནད་དོན་གླེང་སློང་གནང་བ་རྣམས་ཁྲིམས་འགལ་དུ་ངོས་འཛིན་གྱིས་གླེང་སློང་དང་དཔེ་དེབ་དཔར་སྐྲུན། པར་དང་བརྙན་སོགས་ཀྱི་ཐོག་ནས་བརྒྱུད་སྤེལ་གནང་བ་འམ་རང་གི་ཁ་པར་ནང་སོགས་ལ་དེ་འབྲེལ་སྒྲིག་གཤོམ་གནང་བ་ཐམས་ཅད་ཁྲིམས་འགལ་ཡིན་པ་དང་། བྱ་སྤྱོད་དེ་དག་སྤེལ་མཁན་སྐོར་ཉེན་རྟོག་པར་གནས་ཚུལ་མཁོ་སྤྲོད་བྱེད་མཁན་རྣམས་ལ་དངུལ་འབོར་ཆེན་གྱི་བྱ་དགའ་སྤྲད་རྒྱུ་ཡིན་པའི་གསལ་བསྒྲགས་སྤེལ་འདུག ཁ་སང་ཨ་རིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་རྒྱ་ནག་གཞུང་གིས་སྔ་ལོའི་ཕྱི་ཟླ་ ༩ ཚེས་ ༡༢ ཉིན་རྒྱ་ནག་གཞུང་འབྲེལ་དྲྭ་རྒྱར་འཆལ་སྤྱོད་གཙོས་པའི་ཁྲིམས་འགལ་གྱི་གནད་དོན་རིགས་བརྒྱུད་སྤེལ་འགོག་ཐབས་ཀྱི་ཁྲིམས་སྒྲིག་གསར་པ་ཞིག་གཏན་འབེབས་བྱས་ཡོད་སྐོར་གནས་ཚུལ་སྤེལ་རྗེས་འདི་ལོའི་ཕྱི་ཟླ་ ༣ པའི་ནང་རྒྱ་གཞུང་གིས་དབྱེ་བའི་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ཁྲིམས་གཞི་དེ་ལག་བསྟར་བྱེད་རྒྱུའི་གསལ་བསྒྲགས་ནང་བོད་ལ་རང་སྐྱོང་གི་གནས་བབས་དང་དབུ་མའི་ལམ་སོགས་བོད་དོན་དང་འབྲེལ་བའི་གནད་དོན་རིགས། རྒྱ་ནག་གཞུང་གི་ངོས་ནས་བོད་ཐོག་འཛིན་་པའི་སྲིད་བྱུས་ལ་སྐྱོན་བརྗོད་བྱེད་མཁན་རྣམས་རྒྱལ་ཁབ་ཀྱི་ཆིག་སྒྲིལ་ལ་གནོད་འཚེ་བཟོ་མཁན་དང་གཞུང་ནས་གྲངས་ཉུང་མི་རིགས་ཀྱི་འཛིན་སྐྱོང་ལ་ཁ་གཏད་ལངས་པར་ངོས་འཛིན་རྒྱུ་ཡིན་པར་མ་ཟད་རྒྱ་ནག་གཞུང་དང་འགོ་ཁྲིད། རྒྱ་ནག་གི་སྤྱི་ཚོགས་རིང་ལུགས་ཀྱི་ཁྱད་ཆོས་བཅས་ལ་སྐྱོན་བརྗོད་བྱེད་མཁན་གཙོས་པའི་རྒྱ་གཞུང་གི་ལྟ་སྤྱོད་དང་མི་མཐུན་པའི་བྱ་སྤྱོད་སྤེལ་མཁན་དག་ལ་ཁྲིམས་འགལ་དུ་ངོས་འཛིན་རྒྱུ་དང་དེ་འབྲེལ་གནས་ཚུལ་མཁོ་སྤྲོད་བྱེད་མཁན་འབྱུང་ཚེ་དེ་དག་ལ་གསང་རྒྱའི་སྲུང་སྐྱོབ་བྱས་ནས་རྒྱ་སྒོར་ཆིག་སྟོང་ནས་འབུམ་གཅིག་བར་བྱ་དགའ་སྤྲད་རྒྱུ་ཡིན་པ་སོགས་འཁོད་འདུགརྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ད་དུང་ཉེ་ཆར་ཕྱི་ཟླ་ ༣ ཚེས་ ༢༠ ཉིན་བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་ཚོགས་པའི་དྲུང་ཆེ་ Wu Yingjie ཡིས་བོད་ནང་དཔལ་འབྱོར་དང་བརྟན་ལྷིང་གོང་འཕེལ་གཏང་ཆེད་ཏཱ་ལའི་ཁ་བྲལ་རུ་ཚོགས་ལ་ཁ་གཏད་གཅོག་རྒྱུའི་དབུས་གཞུང་གི་སྲིད་བྱུས་ལག་བསྟར་དོན་འཁྱོལ་བྱེད་དགོས་པ་དང་། མང་ཚོགས་ཀྱིས་དམར་ཤོག་གཞུང་དང་སྤྱི་ཚོགས་ལ་བརྩེ་སེམས་བཅངས་ནས་རྒྱལ་ཁབ་ཀྱི་ཆིག་སྒྲིལ་སྲུང་སྐྱོབ་བྱེད་དགོས་སྐོར་བཤད་པ་ལུང་འདྲེན་དང་སྦྲགས་ཏེ་རྒྱ་ནག་གཞུང་གི་ངོས་ནས་གཞུང་ལ་དགའ་ཞེན་ཡོད་མེད་ལ་གཞིགས་ནས་ལས་དོན་གང་གཉེར་བ་དེ་དག་ཁྲིམས་འགལ་ཡིན་མིན་ཐག་གཅོད་བཞིན་ཡོད་པ་ལྟར་བྱ་སྤྱོད་དེ་ནི་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་ཀྱི་ཁྲིམས་སྒྲིག་དང་སྒོས་ཁྲིམས་སྒྲིག་དེའི་དོན་ཚན་ ༡༩ དང་ཡོངས་སུ་འགལ་གྱི་ཡོད་པ་དང་། བོད་མི་མང་ཚོགས་དབར་ཡིད་ཆེས་མེད་པའི་གནས་སྟངས་སྐྲུན་བཞིན་ཡོད་པར་ཐེར་འདོན་དང་འབྲེལ། རྒྱ་ནག་གཞུང་གི་ངོས་ནས་ཁྲིམས་གཞི་གསར་པ་དེར་བཅོས་བསྒྱུར་བཏང་ནས་རྒྱལ་སྤྱིའི་ཁྲིམས་དང་མཐུན་པ་བཟོ་དགོས་པ་དང་། བོད་མི་རྣམས་ལ་རང་གི་ནང་མི་དང་གྲོགས་པོ། དེ་བཞིན་རང་གི་སྤྱི་ཚོགས་ལ་གནོད་པའི་ལས་དོན་གཉེར་བར་བྱ་དགའ་དེ་ལྟར་སྤྲད་རྒྱུ་མཚམས་འཇོག་དང་བོད་དོན་དང་འབྲེལ་བའི་གནད་དོན་གླེང་སློང་གནང་བར་ཁྲིམས་འགལ་དུ་ངོས་འཛིན་བྱེད་རྒྱུའི་སྲིད་བྱུས་དེའང་མཚམས་འཇོག་བྱེད་དགོས་པའི་ཞུ་སྐུལ་གནང་འདུག

བོད་མི་མང་ཚོགས་ཀྱིས་རིམས་ནད་ལ་གདོང་ལེན་གྱིས་རྒྱ་གར་གཞུང་མང་ལ་དངུལ་དངོས་ཀྱི་ཞལ་འདེབས་གནང་བ།

རྒྱ་ནག་ཝུ་ཧན་ནས་ཁྱབ་བརྡལ་བྱུང་བའི་ཏོག་དབྱིབས་རིམས་ནད་རྐྱེན་གྱིས་འཛམ་གླིང་གང་སར་གཞུང་མང་གཉིས་ལ་དཀའ་ངལ་རབས་དང་རིམ་པ་འཕྲད་མུས་ཡིན་པ་ལྟར་བཙན་བྱོལ་བོད་མིའི་གནས་ཚང་རྒྱལ་ཁབ་རྒྱ་གར་ལ་མཚོན་ནའང་ད་ཆ་རིམས་ནད་རྐྱེན་པས་མི་མང་གི་ཉིན་རེའི་བྱེད་ལས་ཁག་ལ་བཀག་སྡོམ་བྱས་ཏེ་རང་ཁྱིམ་དུ་སྡོད་མུས་ཡིན་པའི་སྐབས་འདིར་བོད་མི་མང་ཚོགས་སྤྱི་དང་དགོན་སྡེ་གྲྭ་ཚང་སོགས་ཀྱིས་རང་རང་སྡོད་སའི་ཉེ་འཁོར་གྱི་རྒྱ་གར་ཡུལ་མི་རྣམས་ལ་ཟས་སྦྱིན་གནང་བ་དང་དེ་བཞིན་རྒྱ་གར་སྲིད་བློན་མཆོག་གི་དབུལ་ཕོངས་ལ་དམིགས་པའི་ངལ་སེལ་གྱི་རོགས་དངུལ་ཐེབས་རྩ་བཅས་ལ་ཞལ་འདེབས་གནང་མཁན་མང་པོ་བྱུང་འདུག གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱིས་གནས་ཚུལ་སྤེལ་བར་ད་ཆ་རྒྱ་ནག་གི་ཏོག་དབྱིབས་རིམས་ནད་ཁྱབ་བརྡལ་རྐྱེན་པས་རྒྱལ་སྤྱིའི་ཁྱོན་འདིར་འགྲོ་བ་མིའི་རིགས་ལ་དཀའ་ངལ་ཆེན་པོ་འཕྲད་བཞིན་པ་མ་ཟད་མི་མང་པོ་ཞིག་རིམས་ནད་འདིའི་རྐྱེན་གྱིས་འདས་གྲོངས་སུ་གྱུར་ཡོད་པར་ཡོངས་གྲགས་གནང་སྟེ་རྒྱ་གར་དབུས་གཞུང་དང་མངའ་སྡེ་གཞུང་། དེ་བཞིན་སྨན་ཁང་ཁག་དང་ཉེན་རྟོག་རུ་ཁག་བཅས་ཀྱིས་རྒྱ་གར་ནང་རིམས་ནད་ཁྱབ་བརྡལ་ལ་གདོང་ལེན་གནང་བཞིན་པར་བཀའ་དྲིན་ཆེ་ཞུས་པ་དང་སྦྲགས། གཡུང་དྲུང་བོན་གྱི་སྨན་རི་ཁྲི་འཛིན་མཆོག་གིས་ལམ་སྟོན་ཕེབས་པ་བཞིན་གཡུང་དྲུང་བོན་གྱི་འཛིན་སྐྱོང་ལྷན་ཚོགས་ཀྱིས་རྒྱ་གར་སྲིད་བློན་མཆོག་གི་དབུལ་ཕོངས་ལ་དམིགས་པའི་ངལ་སེལ་གྱི་རོགས་དངུལ་ཐེབས་རྩ་ཧིན་སྒོར་འབུམ་གཉིས་དང་དེ་བཞིན་ཧི་མཱ་ཅལ་མངའ་སྡེ་གཞུང་གི་རིམས་ནད་ངལ་སེལ་ཐེབས་རྩར་ཧིན་སྒོར་འབུམ་གསུམ་བཅས་གནང་བ་མ་ཟད། ས་གནས་ཀྱི་ཡུལ་མིའི་ཁྱིམ་ཚང་ ༢༠༠ མ་ཟིན་ཙམ་ལ་ཉེར་མཁོའི་ཟས་རིགས་ཀྱི་སྦྱིན་པ་གནང་འདུག དེ་བཞིན་ཧི་མཱ་ཅལ་གྱི་མངའ་ཁོངས་སུ་གནས་པའི་དཔལ་སྤུངས་ཤེས་རབ་གླིང་དགོན་པས་ཀྱང་རྒྱ་གར་དབུས་གཞུང་དང་མངའ་སྡེ་གཞུང་གི་རིམས་ནད་ཀྱི་ངལ་སེལ་ཚོགས་པར་ཞལ་འདེབས་ཧིན་སྒོར་འབུམ་བཅོ་ལྔ་གནང་ཡོད་པ་ཟད་ནད་ཡམས་དོགས་གཞིའི་ཟུར་བཀག་གི་ལྟེ་གནས་སུ་ཡང་ཉེར་མཁོའི་བཟའ་བཅའ་རིགས་གནང་བ་དང་། གལ་ཏེ་ཛ་དྲག་ཆགས་པ་ཡིན་ན་དགོན་པའི་ངོས་ནས་རང་ལོ་སུམ་ཅུའི་འོག་གི་ན་གཞོན་དང་བླངས་པ་ ༣༠ ལྷག་གྲ་སྒྲིག་གིས་དགོས་ངེས་ཀྱི་རོགས་རམ་གནང་རྒྱུ་ཡིན་པར་ཡོངས་གྲགས་གནང་འདུག དེ་བཞིན་སྦིར་ཚོགས་པ་ཁག་གིས་ཀྱང་ཞལ་འདེབས་བསྡུ་རུབ་ཀྱིས་རྒྱ་གར་གཞུང་ལ་ཧིན་སྒོར་འབུམ་བཞིའི་ཞལ་འདེབས་གནང་འདུག གཞན་ཡང་ཧི་མཱ་ཅལ་མངའ་ཁོངས་ཀྱི་ཁམས་སྒར་གྲྭ་ཚང་། བཤད་གྲྭ། བྱང་ཆུབ་ལྗོངས་རྡོ་རྫོང་དགོན། བཙུན་དགོན་དོན་བརྒྱུད་གླིང་། བཀྲ་ཤིས་ལྗོངས་ཀྱི་གཞིས་ཆགས་ལས་ཁུངས་བཅས་མཉམ་རུབ་ཀྱིས་རྒྱ་གར་དབུས་དང་མངའ་སྡེ་གཞུང་ལ་ཧིན་སྒོར་འབུམ་དྲུག་གི་ཞལ་འདེབས་གནང་བ་མ་ཟད། མགོན་མེད་ཉམ་ཐག་གི་རིགས་ལ་ཉིན་རེའི་བཟའ་བཅའ་བཅས་ཀྱི་ཞལ་འདེབས་གནང་སྟེ་ཐེངས་འདིའི་རིམས་ནད་དོན་རྐྱེན་ཁྲོད་མདུན་བསྐྱོད་ཀྱིས་ཕྱག་ལས་གནང་མཁན་སྤྱི་དང་དེ་བཞིན་འཛིན་སྐྱོང་གི་ཐོག་ནས་རིམས་ནད་སྔོན་འགོག་གི་ཕྱག་ལས་གནང་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུས་འདུག དེ་བཞིན་ལྷོ་ཕྱོགས་བཀྲ་ཤིས་ལྷུན་པོ་དགོན་པས་ཀྱང་རྒྱ་གར་སྲིད་བློན་མཆོག་གི་དབུལ་ཕོངས་ལ་དམིགས་པའི་ངལ་སེལ་གྱི་རོགས་དངུལ་ཐེབས་རྩར་ཧིན་སྒོར་འབུམ་གཅིག་དང་ཕྱེད་ཀ་དང་ཀ་ན་ཊ་ཀའི་མངའ་སྡེ་གཞུང་ལ་ཧིན་སྒོར་འབུམ་གཅིག་བཅས་ཀྱི་ཞལ་འདེབས་གནང་བ་མ་ཟད་ཁུལ་དེའི་ཉམ་ཐག་པ་རྣམས་ལ་བཟའ་བཅའ་རིགས་ཀྱི་རོགས་རམ་གནང་འདུག རྒྱ་གར་བྱང་ཕྱོགས་ཀྱི་བོད་རིགས་འདུས་སྡོད་ཀྱི་ས་ཁུལ་ལྡེ་ར་ལྡུན་ཁུལ་དུ་ས་སྐྱ་མཐོ་སློབ། ས་སྐྱ་སྨོན་ལམ་ཐེབས་རྩ་ཁང་། དེ་བཞིན་སྒྲོལ་མ་ཕོ་བྲང་ཚོགས་པ་དང་ས་སྐྱ་དབུས་ལྟེ་གནས་ཁང་སོགས་ཀྱིས་མཉམ་རུབ་ཀྱི་ཐོག་ནས་ཨོ་ཊྲར་ཁཱན་ཌ་མངའ་སྡེ་གཞུང་གི་བློན་ཆེན་གྱི་མཚན་ཐོག་ཏུ་ཧིན་སྒོར་འབུམ་ ༢༣ ལྷག་གི་ཞལ་འདེབས་གནང་སྟེ་མངའ་སྡེ་གཞུང་གི་འབྲེལ་ཡོད་ཀུན་གྱིས་རིམས་ནད་སྔོན་འགོག་གི་ཕྱག་ལས་རྒྱ་ཆེར་གནང་བཞིན་པར་བཀའ་དྲིན་ཆེ་ཞུས་འདུག དེ་མཚུངས་སུ་རྡོར་གདན་བཀའ་བརྒྱུད་སྨོན་ལམ་ཆེན་མོའི་ཐེབས་རྩ་ཚོགས་པའི་ངོས་ནས་བི་ཧཱར་མངའ་སྡེའི་བློན་ཆེན་མཆོག་གི་ཐེབས་རྩ་བརྒྱུད་དེ་ཧིན་སྒོར་བུམ་ལྔ་དང་རྒྱ་གར་གྱི་སྲིད་བློན་མཆོག་གི་ཐེབས་རྩར་ཧིན་སྒོར་འབུམ་ལྔ་ཕུལ་འདུག དེ་བཞིན་དྷ་སར་རྟེན་གཞི་བྱས་པའི་ནོར་བུ་བཀྲ་ཤིས་ལགས་ཀྱིས་ཀྱང་རྒྱ་གར་གྱི་ཡུལ་མི་བརྒྱ་ལྷག་ལ་གྲོ་ཕྱེ་དང་འབྲས། དེ་བཞིན་སྣུམ་དང་ཚལ་རིགས་བཅས་ཀྱི་རོགས་རམས་གནང་བཞིན་འདུག ཁོང་གིས་གསར་འགོད་པར་མི་ཚང་མར་མང་ཉུང་ལ་མ་བལྟས་པར་གཞན་ལ་རོགས་རམ་བྱེད་རྒྱུའི་ནུས་པ་ཡོད་སྟབས་ཛ་དྲག་གི་སྐབས་སུ་རོགས་བྱེད་རྒྱུ་དེ་ནི་རང་ཉིད་ནང་པ་ཞིག་ཡིན་པ་དང་༸གོང་ས་མཆོག་གི་དགོངས་གཞི་ཡིན་པར་འགྲེལ་བརྗོད་གནང་སོང་། གཞན་ཡང་ལ་དྭགས་ཁུལ་གྱི་ཀརྨ་སྒྲུབ་བརྒྱུད་དགོན་གྱིས་ཀྱང་རྒྱ་གར་དབུས་གཞུང་གི་ཐད་གར་སྟངས་འཛིན་འཛིན་སྐྱོང་ལས་ཁུངས་སུ་ཧིན་སྒོར་འབུམ་གཅིག་གི་ཞལ་འདེབས་གནང་སྟེ་གང་མགྱོགས་རིམས་ནད་ཞི་བའི་སྨོན་འདུན་ཡོད་པར་གསུངས་འདུག གཞི་རྩའི་རྒྱ་ནག་ཝུ་ཧན་གྱི་རིམས་ནད་དེ་འཛམ་གླིང་གི་ས་ཁུལ་གང་སར་ཁྱབ་བརྡལ་ཕྱིན་པ་དང་ལྷན་དུ་གཞུང་དང་མི་མང་ཡོངས་ཀྱིས་ནུས་ཤུགས་གཅིག་ཏུ་སྒྲིལ་ནས་རིམས་ནད་ལ་སྔོན་འགོག་གནང་བཞིན་པའི་ཁྲོད། བོད་མི་མང་ཚོགས་ཀྱིས་ཀྱང་རང་གི་འཇོག་ནུས་ལ་དཔག་པའི་ཞལ་འདེབས་དང་བཟའ་བཅའ་སོགས་ཀྱི་རོགས་རམ་གནང་མཁན་མང་པོ་བྱུང་གི་ཡོད་པ་ལྟར། རླུང་འཕྲིན་ཁང་གིས་མང་ཚོགས་ཀྱིས་འགན་རང་འཁུར་གྱིས་དངུལ་དངོས་ཀྱི་ཞལ་འདེབས་གནང་བ་དང་དེ་བཞིན་དཔལ་འབྱོར་གྱི་འཁོས་ཁ་ཞན་པའི་ཉམ་ཐག་རིགས་ལ་སྡོད་གནས་མཁོ་སྤྲོད་བྱེད་བཞིན་པ་སོགས་ཀྱི་གནད་དོན་ཁག་ཅིག་དེ་སྔ་ནས་བཏང་ཟིན་པ་བཞིན་དེ་རིང་བསྐྱར་དུ་བོད་རིགས་འདུས་སྡོད་ཀྱི་ས་ཁུལ་ཁག་ཅིག་གིས་རོགས་རམས་གནང་བཞིན་པའི་གནས་ཚུལ་ཕྱོགས་བསྡུས་ཞུས་ཡོད།

བོད་མིའི་སྒྲིག་འཛུགས་ཀྱིས་ཀཱངྒ་རཱ་རྫོང་གི་ཏོག་དབྱིབས་རིམས་ནད་ཀྱི་ཐེབས་རྩར་འབུམ་གསུམ་ཞལ་འདེབས་གནང་བ།

བོད་མིའི་སྒྲིག་འཛུགས་ཀྱིས་ཀཱངྒ་རཱ་རྫོང་དཔོན་གྱི་ལས་ཁུངས་ནས་རྒྱ་ནག་ཝུ་ཧན་གྲོང་ཁྱེར་ནས་ཐོག་མར་ཁྱབ་གདལ་དུ་བྱུང་བའི་Covid19འམ་ཏོག་དབྱིབས་ཀྱི་རིམས་ནད་དེར་གདོང་ལེན་གནང་ཕྱོགས་ལ་རྒྱབ་སྐྱོར་དང་གདུང་སེམས་མཉམ་བསྐྱེད་མཚོན་ཕྱིར་རྫོང་གི་ཏོག་དབྱིབས་རིམས་ནད་ཀྱི་ཐེབས་རྩར་འབུམ་གསུམ་ཞལ་འདེབས་གནང་འདུགདེ་རིང་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་གནས་ཐོག་འདོན་སྤེལ་བར་ཁ་སྔོན་རེས་གཟའ་སྤེན་པའི་ཉིན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་རྫོང་དཔོན་སྐུ་ཞབས་ Rakesh Kumar Prajapati མཆོག་གི་མཚན་ཐོག་ཏུ་ཕྱག་བྲིས་ཤིག་ཕུལ་བའི་ནང་རྫོང་དཔོན་མཆོག་གིས་ཀཱངྒ་རཱ་རྫོང་ནང་ཏོག་དབྱིབས་རིམས་ནད་སྔོན་འགོག་སླད་མང་ཚོགས་ཕྱིར་མི་ཐོན་པའི་ཁྲིམས་གཞི་དམ་པོ་ཕྱག་བསྟར་གྱིས་གཉན་རིམས་སྤྱིར་ཁྱབ་གདལ་མི་འགྲོ་བར་ནུས་ཤུགས་ཆེ་བའི་ལས་དོན་སྤེལ་བཞིན་པར་མ་ཟད་ལྷག་པར་དཀའ་ཚེགས་ཀྱི་དུས་སྐབས་འདིར་མང་ཚོགས་ལ་དགོས་ངེས་ཆེ་བའི་བཟའ་ཆས་རིགས་དང་སྨན་སོགས་ཉོ་ཚོང་གི་མཐུན་རྐྱེན་སྦྱོར་བཞིན་པར་ཡི་རངས་བསྔགས་བརྗོད་ཞུས་པ་དང་ཆབས་ཅིག་ཏུ་བོད་མིའི་སྒྲིག་འཛུགས་ཀྱིས་རྫོང་གི་ཏིག་དབྱིབས་གཉན་རིམས་ཀྱི་ཐེབས་རྩར་འབུམ་གསུམ་ཞལ་འདེབས་གནང་འདུག་པ་དང་། ཁྱར་པར་དུ་སྲིད་སྐྱོང་མཆོག་གིས་བོད་མི་རྣམས་ནས་ཀྱང་དང་བླངས་ཐོག་ཞལ་འདེབས་རྒྱ་གང་ཆེ་གནང་དགོས་པའི་གཞེན་བསྐུལ་གནང་འདུགདེ་བཞིན་རྫོང་དཔོན་མཆོག་ནས་ཀཱངྒ་རཱ་རྫོང་ཁྱབ་ཁོངས་སུ་ཡོད་པའི་བོད་མིའི་རྣམས་ལ་ཛ་དྲག་གི་དུས་ཚིགས་འདིར་རྒྱབ་སྐྱོར་དང་དུས་ནས་དུས་སུ་ནད་རིམས་དེར་གདོང་ལེན་སླད་ལམ་སྟོན་རྒྱ་ཆེ་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། ང་ཚོས་ཀྱང་མུ་མཐུད་ནས་རྫོང་གི་སྒྲིག་གཞི་གཞིར་བཟུང་མཉམ་ལས་གནང་རྒྱུ་ཡིན་ཞེས་གསུངས་འདུག   མ་ཟད་རྫོང་དཔོན་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱིས་གདུང་སེམས་མཉམ་བསྐྱེད་དང་རྒྱབ་སྐྱོར་གྱི་ཐོག་ནས་ཞལ་འདེབས་གནང་བར་ཐུགས་རྗེ་ཆེ་ཞེས་གསུངས་འདུག བོད་མི་རྣམས་ནས་ཛ་དྲག་གི་དུས་ཚིགས་འདིར་མཉམ་མཐུན་གང་ལེགས་གནང་གི་འདུག་ཅེས་གསུངས་ཡོད་པ་རེད།གཞི་རྩའི་ཉེ་ལམ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཧི་མཱ་ཅལ་མངའ་སྡེ་གཞུང་གིས་ཏོག་དབྱིབས་རིམས་ནད་དེར་གདོང་ལེན་སླད་ཐབས་ཤེས་གང་ཡོང་གནང་བཞིན་པར་བསྔགས་བརྗོད་དང་སྦྲགས་ཏེ་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ Jai Ram Thakurམཆོག་གི་མཚན་ཐོག་ཏུ་ཡོད་པའི་ངལ་སེལ་རོགས་སྐྱོར་ཐེབས་རྩར་མང་ཚོགས་དབུལ་ཕོངས་རྣམས་ལ་བཟའ་བཅས་དང་སྨན་སོགས་ཀྱི་མཐུན་སྐྱེན་སྦྱོར་ཆེད་ཞལ་འདེབས་གསོལ་བསྩལ་མཛད་ཡོད་པ་རེད། ད་དུང་མགོན་པོ་༸གང་ཉིད་མཆོག་གིས་ཏཱ་ལའི་བླ་མའི་ཡིད་ཆེས་དགེ་རྩ་ཁང་གིས་ PM cares fund ཞེས་པའི་སྲིད་བློན་མཆོག་གི་ཐེབས་རྩར་མ་དངུལ་གྱི་གསོལ་བསྩལ་མཛད་པ་མ་ཚད་༸དཔལ་ལྡན་༸དགའ་ལྡན་ཕོ་བྲང་གི་ལས་བྱེད་ཡོངས་ཀྱིས་ཀྱང་ཉིན་གཅིག་གི་གསོལ་ཕོགས་བསྡུ་རུབ་ཀྱིས་ཞལ་འདེབས་ཕུལ་ཡོད་པ་རེད།ད་ལྟའི་ཛ་དྲག་གི་དུས་སྐབས་འདིར་བོད་མིའི་ཚོགས་སྒེར་མང་དག་ཅིག་ནས་དབུལ་ཕོངས་རྣམས་ལ་ཉེར་མཁོ་བཟའ་ཆས་སོགས་སྦྱིན་གཏོང་གི་ལས་འགུལ་སྣ་མིན་སྤེལ་བཞིན་ཡོད་པར་མ་ཟད། ཉེ་ལམ་ཤེས་ལོངས་བོད་མིའི་ས་གནས་འགོ་འཛིན་ལས་ཁུངས་ནས་ཟླ་ ༣ ཚེས་ ༣༡ ཉིན་རྒྱ་གར་གྱི་མངའ་སྡེ་མེ་གྷ་ལ་ཡའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ Conrad Kongkai Sangma མཆོག་གི་མཚན་ཐོག་ཏུ་ཕྱག་བྲིས་ཕུལ་བའི་ཐོག་བློན་ཆེན་མཆོག་གིས་དབུ་ཁྲིད་འོག་ས་གནས་སུ་ཏོག་དབྱིབས་རིམས་ནད་ཞི་བར་ལས་དོན་གནང་ཕྱོགས་ལ་རྗེས་སུ་ཡི་རངས་ཞུས་པ་དང་སྦྲགས། གདུང་སེམས་མཉམ་བསྐྱེད་དང་རྒྱབ་སྐྱོར་སླད་བློན་ཆེན་མཆོག་གི་མཚན་ལ་ཡོད་པའི་ངལ་སེལ་རོགས་སྐྱོར་ཐེབས་རྩར་ཁྲི་གསུམ་ཞལ་འདེབས་ཕུལ་འདུག

 རྒྱ་གར་གྱི་ནང་དུ་རིམས་ནད་གང་མགྱོགས་ཞི་བའི་མུན་སེལ་གྱི་ལས་འགུལ་སྤེལ་བ།

མདང་དགོང་ཆོུད་ ༩ ཐོག་རྒྱ་གར་གྱི་སྲིད་བློན་མོ་དཱི་མཆོག་གི་བཀའ་རྒྱ་ལྟར་རྒྱ་གར་རྒྱལ་ཡོངས་སུ་རང་ཁྱིམ་གྱི་གློག་བསད་ནས་མི་མང་རང་ཁྱིམ་གྱི་འཁྱམས་རར་ཐོན་ཏེ་སྒྲོན་མེ་སྦར་བ་དང་ཁ་པར་གྱི་གློག་གཞུ་འགར་བ་སོགས་ཀྱི་རྒྱལ་ཡོངས་སུ་དུས་གཅིག་གི་བྱ་འགུལ་སྤེལ་ཏེ་ད་ལྟའི་བར་དུ་རིམས་ནད་ཕོག་པ་རྣམས་ལ་གདོང་སེམས་མཉམ་སྐྱེད་དང་གཞན་ཡང་རིམས་ནད་ཁྱབ་བརྡལ་ཁྲོད་མདུན་དུ་ཐོན་ནས་ཕྱག་ལས་རྒྱ་ཆེར་གནང་མཁན་གྱི་སྨན་པ་དང་སྨན་ཞབས་པ་རྣམས་ལ་རྒྱབ་སྐྱོར། དེ་བཞིན་འཛམ་གླིང་ཡོངས་གང་མགྱོགས་ཏོག་དབྱིབས་རིམས་ནད་ཀྱི་མུན་པ་ལས་གྲོལ་ནས་མི་མང་གི་འཚོ་བ་སྔར་བཞིན་ཞི་བདེ་བག་ཕེབས་ངང་གནས་རྒྱུའི་སྨོན་ལམ་བཏབས་ཏེ་སྐར་མ་དགུའི་རིང་རྒྱལ་ཡོངས་སུ་དུས་གཅིག་ལ་མུན་སེལ་གྱི་ལས་འགུལ་གཞི་རྒྱ་ཆེ་བ་ཞིག་སྤེལ་སོང་།གཞི་རྩའི་རྒྱ་ནག་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་ནད་ཡམས་དེ་ད་ཆ་འཛམ་གླིང་གི་རྒྱལ་ཁབ་ཉིས་བརྒྱ་ལྷག་ལ་ཁྱབ་བརྡལ་དུ་སོང་ཡོད་པ་ལྟར། ད་ཆ་རྒྱལ་ཁབ་མང་པོ་ཞིག་གི་ནང་དུ་སྲིད་གཞུང་གིས་མང་ཚོགས་ཀྱི་འགྲོ་འདུག་ལ་བཀག་སྡོམ་གྱིས་རིམས་ནད་སྔོན་འགོག་ལ་ཤུགས་སྣོན་རྒྱག་བཞིན་པར་རྒྱ་གར་གྱི་ནང་དུ་ཡང་ཟླ་བ་སྔོན་མའི་ཕྱི་ཚེས་ ༢༤ མཚན་དགུང་ཕྱག་ཚོད་ ༡༢ ནས་བཟུང་ཉིན་གྲངས་ ༢༡ རིང་ལ་རྒྱལ་ཡོངས་སུ་མི་མང་རང་ཁྱིམ་དུ་བཀག་སྡོམ་བྱེད་རྒྱུའི་བཀའ་རྒྱ་བཏང་བ་ལྟར་ད་ལྟའི་ཆར་མི་མང་ཞོགས་པའི་རིང་ཉེར་མཁོའི་བཟའ་བཅའ་ཉོ་རུ་འགྲོ་ཆོག་པ་ཙམ་ལས་སྤྱི་ཡོངས་ཀྱི་བཀག་སྡོམ་གྱི་གནས་བབ་འོག་གནས་ཡོད་པ་རེད། དེ་རིང་རྒྱ་གར་གྱི་དུས་བབ་གསར་ཁང་གིས་རྒྱ་གར་གྱི་ནང་དུ་ཏོག་དབྱིབས་རིམས་ནད་ཕོག་པའི་གྲངས་ཐོ་ཕྱིར་འདོན་བྱས་པར་ད་ལྟའི་བར་དུ་རྒྱ་གར་གྱི་ནང་དུ་རིམས་ནད་ཕོག་པའི་ནད་པ་ ༤༠༠༠ ལྷག་བརྒལ་ཡོད་པ་དང་། དེ་དག་ལས་རྐྱེན་འདས་སུ་ཕྱིན་པའི་ནད་པའི་གྲངས་ཚད་ ༡༠༠ ལྷག་ཐོན་ཡོད་པར་འགྲེལ་བརྗོད་ཀྱིས་རྒྱ་གར་གྱི་ནང་རིམས་ནད་ཁྱབ་བརྡལ་ཆེས་ཆེ་སའི་ས་ཁུལ་ནི་རྒྱལ་ས་ལྡི་ལི་དང་ Maharastra མངའ་སྡེ།  དེ་ཞིན་ Tamil Nadu མངའ་སྡེ་གསུམ་ཆགས་ཡོད་པར་ཡོངས་གྲགས་གནང་འདུག ད་ལྟའི་ཆར་རྒྱ་གར་ནང་གི་བོད་མིའི་སྒྲིག་འཛུགས་ཀྱི་ལྟེ་གནས་དང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཞུགས་གནས་བྱང་ཕྱོགས་ཧི་མྰ་ཅལ་མངའ་སྡེ་ནང་དུ་རིམས་ནད་ཁྱབ་བརྡལ་ནད་པ་ ༡༣ བྱུང་ཡོད་པ་ལས། ད་ལྟའི་ཆར་ཧི་མཱ་ཅལ་གྱི་ནང་ནད་པ་ ༦ ལ་སྨན་བཅོས་བྱེད་བཞིན་ཡོད་པ་དང་། དེའི་ཁོངས་ནས་མི་ ༣ ཞི་མ་ལ་ཁུལ་གྱི་ IGMC སྨན་ཁང་དང་མི་ ༣ དྷ་ས་ཉེ་འཁྲིས་ཀྱི་ Tanda སྨན་ཁང་དུ་སྨན་བཅོས་བྱེད་བཞིན་ཡོད། མི་ ༤ ཙམ་ཞིག་ལྡི་ལིའི་ Medanta སྨན་ཁང་དུ་སྨན་བཅོས་བྱེད་བཞིན་ཡོད་པ་རེད། ད་བར་ཧི་མཱ་ཅལ་མངའ་སྡེ་ནང་རིམས་དན་ཕོག་པའི་ནད་པ་གཅིག་ལས་རྐྱེན་འདས་སུ་སོང་མེད་པ་རེད། གཞན་ཡང་ཁ་སང་ཚེས་ ༥ ཉིན་ཀཱངྒ་རཱ་རྫོང་གི་ཉེན་རྟོག་རུ་ཁག་གི་གཙོ་འཛིན་གྱིས་མང་ཚོགས་ལ་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ་ཕྱི་རྒྱལ་ཁག་ནས་ཕེབས་པའི་མི་ཚང་མས་ཚེས་ ༥ ཕྱི་དྲོ་བར་སོ་སོའི་གང་ནས་སླེབས་པའི་གནས་ཚུལ་ཡར་ཞུ་གསལ་པོ་བྱེད་དགོས་པ་དང་། དེ་ལྟར་བྱས་པ་ཡིན་ན་ཀཱངྒ་རཱ་རྫོང་གི་ལས་ཁུངས་ཀྱིས་ཁོང་རྣམས་ལམ་སང་ཟུར་འཇོག་གནང་རྒྱུ་ཡིན། གལ་ཏེ་དེ་ལྟར་མ་བྱས་པར་རིམས་ནད་ཡོད་པའི་གནས་ཚུལ་གསང་རྒྱ་བྱས་པ་ཤེས་རྟོགས་བྱུང་ཚེ་རྒྱ་གར་གྱི་ཁྲིམས་ལུགས་གཞིར་བཟུང་གིས་མི་གསོད་ཐབས་བྱེད་བཞིན་པའི་ནག་ཉེས་འགེལ་རྒྱུ་དང་། སོ་སོའི་ནང་ལ་ཕྱི་མི་ཡོད་པའི་གནས་ཚུལ་གསང་རྒྱ་བྱས་པའི་ཁྲོད་མི་དེ་ཤི་བ་སོགས་ཀྱི་གནས་ཚུལ་བྱུང་ཚེ་ཁྲིམས་སྒྲིག་ཨང་ ༣༠༢ གཞིར་བཟུང་མི་བསད་པའི་ནག་ཉེས་ཕོག་རྒྱུ་ཡིན་པའི་ཉེན་བརྡ་བཏང་འདུག གཞནང་ཡང་ཁོང་གིས་ད་ལྟའི་ཆར་མི་མང་དང་མཉམ་དུ་རྒྱང་ཐག་རིང་བོར་གནས་རྒྱུ་གལ་ཆེན་པོ་ཡིན་ནའང་ནད་པ་དང་དོགས་ཡོད་ཀྱི་ནད་པར་དབྱེ་འབྱེད་བྱེད་རྒྱུ་མེད་པར་རེ་སྐུལ་བྱས་པ་དང་སྦྲགས། ཨུ་ན་ཁུལ་དུ་མང་ཚོགས་ཀྱི་ལྟ་སྟངས་མི་འདྲ་བའི་ཁྲོད་རང་ཉིད་དོགས་ཡོད་ནད་པ་མིན་པ་གསལ་པོ་ཆགས་ནའང་མཐར་རང་སྲོག་བཅད་ཡོད་པའི་གནད་དོན་བྱུང་ཡོད་ལུགས་ངོ་སྤྲོད་ཀྱིས་མང་ཚོགས་ཀྱིས་ཕན་ཚུན་ལ་དབྱེ་འབྱེད་བྱེད་རྒྱུ་མེད་པའི་གཞེན་སྐུལ་གནང་འདུག ཁ་སང་རྒྱ་གར་གྱི་ Divya Himachal བརྙན་འཕྲིན་གསར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཁ་སང་ཀཱངྒ་རཱ་ལམ་ཆེན་གྱི་འགག་སྒོ་ཞིག་ཏུ་བོད་མི་གཞོན་སྐྱེས་གཉིས་དང་རྒྱ་གར་བ་གཅིག་བཅས་ཁྱོན་མི་གསུམ་ཀཱངྒ་རཱ་ནང་དུ་འཛུལ་ཐབས་བྱེད་སྐབས་འཛིན་བཟུང་བྱས་ཡོད་པའི་གནས་ཚུལ་ཐོན་འདུག ཉེན་རྟོག་པས་འདྲི་རྩད་བྱས་སྐབས་ཁོང་རྣམས་ Bhuntar ཉེ་འཁྲིས་ KheerGanga ས་ཁུལ་ནས་གོམ་པ་རྒྱབ་ནས་སླེབས་པ་དང་དེའི་ཁོངས་སུ་ཡོད་པོའི་བོད་མི་བསྟན་འཛིན་བྱང་ཆུབ་ཞུ་བ་ཁོང་གིས་གསུངས་པར་གཞིགས་ན། ཁོང་བཞུགས་སྒར་དྷརྨ་སཱ་ལཱར་བཞུགས་མཁན་ཡིན་པ་དང་། ཁོང་གི་སྤུན་མཆེད་ཅིག་བོར་བརླག་བྱུང་བར་བརྟེན་དེ་སྔོན་ཟླ་མ་སྔོན་མའི་ ༡༩ ཉིན་དྷས་ནས་མེ་འཁོར་དུ་བསྡད་ནས་ཁོང་འཚོལ་དུ་ཕྱིན་པའི་ལམ་བར་དུ་གཞུང་འབྲེལ་གྱི་བཀག་རྒྱའི་གནས་སྟངས་ཆགས་པའི་རྐྱེན་གྱིས་ད་ཆ་གོམ་པ་རྒྱབ་ནས་ཕྱིར་ལོག་བྱེད་བཞིན་ཡོད་པར་བརྗོད་འདུག ཉེན་རྟོག་པ་རྣམས་ཀྱིས་གསུངས་པར་ད་ལྟའི་ཆར་ཁོང་རྣམས་མན་ཌི་གྲོང་ཁྱེར་ནང་ཟུར་འཇོག་བྱས་ནས་འཇོག་རྒྱུ་ཡིན་པར་གསུངས་འདུག

བོད་མི་རྣམས་ཀྱིས་ཏོག་དབྱིབས་རིམས་ནད་ཞི་ཐབས་སུ་ཚེས་བཅུ་དང་རེས་གཟའ་ལྷག་པ་ནམ་ཡིན་ལ་བསང་མཆོད་གནང་དགོས་པ།

རྒྱ་ནག་ནས་བྱུང་བའི་ཏོག་དབྱིབས་རིམས་ནད་དེ་ད་ཆ་འཛམ་གླིང་སྤྱི་ཡོངས་ནང་རིམ་བཞིན་ཁྱབ་གདལ་ཆེས་ཆེར་འགྲོ་མུས་ཐོག་ཛ་དྲག་གི་དུས་མཚམས་འདིར་རིམས་ནད་དེ་ཞི་ཐབས་སུ་དེ་རིང་བཙན་བྱོལ་ནང་གི་རིས་མེད་དགོན་སྡེ་ཁག་དང་བོད་མི་འདུ་སྡོད་ཀྱི་ས་ཁུལ་ཁག་ཏུ་ཡོད་པའི་སེར་སྐྱ་མང་ཚོགས་ཡོངས་ཀྱིས་ཉིན་བརྒྱ་དུས་གཅིག་ལ་མནོལ་བསང་ལྷ་ཆབ་སྔོན་མོ་གཙོས་པའི་བསང་མཆོད་གནང་རྒྱུ་དབུ་བཙུགས་འདུགབོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱིས་ཟླ་ ༤ ཚེས་ ༡ ཉིན་ཏོག་དབྱིབས་རིམས་ནད་ཞི་ཐབས་དང་འབྲེལ་བའི་ཛ་དྲག་བསང་མཆོད་ཀྱི་གསལ་བསྒྲགས་ཤིག་སྤེལ་བར་གཞིགས་ན། གཞུང་བསྟེན་དགྲ་ལྷའི་གཙོ་བོ་གནས་ཆུང་ཆོས་རྒྱལ་ཆེན་པོ་མཆོག་གིས་བསྩལ་བའི་བཀའ་ལུང་ཕལ་མོ་ཆེའི་ནང་རིམས་ནད་དེ་ཞི་ཐབས་སླད་པདྨའི་མནོལ་བསང་དང་རི་བོ་བསང་མཆོད་བྱ་དགོས་ཞེས་ཕེབས་པར་མ་ཟད། པདྨའི་མནོལ་བསང་ཞེས་པ་དེ་སློབ་དཔོན་པདྨ་འབྱུང་གནས་ཀྱིས་མཛད་པའི་མནོལ་བསང་ལྷ་ཆབ་སྔོན་མོ་ཞུ་བ་དེ་ཡིན་པ་དང་སྔར་ཆོས་རྒྱལ་ཁྲི་སྲོང་སྡེ་བཙན་དང་བློན་འབངས་རྣམས་མནོལ་གྲུབ་ཀྱི་ནད་ཡམས་དེ་ལས་བསྐྱབས་པའི་ལོ་རྒྱུས་ཡོད་པ་ལུང་འདྲེན་གནང་སྟེ་ད་ལྟའི་ཏོག་དབྱིབས་རིམས་ནད་འདི་ཞི་ཐབས་ལའང་གོང་གསལ་མནོལ་བསང་གི་གསུང་ཆོག་བྱིན་ཅན་དེ་གསུང་འདོན་གནང་གལ་ཆེ་བ་ཡིན་སྟབས། མནོལ་བསང་གི་ཕྱག་དཔེ་དང་ཕྱག་བཞེས་ཡོད་པའི་དགོན་སྡེ་དང་སེར་སྐྱ་ཕོ་མོ་བཅས་ནས་རང་གནས་སུ་ཛ་དྲག་ཡུལ་ཁྲིམས་འཁུར་བའི་ཐོག་ནས་སོ་སོའི་གནས་སྟངས་ལ་གཞིགས་ཏེ་དེ་རིང་བོད་ཟླ་ ༢ ཚེས་ ༡༠ ནས་དབུ་འཛུགས་ཀྱིས་བོད་ཟླ་ ༥ ཚེས་ ༡༠ བར་ཚེས་བཅུ་དང་རེས་གཟའ་ལྷག་པ་ནམ་ཡིན་སྔ་དྲོ་ཚོུད་ ༧ ཐོག་ཉིན་བརྒྱ་དུས་གཅིག་ལ་བསང་སྣ་དང་རྫས་ཆ་རིགས་ཅི་འབྱོར་གྱིས་སློབ་དཔོན་རིན་པོ་ཆེས་མཛད་པའི་མནོལ་བསང་ལྷ་ཆབ་སྔོན་མོ་གཙོ་བོར་བྱས་པའི་བསང་མཆོད་གནང་དགོས་པའི་ཛ་དྲག་སྐུལ་འདེབས་ཞུས་པར་མ་ཟད། སྤྱི་མང་གི་ལས་རིམ་དེའི་སླད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དབུས་རིས་མེད་བསྟན་བདག་དབུ་ཁྲིད་བླ་ཆེན་རྣམ་པ་བཅས་ནས་ཐུགས་སྨོན་མཚམས་སྦྱོར་སྐྱབས་འཇུག་ཡོང་བའི་གསོལ་འདེབས་༸སྙན་གསེང་ཞུས་ཡོད་པས་བསང་མཆོད་ཀྱི་ལས་རིམ་དེར་ཚང་མས་ཐུགས་ཁུར་ཧུར་བསྐྱེད་ཀྱིས་གནང་བའི་དྲན་སྐུལ་གནང་འདུག གཞི་རྩའི་རིམས་ནད་དེ་འབྲེལ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱིར་ནོར་༸གོང་ས༸སྐྱབས་མགོན་ཆེན་པོ་མཆོག་གིས་ནད་རིམས་ཞི་བར་མང་ཚོགས་ནས་༸རྗེ་བཙུན་སྒྲོལ་མའི་མཚན་སྔགས་དང་ཐུབ་པའི་མཚན་སྔགས། མ་ཎི་གསོག་སྒྲུབ་དང་ལྷག་པར་དུ་དགོན་སྡེ་ཁག་ནས་འཕྲལ་དུ་སྒྲུབ་གལ་ཆེ་བའི་ཞབས་རིམ་ཁག་གཅིག་གསོག་སྒྲུབ་གནང་དགོས་པར་ལམ་སྟོན་བཀའ་ཕེབས་པ་ལྟར་བྱེས་ཀྱི་དགན་ས་སེ་འབྲས་དགའ་གསུམ་གཙོས་པའི་ཆོས་བརྒྱུད་ཡོངས་ཀྱི་དགོན་སྡེ་ཁག་ནས་དེ་ལྟར་༸རྒྱལ་བའི་བཀའ་བཞིན་ཞབས་རིམ་གསོག་སྒྲུབ་གནང་མུས་ཡིན་པ་རེད།

Latest news