Tibetan Royal Year of 2151 | Year of the Wood Dragon

གསར་འགྱུར།

རྒྱ་ནག་གིས་རྫ་ཆུ་ཁ་བསྒྱུར་གྱིས་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་དཀའ་ངལ་སྤྲོད་བཞིན་པ།

དེ་རིང་ཨ་རིའི་ནེའུ་ཡོག་དུས་བབ་དྲ་ངོས་སུ་གསར་འགྱུར་སྤེལ་བའི་ནང་དུ།  ད་ཆ་རྒྱ་ནག་གིས་བོད་ནང་གི་རྫ་ཆུའི་ཁུལ་དུ་ཆུ་མཛོད་མང་པོ་གསར་འཛུགས་ཀྱིས་གཙང་ཆུའི་བཞུར་རྒྱུན་ལ་སྟངས་འཛིན་བྱེད་ཀྱི་ཡོད་པར་བརྟེན།  རྫ་ཆུའི་བཞུར་རྒྱུན་དུ་རྟེན་གཞི་བྱས་པའི་ཁྱིམ་མཚེས་རྒྱལ་ཁབ་ཁག་གི་ཞིང་བ་དང་ཉ་པ་རྣམས་ལ་དཀའ་ངལ་ཆེན་པོ་འཕྲད་བཞིན་པ་མ་ཟད།  མི་གྲངས་ས་ཡ་མང་པོའི་འཚོ་རྟེན་ལ་ཤུགས་རྐྱེན་ཐེབས་བཞིན་ཡོད་པར་འཁོད་འདུག ཉེ་ཆར་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡཱེ་ཡིས་ཁྱིམ་མཚེས་རྒྱལ་ཁབ་ Laos མང་ཚོགས་ལ་གཏམ་བཤད་ཅིག་གི་སྐབས་སུ།  རྒྱ་ནག་གི་ནང་དུ་ཡང་གཙང་ཆུ་སྐམ་འགྱུར་གྱིས་དཀའ་ངལ་འཕྲད་ཀྱི་ཡོད་པའི་གནས་ཚུལ་བརྗོད་ཡོད་ནའང་།   ཨ་རིའི་གནམ་གཤིས་བརྟག་དཔྱད་ཆེད་མཁས་པས་གསལ་སྟོན་བྱས་པ་ལྟར་ན། རྒྱ་ནག་གི་ནང་དུ་གཙང་ཆུ་སྐམ་འགྱུར་གྱི་དཀའ་ངལ་འཕྲད་ཀྱི་མེད་པ་མ་ཟད།   རྒྱ་ནག་གི་བཟོ་ལས་བས་ཆེད་དུ་གཙང་ཆུའི་བཞུར་རྒྱུན་ལ་ཚད་བཀག་བྱས་ཡོད་པ་ཡོངས་གྲགས་གནང་འདུག དེ་ཡང་རྫ་ཆུ་སྐམ་འགྱུར་དང་འབྲེལ་བའི་དཔྱད་གཏམ་སྤེལ་མཁན་གྱི་གནམ་གཤིས་རྟོག་དཔྱོད་རིག་པའི་ཆེད་མཁས་བ། རྩོམ་པ་པོ་ Alan Basist  ལགས་ཀྱིས་ཟུང་སྐར་གྱིས་རྫུན་བཤད་མི་སྲིད་པར་ལུང་འདྲེན་གྱིས། བོད་ནང་དུ་རྫ་ཆུའི་བཞུར་རྒྱུན་ཆེན་པོ་ཡིན་ནའང་།  ཆུའི་བཞུར་རྒྱུན་ Cambodia དང་ Thailand ནང་དུ་སླེབས་ཀྱི་མེད་པ་དེ་ནི། རྒྱ་ནག་གིས་ཆུའི་བཞུར་རྒྱུན་ལ་ཚད་བཀག་བྱེད་ཀྱི་ཡོད་པས་ཡིན་པར་མངོན་གསལ་གནང་འདུག གསར་ཁང་གིས་ད་ཆ་རྫ་ཆུའི་བཞུར་རྒྱུན་ལ་བརྟེན་པའི་ཉ་པ་མང་པོས་རྒྱུན་ལྡན་གྱི་ཉཱ་འཛིན་པའི་ཐོན་སྐྱེད་ཀྱི་གྲངས་ཐོ་ཆེས་ཉུང་དུ་གྱུར་ཡོད་པ་དང་།  དེ་བཞིན་གཙང་བོའི་འགྲམ་རྒྱུད་ཀྱི་ཞིང་བ་མང་པོ་ལའང་གཙང་ཆུ་སྐམ་འགྱུར་དང་། སྐབས་རེར་ཚད་བརྒལ་གྱི་ཆུ་ལོག་བྱུང་བཞིན་པར་བརྟེན་ཞིང་ལས་ལ་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པ་ཡང་མངོན་གསལ་གནང་འདུག དེ་བཞིན་ལྷོ་ཨེ་ཤ་ཁུལ་གྱི་རྫ་ཆུའི་བཞུར་རྒྱུན་ལ་ལྟ་རྟོག་བྱེད་མཁན་གྱི་  Stimson Center  ཞེས་པའི་ལྟེ་གནས་ཁང་གི་འགན་འཛིན་སྐུ་ཞབས་ Brian Eyler ལགས་ཀྱིས།  ལྷོ་ཨེ་ཤ་ཡའི་ཁུལ་གྱི་དཀའ་ངལ་ཆེ་ཤོས་ཤིག་ནི་རྒྱ་ནག་གི་དཔོན་རིགས་རྣམས་ཀྱིས་གཙང་ཆུ་དེ་ཐུན་མོང་གི་སྤྱོད་སྒོར་གྱུར་བའི་རང་བྱུང་གི་ཐོན་ཁུངས་ཤིག་ཏུ་ངོས་འཛིན་བྱེད་ཀྱི་མེད་པ་མ་ཟད། གཙང་ཆུ་ནི་རྒྱ་ནག་ཁོ་ནར་དབང་བ་ཞིག་ལ་ལྟ་བཞིན་པ་རེད་ཅེས་མངོན་གསལ་གནང་སྟེ་རྒྱ་ནག་གི་བྱེད་བབ་དེར་སྐྱོན་བརྗོད་གནང་འདུག གཞན་ཡང་གསར་ཁང་གིས། ད་ཆ་རྒྱ་ནག་ནག་གི་དཔོན་རིགས་རྣམས་ཀྱིས་ས་ཁོངས་ཆབ་སྲིད་རྒྱ་བསྐྱེད་ཀྱིས་རྒྱ་ནག་ནི་དེང་དུས་ཀྱི་དབང་ཤུགས་ཆེ་བའི་བཙན་རྒྱལ་ཞིག་ཡིན་པར་རློམ་བཞིན་པ་མ་ཟད།  ཕྱི་ལོག་གི་རྒྱལ་ཁབ་རྣམས་ལ་གཉིས་ཕན་ཅེས་པའི་ས་ཁོངས་ཀྱི་ཐོག་ནས་འབྲེལ་བ་འཛུགས་བཞིན་ཡོད་ནའང་། དོན་དུ།  Sri Lanka  དང་ Djibouti  ལྟ་བུར་མཚོན་ན།  རྒྱ་ནག་གིས་འཐབ་ཇུས་ལྡན་པའི་བཟོ་ལས་གསར་འཛུགས་ཀྱི་ལས་འཆར་ཁྲོད་ནས་རྒྱལ་ཁབ་བུ་ལོན་གྱི་ནང་དུ་ལྷུང་བཞིན་པར་བརྟེན།  ཨ་ཧྥེ་རི་ཀཱ་དང་ཨེ་ཤ་ཡའི་ཁུལ་དུ་རྒྱ་ནག་གིས་ས་གནས་ཀྱི་ཡུལ་མི་རྣམས་ཀྱི་འབྱུང་འགྱུར་གྱི་འཚོ་བ་ལ་སེམས་ཁུར་གཅིག་ཀྱང་མེད་པར་རང་བྱུང་ཐོན་ཁུངས་རྣམས་གཙང་བཟོ་བྱེད་རྒྱུར་སེམས་ཁྲལ་བྱེད་མཁན་མང་དུ་བྱུང་བཞིན་ཡོད་པར་འཁོད་འདུག དེ་བཞིན་Thailand ཁུལ་དུ་རྟེན་གཞི་བྱས་ཡོད་པའི་ Mahasarakham  གཙུག་ལག་སློབ་ཁང་གི་དགེ་རྒན་ཆེན་མོ་ཞིག་གིས། རྒྱ་ནག་གིས་གཙང་ཆུའི་བཞུར་རྒྱུན་ཚད་བཀག་བྱེད་ཀྱི་ཡོད་པ་དེ་ནི་རྒྱ་ནག་གི་ཆབ་སྲིད་ཅིག་ཡིན་པར་འགྲེལ་བརྗོད་ཀྱིས།  རྒྱ་ནག་གི་གཙང་ཆུ་གློད་དུས་མི་མང་གི་ཆེད་དུ་ཞབས་ཞུ་སྒྲུབ་ཀྱི་ཡོད་མདོག་བསྟན་ནས།  རྒྱ་ནག་ནི་མི་མང་ལ་བཀའ་དྲིན་ཆེན་པོ་ཡིན་པར་སྟོན་གྱི་ཡོད་ནའང་། དོན་དངོས་སུ་རྒྱ་ནག་གིས་མི་མང་གི་འཚོ་བར་དཀའ་ངལ་སྤྲོད་ཀྱི་ཡོད་པར་མངོན་གསལ་གནང་འདུག རྩ་བའི་རྫ་ཆུ་ནི་བོད་མཐོ་སྒང་བརྒྱུད་རྒྱ་ནག  འབར་མ།  ཐེ་ལཎ་ཊྲི།  ལོ་སི།  དེ་བཞིན་ཝེ་ཐེ་ནམ་སོགས་བརྒྱུད་ནས་བཞུར་གྱི་ཡོད་པ་ལྟར།  ཨེ་ཤ་ཁུལ་གྱི་གཙང་བོ་རིང་ཤོས་བདུན་པ་དེ་ཆགས་པ་རེད།   གཙང་བོའི་བཞུར་རྒྱུན་གྱི་ཁྲོད་དུ།  རྒྱལ་ཁབ་ལྔ་ལྷག་གི་མི་གྲངས་ས་ཡ་མང་པོའི་འཚོ་བའི་རྨང་གཞི་ཚུགས་ཡོད་ནའང་། ད་ཆ་རྒྱ་ནག་གིས་གཙང་བོའི་བཞུར་རྒྱུན་དུ་ཆུ་གློག་འཛུགས་སྐྲུན་དང་གཙང་བོ་ཁ་བསྒྱུར་སོགས་བྱེད་བཞིན་པར་བརྟེན།  ཁྱིམ་མཚེས་རྒྱལ་ཁབ་ཁག་གི་ནང་དུ་ཞིང་ལས་གཉེར་མཁན་དང་ཉ་ཚོང་རྒྱག་མཁན་སོགས་ཀྱི་མཚོན་པའི་སྤྱི་ཡོངས་ཀྱི་གཙང་ཆུ་སྐམ་འགྱུར་གྱི་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པ་རེད།

རྒྱ་གར་རྒྱལ་ཡོངས་ཐེམ་སྤངས་ཀྱི་དུས་བཀག་ཕྱི་ཟླ་ ༥ ཚེས་ ༣ བར་ཕར་འགྱངས་གནང་བ།

དེ་རིང་སྔ་དྲོ་ཆུ་ཚོད་ ༡༠ ཐོག་རྒྱ་གར་གྱི་སྲིད་བློ་སྐུ་ཞབས་མོ་དཱི་མཆོག་གིས་ཏོག་དབྱིབས་རིམས་ནད་དང་འབྲེལ་བའི་རྒྱལ་ཡོངས་གསུང་བཤད་ཐེངས་གསུམ་པ་དེ་གནང་སྟེ་རྒྱ་གར་གྱི་མི་སེར་ཡོངས་ནས་འདས་པའི་ཉིན་གྲངས་ ༢༡ རིང་ཐེམ་སྤངས་ཀྱི་བཀའ་རྒྱར་བརྩི་སྲུང་གང་ལེགས་ཞུས་པའི་དབང་གིས་ད་ཆ་རྒྱ་གར་ནང་དུ་རྒྱ་ཁབ་གཞན་ལྟར་རིམས་ནད་ཁྱབ་གདལ་ཆེས་ཆེར་འགྲོ་བའི་ཛ་དྲག་གི་ངལ་བ་དེ་འདྲ་འཕྲད་མེད་པར་ཡི་རངས་བསྔགས་བརྗོད་གནང་བ་དང་སྦྲགས། གཉན་རིམས་ཀྱི་གནས་སྟངས་དེ་དུས་ད་ལྟའང་རྒྱལ་སྤྱིའི་ཁྱོན་ཡོངས་སུ་ཚོད་དཔག་དཀའ་བའི་ཆེས་ཉེན་ཚབས་ཆེ་བའི་ཛ་དྲག་གི་རང་བཞིན་ཞིག་ཏུ་གྱུར་ཡོད་སྟབས། མུ་མཐུད་སྔོན་འགོག་གནང་ཕྱིར་རྒྱ་གར་རྒྱལ་ཡོངས་སུ་དེ་རིང་ནས་དབུ་འཛུགས་ཀྱིས་ཕྱི་ཟླ་ ༥ ཚེས་ ༣ བར་ཁྱོན་ཉིན་གྲངས་ ༡༩ རིང་ཐེམ་སྤངས་ཀྱི་དུས་བཀག་འོག་གནས་དགོས་པའི་བཀའ་རྒྱ་ཡོངས་གྲགས་གནང་སོང་། སྲིད་བློན་མཆོག་གིས་ཐེངས་འདིའི་ཐེམ་སྤངས་ཀྱི་བཀའ་རྒྱ་ཕར་འགྱངས་གནང་རྒྱུ་འདི་ནི་མངའ་སྡེ་ཁག་གི་སྤྱི་ཁྱབ་བློན་ཆེན་དང་ལྷག་པར་དུ་འཕྲོད་བསྟེན་ཐོག་ཕྱག་ལས་གནང་མཁན་གྱི་སྨན་པ་དང་ཆེད་ལས་མཁས་པ་སོགས་དང་ལྷན་གོ་བསྡུར་རིམ་པ་གནང་ནས་ཐུགས་ཐག་བཅད་རྒྱུ་ཡིན་པར་འགྲེལ་བརྗོད་གནང་བ་དང་ཆབས་ཅིག ཐེམ་སྤངས་ཀྱི་དུས་ཡུན་རིང་ལ་མི་མང་ནས་དགོས་ངེས་ཅན་གྱི་སྨན་དང་བཟའ་ཆས་ཐོག་སེམས་འཚབ་གནང་མི་དགོས་པ་མ་ཟད་འཕྲོད་བསྟེན་གྱི་ཆ་ནས་ད་བར་རྒྱ་གར་རྒྱལ་ཡོངས་སུ་ཏོག་དབྱིབས་རིམས་ནད་དང་འབྲེལ་བའི་བརྟག་དཔྱད་གནང་ས་བརྟག་དཔྱད་ཁང་ ༢༠༠༠ ལྷག་དང་ཛ་དྲག་གི་ནད་པ་བཞུགས་ས་ཉལ་ཁྲི་འབུམ་གཅིག་ལྷག དེ་བཞིན་ཏོག་དབྱིབས་རིམས་ནད་ལ་དམིགས་པའི་སྨན་ཁང་ ༤༠༠ ལྷག་གྲ་སྒྲིག་གནང་ཟིན་སྐོར་གསུངས་ཡོད། ལྷག་པར་དུ་སྲིད་བློན་མོ་དཱི་མཆོག་གིས་ཐེངས་འདིའི་རྒྱལ་ཡོངས་གསུང་བཤད་བརྒྱུད་རིམས་ནད་འདི་འགོག་སྲུང་ཐུབ་ཐབས་སུ་མི་སེར་ཡོངས་ནས་ཐེམ་སྤེངས་ཀྱི་བཀའ་རྒྱ་ལ་བརྩི་སྲུང་ནན་པོ་ཞུ་དགོས་པ་དང་ཐེམ་སྤངས་ཀྱི་དུས་སྐབས་སུ་ནང་མི་རྒན་གྲས་ཚོར་ལྟ་རྟོག་གང་ལེགས་གནང་དགོས་པ། བཟོ་གྲྭ་དང་ཚོགས་པ་ཁག་གིས་ལས་བྱེད་ཕྱིར་འབུད་གཏང་རྒྱུ་མེད་པ། དགོས་ངེས་ཅན་ཚོར་གང་ནུས་ཀྱིས་རོགས་རམ་གནང་དགོས་པ་སོགས་འབོད་སྐུལ་གྱི་དོན་ཚན་བདུན་ཅན་ཞིག་ཡོངས་གྲགས་གནང་སོང་བ་མ་ཟད། རིམ་བཞིན་ཛ་དྲག་གི་གནས་སྟངས་ལ་གཞིགས་ཏེ་ཟླ་བ་འདིའི་ཕྱི་ཚེས་ ༢༠ ནས་མངའ་སྡེའི་གྲོང་ཁྱེར་ཆེ་ཁག་ཅིག་ལ་གུ་ཡངས་གནང་རྒྱུའི་དགོངས་གཞི་ཡོད་པ་གསུངས་ཡོད། གཞི་རྩའི་ཏོག་དབྱིབས་རིམས་ནད་ཀྱི་ཛ་དྲག་གནས་སྟངས་ཁྲོད་རྒྱལ་སྤྱིའི་མི་སེར་སྟོང་ཕྲག་མང་པོའི་ཚེ་སྲོག་ཤོར་བཞིན་ཡོད་པ་ལྟར་རྒྱ་གར་ལ་ཆ་མཚོན་ན་ད་བར་རིམས་ནད་ཕོག་མཁན་ཆིག་ཁྲི་ལྷག་དང་འདས་གྲོངས་སུ་གྱུར་བ་ ༣༣༩ ཆགས་ཀྱི་འདུག

བོད་རིགས་སློབ་མ་རྣམས་ལ་འགྲོ་གྲོན་ཐོག་རོགས་རམ་གནང་རྒྱུ།

རྒྱ་ནག་ནས་ཁྱབ་གདལ་བྱུང་བའི་ཏོག་དབྱིབས་གཉན་རིམས་རྐྱེན་པས་ད་ཆ་འཛམ་བུ་གླིང་གི་རྒྱལ་ཁབ་སོ་སོ་ནས་རིམས་ནད་དེར་གདོང་ལེན་སླད་ཕར་འགྲོ་ཚུར་འོང་གི་འགྲོ་བསྐྱོད་ལ་བཀག་སྡོམ་དང་མང་ཚོགས་འདུ་འཛོམས། སློབ་གྲྭ་སོགས་ཕྱིར་ཤོལ་གནང་དགོས་པའི་བཀའ་རྒྱ་བཏང་ཡོད་པ་ལྟར་དུས་ཡུན་དེའི་ཁྲོད་བོད་ཕྲུག་ཚོར་སློབ་སྦྱོང་ཐོག་འཐུས་ཤོར་མི་འགྲོ་བའི་ཕྱིར་རྒྱལ་སྤྱིའི་བོད་ཀྱི་སློབ་མའི་ལྷན་ཚོགས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་དང་མཉམ་འབྲེལ་ཐོག་སློབ་སྦྱོང་དང་འཚོ་བའི་ཐད་དཀའ་ངལ་འཕྲད་པའི་བོད་ཕྲུག་ཚོར་དྲྭ་ཐོག་སློབ་ཁྲིད་ཀྱི་དྲྭ་སྦྲེལ་འགྲོ་གྲོན་དང་ཁང་གླ་དེ་བཞིན་ཟས་རིགས་སོགས་ཀྱི་འགྲོ་གྲོན་ཐད་རོགས་སྐྱོར་གནང་རྒྱུའི་གསལ་བསྒྲགས་ཤིག་སྤེལ་འདུག རྒྱལ་སྤྱིའི་བོད་ཀྱི་སློབ་མའི་ལྷན་ཚོགས་ཀྱི་ཚོགས་གཞོན་བློ་བཟང་བཀྲ་ཤིས་ལགས་སུ་དེའི་སྐོར་བཅར་འདྲི་ཞུས་པར་ཚོགས་འདི་ནི་བོད་རིགས་སློབ་ཕྲུག་གི་དཀའ་ངལ་སེལ་རྒྱུར་དམིགས་ཀྱི་ཡོད་པ་ལྟར་ད་རེས་དཀའ་ཚེགས་ཅན་གྱི་དུས་ཡུན་འདིའི་ཁྲོད་དམིགས་བསལ་བོད་ནས་ཡོང་བའི་བོད་ཕྲུག་ཚོ་དང་དེ་བཞིན་དཔལ་འབྱོར་ཞན་པའི་སློབ་ཕྲུག་ཚོར་རོགས་སྐྱོར་ཞུ་རྒྱུའི་ཐག་གཅོད་བྱུང་སྐོར་སོགས་འགྲེལ་བརྗོད་གནང་སོང་།རྩ་བའི་རྒྱལ་སྤྱིའི་བོད་ཀྱི་སློབ་མའི་ལྷན་ཚོགས་ཀྱི་ཚོགས་པའི་འཐུས་ཚབ་རྒྱལ་ཁབ་འདྲ་མིན་ནང་ཡོད་པ་དང་ལྷན་ཚོགས་དེས་ད་བར་ཤེས་ཡོན་དང་འབྲེལ་བའི་ལས་གཞི་མང་པོ་སྤེལ་གྱི་ཡོད་པ་མ་ཟད་ལོ་ལྟར་མཐོ་སློབ་ལ་གསར་དུ་ཞུགས་མཁན་གྱི་སློབ་མ་དག་ལ་ལམ་སྟོན་དང་འཕྲད་བཞིན་པའི་དཀའ་ངལ་ཇི་སྙེད་ལ་རོགས་རམ་ཞུ་མཁན་གྱི་ཚོགས་པ་ཞིག་ཆགས་ཀྱི་ཡོད་པ་རེད། ད་ལན་སློབ་མའི་ལྷན་ཚོགས་དང་ཤེས་རིག་ལས་ཁུངས་མཉམ་འབྲེལ་ཐོག་བོད་ཕྲུག་ཚོར་འགྲོ་གྲོན་ཐད་རོགས་སྐྱོར་གནང་རྒྱུའི་ཐད་བོད་མིའི་ཁྲོད་ནས་སྦྱིན་བདག་གནང་བློ་མཆིས་རིགས་ནས་སློབ་མའི་ལྷན་ཚོགས་ལ་འབྲེལ་བ་གནང་རོགས་ཞེས་གསུངས་ཀྱི་འདུག  

ཏོག་དབྱིབས་ཞིབ་འཇུག་ཡོད་ཚད་ལ་སྲིད་གཞུང་གིས་ཞིབ་བཤེར་བྱེད་དགོས་པའི་བཀའ་རྒྱ་བཏང་བ།

དེ་རིང་ The Guardian ཞེས་པའི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན་རྒྱ་ནག་གིས་ཏོག་དབྱིབས་ནད་དུག་དང་འབྲེལ་བའི་ཚན་རིག་གི་གྲུབ་དོན་ཕྱི་ལ་མ་བསྒྲགས་སྔོན་དུ་ངེས་པར་དུ་སྲིད་གཞུང་གིས་ཞིབ་བཤེར་བྱེད་རྒྱུར་འབུལ་དགོས་པའི་བཀའ་རྒྱ་གསར་བ་ཞིག་ཕྱིར་བསྒྲགས་བྱས་ཡོད་པ་ཡོངས་གྲགས་གནང་འདུགགསར་ཁང་གིས་ཉེ་བའི་ཆར་རྒྱ་ནག་ནང་གི་ཧྥོ་ཊན་གཙུག་ལག་སློབ་གཉེར་ཁང་དང་ཝུ་ཧན་ས་རྒྱུས་ཚན་རིག་ལྟེ་གནས་ཁང་གཉིས་ཀྱིས་ཏོག་དབྱིབས་རིམས་ནད་ཀྱི་འབྱུང་ཁུངས་དང་འབྲེལ་བའི་ཚན་རིག་ཞིབ་འཇུག་གི་གྲུབ་དོན་ཞིག་དྲྭ་ངོས་སུ་སྤེལ་མ་ཐག་རྒྱ་ནག་སྲིད་གཞུང་གིས་རིམས་ནད་ཀྱི་འབྱུང་ཁུངས་དང་འབྲེལ་བའི་གྲུབ་དོན་ཡོད་ཚད་ཐོག་མར་སྲིད་གཞུང་ལ་ཞིབ་བཤེར་བྱེད་ཆེད་དུ་འབུལ་དགོས་པའི་བཀའ་རྒྱ་གསར་བ་ཞིག་བཏང་ཡོད་པ་ཡོངས་གྲགས་གནང་བ་དང་ལྷན་དུ་ལྟེ་གནས་ཁང་དེ་གཉིས་ཀྱིས་ཕྱིར་བཏོན་པའི་རིམས་ནད་ཀྱི་འབྱུང་ཁུངས་དང་འབྲེལ་བའི་གྲུབ་དོན་དེ་གཉིས་འཕྲལ་དུ་ནག་གསུབ་བཅུག་ཡོད་པ་འཁོད་འདུག དབྱིན་ཡུལ་དུ་རྟེན་གཞི་བྱས་པའི་རྒྱ་ནག་གི་ཞིབ་འཇུག་ལྟེ་གནས་ཁང་ SOAS ཞེས་པའི་འགན་འཛིན་དང་དགེ་རྒན་ཆེན་མོ་སྐུ་ཞབས་ Steve Tsang ལགས་ཀྱིས་གསར་ལམ་ཁག་ལ་འགྲེལ་བརྗོད་བྱས་པར་ད་ཆ་རྒྱ་ནག་གིས་མི་མང་གི་འཕྲོད་བསྟེན་དང་རྒྱལ་ཁབ་ཀྱི་དཔལ་འབྱོར་ཉམས་ཉེས་ལས་ལྷག་པའི་དོ་སྣང་བྱེད་ས་གཅིག་ནི་ཏོག་དབྱིབས་རིམས་ནད་དེ་ཐོག་མར་ཇི་ལྟར་ཁྱབ་བརྡལ་དུ་ཕྱིན་པའི་འབྱུང་ཁུངས་ཐད་ཀྱི་གཏམ་བརྗོད་དེ་གཙུགས་སུ་འཛིན་གྱི་ཡོད་པར་ཡོངས་གྲགས་གནང་ཡོད་པ་ལྟར།  གསར་ཁང་གིས་རིམས་ནད་ཀྱི་འབྱུང་ཁུངས་དང་འབྲེལ་ནས་རྒྱ་ནག་གིས་གནས་ཚུལ་རྫུན་སྒྲིག་བྱེད་བཞིན་པར་སེམས་འཁྲལ་ཆེན་པོ་བྱེད་མཁན་མང་པོ་ཡོད་པ་འཁོད་འདུག དེ་བཞིན་ཨོ་གླིང་གི་ Monash གཙུག་ལག་སློབ་གཉེར་ཁང་དུ་རྒྱ་ནག་གི་སྐོར་ལ་ཞིབ་འཇུག་བྱེད་བཞིན་པའི་སྐུ་ཞབས་  Kevin Carrico ལགས་ཀྱིས་ ༢༠༠༢ ལོའི་ Sars རིམས་ནད་ཀྱི་རྗེས་ནས་རྒྱ་ནག་གིས་ཐེངས་འདིའི་ཏོག་དབྱིབས་ཀྱི་རིམས་ནད་དེ་དངོས་སུ་གཙང་བཟོ་བྱེད་དགོས་པ་ཞིག་ཆགས་ཡོད་ཀྱང་། ད་ཆ་རྒྱ་ནག་གིས་རིམས་ནད་ཀྱི་འབྱུང་ཁུངས་ཐོག་དངོས་ཡོད་ཀྱི་གནས་ཚུལ་ལ་ཁས་ལེན་བྱེད་ཀྱི་མེད་པར་ཡོངས་གྲགས་གནང་འདུག གཞན་ཡང་གསར་ཁང་གིས་རྒྱ་ནག་གིས་དང་ཐོག་ཏོག་དབྱིབས་ནད་རིམས་ཁྱབ་བརྡལ་གྱི་གནས་ཚུལ་ལ་གསང་རྒྱ་བྱས་པ་མ་ཟད་རིམས་ནད་དང་འབྲེལ་ནས་མི་མང་ལ་གཞེན་སྐུལ་གནང་མཁན་གྱི་སྨན་པ་རྣམས་ལ་སྲིད་གཞུང་གི་བཀའ་རྒྱའི་འོག་ཉེས་ཆད་བཅད་ཡོད་པ་ཡོངས་གྲགས་ཀྱིས་ཨ་རིའི་རིམས་ནད་སྟངས་འཛིན་དང་སྔོན་འགོག་སྡེ་ཚན་གྱི་རིམས་ནད་ཆེད་མཁས་པ་སྐུ་ཞབས་ Robert Redfield ལགས་སུ་ཡང་རྒྱ་ནག་གིས་ཁ་པར་བརྒྱུད་ནས་རིམས་ནད་དང་འབྲེལ་བའི་གནས་ཚུལ་ཐད་ནས་ཉེན་བརྡ་བཏང་ཡོད་ལུགས་ངོ་སྤྲོད་དང་སྦྲགས། ཨ་རིས་དང་ཐོག་ནས་རིམས་ནད་ཆེད་མཁས་བ་རྒྱ་ནག་ཏུ་བཏང་ནས་རིམས་དེར་ཞིབ་འཇུག་བྱེད་རྒྱུའི་སྐུལ་མ་བཏང་ཡོད་ནའང་། རྒྱ་ནག་གིས་ཞུ་སྐུལ་དེར་ངེས་ལེན་མ་བྱས་སྟབས་ག་ལེར་རིམས་ནད་དེ་ཨེ་ཤ་ཡ་སྤྱི་དང་གླིང་ཕྲན་གཞན་དུ་ཡང་ཁྱབ་གདལ་བྱུང་ཡོད་ལུགས་འགྲེལ་བརྗོད་ཀྱིས་རྒྱ་ནག་སྲིད་གཞུང་གིས་དང་པོ་ནས་རིམས་ནད་དང་འབྲེལ་བའི་གནས་ཚུལ་གསང་རྒྱ་བྱས་ཡོད་པར་སྐྱོན་བརྗོད་གནང་འདུག གཞི་རྩའི་རྒྱ་ནག་གི་ཚན་རིག་དང་འཕྲུལ་ལས་བློན་ཆེན་ལས་ཁུངས་ཀྱིས་ཐོག་མར་ཟླ་འདིའི་ཚེས་ ༣ ཉིན་ནས་བཟུང་ཏོག་དབྱིབས་རིམས་ནད་ཀྱི་འབྱུང་ཁུངས་དང་འབྲེལ་བའི་ཚན་རིག་གི་གྲུབ་དོན་ཡོད་ཚན་ངེས་པར་དུ་སྲིད་གཞུང་ལ་ཞིབ་བཤེར་བྱེད་ཆེད་འབུལ་དགོས་པའི་ཡོངས་ཁྱབ་ཀྱི་གསལ་བསྒྲགས་བཏང་ཟིན་པ་ལྟར།  ད་ཆ་རྒྱ་ནག་ནང་དུ་ཏོག་དབྱིབས་རིམས་ནད་འབྱུང་ཁུངས་འཚོལ་བྱེད་ཀྱི་གནད་དོན་དེ་ནི་སྲིད་གཞུང་གིས་བཀག་རྒྱ་བྱེད་བཞིན་པའི་གསང་བའི་གནད་དོན་ཞིག་ཏུ་གྱུར་ཡོད་པར་བརྟེན་ཕྱི་ལོག་གི་སྨན་པ་དང་ཞིབ་འཇུག་པ་མང་པོས་རྒྱ་ནག་གིས་རིམས་ནད་ཀྱི་འབྱུང་ཁུངས་དངོས་ཀྱི་གནད་དོན་དེར་གསང་རྒྱ་དམ་པོ་བྱེད་བཞིན་པ་མངོན་གསལ་གནང་མུས་རེད་འདུག

རྒྱ་གར་དབུས་གཞུང་དང་མངའ་སྡེའི་ངལ་སེལ་ཐེབས་རྩར་ཞལ་འདེབས་ཕོན་ཆེ་གནང་བ།

༸དཔལ་རྒྱལ་དབང་ཀརྨ་པ་མཆོག་གི་བཀའ་དགོངས་ལམ་སྟོན་འོག་རྒྱ་གར་དབུས་གཞུང་དང་ས་གནས་མངའ་སྡེའི་ངལ་སེལ་ཐེབས་རྩར་ཞལ་འདེབས་ཕོན་ཆེ་གནང་འདུགད་ཆ་རྒྱ་ནག་ཝུ་ཧན་ནས་ཁྱབ་བརྡལ་བྱུང་བའི་ཏོག་དབྱིབས་རིམས་ནད་རྐྱེན་པས་རྒྱལ་སྤྱིའི་གཞུང་དང་མང་ཚོགས་སྤྱིའི་གནས་སྟངས་ལ་དཀའ་ངལ་རབས་དང་རིམ་པ་འཕྲད་བཞིན་པའི་ཁྲོད་འདིར་བོད་མིའི་སྒྲིག་འཛུགས་དང་བོད་མིའི་ཆོས་ཕྱོགས་ཀྱི་དབུ་ཁྲིད་རྣམ་པས་དབུས་པའི་ཚོགས་སྐྱིད་དང་གང་ཟག་སྒེར་སོགས་ནས་རྒྱ་གར་དབུས་གཞུང་དང་འབྲེལ་ཡོད་མངའ་སྡེ་གཞུང་སོ་སོས་གཉན་རིམས་སྔོན་འགོག་དང་འབྲེལ་བའི་ལས་གཞི་སྤེལ་རྒྱ་གང་ཆེ་བཞིན་པར་རྒྱབ་སྐྱོར་དང་། ལྷག་དོན་ཡུལ་མི་ཉམ་ཐག་དུ་མའི་ཛ་དྲག་གི་གནས་སྟངས་ལ་གདུང་སེམས་མཉམ་བསྐྱེད་མཚོན་སླད་བཟའ་ཆས་སྦྱིན་གཏོང་དང་དཔལ་འབྱོར་སོགས་ཉེར་མཁོ་ཁག་གཅིག་ཞལ་འདེབས་འབུལ་བཞིན་ཡོད་པ་ལྟར། ཉེ་ལམ་༸དཔལ་རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་གི་བཀའ་དགོངས་བཞིན་འབྲེལ་ཡོད་ མཚུར་ཕུ་བླ་བྲང་གི་ཀུན་སྐྱོང་ཐེབས་རྩ་ཁང་དང་གདན་ས་རུམ་བཏེག་ཀརྨ་བཤད་སྒྲུབ་ཆོས་འཁོར་གླིང་། དེ་བཞིན་བཀའ་བརྒྱུད་སྨོན་ལམ་ཆེན་མོའི་ཐེབས་རྩ་ཁང་བཅས་ཀྱིས་རྒྱ་གར་དབུས་གཞུང་དང་མངའ་སྡེའི་ཏོག་དབྱིབས་རིམས་ནད་དང་འབྲེལ་ཐེབས་རྩར་ཁྱོན་ཧིན་སྒོར་འབུམ་ ༢༨ ཞལ་འདེབས་ཕུལ་འདུག ༸དཔལ་རྒྱལ་དབང་ཀརྨ་པ་མཆོག་གི་སྤྱི་ལས་ཁང་འཛིན་སྐྱོང་མཚུར་ཕུ་བླ་བྲང་གི་ཀུན་སྐྱོང་ཐེབས་རྩས་ རྒྱ་གར་གྱི་སྲིད་བློན་མཆོག་གི་དབུལ་ཕོངས་ལ་དམིགས་པའི་ངལ་སེལ་གྱི་རོགས་དངུལ་ཐེབས་རྩ་ཧིན་སྒོར་འབུམ་ ༡༢ དང་ཧི་མཱ་ཅལ་མངའ་སྡེའི་བློན་ཆེན་མཆོག་གི་ཐེབས་རྩར་ཧིན་སྒོར་འབུམ་ ༣ བཅས་ཕུལ་འདུག་པ་མ་ཟད་རྒྱ་གར་འབྲས་ལྗོངས་མངའ་སྡེའི་ནང་ཆགས་པའི་གདན་ས་རུམ་བཏེག་ཀརྨ་བཤད་སྒྲུབ་ཆོས་འཁོར་གླིང་གི་གདན་སའི་འདུས་སྤྱིས་འབྲས་ལྗོངས་མངའ་སྡེའི་བློན་ཆེན་མཆོག་གི་ཐེབས་རྩར་ཧིན་སྒོར་འབུམ་ ༣ བཅས་ཞལ་འདེབས་ཕུལ་འདུག དེ་བཞིན་རྒྱ་གར་བི་ཧཱར་མངའ་སྡེའི་གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་བཀའ་བརྒྱུད་སྨོན་ལམ་ཆེན་མོའི་ཐེབས་རྩ་ཁང་གིས་འབྲེལ་ཡོད་བི་ཧཱར་མངའ་སྡེའི་བློན་ཆེན་མཆོག་གི་ཐེབས་རྩར་ཧིན་སྒོར་འབུམ་ ༥ དང་རྒྱ་གར་གྱི་སྲིད་བློན་མཆོག་གི་དབུལ་ཕོངས་ལ་དམིགས་པའི་ངལ་སེལ་གྱི་རོགས་དངུལ་ཐེབས་རྩར་ཧིན་སྒོར་འབུམ་ ༥ བཅས་ཞལ་འདེབས་ཕུལ་ཡོད་པ་རེད།ལྷག་དོན་༸དཔལ་རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་གིས་ངོ་དེབ་བརྒྱུད་སང་ཟླ་ ༤ ཚེས་ ༡༤ ཉིན་རྒྱལ་སྤྱིའི་ཉིན་མོའི་ཚོུད་ ༢ པ་དང་རྒྱ་གར་ནང་གི་གི་དགོང་མོའི་ཚོུད་ ༧ ཐོག་ཏོག་དབྱིབས་གཉན་རིམས་དང་འབྲེལ་བའི་དམིགས་བསལ་བཀའ་སློབ་བསྩལ་རྒྱུ་རེད་འདུགགཞི་རྩའི་རིམས་ནད་ཀྱི་ཛ་དྲག་གནས་སྟངས་ཁྲོད་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་གཡུང་དྲུང་བོན་གྱི་འཛིན་སྐྱོང་ལྷན་ཚོགས་དང་ལྷོ་ཕྱོགས་བཀྲ་ཤིས་ལྷུན་པོ་དགོན་པ། ས་སྐྱ་མཐོ་སློབ་དང་ས་སྐྱ་སྨོན་ལམ་ཐེབས་རྩ་ཁང་། སྒྲོལ་མ་ཕོ་བྲང་ཚོགས་པ། ས་སྐྱ་དབུས་ལྟེ་གནས་ཁང་སོགས་བོད་པའི་དགོན་སྡེ་གྲྭ་ཚང་དང་གཞིས་སྒར་ཁག དེ་བཞིན་བོད་མི་མང་ཚོགས་སོགས་ནས་ཉེ་འཁོར་གྱི་རྒྱ་གར་ཡུལ་མི་རྣམས་ལ་ཟས་སྦྱིན་དང་མངའ་སྡེ་སོ་སོའི་སྤྱི་ཁྱབ་བློན་ཆེན་དང་རྒྱ་གར་གྱི་སྲིད་བློན་མཆོག་གི་དབུལ་ཕོངས་ལ་དམིགས་པའི་ངལ་སེལ་གྱི་རོགས་དངུལ་ཐེབས་རྩ་བཅས་ལ་གང་ནུས་ཀྱིས་ཞལ་འདེབས་གནང་མཁན་མང་པོ་བྱུང་ཡོད་པ་རེད།

འབྲུག་པའི་རྗེ་མཁན་ཁྲི་ཟུར་༸སྐྱབས་རྗེ་ངག་དབང་བསྟན་འཛིན་དོན་གྲུབ་མཆོག་དགོངས་པ་རྫོགས་པར་ཐུགས་གསོ་མཛད་པ།

བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱིས་༸དཔལ་ལྡན་འབྲུག་པའི་རྗེ་མཁན་ཁྲི་ཟུར་༸སྐྱབས་རྗེ་ངག་དབང་བསྟན་འཛིན་དོན་གྲུབ་མཆོག་དགོངས་པ་རྫོགས་པའི་གནས་ཚུལ་ཐོན་པར་ཐུགས་གསོའི་གསུང་འཕྲིན་ཞིག་བསྩལ་འདུགདེའང་ཟླ་བ་འདིའི་ཚེས་ ༨ ཉིན་འབྲུག་པའི་རྗེ་མཁན་ཁྲི་ཟུར་༸སྐྱབས་རྗེ་ངག་དབང་བསྟན་འཛིན་དོན་གྲུབ་མཆོག་དགུང་གྲངས་ ༩༥ པའི་ཐོག་དགོངས་པ་རྫོགས་པའི་གནས་ཚུལ་ཐོན་ཡོད་པར་བརྟེན་ཁ་ཉིན་ཕྱི་ཚེས་ ༡༠ ཉིན་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱིས་ཐུགས་གསོའི་གསུང་འཕྲིན་ཞིག་བསྩལ་བའི་ནང་༸སྐྱབས་རྗེ་དམ་པ་གང་ཉིད་མཆོག་དགོངས་པ་གཞན་དོན་དུ་གཤེགས་པ་དེས་བསྟན་པ་སྤྱི་དང་ཁྱད་པར་དུ་༸དཔལ་ལྡན་འབྲུག་པའི་བསྟན་པར་གོད་ཆག་ཆེན་པོ་ཞིག་ཕོག་ཡོད་སྟབས་༸སྐྱབས་རྗེ་དམ་པ་གང་དེར་བོད་མི་སེར་སྐྱ་ཡོངས་ཀྱི་ཚབ་ཞུས་ཏེ་མྱ་ངན་གུས་བཏུད་དང་༸སྐྱབས་རྗེ་དམ་པ་གང་དེའི་གྲྭ་ཚང་འདུས་མང་རྣམས་ཀྱིས་གཙོས་པའི་གཉེན་ཉེ་དང་རྗེས་འབྲང་སེར་སྐྱ་མང་ཚོགས་ཀུན་ལ་ཐུགས་གསོ་གནང་བ་མ་ཟད། ལྷག་དོན་༸སྐྱབས་རྗེ་དམ་པ་དེ་ཉིད་ཀྱི་ཐུགས་དགོངས་ཟབ་མོ་མཐའ་དག་ཡོངས་སུ་རྫོགས་པ་དང་སླད་མར་བསྟན་འགྲོའི་བདེ་ཐབས་ཕྱིར་དུ་ཡང་སྤྲུལ་མགྱོགས་མྱུར་ཕེབས་པའི་སྨོན་འདུན་བཅས་ཞུས་འདུགགཞི་རྩའི་༸དཔལ་ལྡན་འབྲུག་པའི་རྗེ་མཁན་ཁྲི་ཟུར་༸སྐྱབས་རྗེ་ངག་དབང་བསྟན་འཛིན་དོན་གྲུབ་མཆོག་ནི་ཕྱི་ལོ་ ༡༩༢༥ ལོར་འབྲུག་རྒྱལ་ཁབ་ཀྱི་དབང་འདུས་ཕོ་བྲང་དུ་སྐུ་འཁྲུངས་ཤིང་། སྐུ་གཞོན་ནུ་དུས་དུས་ཐོག་མར་འབྲུག་བུམ་ཐང་དུ་རྟེན་གཞི་བྱས་པའི་ཐར་པ་གླིང་དགོན་པར་གསན་བསམ་སློབ་གཉེར་གནང་བ་དང་རྗེས་སུ་བོད་དུ་ཕེབས་ཏེ་གཞུང་ཆེན་དག་ལ་སློབ་གཉེར་མུ་མཐུད་མཛད་ཡོད་པ་རེད། བོད་དང་རྒྱ་གར། དེ་བཞིན་འབྲུག་བཅས་སུ་འབྲུག་པ་ཆོས་མགོན་བརྒྱད་པ་དང་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས། ཞེ་ཆེན་རབ་འབྱམས་ཀུན་བཟང་བསྟན་པའི་ཉི་མ། གཏེར་ཆེན་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་སོགས་རིས་མེད་བསྟན་བདག་བླ་ཆེན་དུ་མའི་ཞབས་ལ་བསྟེན་ནས་བསྟན་པ་རིས་མེད་ཀྱི་གཞུང་ཆེན་དག་ལ་གསན་བཞེས་མཛད་ཡོད་པ་དང་། ལྷག་དོན་ཕྱི་ལོ་ ༡༩༨༦ ལོར་༸དཔལ་ལྡན་འབྲུག་པའི་བསྟན་བདག་རྗེ་མཁན་པོ་ཁྲི་རབས་ ༦༨ པའི་མཚན་གནས་བཞེས་པ་མ་ཟད། ཕྱི་ལོ་ ༢༠༠༨ ལོར་འབྲུག་རྒྱལ་ཁབ་ཀྱི་གཟེངས་རྟགས་མཐོ་ཤོས་མངའ་བདག་དཔལ་གྱི་འཁོར་ལོ་ཞེས་པ་དེ་འབུལ་བཞེས་མཛད་པ་བཅས་བསྟན་སྲིད་སྤྱིའི་སླད་དུ་མཛད་བཟང་དུ་མ་བསྐྱངས་མྱོང་ཡོད་པ་རེད། ༸དཔལ་ལྡན་འབྲུག་པའི་རྗེ་མཁན་ཁྲི་ཟུར་༸སྐྱབས་རྗེ་ངག་དབང་བསྟན་འཛིན་དོན་གྲུབ་མཆོག་ཕྱི་ཟླ་ ༤ ཚེས་ ༨ ཉིན་འབྲུལ་རྒྱལ་ཁབ་ཀྱི་རྒྱལ་ས་ཐིམ་ཕུར་དགོངས་པ་ཆོས་དབྱིངས་སུ་ཐིམ་རྗེས་ཐུགས་དམ་དུ་བཞུགས་པའི་གནས་ཚུལ་བྱུང་འདུག ༸དཔལ་ལྡན་རྗེ་མཁན་ཁྲི་ཟུར་༸སྐྱབས་རྗེ་ངག་དབང་བསྟན་འཛིན་དོན་གྲུབ་མཆོག་གི་དྲུང་ཆེན་ཡིག་ཚང་གིས་ད་ཆར་རྒྱ་གར་གྱི་གཞུང་ཚབ་དང་བྷང་ལ་དེ་ཤའི་གཞུང་ཚབ། དྷརྨ་སཱ་ལཱར་རྟེན་གཞི་བྱས་པའི་བོད་མིའི་སྒྲིག་འཛུགས་ཆོས་རོག་ལས་ཁུངས་བཅས་ཀྱིས་འབྲུག་གི་རྗེ་མཁན་ཁྲི་རབས་ ༦༨ པ་༧སྐྱབས་རྗེ་ཁྲི་ཟུར་རིན་པོ་ཆེ་མཆོག་དགོངས་པ་ཆོས་དབྱིངས་སུ་ཐིམ་པར་ཐུགས་ཕམ་གྱི་གསུང་འཕྲིན་གནང་བ་བཀྲིན་ཆེ། འདི་ནས་མཁན་ཆེན་ཞིང་གཤེགས་གང་གི་དགོངས་རྫོགས་ལ་དམིགས་ཏེ་འཛམ་གླིང་རྒྱལ་སྤྱི་ནང་ཏོག་དབྱིབས་གཉན་རིམས་ཨང་ ༡༩ པའི་ནད་གཞི་དང་འབྲེལ་བའི་འགྲོ་བ་རྣམས་ཞི་བདེ་ཐོབ་པའི་སྐུ་རིམ་རྒྱ་ཆེར་སྒྲུབ་བཞིན་ཡོད་པ་བཅས་ཀྱི་ཕྱག་ཡིག་ཞིག་གནང་འདུག        

ཡོ་རོབ་མཐུན་ཚོགས་ཀྱིས་༸གོང་ས་མཆོག་གི་ཡང་སྲིད་ངོས་འཛིན་ཞུ་ཕྱོགས་ཀྱི་ལངས་ཕྱོགས་ལ་ནན་བརྗོད་གནང་བ།

ཡོ་རོབ་མཐུན་ཚོགས་ཀྱིས་རྒྱ་ནག་གཞུང་གི་ངོས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མ་འོངས་པའི་༸སྐུའི་ཡང་སྲིད་ལ་གུས་བརྩི་ཞུ་དགོས་པ་དང་༸སྐུའི་ཡང་སྲིད་དེ་ཡང་བོད་བརྒྱུད་ནང་བསྟན་གྱི་ལམ་སྲོལ་གཞི་བཞག་ཐོག་ངོས་འཛིན་ཞུ་དགོས་ཞེས་ནན་བརྗོད་གནང་འདུགཡོ་རོབ་གྲོས་ཚོགས་འཐུས་མི་ཁག་ཅིག་གིས་ཉེ་སྔོན་ཡོ་རོབ་གྲོས་ཚོགས་བརྒྱུད་ཡུ་རོབ་སྤྱི་མཐུན་ཚོགས་པའི་ཚོགས་གཞོན་དང་ཕྱི་འབྲེལ་གཙོ་འཛིན་དང་ཡུ་རོབ་ལྷན་ཚོགས་ཀྱི་ཚོགས་གཞོན་སྐུ་ཞབས་ Joesp Borrell མཆོག་ལ་ཡིག་ཐོག་ནས་དྲི་བ་ཞིག་ཕུལ་འདུག་པ་དང་དེའི་ནང་གཙོ་བོ་ཡོ་རོབ་གྲོས་ཚོགས་འཐུས་མི་ཁག་ནས་ཉེ་ཆར་རྒྱ་ནག་གཞུང་གིས་ལོ་ངོ་སྟོང་ཕྲག་ལྷག་གི་ལོ་རྒྱུས་ལྡན་པའི་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ཡང་སྲིད་ངོས་འཛིན་ཞུ་རྒྱུའི་ལམ་སྲོལ་དེར་རྡོག་རོལ་བཏང་བ་མ་ཟད། ལྷག་དོན་༸གོང་ས་ཏཱ་ལའི་བླ་མའི་མ་འོངས་པར་༸སྐུའི་ཡང་སྲིད་ངོས་འཛིན་ཞུ་ཕྱོགས་ཐད་ལའང་ཐེ་བྱུས་བྱ་རྒྱུ་ཡིན་པ་གསལ་པོ་ཡིན་པ་སོགས་ལུང་འདྲེན་གྱིས་ཡུ་རོབ་སྤྱི་མཐུན་ཚོགས་པའི་ངོས་ནས་༸གོང་ས་མཆོག་གི་མ་འོངས་པའི་ཡང་སྲིད་གནད་དོན་ཐོག་ལངས་ཕྱོགས་གང་འདྲ་ཞིག་འཛིན་བཞིན་ཡོད་ཅེས་འདྲི་རྩད་ཞུས་ཡོད་པ་རེད། ཉེ་ཆར་ཕྱི་ཟླ་ ༤ ཚེས་ ༣  ཉིན་ཡུ་རོབ་ལྷན་ཚོགས་ཀྱི་ཚོགས་གཞོན་སྐུ་ཞབས་ Joesp Borrell མཆོག་གིས་ཉེ་སྔོན་གྲོས་ཚོགས་འཐུས་མི་རྣམ་པའི་དྲི་བར་ཡིག་ཐོག་ནས་ལན་འདེབས་གནང་བར་ཁོང་གིས་ཡོ་རོབ་འཐུན་ཚོགས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་རྒྱ་ནག་གཞུང་ལ་གྲངས་ཉུང་མི་རིགས་ཁག་དང་ལྷག་དོན་བོད་དང་ཡུ་གུར་མི་རིགས་ཀྱི་ཆོས་དད་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་སོགས་ལ་ཐུགས་འཚབ་གནང་གི་ཡོད་པ་མ་ཟད་གྲངས་ཉུང་མི་རིགས་ཁག་དང་བོད་དང་ཡུ་གུར་མི་རིགས་ཀྱི་ཆོས་དད་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་སོགས་ལ་བརྩི་བཀུར་ཞུ་དགོས་པའི་སྐུལ་འདེད་གནང་བཞིན་ཡོད་པ་དང་ཆབས་ཅིག ཡོ་རོབ་མཐུན་ཚོགས་ནས་དེ་ལྟ་བུའི་ལངས་ཕྱོགས་གཞི་བཞག་ཐོག་ད་བར་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་དང་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་ལྷན་ཚོགས། དེ་མིན་རྒྱ་ནག་གཞུང་གི་འབྲེལ་ཡོད་འགོ་ཁྲིད་དང་འབྲེལ་མོལ་བཅས་ཁག་སོ་སོར་ལའང་ཡོངས་གྲགས་ཐོག་གླེང་སློང་གནང་བཞིན་ཡོད་ཅེས་གསུངས་འདུགསྐུ་ཞབས་ Joesp Borrell མཆོག་གིས་ད་དུང་ཡོ་རོབ་མཐུན་ཚོགས་ཀྱི་ངོས་ནས་༸གོང་ས་མཆོག་གི་ཡང་སྲིད་གནད་དོན་ཐོག་སྔ་ལོའི་ཡོ་རོབ་མཐུན་ཚོགས་དང་རྒྱ་ནག་དབར་གྱི་འགྲོ་བ་མིའི་ཐོབ་ཐང་འབྲེལ་མོལ་སྒྲོམ་གཞི་འོག་ཡོ་རོབ་མཐུན་ཚོགས་ཀྱིས་རྒྱ་ནག་གཞུང་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མ་འོངས་པའི་ཡང་སྲིད་གནད་དོན་སྐོར་གླེང་སློང་བྱས་ཡོད་པ་དང་མ་འོངས་པ་ཡང་མུ་མཐུད་ནས་དེ་ལྟར་གླེང་སློང་གནང་རྒྱུ་ཡིན་པ་མ་ཟད་རྒྱ་ནག་གཞུང་གི་ངོས་ནས་མ་འོངས་པའི་༸སྐུའི་ཡང་སྲིད་ལ་གུས་བརྩི་ཞུ་དགོས་པ་དང་ཡང་སྲིད་དེ་ཡང་བོད་བརྒྱུད་ནང་བསྟན་གྱི་ལམ་སྲོལ་གཞི་བཞག་ངོས་འཛིན་ཞུ་དགོས་ཞེས་ནན་བརྗོད་གནང་འདུག སྤྱིར་ཐེངས་འདིའི་ཡུ་རོབ་ལྷན་ཚོགས་སུ་བོད་ནང་གི་ཆོས་དད་རང་དབང་དང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མ་འོངས་ཡང་སྲིད་གནད་དོན་སྐོར་ལ་འདྲི་རྩད་གནང་བ་དེ་གཙོ་བོ་ཡོ་རོབ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཡུ་རོབ་གྲོས་ཚོགས་ཀྱི་གྲོས་ཚོགས་འཐུས་མི་ Petras Auštrevičius མཆོག་དང་། Aušra Maldeikienė མཆོག Hannes Heide མཆོག དེ་བཞིན་ Francisco Guerreiro མཆོག Petra De Sutter མཆོག་བཅས་ནས་གནད་དོན་དེ་འབྲེལ་སྙན་སེང་ཞུས་ཡོད་པ་རེད། གཞི་རྩའི་ཉེ་བའི་ལོ་ཤས་ནང་དུ་རྒྱ་ནག་གཞུང་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མ་འོངས་པའི་༸སྐུའི་ཡང་སྲིད་ངོས་འཛིན་ཞུ་ཕྱོགས་ཐད་ཐེ་བྱུས་བྱ་རྒྱུ་རྒྱལ་སྤྱིའི་ཐོག་ཡོངས་གྲགས་བྱས་པ་ནས་བཟུང་ཉེ་ཆར་ཨ་རི་དང་ནི་ཐར་ལན་ཌི་དང་། དེ་བཞཱིན་བྷེལ་འཇམ་བཅས་ནས་༸གོང་ས་མཆོག་གིས་དབུས་པའི་བོད་ཀྱི་བླ་སྤྲུལ་ཡང་སྲིད་གནད་དོན་དང་འབྲེལ་བའི་ནང་བླ་སྤྲུལ་ཡང་སྲིད་གནད་དོན་དེ་ནི་བོད་མིའི་གཞི་རྩའི་ཆོས་དད་རང་དབང་དང་འབྲེལ་བ་ཡོད་སྟབས་བོད་མི་ཁོ་ནར་དེ་འབྲེལ་ཐོག་ཇི་ལྟར་གནང་རྒྱུའི་རང་དབང་ཡོད་པ་ལས་རྒྱ་ནག་གཞུང་ལ་དེ་ལྟར་མེད་ཅེས་བརྗོད་ཡོད་པ་རེད།

རྒྱ་གར་དབུས་གཞུང་དང་མངའ་སྡེའི་ངལ་སེལ་ཐེབས་རྩར་ཞལ་འདེབས་ཕུལ་མཁན་ཇེ་མང་དུ་འགྲོ་བཞིན་པ།

རྒྱ་ནག་གྲོང་ཁྱེར་ཝུ་ཧན་ནས་ཐོག་མར་མཆེད་པའི་ཏོག་དབྱིབས་རིམས་ནད་དེ་ད་ཆ་འཛམ་གླིང་གི་རྒྱལ་ཁབ་ཉིས་བརྒྱ་ལྷག་ནང་ཁྱབ་གདལ་འགྲོ་བཞིན་པར་བརྟེན་རིམས་ནད་དེར་གདོང་ལེན་དང་བཅོས་ཐབས་སོགས་ཀྱི་ཆེད་རྒྱལ་ཁབ་སོ་སོ་ནས་དམིགས་བསལ་མ་དངུལ་མཁོ་སྒྲུབ་གནང་གི་ཡོད་པ་རེད། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་བོད་ཀྱི་ཆོས་བརྒྱུད་ཆེན་པོ་ས་དགེ་བཀའ་རྙིང་གཙོས་གཡུང་དྲུང་བོན་སོགས་རིས་མེད་ཀྱི་བླ་སྤྲུལ་ཁག་དང་བོད་པའི་ཚོགས་སྒེར་ཁག་གིས་རྒྱ་གར་དབུས་གཞུང་དང་མངའ་སྡེར་ཏོག་དབྱིབས་རིམས་ནད་ལ་གདོང་ལེན་སླད་དངུལ་དངོས་ཀྱི་ཞལ་འདེབས་མང་དག་ཅིག་གནང་བཞིན་ཡོད་པ་དང་དུས་ད་ལྟའང་དེ་ལྟར་ཞལ་འདེབས་ཕུལ་མཁན་ཇེ་མང་དུ་འགྲོ་བཞིན་འདུགརྒྱ་གར་ལྷོ་ཕྱོགས་སུ་རྟེན་གཞི་བྱས་པའི་༸སྐྱབས་རྗེ་པད་ནོར་རིན་པོ་ཆེ་མཆོག་གི་དགེ་རྩ་ཚོགས་པས་ཀ་ན་ཊ་ཀའི་མངའ་སྡེའི་བློན་ཆེན་གྱི་མཚན་ཐོག་ཏུ་ཕྱག་བྲིས་ཕུལ་བའི་ནང་ད་ཆ་ཏོག་དབྱིབས་རིམས་ནད་རྐྱེན་པས་མི་མང་དག་ཅིག་ནད་དེས་མནར་བཞིན་པ་དང་དེ་བཞིན་དུ་མ་ཞིག་འདས་གྲོངས་སུ་གྱུར་ཡོད་པས་དེར་ཐུགས་ཕམ་ཡོད་པ་གསུངས་པ་དང་སྒོས་རིམས་ནད་དེ་འགོག་ཐབས་སླད་རྒྱ་གར་གྱི་སྲིད་བློན་སྐུ་ཞབས་མོ་དཱི་མཆོག་གི་དབུ་ཁྲིད་འོག་དབུས་དང་མངའ་སྡེ་གཞུང་། འཕྲོད་བསྟེན་གྱི་འབྲེལ་ཡོད་ལས་བྱེད་སོགས་ནས་ཉིན་མཚན་བལྟོས་མེད་ཕྱག་ལས་གནང་བཞིན་པ་མ་ཟད་ལྷག་པར་ཀ་ན་ཊ་ཀ་མངའ་སྡེས་ས་གནས་ཀྱི་ཡུལ་མི་རྣམས་རིམས་ནད་དེ་ལས་སྐྱོབ་སླད་ལས་དོན་རྒྱ་གང་ཆེ་གནང་པར་རྒྱབ་སྐྱོར་མཚོན་ཕྱིར་མངའ་སྡེ་བློན་ཆེན་གྱི་ངལ་སེལ་ཐེབས་རྩར་ཧིན་སྒོར་འབུམ་བཅུ་ཞལ་འདེབས་ཕུལ་བ་དང་ནད་ཡམས་དེ་མགྱོགས་མྱུར་ཞི་བར་སྨོན་འདུན་གནང་འདུགདེ་བཞིན་རྒྱ་གར་བྱང་ཕྱོགས་སྒང་ཏོག་ཏུ་རྟེན་གཞི་བྱས་པའི་མཚུར་ཕུ་བླ་བྲང་གིས་ཏོག་དབྱིབས་ནད་ལ་གདོང་ལེན་སླད་མངའ་སྡེ་བློན་ཆེན་གྱི་ངལ་སེལ་ཐེབས་རྩར་ཧིན་སྒོར་འབུམ་གསུམ་ཞལ་འདེབས་ཕུལ་འདུག དེ་དང་ཕྱོགས་མཚུངས་ཁ་སྔོན་ཚེས་ ༨ ཉིན་རྒྱ་གར་བྱང་ཕྱོགས་ལྡེ་ར་ལྡུན་གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་འབྲི་གུང་བཀའ་བརྒྱུད་གཙུག་ལག་སློབ་གཉེར་ཁང་གིས་ཁུལ་དེའི་མངའ་སྡེ་གཞུང་གི་ཕྱག་ལས་གནང་ཁག་ལ་བསྔགས་བརྗོད་དང་སྦྲགས། མངའ་སྡེ་བློན་ཆེན་གྱི་ངལ་སེལ་ཐེབས་རྩར་ཧིན་སྒོར་འབུམ་ལྔ་ཞལ་འདེབས་གནང་ཡོད་པ་དང་གཙུག་ལག་སློབ་གཉེར་ཁང་གི་དགེ་ལས་སློབ་མ་སོགས་ཀྱི་སར་ནས་དབུལ་ཕོངས་ཉམ་ཐག་ཚོར་ཟས་སྦྱིན་སླད་ཞལ་འདེབས་ཧིན་སྒོར་འབུམ་གཉིས་ལྷག་བསྡུ་རུབ་གནང་འདུགརྒྱ་གར་ལྷོ་ཕྱོགས་སུ་རྟེན་གཞི་བྱས་པའི་དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གིས་ཁ་སང་ཚེས་ ༩ ཉིན་ནད་ཡམས་འགོག་བཅོས་ཀྱི་ལས་གཞིའི་ཆ་ཤས་སུ་རྒྱ་གར་དབུས་གཞུང་ལ་ཧིན་སྒོར་འབུམ་བདུན་དང་ཁྲི་ལྔ་དང་མངའ་སྡེ་གཞུང་ལ་ཧིན་སྒོར་འབུམ་གསུམ་དང་ཁྲི་ལྔ། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་སུ་འབུམ་གཉིས་དང་ཁྲི་ལྔ། མོན་གྷོ་འདོད་རྒུ་གླིང་གི་བོད་མིའི་ས་གནས་སུ་ཧིན་སྒོར་འབུམ་གཅིག་བཅས་ཞལ་འདེབས་གནང་འདུག བློ་གསལ་གླིང་གྲྭ་ཚང་གིས་མངའ་སྡེ་གཞན་ནས་ཡོང་བའི་རྒྱ་གར་ལས་མི་དང་ས་གནས་བོད་མི་གཙོས་པའི་རྒྱ་གར་བ་དཔལ་འབྱོར་ཞན་པའི་ཁྱིམ་ཚང་ཁག་ལ་བཟའ་ཆས་སོགས་ཀྱི་རོགས་སྐྱོར་གནང་མུས་རེད་འདུགཁ་སང་ཕྱི་ཚེས་ ༩ ཉིན་རྒྱ་གར་བྱང་ཕྱོགས་ཧི་མཱ་ཅལ་མངའ་ཁོངས་སྦིར་བོད་ཚོགས་ནས་ཀྱང་མངའ་སྡེ་ནས་རིམས་ནད་དེར་གདོང་ལེན་གནང་ཕྱོགས་ལ་རྒྱབ་སྐྱོར་དང་སྦྲགས་ཏེ་མངའ་སྡེ་བློན་ཆེན་གྱི་ངལ་སེལ་ཐེབས་རྩར་ཧིན་སྒོར་འབུམ་གཅིག་དང་།  དེ་བཞིནཀཱངྒ་རཱ་རྫོང་དཔོན་གྱི་ངལ་སེལ་ཐེབས་རྩར་ཁྲི་ལྔ་ཞལ་འདེབས་གནང་འདུགགཞི་རྩའི་ཉེ་ལམ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བོད་མི་རྣམས་ནས་དང་བླངས་ཐོག་རང་རང་སོ་སོའི་མངའ་སྡེ་དང་དེ་བཞིན་སྲིད་བློན་མཆོག་གི་མཚན་ཐོག་ཏུ་ཡོད་པའི་ངལ་སེལ་ཐེབས་རྩར་ཞལ་འདེབས་རྒྱ་གང་ཆེ་གནང་དགོས་པའི་གཞེན་བསྐུལ་གནང་ཡོད་པ་དང་འདས་པའི་ཉིན་ཤས་ནས་བོད་པའི་བླ་སྤྲུལ་ཁག་དང་དགོན་སྡེ་གྲྭ་ཚང་། གཞིས་ཆགས་སོ་སོ་ནས་མངའ་སྡེ་དང་དབུས་གཞུང་གཉིས་སུ་རིམས་ནད་དེར་གདོང་ལེན་དང་གཞུང་གི་ལས་དོན་ལ་རྒྱབ་སྐྱོར་མཚོན་ཕྱིར་ཞལ་འདེབས་དང་དབུལ་ཕོངས་ཉམ་ཐག་ཚོར་ཟས་སྦྱིན་སོགས་རྣམ་དཀར་དགེ་བའི་ཕྱག་ལས་གནང་མུས་ཡིན་པ་རེད།རྩ་བའི་ཏོག་དབྱིབས་རིམས་ནད་རྐྱེན་པས་ད་བར་འཛམ་གླིང་གི་མི་གྲངས་ས་ཡ་གཅིག་ལྷག་ལ་ནད་དེ་ཕོག་ཡོད་པ་དང་ཁྲི་དགུ་ལྷག་ཙམ་འདས་གྲོངས་སུ་གྱུར་བ། འབུམ་གསུམ་ལྷག་དྲག་སྐྱེད་བྱུང་ཡོད་པ་རེད། ལྷག་དོན་རྒྱ་གར་ནང་རིམས་ནད་དེ་ཕོག་མཁན་གྱི་གྲངས་འབོར་ཉིན་རེ་བཞིན་ཇེ་འཕར་འགྲོ་གི་ཡོད་པ་དང་ད་བར་གྱི་གྲངས་ཐོར་གཞིགས་ན་རྒྱ་གར་ནང་མི་དྲུག་སྟོང་ལྷག་ལ་རིམས་ནད་དེ་ཕོག་ཡོད་པ་དང་ཉིས་བརྒྱ་ལྷག་འདས་གྲོངས་གྱུར་ཡོད་པ་རེད། དེ་བཞིན་མང་ཚོགས་ལྔ་བརྒྱ་ལྷག་ཙམ་དྲག་སྐྱེད་དུ་བྱུང་ཡོད་པ་རེད།

ཟི་ཁྲོན་ནསལྷ་ས་བར་གྱི་ལྕགས་ལམ་གྱི་ཁྲོད་དུ་ཕུག་ལམ་ ༤༧ གསར་དུ་བརྟོལ་བ།

བོད་ནང་གི་རྒྱ་ནག་གི་གཞུང་འབྲེལ་གྱི་ཀྲུང་གོའི་བོད་ལྗོངས་དྲྭ་གནས་སུ་གནས་ཚུལ་འཁོད་པ་ལྟར་ན་ཟླ་འདིའི་ཚེས ༧ ཉིན་རྒྱ་ནག་གི་མེ་འཁོར་ལྕགས་ལམ་གྱི་ཨང་རྟགས་དགུ་བའི་འཛུགས་སྐྲུན་གྱི་ལས་གཞིའི་ཁྲོད་ལྷ་ས་ནས་ཉིང་ཁྲི་ཁུལ་གྱི་ལམ་བར་དུ་སྨན་གླིང་ཕུག་ལམ་དང་གཙང་དཀར་ཕུག་ལམ་གཉིས་ཉིན་གཅིག་ནང་བདེ་བླག་ངང་སྦྲེལ་མཐུད་བྱུང་ཞིང་། ད་ལྟའི་བར་ཟི་ཁྲོན་ནས་ཉིང་ཁྲིའི་་ལྕགས་ལམ་འཛུགས་སྐྲུན་གྱི་ལས་གཞིའི་ཁྲོད་དེའི་ཁྱོན་སྤྱི་ལེ་ ༢༡༦ གྱི་ལྕགས་ལམ་ཁུལ་དུ་ཕུག་ལམ་ ༤༧ ཙམ་འབྲེལ་མཐུད་བྱུང་ཡོད་པར་འཁོད་འདུག ཐེངས་འདིའི་བོད་ཁུལ་གྱི་སྨན་གླིང་ཕུག་ལམ་གྱི་ཆ་སྙོམས་ཀྱི་ས་བབ་མཐོ་ཚད་ལ་སྨི་ ༣༡༠༠ ཡོད་པ་དང་སྤྱིའི་རིང་ཚད་ལ་སྨི་ ༡༡༥༦༠ ཡོད་པ་འཁོད་པ་དང་སྦྲགས། ཁུལ་འདིའི་ཨར་སྐྲུན་ལས་ཀའི་དཀའ་ཚེགས་ཆེ་ཤོས་ཀྱི་སྨི་ཁྲི་ལྷག་ཡོད་པའི་ཕུག་ལམ་དྲུག་ཁྲོད་ཀྱི་གཅིག་ཡིན་སྟབས་ས་གཤིས་ཀྱི་ཆ་རྐྱེན་རྙོག་འཛིང་ཆེ་བ་དང་བདེ་འཇགས་ཀྱི་རིམ་པའི་ཉེན་ཁ་ཧ་ཅང་ཆེ་བའི་ཕུག་ལམ་ཞིག་ཡིན་པ་དང་ཀྲུང་གོའི་ལྕགས་ལམ་འཛུགས་སྐྲུན་གྱི་བཀོད་འདོམས་པ་ཧཱོ་ཞུས་ཀྱིས་ངོ་སྤྲོད་བྱས་པར་ཕུག་ལམ་ཨར་ལས་ཁྲོད་བྲག་རི་གས་གཏོང་བཏང་བ།འཁྱགས་རོམ་གྱི་བང་རིམ་བརྒལ་བ་དེ་བཞིན་རླུང་བསགས་བྱེ་ཕུང་སོགས་བརྒྱུད་ནས་ལྕགས་ལམ་འཛུགས་སྐྲུན་བྱས་ཡོད་པར་འཁོད་འདུགདེ་བཞིན་ཐེངས་འདིའི་ལྷ་སའི་ཉིང་ཁྲི་ཁུལ་གྱི་ལྕགས་ལམ་ནི་བོད་རང་སྐྱོང་ལྗོངས་ཀྱི་གློག་ཤུགས་ཅན་གྱི་ལྕགས་ལམ་ཐོག་མ་དེ་ཡིན་ཞིང་། ལམ་ཐིག་ཧྲིལ་པོའི་རིང་ཚད་ལ་སྤྱི་ལེ་ ༤༣༥ ཡོད་པ་དང་ཆུ་ཚོད་རེའི་མྱུར་ཚད་སྤྱི་ལེ་ ༡༦༠ བར་འགྲོ་ཐུབ་པར་བྱུས་འགོད་བྱས་ཡོད་པ་དང་ཐེངས་འདིའི་ཕུག་ལམ་ ༤༧ མཉམ་སྦྲེལ་བྱུང་བའི་ཁྲོད་དུ་སྤྱི་ལེ་ ༡༠ ཡན་གྱི་ཕུག་ལམ་རིང་ཤོས་དྲུག་ཡོད་པ་རེད། ཟམ་པ་ ༡༢༠ འཛུགས་སྐྲུན་བྱེད་འཆར་ཡོད་པའི་ཁྲོད་ཟམ་པ་ ༡༡༩ ལེགས་གྲུབ་ངང་སྐྲུན་ཟིན་པ་དང་སྔོན་དཔག་བྱས་ན་ ༢༠༢༠ ལོའི་ལོ་མཇུག་ཏུ་ལྕགས་ལམ་ཧྲིལ་པོ་འདིང་ཚར་རྒྱུ་ཡིན་པ་དང་། ༢༠༢༡ ལོར་ལྕགས་ལམ་ཡོངས་སུ་ལེགས་གྲུབ་ཀྱིས་མེ་འཁོར་ཤར་གཏོང་ཐུབ་རྒྱུ་ཡིན་པར་ཆེད་བཀོད་བྱས་འདུག རྩ་བའི་བོད་ཁུལ་ནི་ས་བབ་མཐོ་ཞིང་གནམ་གཤིས་ཡག་ཅིང་མཁའ་དབུགས་ཆེས་གཙང་བའི་འཛམ་གླིང་གི་ཡང་རྩེ་ཡིན་ནའང་རྒྱ་ནག་གིས་བོད་ས་བཙན་བཟུང་བྱས་པ་ནས་བཟུང་བོད་མཐོ་མཐོ་སྒང་འཛུགས་སྐྲུན་གྱི་ལས་གཞི་ཞེས་པའི་མིང་བྱང་གི་འོག་ཆུ་གློག་དང་དང་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་གྱི་ལས་གཞི་རྒྱ་ཆེར་སྤེལ་ཡོད་པ་ལས། གཙོ་བོ་བོད་ནང་གི་རང་བྱུང་ཐོན་ཁུངས་ཁག་རྒྱ་ནག་ཏུ་འབོར་འདྲེན་བྱེད་རྒྱུ་དང་།   བོད་མཐོ་སྒང་དེ་རྒྱ་ནག་གི་ཡུལ་སྐོར་སྤྲོ་འཁྱམ་གྱི་ས་གནས་ཤིག་ཏུ་བསྒྱུར་ནས་རྒྱ་ནག་གི་མི་འབོར་མང་པོ་བོད་ཁུལ་དུ་འབོར་འདྲེན་གྱིས་བོད་མི་རྣམས་རང་ས་ནས་གྲངས་ཉུང་མི་རིགས་སུ་བསྒྱུར་རྒྱུ་ཙམ་དུ་མ་ཟད་བོད་ཀྱི་ཆོས་དང་རིག་གཞུང་། ཡུལ་སྲོལ་གོམས་གཤིས་གཙོས་པའི་སྐད་ཡིག་དང་བཅས་པ་རྒྱར་བསྒྱུར་བྱེད་རྒྱུ་དམིགས་པ་ཞིག་ཡིན་པ་རེད། ཉེ་བའི་ལོ་ཤས་ནང་བོད་མཐོ་སྒང་དུ་འཛུགས་ཀྱི་ལས་གཞི་མང་དྲགས་རྐྱེན་གནམ་གཤིས་ལ་འགྱུར་ལྡོག་ཆེན་པོ་འགྲོ་བཞིན་པ་དང་། རི་ཉིལ་བ་དང་ཆུ་ལོག་རྒྱུགས་པ་སོགས་ཀྱི་གནད་དོན་རིམས་པ་ཐོན་ཡོད་པའི་ཁྲོད་ ཕྱི་ཕྱོགས་ཀྱི་ཁོར་ཡུག་ཆེད་མཁས་བ་མང་པོས་དེ་ནི་རྒྱ་ནག་གི་འཛུགས་སྐྲུན་ལས་གཞི་ལ་བརྟེན་ནས་བྱུང་གི་ཡོད་པར་ཐེར་འདོན་གནང་ཡོད།

Latest news