Tibetan Royal Year of 2151 | Year of the Wood Dragon

གསར་འགྱུར།

སྲིད་སྐྱོང་མཆོག་གིས་བོད་མིའི་མང་གཙོའི་ལམ་ལུགས་ཐོུང་མ་ཡིན་པ་ཞིག་ཆགས་ཡོད་སྐོར་གསུངས་པ།

ཁ་སང་ཟླ་ ༤ ཚེས་ ༩ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཨ་རིའི་གྲོང་ཁྱེར་ Atlanta ནང་རྟེན་གཞི་བྱས་པའི་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་དུ་སྐུ་ཞབས་ Berman ལགས་ཀྱི་དྲན་རྟེན་གི་གསུང་བཤད་གནང་ཡོད་པ་དང་།  སྐབས་དེར་མཁས་དབང་དང་དགེ་ལས་སློབ་གཉེར་བ་རྣམས་ལ་བོད་མིའི་མང་གཙོའི་འཕེལ་རིམ་སྐོར་གསུངས་པ་དང་འབྲེལ་ཏེ་༸གོང་ས་མཆོག་གིས་འདས་པའི་ལོ་ངོ་ ༦༠ ལྷག་གི་རིང་ཡང་དག་པའི་དབུ་ཁྲིད་ལམ་སྟོན་འོག་བོད་མི་རྣམས་ཀྱིས་རྗེས་སུ་འབྲང་པའི་གྲུབ་འབྲས་ལ་བརྟེན་ནས་བོད་མིའི་མང་གཙོའི་ལམ་ལུགས་དེ་འཛམ་གླིང་ཐོག་ཐོུང་མ་ཡིན་པ་དང་བློ་ལ་འཐད་པོ་ཞིག་ཆགས་ཡོད་པ་གསུངས་འདུག བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན།  སྲིད་སྐྱོང་མཆོག་གིས་གཏམ་བཤད་ཁྲོད་དེང་རབས་འཛམ་གླིང་ཐོག་རྒྱལ་ཞེན་དང་ཕྱོགས་ལྷུང་བསམ་བློ་འཛིན་མཁན་ཇེ་མང་དུ་འགྲོ་བཞིན་པའི་དུས་སྐབས་འདིར་བོད་མིའི་མང་གཙོའི་འཕེལ་རིམ་དེ་ཁྱད་དུ་འཕགས་པ་ཡིན་སྐོར་གསུངས་པ་དང་སྦྲགས། བོད་མིའི་མང་གཙོ་དེ་༸གོང་ས་མཆོག་ནས་མར་གསོལ་བསྩལ་མཛད་པ་ཞིག་ཡིན་སྟབས་མང་གཙོའི་ལམ་ལུགས་དེ་ཁྱད་ཆོས་སྣ་མང་ལྡན་པའི་མང་གཙོ་ཞིག་ཆགས་ཡོད་པ་གསུངས་འདུག ལྷག་དོན་༸གོང་ས་མཆོག་གིས་ཐུགས་བརྩེ་བ་ཆེན་པོས་ཕྱི་ལོ་ ༢༠༡༠ ལོར་བོད་མི་རྣམས་ལ་མང་གཙོ་ཡང་དག་ཞིག་གནང་དགོས་པའི་ལམ་སྟོན་བསྩལ་བ་ལྟར་མགོན་པོ་༸གང་ཉིད་མཆོག་གིས་ཕྱི་ལོ་ ༢༠༡༡ ལོར་ཆབ་སྲིད་ཀྱི་༸སྐུ་དབང་ཡོངས་རྫོགས་མང་ཚོགས་ནས་འོས་འདེམས་བྱས་པའི་འགོ་ཁྲིད་ལ་རྩིས་སྤྲོད་གནང་སྐོར་སོགས་གསུངས་ཡོད། སྲིད་སྐྱོང་མཆོག་གིས་ད་དུང་བོད་མིའི་མང་གཙོའི་ལམ་ལུགས་ཀྱི་ཆེས་འབུར་དུ་ཐོན་པའི་རྣམ་པ་གཙོ་བོ་བཞི་འགྲེལ་བརྗོད་གནང་བའི་ཁྲོད་ཐོག་མར་མང་གཙོའི་འགལ་ཟླ་དང་བཙན་བྱོལ་དུ་ཆགས་པའི་སྒྲིག་འཛུགས་ཤིག་གི་མཐར་ཐུག་དམིགས་ཡུལ་སྐོར་གསུངས་ནས་མང་གཙོའི་གཞུང་ཞིག་གི་ནང་ཆིག་སྒྲིལ་ལས་ལྷག་པའི་སྣ་ཚོགས་ཀྱི་རང་བཞིན་ལ་རྒྱབ་སྐྱོར་དང་། དབུ་ཁྲིད་གཅིག་ཁོ་ན་མ་ཡིན་པར་ཕྱོགས་འགལ་ཚོགས་པ་དགོས་པ། འབོད་ཚིག་གཅིག་གི་རྗེས་སུ་མི་འཇུག་པར་སྨྲ་བརྗོད་རང་དབང་སོགས་ཀྱི་ཁྱད་ཆོས་ཚང་དགོས་ནའང་། བཙན་བྱོལ་དུ་ཆགས་པའི་མང་གཙོའི་སྒྲིག་འཛུགས་ཀྱི་མཐར་ཐུག་དམིགས་ཡུལ་ནི་རང་ཉིད་ཀྱི་རྒྱལ་ཁབ་ལ་ཕྱིར་ལོག་བྱ་རྒྱུ་ཡིན་སྟབས། དབུ་ཁྲིད་གཅིག་དང་འབོད་ཚིག་གཅིག་གི་འོག་རྡོག་རྩ་གཅིག་སྒྲིལ་བྱ་རྒྱུ་དེ་གནད་ཆེ་ཤོས་ཆགས་ཡོད་པ་གསུངས་འདུག གཞན་ཡང་སྲིད་སྐྱོང་མཆོག་གིས་ཕྱི་ལོ་ ༢༠༡༡ ལོར་མང་མོས་ཀྱི་ཐོག་ནས་འོས་འདེམས་བྱས་པའི་འགོ་ཁྲིད་ཀྱིས་ཆབ་སྲིད་ཀྱི་ཁེ་དབང་བཞེས་པ་ནས་བཟུང་བོད་མིའི་མང་གཙོའི་ལམ་ལུགས་དེ་ཆོས་ཕྱོགས་ནས་བྲལ་སྐོར་དང་། བཙན་བྱོལ་བོད་མིའི་མང་གཙོའི་ལམ་ལུགས་དེ་མངའ་སྡེ་དང་ས་མཚམས་མེད་ཀྱང་ཚགས་ཚུད་གནས་ཐུབ་པའི་ནུས་པ་ཡོད་པ་མ་ཟད། བོད་མི་རྣམས་ཀྱིས་མང་གཙོའི་ལམ་ལུགས་དེར་ཆེ་མཐོང་དང་དང་ལེན་གནང་ཐོག་ད་ཆ་འཛམ་བུ་གླིང་ཐོག་བཙན་བྱོལ་དུ་གནས་པའི་མི་འབོར་ས་ཡ་ ༦༠ ལྷག་ཡོད་པ་དེའི་ནང་ནས་བོད་མི་མ་གཏོགས་གཞན་སུ་གང་ཡང་མང་གཙོའི་ལམ་ལུགས་ལག་བསྟར་གནང་གི་མེད་པ་དང་། ད་ཆ་མགོན་པོ་༸གང་ཉིད་མཆོག་གི་ལམ་སྟོན་འོག་བོད་མིའི་སྒྲིག་འཛུགས་དེ་མང་གཙོའི་ཀ་བ་གསུམ་གྱི་ཁྱད་ཆོས་ལྡན་པའི་འཛིན་སྐྱོང་ཚགས་ཚུད་ཤོས་དེ་ཆགས་ཡོད་སྐོར་གསུངས་ཡོད། གཞི་རྩའི་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གི་ Berman Lecture ཞེས་པ་དེ་ཕྱི་ལོ་ ༢༠༠༩ ལོར་གཙུག་ལག་སློབ་གཉེར་ཁང་གི་ཁྲིམས་ཀྱི་སློབ་དཔོན་ཐོག་མ་སྐུ་ཞབས་ Harold J. Berman ལགས་ཀྱི་ཤེས་སྟོབས་ཀྱི་རྒྱུད་པར་ཆེ་བསྟོད་ཞུ་ཆེད་གོ་སྒྲིག་གནང་བ་ཞིག་ཡིན་པ་དང་། སྐུ་ཞབས་ Harold J. Berman ལགས་ནི་དེང་དུས་ཀྱི་ཁྲིམས་ལུགས་དང་ཆོས་ཕྱོགས་ཀྱི་ཤིང་རྟའི་སྲོལ་འབྱེད་ཡང་ཆགས་ཀྱི་ཡོད་པ་རེད། སྲིད་སྐྱོང་མཆོག་གིས་ཨ་རི་ནང་གི་གཞུང་འབྲེལ་འཚམས་གཟིགས་དང་འབྲེལ་ཨེཊ་ལན་ཊ་ཁུལ་དུ་ཡོད་པའི་འབྲས་སྤུངས་བློ་གསལ་གླིང་གི་ཆོས་ཚོགས་སུ་ཆེད་ཕེབས་དང་བོད་མིར་མཇལ་འཕྲད་གནང་འདུག

དྷ་ས་བོད་ཀྱི་དཔེ་མཛོད་ཁང་གིས་རིན་མེད་ཐོག་བོད་ཀྱི་རིག་གཞུང་དང་སྐད་ཡིག་ཟབ་སྦྱོང་གནང་བཞིན་པ།

བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་དཔེ་མཛོད་ཁང་གིས་བོད་རིགས་གཙོ་གྱུར་བོད་ཀྱི་རིག་གཞུང་ལ་དོན་གཉེར་ཡོད་མཁན་ཚོར་ཟླ་བ་གཉིས་རིང་རིན་མེད་ཐོག་བོད་ཀྱི་རིག་གཞུང་དང་སྐད་ཡིག་ཟབ་སྦྱོང་ཞིག་གནང་བཞིན་འདུག བོད་ཀྱི་དཔེ་མཛོད་ཁང་གིས་བོད་ཀྱི་བརྡ་སྤྲོད་པ་དང་། ནང་ཆོས། བོད་ཀྱི་གནའ་དེང་ལོ་རྒྱུས། དེ་བཞིན་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སོགས་ཀྱི་ཐོག་སློབ་ཁྲིད་གནང་གི་འདུག་པ་དང་། ཟབ་སྦྱོང་དེའི་དགོས་དམིགས་གཙོ་བོ་ནི་རྒྱ་གར་ནང་གི་མཐོ་སློབ་འདྲ་མིན་ནས་སློབ་མཐར་སོན་པའི་བོད་རིགས་ན་གཞོན་ཚོར་བོད་ཀྱི་སྐད་ཡིག་དང་རིག་གཞུང་ཐོག་སློབ་ཁྲིད་གནང་རྒྱུའི་མཐུན་འགྱུར་བསྐྲུན་ཆེད་ཡིན་པ་རེད་འདུག རྩ་བའི་ཟབ་སྦྱོང་དེ་བོད་མི་ཚོ་བཙན་བྱོལ་དུ་འབྱོར་ནས་ལོ་ངོ་ ༥༠ འཁོར་བའི་དུས་ཚིགས་དང་བསྟུན་བོད་ཀྱི་དཔེ་མཛོད་ཁང་ནས་དབུ་འཛུགས་གནང་བ་ཞིག་ཡིན་པ་དང་། ད་བར་ལོ་ལྟར་བཞིན་བོད་རིགས་གཞོན་སྐྱེས་ཚོར་ཕུལ་གནང་གི་འདུག་པ་མ་ཟད། དཔེ་མཛོད་ཁང་གི་ངོས་ནས་ཟབ་སྦྱོང་ཐོག་ཕེབས་མཁན་སློབ་མ་ཚོར་ཟབ་སྦྱོང་གི་དུས་ཡུན་རིང་ལ་བཞུགས་གནས་དང་ཟས་དོད་ཆེད་ཧིན་སྒོར་ ༣༠༠༠ དང་རིན་མེད་དཔེ་དེབ་སོགས་ཀྱི་མཐུན་རྐྱེན་སྦྱར་གནང་གི་འདུག

ཆོས་དབྱིངས་སྐྱིད་ལགས་ལ་བེུད་ཀྱི་འགྲོས་རྩལ་འགྲན་བསྡུར་ཁྲོད་ཨང་དང་པོའི་བྱ་དགའ་ཐོབ་འདུག

རྒྱལ་སྤྱིའི་མཆོང་རྒྱུག་འཕེན་གསུམ་གྱི་བེུད་འགྲོས་རྩལ་འགྲན་བསྡུར་ནང་བོད་རིགས་བེུད་ལུས་རྩལ་པ་ཆོས་དབྱིངས་སྐྱིད་ལགས་ལ་ཨང་དང་པོའི་གསེར་གྱི་རྟགས་མ་ཐོབ་འདུག དེའང་ཟླ་ ༤ པའི་ནང་ Portugal རྒྱལ་ཁབ་ཀྱི་ Rio Maior ཁུལ་དུ་རྒྱལ་སྤྱིའི་མཆོང་རྒྱུག་འཕེན་གསུམ་གྱི་འགྲོས་རྩལ་འགྲན་བསྡུར་ཚོགས་ཡོད་པ་ལྟར། ཕྱི་ཚེས་ ༧ སྟེ་མཇུག་སྒྲིལ་བའི་རྒྱལ་སྤྱིའི་མཆོང་རྒྱུག་འཕེན་གསུམ་གྱི་རྩེད་འགྲན་གནང་བའི་ཁྲོད་བོད་རིགས་བེུད་ལུས་རྩལ་པ་ཆོས་དབྱིངས་སྐྱིད་ལགས་ཀྱིས་སྐར་འབྲས་ཚོུད་ ༡ དང་སྐར་མ་   ༢༨ སྐར་ཆ་ ༤ འི་ཐོག་ནས་བེུད་སྤྱི་ལེ་ ༢༠ ཐམ་པའི་འགྲོས་རྩལ་འགྲན་བསྡུར་གྱི་ཨང་དང་པོའི་གསེར་གྱི་རྟགས་མ་བླངས་ཡོད་པ་རེད་འདུག རྩ་བའི་ཆོས་དབྱིངས་སྐྱིད་ལགས་ལ་ཕྱི་ལོ་ ༢༠༡༦ ལོའི་རྒྱ་ནག་གི་ལུས་རྩལ་ཁྱབ་ཁོངས་ཀྱི་གཟེངས་རྟགས་ཆེ་ཤོས་ཀྲུང་གོའི་ལུས་རྩལ་གཟི་བརྗིད་གཟེངས་རྟགས་ཐོབ་ཡོད་པ་དང་། དེ་བཞིན་སྔ་ལོའི་ཟླ་ ༩ ཚེས་ ༣ ཉིན་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་ ༡༣ པའི་བེུད་སྤྱི་ལེ་ ༢༠ ཐམ་པའི་མི་སྒེར་གྱི་འགྲོས་རྩལ་འགྲན་བསྡུར་གྱི་རྟིང་རྩོད་འགྲན་བསྡུར་ཐེན་ཅིན་གྲོང་ཁྱེར་དུ་ཚོགས་ཡོད་པ་ལྟར་ཆོས་དབྱིངས་སྐྱིད་ཀྱིས་སྐར་འབྲས་ཚོུད་ ༡ དང་སྐར་མ་༢༨ སྐར་ཆ་ ༣༣ གྱི་ཐོག་ནས་འགྲན་ཚན་དེའི་དངུལ་གྱི་རྟགས་མ་བླངས་ཡོད་པ་རེད། ཆོས་དབྱིངས་སྐྱིད་ལགས་ནི ༡༩༩༠ ལོར་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཧེ་ཡན་རྫོང་ཝ་འཇོག་ཡུལ་ཚོའི་བོད་རིགས་འབྲོག་ཁྱིམ་དཀྱུས་མ་ཞིག་ཏུ་འཁྲུངས་ཞིང་། རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་སྟེང་བྱ་དགའ་ཐོབ་མཁན་གྱི་བོད་པ་ཐོག་མ་དེ་ཡིན་པ་དང་། ཁོང་ ༢༠༡༠ ཟླ་ ༧ པའི་ནང་རྒྱལ་ཁབ་མཆོང་རྒྱུག་འཕེན་གསུམ་རུ་ཁག་ཏུ་ཞུགས་རྗེས། ༢༠༡༢ ལོར་དབྱིན་ཡུལ་གྱི་རྒྱལ་ས་ལོན་ཏོན་དུ་འཚོགས་པའི་ཨོ་རྩལ་འགྲན་ཚོགས་སྐབས་ ༣༠ པའི་ཐོག་སྤྱི་ལེ་ ༢༠ ཅན་གྱི་བུད་མེད་འགྲོས་རྩལ་འགྲན་བསྡུར་ཁྲོད་དངུལ་གྱི་རྟགས་མ་ཐོབ་པ་མ་ཟད། དེ་སྔའི་ཨེ་ཤ་ཡའི་འགྲོས་རྒྱུག་ལུས་རྩལ་གྱི་ཟིན་ཐོ་གསར་པ་བཏོད་ཡོད་པ་རེད། དེ་བཞིན་ཕྱི་ལོ་ ༢༠༡༥ ལོའི་སི་ཕེན་རྒྱལ་ཁབ་ཏུ་ཚོགས་པའི་རྒྱལ་སྤྱིའི་མཆོང་རྒྱུག་འཕེན་གསུམ་འགྲན་བསྡུར་གྱི་སྤྱི་ལེ་ ༢༠ ཅན་གྱི་བུད་མེད་འགྲོས་རྩལ་འགྲན་བསྡུར་ཁྲོད་ཨང་གཉིས་པ་དང་། རྒྱ་ནག་རྒྱལ་ཡོངས་རྟིང་རྩོད་འགྲོས་རྩལ་འགྲན་བསྡུར་གྱི་སྤྱི་ལེ་ ༢༠ ཅན་གྱི་བུད་མེད་འགྲོས་རྒྱུག་འགྲན་བསྡུར་ཁྲོད་ཨང་དང་པོ་བཅས་ཐོབ་མྱོང་ཡོད་པ་རེད།

༢༠༡༨ ལོའི་༸རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་གསེར་གྱི་གཟེངས་རྟགས་རྩེད་འགྲན་ཐེངས་ ༢༤ པའི་རྒྱལ་ཁ་མོན་གྷོ་རུ་ཁག་ལ་ཐོབ་པ།

དེ་ཡང་འདི་ལོ་ཟླ་ ༣ ཚེས་ ༣༡ ཉིན་ནས་དེ་རིང་ཟླ་ ༤ ཚེས་ ༡༠ བར་རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་སྒར་སྦེལ་ཀོབ་བདེ་སྐྱིད་སླར་གསོའི་རྩེད་ཐང་གསར་པར་བོད་མིའི་རྐང་རྩེད་སྤོ་ལོ་རྩེད་འགྲན་རུ་ཁག་ཕན་ཚུན་དབར་༸རྒྱལ་ཡུམ་ཆེན་མོ་དྲན་རྟེན་རྐང་སྤོལ་རྩེད་འགྲན་ཐེངས་ ༢༤ པ་དེ་རྩེད་འགྲན་གནང་ཡོད་པ་དང་། དེ་རིང་ཟླ་ ༤ ཚེས་ ༡༠ ཉིན་མོན་གྷོ་རྐང་སྤོལ་རུ་ཁག་དང་སྒང་ཏོག་རྐང་སྤོལ་རུ་ཁག་གཉིས་དབར་རྩེད་འགྲན་མཐའ་མ་གནང་བ་ལས་མོན་གྷོ་རུ་ཁག་ལ་སྤོ་ལོ་གཉིས་དང་སྒང་ཏོག་རུ་ཁག་ལ་སྤོ་ལོ་ཀླད་ཀོར་བཅས་ ༢༠༡༨ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་གསེར་གྱི་གཟེངས་རྟགས་རྩེད་འགྲན་ཐེངས་ ༢༤ པའི་རྒྱལ་ཁ་མོན་གྷོ་རུ་ཁག་ལ་ཐོབ་སོང་། རྩ་བའི་ཁ་སང་ཚེས་ ༩ ཉིན་རྩེད་འགྲན་རིམ་པ་གསུམ་པ་ semi-final རྩེད་ཡོད་པ་ལྟར། རྩེད་འགྲན་དང་པོ་དེ་མོན་གྷོ་རྐང་སྤོལ་རུ་ཁག་དང་ཆོལ་གསུམ་རྐང་སྤོལ་རུ་ཁག་གཉིས་དབར་རྩེད་འགྲན་གནང་བ་ལས་སྤོ་ལོ་གཅིག་དང་ཀླད་ཀོར་ཐོག་ནས་མོན་གྷོ་རྐང་སྤོལ་རུ་ཁག་ལ་རྒྱལ་ཁ་ཐོབ་པ་དང་འདི་བཞིན་རྩེད་འགྲན་གཉིས་པ་དེ་དོན་གྲུབ་གླིང་རྐང་སྤོལ་རུ་ཁག་དང་སྒང་ཏོག་རུ་ཁག་གཉིས་དབར་རྩེད་འགྲན་གནང་བ་ལས་སྤོ་ལོ་གསུམ་དང་ཀླད་ཀོར་ཐོག་ནས་སྒང་ཏོག་རུ་ཁག་ལ་རྒྱལ་ཁ་ཐོབ་ཡོད་སྟབས། མོན་གྷོ་རྐང་སྤོལ་རུ་ཁག་དང་སྒང་ཏོག་རྐང་སྤོལ་རུ་ཁག་གཉིས་པོ་༸རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་མཐའ་མའི་ནང་ཚུད་ཡོད་པ་རེད། ལོ་རྗེས་མའི་བོད་རྒྱལ་ཡོངས་རྐང་རྩེད་སྤོ་ལོའི་རྩེད་འགྲན་ཐེངས་ ༢༥ པ་དེ་བཞུགས་སྒར་རྡ་རམ་ས་ལར་རྩེད་འཆར་ཡོད་པ་རེད་འདུག གཞི་རྩའི་རྩེད་འགྲན་དེ་ཐོག་མར་ཕྱི་ལོ་ ༡༩༨༡ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་སྐུ་འཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་༸རྒྱལ་ཡུམ་ཆེན་མོའི་བཀའ་དྲིན་རྗེས་དྲན་ཞུ་ཕྱིར་དབུ་འཛུགས་གནང་ཡོད་པ་དང་། བོད་མིའི་སྤྱི་ཚོགས་ཁྲོད་ནས་དགའ་མོས་ཆེན་པོ་ཞུ་བཞིན་ཡོད་པ་རེད།

༸གོང་ས་མཆོག་གིས་སློབ་གྲྭའི་རླངས་འཁོར་བརྡབ་རྐྱེན་འོག་འདས་གྲོངས་སོང་མཁན་གྱི་ནང་མི་ཚོར་ཐུགས་གསོ་མཛད་འདུག

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་རྒྱ་གར་བྱང་ཕྱོགས་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ Jai Ram Thakur མཆོག་གི་མཚན་ཐོག་ཏུ་གསུང་འཕྲིན་ཞིག་བསྩལ་ཏེ། ཁ་སང་རེས་གཟའ་ཟླ་བའི་ཉིན་ Nurpur ཉེ་འགྲམ་དུ་སློབ་གྲྭའི་རླངས་འཁོར་ཞིག་བརྡབ་སྐྱོན་བྱུང་བའི་ཁྲོད་སློབ་ཕྲུག་གཙོ་བོར་གྱུར་པའི་མི་ ༢༧ འདས་གྲོངས་སུ་གྱུར་བའི་ཡིད་སྐྱོོའི་གནས་ཚུལ་ཐོན་པར་མགོན་པོ་༸གང་ཉིད་མཆོག་ཐུགས་ཕམ་ཆེན་པོ་བྱུང་ཡོད་པ་བཀའ་སྩལ་འདུག ༸གོང་ས་མཆོག་གིས་གསུང་འཕྲིན་དེའི་ནང་ད་རེས་ཀྱི་དོན་རྐྱེན་དེའི་འོག་མི་ ༢༧ ལས་ ༢༣ ནི་སློབ་ཕྲུག་ཆགས་ཡོད་པ་དང་། དེ་དག་ནི་ནང་མི་ཚོོའི་དགའ་སྤོབས་དང་མ་འོངས་པའི་རེ་ལྟོས་ཤིག་ཆགས་ཡོད་པ་མ་ཟད། ཁོང་རྣམས་སློབ་གྲྭ་ནས་རང་ཉིད་སོ་སོའི་ཁྱིམ་དུ་བསྐྱོད་པའི་ལམ་བར་རླངས་འཁོར་བརྡབ་རྐྱེན་འོག་འདས་གྲོངས་སུ་གྱུར་བ་ནི་ཆེས་ཡ་ང་བའི་གནས་ཚུལ་ཞིག་རེད་ཅེས་བཀའ་སྩལ་བ་དང་འབྲེལ།  ༸གང་ཉིད་མཆོག་གིས་སློབ་ཕྲུག་དེ་རྣམས་ཀྱི་ཤུལ་ལུས་ཕ་མ་གཙོས་པའི་ནང་མི་ཀུན་ལ་ཐུགས་གསོ་མཛད་འདུག ཁྱད་པར་དུ་མགོན་པོ་མཆོག་གིས་ཧི་མཱ་ཅལ་མངའ་སྡེ་འདི་ནི་ལོ་ངོ་ ༥༨ རིང་༸སྐུའི་བཞུགས་སྒར་ཆགས་ཡོད་སྟབས་༸གང་ཉིད་མཆོག་ནས་ས་གནས་མང་ཚོགས་ལ་ཐུགས་ཉེ་ཚོར་ཡོད་པ་བཀའ་གནང་བ་དང་སྦྲགས། འཚབ་ཆེ་བའི་གོད་ཆག་འདི་ལྟ་བུ་བྱུང་བ་ནི་ང་ཚོ་ཚང་མའི་ཐོག་ཏུ་འགལ་རྐྱེན་བྱུང་བ་ཡིན་སྐོར་བཀའ་བསྩལ་འདུག དེ་འབྲེལ་མགོན་པོ་༸གང་ཉིད་མཆོག་གིས་གདུང་སེམས་མཉམ་བསྐྱེད་མཚོན་ཕྱིར་ཏཱ་ལའི་བླ་མའི་དགེ་རྩ་ཁང་གི་བརྒྱུད་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གི་དགེ་རྩར་ངལ་སེལ་རོགས་དངུལ་གསོལ་བསྩལ་ཞིག་ཀྱང་གནང་འདུག

འཚོ་བའི་རིང་མི་ཚེ་དོན་དང་ལྡན་པ་སྐྱེལ་དགོས་གལ་ཡིན་པ་བཀའ་བསྩལ་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་དུ་༸གང་ཉིད་མཆོག་ལ་མཇལ་ཞུར་བཅར་བའི་ཡོ་རོབ་ Demark ཁུལ་གྱི་སློབ་མ་ཁག་ཅིག་ལ་ཟུར་དུ་བཀའ་སློབ་བཀྲིན་སྩལ་བ་དང་འབྲེལ། མགོན་པོ་༸གང་ཉིད་མཆོག་གིས་དུས་རྒྱུན་དུ་མིའི་མི་ཚེ་ནང་ན་བ་དང་རྒས་པ། དེ་བཞིན་འཆི་རྒྱུ་བཅས་ནི་འགྲོ་བ་མིའི་མི་ཚེའི་ཆ་ཤས་ཤིག་ཡིན་པར་ང་ཚོས་ངོས་འཛིན་དགོས་པ་དང་། དེ་ལས་གལ་ཆེ་བ་ནི་རང་ཉིད་འཚོ་བའི་རིང་མི་ཚེ་དོན་དང་ལྡན་པ་ཞིག་སྐྱེལ་དགོས་ཀྱི་རེད་ཅེས་ལམ་སྟོན་མཛད་འདུག ༸གོང་ས་མཆོག་གི་༸སྐུ་སྒེར་ངོ་དེབ་ཐོག་སྐར་མ་གསུམ་ཅན་གྱི་བརྙན་ཐུང་ཞིག་བཞག་པའི་ནང་༸གང་ཉིད་མཆོག་གིས་སློབ་མ་དེ་དག་ལ་མི་ཚེ་དོན་དང་ལྡན་པ་ཟེར་བ་ནི་གཙོ་བོ་རང་ཉིད་འཚོ་བའི་རིང་གཞན་ལ་ཕན་ཐོགས་པ་བྱེད་རྒྱུ་དེ་ཡིན་པ་དང་། གལ་ཏེ་ཕན་མ་ཐོགས་ཀྱང་གཞན་ལ་གནོད་པ་བྱེད་རྒྱུ་མེད། དེ་ལྟར་བྱུང་ཚེ་མི་ཚེ་དོན་དང་ལྡན་པ་ཞིག་བྱུང་བ་མ་ཟད་རང་ཉིད་འཚོ་བའི་རིང་ལྷག་བསམ་རྣམ་དག་དང་དྲང་པོ།  དེ་བཞིན་བྱམས་བརྩེ་བའི་ཐོག་ནས་གཞན་ལ་ཕན་བདེའི་བྱ་བ་བསྒྲུབ་ན་རང་ཉིད་འཆི་བའི་དུས་ཡང་བློ་འགྱོད་ཡོང་གི་མ་རེད་ཅེས་བཀའ་བསྩལ་འདུག དེ་བཞིན་༸གོང་ས་མཆོག་གིས་ཆོས་ཕྱོགས་ཀྱི་ཐོག་ནས་འཇིག་རྟེན་བཀོད་པ་པོ་འདོད་མཁན་ཞིག་ཡིན་ན་ཚེ་འདིར་དགེ་བའི་བྱ་བ་བསྒྲུབ་པ་དེ་དཀོན་མཆོག་ནས་གཟིགས་ཀྱི་རེད། གལ་ཏེ་འཇིག་རྟེན་བཀོད་པ་པོ་མི་འདོད་མཁན་ཞིག་ཡིན་ཚེ་ཚེ་འདིར་རང་ཉིད་ཀྱིས་གཞན་ཕན་དང་མི་ཚེ་དོན་དང་ལྡན་པ་ཞིག་སྐྱེལ་ན། དེའི་འབྲས་བུར་ཚེ་ཕྱི་མར་སྐྱེ་བ་བཟང་པོ་ཞིག་དང་སྐྱིད་པོ་ཞིག་ཡོང་རྒྱུར་ཐག་ཆོད་པ་ཡིན་ཞེས་བཀའ་བསྩལ་ཡོད། སློབ་མ་དེ་དག་ལ་དུས་རྒྱུན་དུ་མི་ཚེའི་ནང་འཆི་བའི་གནས་བབ་ལ་ལྟ་ཕྱོགས་སྐོར་ལམ་སྟོན་སྩལ་བར་རྣམ་ཀུན་རང་ཉིད་འཆི་བ་ངེས་ཚེ་བསམ་བློའི་ནང་རང་ཉིད་ཀྱི་ལུས་རྒས་པ་དེ་བརྗེ་པོ་རྒྱག་དགོས་པ་ལྟ་བུའི་བསམ་བློ་དང་། དེ་བཞིན་དུས་རྒྱུན་གྱོན་ཆས་མི་གཙང་བ་ཆགས་པའི་སྐབས་སུ་བརྗེ་པོ་སློག་སྟེ་གོས་གསར་པ་གྱོན་པ་ལྟ་བུའི་བསམ་བློ་འཁྱེར་དགོས། བསམ་བློ་དེ་འདྲ་ཞིག་འཁོར་མ་ཐུབ་ཚེ་འཆི་བའི་གནས་སྐབས་སུའང་དངངས་སྐྲག་དང་ཞེད་སྣང་ཡོང་རྒྱུ་ཡིན་པ་ལམ་སྟོན་མཛད་པ་དང་ཆབས་ཅིག རང་ཉིད་འཚོ་བའི་རིང་མི་ཚེ་དོན་དང་ལྡན་པ་ཞིག་སྐྱེལ་ཐོག་འཆི་ཁར་བློ་འགྱོད་གང་ཡང་མེད་པ་ཞིག་བྱེད་དགོས་གལ་ཡིན་པའི་བཀའ་སློབ་རྒྱ་ཆེ་བསྩལ་ཡོད་པ་རེད།

མོན་གྷོ་རྐང་སྤོལ་རུ་ཁག་༸རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་མཐའ་མར་ཚུད་པ།

དེ་རིང་ཟླ་ ༤ ཚེས་ ༩ ཉིན་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བདེ་སྐྱིད་སླར་གསོའི་རྩེད་ཐང་གསར་པར་༸རྒྱལ་ཡུམ་ཆེན་མོ་དྲན་རྟེན་རྐང་སྤོལ་རྩེད་འགྲན་ཐེངས་ ༢༤ པའི་རྩེད་འགྲན་རིམ་པ་གསུམ་པ་ semi-final དེ་རྩེད་བཞིན་ཡོད་པ་དང་། དེའང་མོན་གྷོ་གཞིས་སྒར་གྱི་རྐང་སྤོལ་རུ་ཁག་དང་ཆོལ་གསུམ་རྐང་སྤོལ་རུ་ཁག་གཉིས་དབར་རྩེད་འགྲན་གནང་བ་ལས་སྤོ་ལོ་གཅིག་དང་ཀླད་ཀོར་ཐོག་ནས་མོན་གྷོ་བོད་མིའི་གཞིས་སྒར་གྱི་རྐང་སྤོལ་རུ་ཁག་༸རྒྱལ་ཡུལ་ཆེན་མོའི་རྐང་སྤོལ་རྩེད་འགྲན་མཐའ་མའི་ནང་ཚུད་ཐུབ་པ་བྱུང་ཡོད་པ་རེད། དེ་བཞིན་རྩེད་འགྲན་གཉིས་པ་དེ་དོན་གྲུབ་གླིང་རྐང་སྤོལ་རུ་ཁག་དང་སྒང་ཏོག་རུ་ཁག་གཉིས་དབར་མུ་མཐུད་རྩེད་འགྲན་གནང་བཞིན་ཡོད་པ་རེད། གཞི་རྩའི་རྩེད་འགྲན་དེ་ཐོག་མར་ཕྱི་ལོ་ ༡༩༨༡ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་སྐུ་འཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་༸རྒྱལ་ཡུམ་ཆེན་མོའི་བཀའ་དྲིན་རྗེས་དྲན་ཞུ་ཕྱིར་དབུ་འཛུགས་གནང་ཡོད་པ་དང་། བོད་མིའི་སྤྱི་ཚོགས་ཁྲོད་ནས་དགའ་མོས་ཆེན་པོ་ཞུ་བཞིན་ཡོད་པ་རེད།

བཞུགས་སྒར་དུ་བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ ༢༣ འཚོགས་རྒྱུ།

བོད་ཀྱི་ཟློས་གར་ཚོགས་པས་གོ་སྒྲིག་འོག་ཟླ་ ༤ ཚེས་ ༡༨ ཉིན་དབུ་འཛུས་ཀྱིས་བཞུགས་སྒར་རྡ་རམ་ས་ལ་གཙོས་པའི་ཉེ་འཁོར་ནོར་བུ་གླིང་ཁ་དང་། ཅོན་ཏཱ་ར་བོད་མིའི་གཞིས་སྒར་བཅས་སུ་བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ ༢༣ སྲུང་བརྩི་ཞུ་རྒྱུ་རེད་འདུག བོད་ཀྱི་ཞོ་སྟོན་ཐེངས་ ༢༣ དེ་ཕྱི་ཟླ་ ༤ ཚེས་ ༡༨ ནས་ ༢༣ བར་ཉིན་གྲངས་དྲུག་རིང་ཚོགས་ཀྱི་ཡོད་པ་དང་། དུས་སྟོན་དེའི་སྐབས་སུ་སྦེལ་ཀོབ་དང་། ཨོ་རི་ས། ཀ་སྦུག མན་སྤར། ཀོ་ལི་གྷར། བྷན་དྷ་ར། མ་སུ་རི་བོད་ཁྱིམ། བོད་ཀྱི་ཟློས་གར། བལ་ཡུལ། མོན་གྷོ་ཌ། ཅོན་ཏཱ་ར་བོད་ཁྱིམ། དེ་བཞིན་སྤོན་ཊ་ཆོལ་གསུམ་གཞིས་སྒར་སོགས་བཙན་བྱོལ་ནང་གི་བོད་མིའི་ལྷ་མོ་ཚོགས་པ་བཅིུས་ནས་མཉམ་ཞུགས་གནང་གི་འདུག ཉིན་གྲངས་དྲུག་རིང་གི་དུས་སྟོན་དེའི་ཁྲོད་ལྷ་མོ་ཚོགས་པ་ཁག་ནས་མཁས་སློབ་ཆོས་གསུམ་དང་། སྣང་ས་འོད་འབུམ། གཟུགས་ཀྱི་ཉི་མ། དྲི་མེད་ཀུན་ལྡན། འགྲོ་བ་བཟང་མོ། བྱ་མགྲིན་སྔོན་ཟླ་བ། ཆོས་རྒྱལ་ནོར་བཟང་། དེ་བཞིན་རྒྱ་བཟའ་དང་བལ་བཟའ་བཅས་ལྷ་མོའི་འཁྲབ་གཞུང་མི་འདྲ་བ་བརྒྱད་གཟིགས་འབུལ་ཞུ་རྒྱུ་རེད་འདུག བོད་ཀྱི་ཟློས་གར་ཚོགས་པའི་ངོས་ནས་ཕྱི་ཚེས་ ༡༨ ཉིན་བོད་ཀྱི་ཞོ་སྟོན་རྒྱས་པའི་དབུ་འབྱེད་མཛད་སྒོའི་ཐོག་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་མགྲོན་གཙོ་བོར་གདན་ཞུའི་གསོལ་འདེབས་ཞུས་པ་ལྟར་མགོན་པོ་༸གང་ཉིད་མཆོག་༸ཞབས་སོར་བཀྲིན་གྱི་རེ་ཁ་དཔལ་ལ་མངོན་པ་བསྐྱང་གནང་མཛད་ཀྱི་ཡོད་པ་རེད་འདུག རླུང་འཕྲིན་ཁང་གིས་བོད་ཀྱི་ཟློས་གར་ཚོགས་པའི་འགན་འཛིན་དབང་འདུས་ཚེ་རིང་ལགས་སུ་བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ ༢༣ སྲུང་བརྩི་དང་འབྲེལ་བའི་བཅར་འདྲི་ཁག་ཅིག་ཞུས་པར་ཅོན་ཏཱ་ར་ས་གནས་ནས་ཞལ་པར་བརྒྱུད་འགྲེལ་བརྗོད་གནང་དོན་དེ་སྔའི་འཆར་བཞུགས་སྒར་དུ་བོད་ཀྱི་ཞོ་སྟོན་སྲུང་བརྩི་ཞུ་སྐབས་བོད་ཀྱི་ཟློས་གར་ཚོགས་པ་ཁོ་ནས་ལྷ་མོའི་འཁྲབ་གཞུང་ཁག་གཟིགས་འབུལ་གྱིས་ཞོ་སྟོན་སྲུང་བརྩི་ཞུ་གྱི་ཡོད་ཀྱང་། འདི་ལོའི་བོད་ཀྱི་ཟློས་གར་ཚོགས་པས་གོ་སྒྲིག་འོག་དམིགས་བསལ་བཞུགས་སྒར་རྡ་རམ་ས་ལ་གཙོས་པའི་ཉེ་འཁོར་ནོར་བུ་གླིང་ཁ་དང་། ཅོན་ཏཱ་ར་བོད་མིའི་གཞིས་སྒར་བཅས་སུ་ལྷ་མོའི་ཚོགས་པ་འཆར་འགོད་ཀྱིས་ལྷ་མོའི་འཁྲབ་གཞུང་ཁག་གཟིགས་འབུལ་བརྒྱུད་ཞོ་སྟོན་སྲུང་བརྩི་ཞུ་རྒྱུ་ཡིན་པ་གསུངས་སོང་། རྩ་བའི་ལོ་ངོ་བརྒྱ་ཕྲག་གོང་ནས་བོད་མི་ཚོས་སྲུང་བརྩི་ཞུ་སྲོལ་ཡོད་པའི་བོད་ཀྱི་ཞོ་སྟོན་ཞེས་པའི་ཐ་སྙད་དང་དུས་ཆེན་དེའི་མིང་འདོགས་ཚུལ་ལ་གཞིགས་ན། སྔར་དུས་རབས་བཅོ་ལྔ་པའི་ནང་རི་བོ་དགེ་ལྡན་པའི་གྲུབ་མཐའ་སྲོལ་གཏོད་པ་པོ་༸རྗེ་ཙོང་ཁ་པ་ཆེན་པོ་བློ་བཟང་གྲགས་པ་དཔལ་བཟང་པོ་མཆོག་གི་སློབ་མ་འཇམ་དབྱངས་ཆོས་ཀྱི་རྗེ་བཀྲིས་དཔལ་ལྡན་མཆོག་གིས་བོད་མེ་ཕོ་སྤྲེལ་གྱི་ལོ་ ༡༤༡༦ ལོར་བོད་ཀྱི་གདན་ས་འབྲས་སྤུངས་དགོན་པ་ལེགས་གྲུབ་ཟིན་པའི་མཛད་སྟོན་དང་བསྟུན། ཁུལ་དེའི་འབྲོག་པ་ཚོས་རྟེན་འབྲེལ་གྱི་མཛད་སྟོན་ཐོག་དགེ་འདུན་པ་དང་སྐུ་མགྲོན་རྣམ་པར་གསོལ་ཚིགས་སུ་ཞོ་འདེགས་འབུལ་ཞུས་པའི་དུས་དེ་ནས་བཟུང་སྟེ་ལོ་ལྟར་བོད་མི་ཚོས་བོད་ཟླ་ ༦ ཚེས་ ༣༠ ཉིན་དབུ་འཛུགས་གནང་ཐོག་གསོལ་ཚིགས་དཀར་སྐྱོང་ཞོ་འབྲས་གཏོང་བར་བརྟེན་ཞོ་སྟོན་ཞེས་ཐ་སྙད་ཆགས་ཡོད་པ་རེད། ༸གོང་ས་ལྔ་པ་ཆེན་པོ་ངག་དབང་བློ་བཟང་རྒྱ་མཚོ་མཆོག་གི་༸སྐུའི་དུས་སུ་ཞོ་སྟོན་གནང་སྲོལ་ལ་རྒྱ་བསྐྱེད་ཀྱང་ཕྱིན་ཡོད་པ་རེད། འོན་ཀྱང་བོད་ལ་དུས་འགྱུར་བྱུང་རྗེས་བཙན་བྱོལ་ནང་གི་ཞོ་སྟོན་སྲུང་བརྩི་ཞུ་དུས་ལའང་འགྱུར་བ་ཕྱིན་པ་དང་། དེ་ཡང་གཙོ་བོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ལམ་སྟོན་བཀའ་དགོངས་བཞིན་ཕྱི་ལོ་ ༡༩༩༣ ལོ་ནས་བཟུང་བྱེས་སུ་བོད་ཀྱི་ཟློས་གར་ཚོགས་པས་རྐང་བཞེས་ཐོག་ལོ་ལྟར་ཕྱི་ཟླ་བཞི་པའི་ནང་བཞུགས་སྒར་དབུས་པའི་བཙན་བྱོལ་བོད་མིའི་གཞིས་སྒར་ཁག་ཏུ་རེ་མོས་ཀྱིས་བོད་ཀྱི་ཞོ་སྟོན་རྒྱས་པ་ཞེས་སྲུང་བརྩི་ཞུ་གནང་གི་ཡོད་པ་རེད།

སུད་སི་དོན་ཁང་གིས་རྒྱལ་ཚོགས་ལ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་སྐོར་གྱི་སྙན་ཐོ་ཞིག་ཕུལ་འདུག

ལོ་འདིའི་ཕྱི་ཟླ་ ༡༡ ཚེས་ ༥ ནས་ ༡༦ བར་སུད་སི་ཇི་ནི་ཝའི་གྲོང་ཁྱེར་དུ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་གི་དུས་བཀག་བསྐྱར་ཞིབ་ཐེངས་ ༣༡ སྟེང་རྒྱ་ནག་གཙོས་པའི་རྒྱལ་ཁབ་ ༡༣ གྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབས་ཐོག་བསྐྱར་ཞིབ་གནང་གི་ཡོད་སྟབས། སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ནས་ UNPO ཞེས་རྒྱལ་ཚོགས་སུ་སྐུ་ཚབ་མེད་པའི་རྒྱལ་ཁབ་དང་མི་མང་གི་ཚོགས་པ་དེ་བཞིན་སུད་སི་བོད་རིགས་ཚོགས་པ་སོགས་གཞུང་འབྲེལ་མ་ཡིན་པའི་ཚོ་ཁག་དྲུག་དང་ཟུང་འབྲེལ་ཐོག་བོད་ནང་གི་ཆེས་ཛ་དྲག་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་དང་འབྲེལ་བའི་སྙན་ཐོ་ཞིག་འདོན་སྤེལ་གནང་འདུག དེའང་ཟླ་བ་སྔོན་མའི་ཚེས་ ༢༨ ཉིན་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་ལ་ཕུལ་བའི་སྙན་ཐོའི་ནང་རྒྱ་ནག་གཞུང་གིས་དེ་སྔ་ཕྱི་ལོ་ ༢༠༡༣ ལོའི་དུས་བཀག་བསྐྱར་ཞིབ་སྐབས་རྒྱལ་ཚོགས་ལ་ཁས་ལེན་ཞུས་པའི་གནད་དོན་ཁག་ཅིག་ད་ལྟའང་ལག་བསྟར་ཞུས་མེད་པའི་ཁར། འཛུགས་སྐྲུན་གྱི་མིང་བྱང་འོག་བོད་ནང་གི་བོད་མི་ཚོའི་དཔལ་འབྱོར་དང་སྤྱི་ཚོགས། རིག་གཞུང་བཅས་ཀྱི་ཐོབ་ཐང་ཁག་ལ་བརྩི་མེད་རྡོག་རོལ་གཏོང་བཞིན་པ་མ་ཟད། བོད་མི་ཞིང་འབྲོག་མང་ཚོགས་ལ་བཙན་དབང་གིས་གཞིས་སྤོ་དང་བོད་ཀྱི་རང་བྱུང་ཁོར་ཡུག་ལ་གནོད་འཚེ་ཅན་གྱི་བྱ་སྤྱོད་སྤེལ་བ། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་དང་སྤྱི་ཚོགས་ཀྱི་རང་དབང་རྩོད་མཁན་ཚོར་དམ་དྲག་ཤུགས་ཆེ་བྱེད་བཞིན་པའི་གནད་དོན་ཁག་ཅིག་མངོན་གསལ་གནང་འདུག བོད་ཀྱི་དོན་གཅོད་ཁང་ནས་ད་དུང་ད་རེས་ཀྱི་སྙན་ཐོ་དེའི་བརྒྱུད་རྒྱ་ནག་གཞུང་གི་ངོས་ནས་བོད་ཀྱི་ལེགས་བྱང་སྲུང་སྐྱོབ་ཀྱི་རང་དབང་དང་དཔལ་འབྱོར། སྤྱི་ཚོགས་བདེ་འཇགས་ཀྱི་རང་དབང་བཅས་གཅེས་འཛིན་བྱེད་དགོས་པ་དང་། དེ་མིན་བོད་ཀྱི་འབྲོག་པ་གཞིས་སྤོའི་ལས་གཞི་དང་མང་ཚོགས་ལ་དམ་དྲག་གི་སྲིད་བྱུས་དེ་དག་ཡོངས་རྫོགས་འཕྲལ་མར་མཚམས་འཇོག་དགོས་པ་མ་ཟད། རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་སྐྱོན་བཏང་བའི་ཉེས་མིང་འོག་འཛིན་བཟུང་བཀག་ཉར་བྱས་པ་རྣམས་ལ་སླར་ཡང་ཁྲིམས་དང་མཐུན་པའི་སྒོ་ནས་དྲང་བདེན་གྱི་ཁྲིམས་གཏུགས་གནང་དགོས་པ་སོགས་ཀྱི་འབོད་སྐུལ་ཞུས་འདུག དེ་བཞིན་བོད་ནང་རྒྱ་ནག་གི་ཧན་མི་རིགས་ཕོན་ཆེ་སྤོ་ཤུགས་བྱེད་རྐྱེན་བོད་ཀྱི་སྐད་ཡིག་ཉམས་རྒུད་འགྲོ་བཞིན་ཡོད་པ་དང་བོད་མིའི་ལས་སྣེའི་གོ་སྐབས་ཀྱང་རྒྱ་རིགས་དེ་དག་ལ་ཤོར་རྒྱུའི་གནས་སྟངས་ཞན་པོ་ཆགས་ཡོད་པ་མ་ཟད། གོ་ལའི་ཁོར་ཡུག་སྲུང་སྐྱོབ་ཐད་ལ་རྒྱལ་སྤྱིའི་ཁྱོན་ནས་ཕྱི་སྣོད་བཅུད་ཀྱི་འཇིག་རྟེན་གྱི་ཆགས་ཚུལ་ལ་དགོངས་ནས་དུག་རླངས་ CO2 མེད་པ་བཟོ་ཐབས་ལ་གཙིགས་ཆེན་པོས་འབད་པ་ལྟར་འགྲོ་བ་མིའི་ཐོབ་ཐང་དེའང་ཆེས་གལ་འགངས་ཆེན་པོ་ཡིན་སྐོར་གསུངས་འདུག ཆོས་དད་རང་དབང་དང་འབྲེལ་བའི་ཐོག་ནས་བོད་ནང་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་དྲག་པོའི་སྲིད་བྱུས་ལ་མ་བཟོད་པར་གྲྭ་བཙུན་གཙོས་བོད་མི་ཁྱོན་ ༡༥༢ ནས་རང་མེར་བསྲེགས་གནང་ཡོད་པ་དང། བོད་ནང་གི་ཆོས་དད་རང་དབང་དང་སྨྲ་བརྗོད་རང་དབང་འཐབ་རྩོད་པ། སྤྱི་ཚོགས་སྣེ་ཁྲིད་པ། དེ་བཞིན་གསར་འགོད་པ་བཅས་ལ་བཙན་ཤེད་ཀྱིས་བཙོན་འཇུག་དང་ཁ་ཤས་བཟང་བཙོན་འོག་བཀག་སྐྱིལ་བྱས་ཡོད་པ་སོགས་ཀྱི་གནད་དོན་ཁག་ཅིག་ཀྱང་གསལ་བཏོན་གནང་ཡོད་པ་རེད། གཞི་རྩའི་ཨ་རི་ནང་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པ་གཉིས་ཟུང་འབྲེལ་ཐོག་ད་ལྟའི་བོད་ནང་གི་ཛ་དྲག་པའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་སྙན་ཐོ་ཞིག་འདོན་སྤེལ་གནང་བའི་བརྒྱུད་དེ་སྔ་ཕྱི་ལོ་ ༢༠༡༣ ལོར་རྒྱལ་ཚོགས་ནང་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་དུས་དཀག་བསྐྱར་ཞིབ་ཐེངས་གཉིས་ཚོགས་རྗེས་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་ཡར་རྒྱས་འགྲོ་རྒྱུ་ལས་ལྡོག་ཏེ་ཆེས་ཞན་པོ་ཆགས་ཡོད་པ་མངོན་གསལ་གནང་ཡོད། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་དུས་བཀག་བསྐྱར་ཞིབ་ཀྱི་ཚོགས་འདུ་ཆེས་ཐོག་མ་དེ་ཕྱི་ལོ་ ༢༠༠༩ ལོར་ཚོགས་ཡོད་པ་དང་ཐེངས་གཉིས་པ་དེ་ཕྱི་ལོ་ ༢༠༡༣ ལོར་ཚོགས་ཡོད་པ་རེད།

Latest news