Tibetan Royal Year of 2151 | Year of the Wood Dragon

གསར་འགྱུར།

༸གོང་ས་མཆོག་ཡུ་རོབ་རྒྱལ་ཁབ་བཞིའི་ནང་མཛད་འཕྲིན་བསྐྱང་ཕྱིར་བཞུགས་སྒར་ནས་ཆིབས་བསྒྱུར་བསྐྱངས་སོང་།

དེ་རིང་ཟླ་ ༩ ཚེས་ ༨ ཉིན་དགུང་ཚོུད་ ༡༢།༠༠ ཙམ་ལ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དྷ་ས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་ཨིན་ཡུལ་དང་ཇར་མ་ནི། ཨི་ཊ་ལི། ལ་ཊི་ལྦི་ཡ་བཅས་ཡུ་རོབ་རྒྱལ་ཁབ་བཞིའི་ནང་མཛད་འཕྲིན་ཁག་ཅིག་བསྐྱང་ཕྱིར་ཆིབས་སྒྱུར་མཛད་སོང་། མཛད་འཆར་ལྟར་ན། སང་ཟླ་ ༩ ཚེས་ ༩ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱལ་ས་ལྡི་ལི་གནམ་ཐང་ནས་ཨིན་ཡུལ་དུ་ཆིབས་སྒྱུར་བསྐྱང་རྒྱུ་དང་། ཚེས་ ༡༠ ཉིན་འཁྲུག་རྩོད་ནང་ཚུད་པའི་བྱིས་པ། Children in Crossfire ཞེས་པའི་ཚོགས་པས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་བྱང་ཕྱོགས་ཨ་ཡིར་ལེན་ཌིའི་རྒྱལ་ས་ལོན་ཌོན་ཌེ་རེ་ Londonderry ཞེས་པར་བྱམས་བརྩེའི་ཉམས་ལེན་ Compassion in Action ཞེས་པའི་བརྗོད་གཞིའི་ཐོག་མང་ཚོགས་ལ་བཀའ་སློབ་བསྩལ་རྒྱུ། ཚེས་ ༡༣ ཉིན་འཇར་མན་ཧྥ་རན་ཁུ་ཧྥོར་ཊི་བོད་ཁང་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་ Jahrhunderthalle ཚོམས་ཆེན་དུ་ཐུན་མོང་གིས་སྤྱོད་པའི་གོ་ལའི་སྤྱོད་བཟང་ Global Ethics - Shared Values གི་བརྗོད་གཞིའི་ཐོག་མི་མང་ལ་བཀའ་སློབ་ལམ་སྟོན་བསྩལ་རྒྱུ། ཚེས་ ༡༤ ཉིན་འཇར་མན་ཧྥ་རན་ཁུ་ཧྥོར་ཊི་ཇའ་རན་རྡི་ཧལ་ཚོམས་ཆེན་དུ་ཉིན་གཅིག་རིང་ནུབ་ཕྱོགས་ཀྱི་ཚན་རིག་དང་ནང་པའི་ལྟ་ཚུལ་ Western Science and Buddhist Perspectives ཞེས་པའི་ལྷན་ཚོགས་ཐོག་དབུ་བཞུགས་མཛད་ཀྱི་འདུག འཇར་མ་ནི་ནང་གི་མཛད་འཆར་ལེགས་གྲུབ་རྗེས་༸གོང་ས་མཆོག་ཨི་ཊ་ལི་ནང་དུ་ཆིབས་བསྒྱུར་གྱིས་ཚེས་ ༡༦ ནས་ ༡༨ བར་ཉིན་གསུམ་གྱི་རིང་ལ་ Sicily མངའ་ཁུལ་གྱི་ Taormina དང་། Missina དེ་བཞིན་ Palermo གྲོང་ཁྱེར་ནང་ཞི་བདེ་དང་བྱམས་བརྩེ། རྟེན་འབྲེལ་ལྟ་གྲུབ་དེ་བཞིན་ཤེས་ཡོན་བཅས་ཀྱི་བརྗོད་གཞིའི་ཐོག་བཀའ་སློབ་བསྩལ་གནང་མཛད་རྒྱུ་དང་། དེ་བཞིན་ཚེས་ ༢༠ ནས་ ༢༡ ཉིན་གཉིས་རིང་ཨི་ཊ་ལིའི་ཁྲོ་སི་ཀ་ནི་མངའ་སྡེའི་ཕེ་སཱ་གྲོང་ཁྱེར་དུ་ཕེ་སཱ་གཙུག་ལག་སློབ་གཉེར་ཁང་དང་བླ་མ་ཙོང་ཁ་པ་ཆོས་ཚོགས་གཉིས་ཀྱིས་གསོལ་འདེབས་གོ་སྒྲིག་ཞུས་དོན་ལྟར་ཕེ་སཱ་ཚོགས་ཁང་དུ་ Pisa Congress Hall ནང་པའི་ཚན་རིག་དང་དེང་རབས་ཚན་རིག་ལས་ནང་པའི་ལྟ་གྲུབ་དང་ཚན་རིག དབང་རྩའི་ཚན་རིག ཚད་རྡུལ་དངོས་ཁམས་རིག་པ། ནུབ་ཕྱོགས་ལྟ་གྲུབ་བཅས་ཀྱི་ཚོགས་འདུར་དབུ་བཞུགས་མཛད་རྒྱུ་རེད་འདུག ཚེས་ ༢༣ ནས་ ༢༤ ཉིན་གཉིས་རིང་ལ་ཏི་ཝི་ཡའི་རི་གྷ་གྲོང་ཁྱེར་དུ་སི་ཁོན་ཊོ་ཚོགས་ཁང་ Skonto Hall དུ་ཀ་མ་ལ་ཤི་ལིས་མཛད་པའི་སྒོམ་རིམ་བར་བ་དང་། རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་ལམ་རིམ་བསྡུས་དོན་གྱི་བཀའ་ཆོས་མཛད་རྒྱུ་དང་། ཚེས་ ༢༥ ཉིན་ལ་ཏི་ཝི་ཡའི་རི་གྷ་གྲོང་ཁྱེར་དུ་སི་ཁོན་ཊོ་ཚོགས་ཁང་ Skonto Hall དུ་ས་མཚམས་མེད་པའི་མཐུན་སྒྲིལ་ Harmony Without Boundaries གྱི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་རྗེས་ཕྱི་ཚེས་ ༢༧ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཆིབས་ཞལ་བསྒྱུར་གནང་མཛད་ཀྱི་ཡོད་པ་རེད། རྩ་བའི་༸གོང་ས་མཆོག་འཛམ་གླིང་ཡུལ་གྲུ་གང་དུ་ཆིབས་བསྒྱུར་མཛད་པ་དེར་རྒྱ་གཞུང་གིས་འགོག་རྐྱེན་བཟོས་པ་དང་། རྒྱལ་ཁབ་ཀྱི་འགོ་ཁྲིད་དང་གཞུང་འབྲེལ་མི་སྣ་རྣམས་ནས་མགོན་པོ་༸གང་ཉིད་མཆོག་དང་མཇལ་འཕྲད་གནང་པར་སྐྱོན་བརྗོད་ཤུགས་ཆེ་བྱེད་བཞིན་པའི་ཁར། འགོ་ཁྲིད་ཁག་གི་འཚམས་གཟིགས་ལས་དོན་ཕྱིར་འཐེན་བྱས་པ་དང་ཚོང་འབྲེལ་ཐོག་འགོག་རྐྱེན་བཟོས་མུས་ཡིན་པ་ལྟར། སྔ་ལོ་ཡང་ཕྱི་ཟླ་ ༡༠ པའི་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཊི་ཝི་ཡ་དང་སུད་སི། ས་ལོ་ཝཀ་ཡ། ཅེཀ་སྤྱི་མཐུན་རྒྱལ་ཁབ། ཨི་ཊ་ལི་བཅས་ཀྱི་ནང་དུ་ཆིབས་སྒྱུར་གནང་པའི་ཁྲོད། སྐབས་དེར་ Slovakia སྲིད་འཛིན་མཆོག་ནས་༸གོང་ས་མཆོག་དང་མཇལ་འཕྲད་ཞུས་པར་སྐྱོན་བརྗོད་བྱེད་རྐྱེན་རྒྱ་གཞུང་གིས་ Slovakia སྲིད་བློན་དང་མཇལ་འཕྲད་ལས་རིམ་ཕྱིར་འཐེན་བྱས་པ་མ་ཟད། སྐབས་དེར་ཨི་ཊ་ལིའི་གྲོང་ཁྱེར་མི་ལན་ནང་མགོན་པོ་མཆོག་ལ་མི་ལན་གྲོང་ཁྱེར་གྱིས་ཆེ་བསྟོད་ཚུལ་དུ་ཆེས་མཐོའི་མི་སེར་གྱི་ཕྱག་འཁྱེར་ཕུལ་བར་རྒྱ་གཞུང་གིས་སྐྱོན་བརྗོད་ཤུགས་ཆེ་དང་འབྲེལ་རྒྱ་རིགས་ཚོང་པ་ཚོས་རྒྱལ་སྤྱིའི་ཐོག་སྙན་གྲགས་ཆེ་བའི་ཨི་ཊ་ལིའི་རྐང་སྤོལ་རུ་ཁག་ AC Milan ཞེས་པ་དེ་ཉོ་བར་དཀའ་རྙོག་བཟོ་བའི་གནས་ཚུལ་བྱུང་ཡོད་པ་རེད། དེ་བཞིན་འདི་ལོ་ནང་༸གོང་ས་མཆོག་བྷོ་རྩ་ཝ་ནར་ཆིབས་བསྒྱུར་མཛད་རྒྱུའི་གནད་དོན་ཐད་རྒྱ་གཞུང་གིས་རྒྱལ་ཁབ་དེར་མཇུག་འབྲས་ངན་པ་ཡོང་ངེས་ཡིན་པར་ཉེན་བརྡ་ཡང་བཏང་བ་སོགས་ཀྱི་གནས་ཚུལ་རིགས་བྱུང་ཡོད། ༸གོང་ས་མཆོག་གྲོང་ཁྱེར་ Gaborone ནང་སེམས་དང་སྲོག་གི་བགྲོ་གླེང་ལྷན་ཚོགས་ཐོག་དབུ་བཞུགས་མཛད་གཏན་འཁེལ་ཡོད་ཀྱང་མཐར་༸གང་ཉིད་མཆོག་༸སྐུའི་འཕྲོད་བཞེས་རྐྱེན་པས་ཆིབས་བསྒྱུར་མཛད་ཐུབ་མེད་པ་རེད།

བོད་དང་ཐེ་ཝན་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཚོགས་པའི་རྒྱུན་ལས་ཁག་ཅིག་བཞུགས་སྒར་དུ་འཚམས་གཟིགས་ཕེབས་པ།

ཐེ་ཝན་ནང་རྟེན་གཞི་བྱས་པའི་བོད་དང་ཐེ་ཝན་གྱི་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཚོགས་ཁང་གི་ཚོགས་གཙོ་བཀྲིས་ཚེ་རིང་ལགས་ཀྱིས་སྣེ་ཁྲིད་པའི་ཚོགས་མི་ ༡༡ བཞུགས་སྒར་དྷ་སར་ཆེད་ཕེབས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དམིགས་བསལ་མཇལ་ཁ་ཞུས་འདུག དེ་ཡང་བོད་དང་ཐེ་ཝན་གྱི་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་གི་ཚོགས་གཙོ་བཀྲིས་ཚེ་རིང་ལགས་དང་ཚོགས་པའི་རྒྱུན་ལས་ Hsin- Yi Lin ལགས། ཐེ་ཝན་གྲོས་ཚོགས་ཀྱི་འཐུས་མི་ Yu Mei Nu མཆོག་གི་སྒེར་དྲུང་ Liu Ying Chun ལགས་གཙོས་ཚོགས་མི་གཞན་ ༡༡ པོ་དེ་དག་ཟླ་བ་འདིའི་ཚེས་ ༤ ཉིན་བཞུགས་སྒར་དུ་ཕེབས་འབྱོར་གྱིས་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་ཏུ་འཚམས་གཟིགས་གནང་བཞིན་ཡོད་པ་ལྟར། ཁ་ཉིན་ཚོགས་པ་དེའི་ངོས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དམིགས་བསལ་མཇལ་ཁ་ཞུས་ཏེ་ཐེ་ཝན་སྲིད་འཛིན་མཆོག་ནས་མགོན་པོ་༸གང་ཉིད་མཆོག་གི་མཚན་ཐོག་ཏུ་ཕུལ་བའི་ཕྱག་བྲིས་ཤིག་༸གང་ཉིད་མཆོག་ལ་ཕུལ་འདུག ༸གོང་ས་མཆོག་གི་མཇལ་ཁ་ཞུ་སྐབས་སུ་ཚོགས་པ་དེ་ད་ཆ་ཐེ་ཝན་གཞུང་ལ་དེབ་སྐྱེལ་ཞུ་ཐུབ་ཡོད་པ་དང་འདས་པའི་ལོ་གཅིག་ནང་གི་ལས་དོན་ཇི་གནང་སྐོར་སྙན་གསེང་ཞུས་པར་མགོན་པོ་༸གང་ཉིད་མཆོག་ནས་དེར་བསྔགས་བརྗོད་གནང་པ་དང་འབྲེལ། ཚོགས་པ་དེའི་ངོས་ནས་རྒྱ་མི་རིགས་ཙམ་མ་ཟད་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་དུ་འབྲེལ་བ་དམ་ཟབ་གནང་སྟེ་བོད་དང་ཐེ་ཝན་གཉིས་ཀྱི་འགྲོ་བ་མིའི་ཐོབ་ཐང་གནད་དོན་ཐད་ཕྱག་ལས་གནང་དགོས་གལ་ཡིན་པའི་ལམ་སྟོན་བཀའ་སློབ་བསྩལ་འདུག བོད་དང་ཐེ་ཝན་གྱི་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་གི་ཚོགས་མི་རྣམ་པ་ཟླ་བ་འདིའི་ཚེས་ ༤ ཉིནབཞུགས་སྒར་དུ་འབྱོར་སྐབས་བོད་མི་མང་སྤྱི་འཐུས་སྤྱི་འཐུས་ཚོགས་གཙོ་ཨཱཙཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་གཙོས་སྤྱི་འཐུས་རྒྱུན་ལས་རྣམ་པས་ཁོང་རྣམས་ད་རེས་རྡ་སར་ཕེབས་པར་འཚམས་འདྲི་ཞུས་པ་དང་སྦྲགས། མེག་གྷན་བོད་ཀྱི་གསོལ་མགྲོན་ཁང་དུ་གསོལ་ཚིགས་འདེགས་འབུལ་ཞུས་འདུག ལྷག་དོན་ཁ་སང་ཚེས་ ༧ ཉིན་ཁོང་རྣམས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་འཚམས་གཟིགས་ལ་ཕེབས་སྐབས་ཚོགས་གཞོན་མཆོག་གིས་སྐུ་མགྲོན་རྣམ་པར་བོད་ཀྱི་འདས་མ་འོངས་ད་ལྟ་གསུམ་གྱི་ལོ་རྒྱུས་སྙིང་བསྡུས་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ། དེ་བཞིན་གྲོས་ཚོགས་ཚོགས་དུས་གཉིས་ཀྱི་སྐོར་སོགས་ངོ་སྤྲོད་གནང་རྗེས་བོད་དང་ཐེ་ཝན་གྱི་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་གི་ཚོགས་མི་རྣམ་པའི་དྲི་བར་ལན་འདེབས་གསལ་བཤད་སོགས་གནང་ཡོད་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ཚོགས་པ་དེའི་ཚོགས་མི་རྣམས་བཞུགས་སྒར་དུ་ཚེས་ ༩ བར་འཚམས་གཟིགས་གནང་གི་འདུག་པ་དང་། ཁོང་རྣམས་ནས་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་གིས་གཙོས་སྤྱི་འཐུས་རྒྱུན་ལས་ཁག་ཅིག་དང་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན། དེ་བཞིན་ཕྱི་འབྲེལ་དང་དྲིལ་བསྒྲགས་དྲུང་ཆེ། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་བཅས་དང་ཐུག་འཕྲད་གནང་སྟེ་རང་ཉིད་ཀྱི་ཚོགས་པའི་ངོ་སྤྲོད་དང་ཐེ་ཝན་ནང་བོད་ཀྱི་གནད་དོན་ཐོག་སྔར་ལྷག་དོ་སྣང་ཤུགས་ཆེ་རུ་འགྲོ་བཞིན་སྐོར་ཐོག་གླེང་མོལ་གནང་རྒྱུ་རེད་འདུག ཁ་སང་ཉིན་རྒྱབ་ཁོང་རྣམས་ནས་གངས་སྐྱིད་གཉའ་ཁྲི་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ཚོར་ཐེ་ཝན་ནང་མང་གཙོ་ཡར་རྒྱས་དང་གཞོན་སྐྱེས་ཁྲོད་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཐོག་ཕྱག་ལས་གནང་ཕྱོགས་བཅས་ཀྱི་བརྗོད་གཞིའི་ཐད་ལ་གཏམ་བཤད་གནང་ཡོད་པ་རེད། རྩ་བའི་སྔ་ལོ་ཕྱི་ལོ་ ༢༠༡༦ ལོར་བོད་དང་ཐེ་ཝན་གྱི་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་གསར་འཛུགས་ལེགས་གྲུབ་དང་བསྟུན་ཚོགས་པ་དེའི་ཚོགས་མི་ཡིན་པ་ཐེ་ཝན་གྲོས་ཚོགས་འཐུས་མི་སྐུ་ཞབས་ Freddy Lim ལགས་དང་ལྕམ་ Kulas Yotaka ལགས་རྣམ་གཉིས་གཙོས་ཚོགས་མི་གཞན་ཁག་ཅིག་བཞུགས་སྒར་དུ་ཉིན་གྲངས་ལྔའི་རིང་ཆེད་ཕེབས་ཀྱིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཞུས་པ་དང་ཆབས་ཅིག བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་རྣམ་གཉིས་དབུས་པའི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་ལས་ཀྱི་སྣེ་མོ་བ་དང་། དེ་བཞིན་ས་གནས་གཞུང་གི་མཛད་གཙོ་རྣམ་པ་ཁག་ཅིག་དང་མཇལ་འཕྲད་གནང་ཡོད་པ་མ་ཟད། བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་གསར་འགོད་ལྷན་ཚོགས་ཤིག་བསྐོང་ཚོགས་གནང་པའི་བརྒྱུད་ཐེ་ཝན་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་གནང་རྒྱུ་ཡིན་པ་ཡོངས་བསྒྲགས་གནང་ཡོད་པ་རེད། ལྷག་དོན་སྐབས་དེར་ཁོང་རྣམ་པས་གཞུང་འབྲེལ་ཐོག་ནས་༸གོང་ས་མཆོག་ཐེ་ཝན་དང་ཐེ་ཝན་གྱི་གྲོས་ཚོགས་སུ་ཆིབས་བསྒྱུར་བསྐྱང་གནང་ཡོང་བའི་གསོལ་འདེབས་ཞུས་ཡོད་པ་མ་ཟད། ཐེ་ཝན་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ su Jai quan མཆོག་གིས་ཀྱང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཁུལ་དེར་ནམ་ཕེབས་ཀྱང་དགའ་བསུ་ཡོད་ཅེས་གསུངས་ཡོད།

ལ་དྭགས་ཡུལ་མི་སློབ་གྲྭས་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་ལས་གཞི་དབུ་འཛུགས་གནང་འདུག

ལ་དྭགས་ཡུལ་མི་སློབ་གྲྭའམ་ Ladakh Public School ནས་༸གོང་ས་མཆོག་གི་དགོངས་གཞི་གཙོ་གྲས་ལས་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་ཀློག་དེབ་རྣམས་སློབ་གྲྭའི་སློབ་མར་དམིགས་བསལ་ཟུར་བཀོད་ཀློག་དེབ་ཁོངས་སུ་བཞག་འདུག རྒྱ་གར་ཕྱོགས་ཇཱམུ་ཀཤྨིར་མངའ་ཁུལ་ལ་དྭགས་ཀྱི་རྒྱལ་ས་སླེར་རྟེན་གཞི་བྱས་པའི་ལ་དྭགས་ཡུལ་མིའི་སློབ་ Ladakh Public School འདི་ཟླ་བ་འདིའི་ཚེས་ ༡ ནས་སློབ་གྲྭའི་སློབ་མའི་ཁྲོད་དུ་༸གོང་ས་མཆོག་གི་དགོངས་གཞི་ཆེ་ཁག་ལས་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སྐོར་གྱི་ལས་གཞི་དབུ་འཛུགས་གནང་འདུག ལས་གཞི་དབུ་འབྱེད་ཀྱི་མཛད་སྒོར་ལས་གཞི་དེའི་ཁོངས་སུ་གཏོགས་པའི་འཛིན་རིམ་དྲུག་པ་ནས་བཅུ་པ་བར་གྱི་སློབ་མ་ཚོར་༸གོང་ས་མཆོག་གི་དགོངས་གཞི་གཙོ་བོ་ཆོས་ལུགས་མ་བརྟེན་པའི་བཟང་སྤྱོད་ཀྱི་དགེ་མཚན་སོགས་ངོ་སྤྲོད་གནང་པ་དང་འབྲེལ། ད་བར་མགོན་པོ་༸གང་ཉིད་མཆོག་གིས་མཛད་པའི་ཆོས་ལུགས་མ་བརྟེན་བཟང་སྤྱོད་སྐོར་གྱི་ཕྱག་དེབ་མང་དག་ཞིག་ཡོད་པ་ལས་ཐོག་མར་ Beyond Religion འམ་ཆོས་ལུགས་ཀྱི་མཚམས་ལས་འདས་པ་ཞེས་པའི་ཕྱག་དེབ་དེ་ཉིད་སློབ་མའི་རྒྱུན་ལྡན་ཟུར་ཀློག་གནང་ཁོངས་སུ་བཞག་འདུག འདི་ག་རླུང་འཕྲིན་ཁང་ནས་ལས་གཞི་དེ་དང་འབྲེལ་ཡོད་ལ་དྭགས་ཡུལ་མི་སློབ་གྲྭའི་རིགས་ལམ་རྒན་བློ་བཟང་ཕུན་ཚོགས་ལགས་སུ་བཅར་འདྲི་ཞུས་པར་ཁོང་གིས་འདི་ལོ་༸གོང་ས་མཆོག་ལ་དྭགས་ཡུལ་མི་སློབ་གྲྭར་ཆིབས་བསྒྱུར་མཛད་སྐབས་དུས་རབས་ ༢༡ པའི་མི་རབས་རྣམས་ཡ་རབས་བཟང་སྤྱོད་དང་འགྲོ་བ་མིའི་གཞི་རྩའི་རིན་ཐང་གོང་འཕེལ་གཏོང་ཐབས་ཀྱི་སློབ་སྦྱོང་སྤྲོད་དགོས་པར་བཀའ་སློབ་ཕེབས་དོན་ལྟར། ༸གང་ཉིད་མཆོག་གི་དགོངས་དོན་བཞིན་ལས་གཞི་དེ་དབུ་འཛུགས་གནང་པ་ཞིག་ཡིན་སྐོར་གསུངས་སོང། གཞི་རྩའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེང་སྐབས་ཕྱི་དངོས་པོ་དང་ཚན་རིག་གཉིས་པོ་ཧ་ཅང་ཡར་རྒྱས་འགྲོ་བཞིན་པའི་དུས་རབས་དང་བསྟུན་འགྲོ་བ་མིའི་རྒྱུད་ལ་བདེ་སྐྱིད་དང་ཞི་བདེ་ལྷིང་འཇགས་ཡོང་ཐབས་ལ་ཆེད་དམིགས་ཀྱིས་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་དགོངས་གཞི་གསར་གཏོད་མཛད་ཡོད་པ་ལྟར། ཨ་རིའི་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གིས་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་བསླབ་གཞི་གཏན་འབེབས་གནང་ཡོད་པ་དང། སློབ་དེབ་དེ་དེ་རིང་མིན་༸གོང་ས་མཆོག་ནས་དབུ་འབྱེད་བཀྲིན་བསྐྱང་འཆར་ཡོད་པ་རེད།  རྒྱ་གར་ནང་ད་ལྟའི་ཆར་ Tata Institution of Social Science ཞེས་པའི་གཙུག་ལག་སློབ་གཉེར་ཁང་ནས་ཨེ་མོ་རིའི་སྒྲོམ་གཞི་གཞིར་བཟུང་རྒྱ་གར་གྱི་མཐོ་རིམ་སློབ་གཉེར་ཁང་གང་མང་ཞིག་ཏུ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་བསླབ་གཞི་དེ་ཕྱག་བསྟར་ཡོང་བར་ཐུགས་འགན་བཞེས་མུས་ཡིན་པ་མ་ཟད། འདི་ལོའི་ཕྱི་ཟླ་ ༨ ནང་མུམ་བའེ་ནང་རྟེན་གཞི་བྱས་པའི་གཙུག་ལག་སློབ་གཉེར་ཁང་དེའི་སློབ་མ་ཚོར་ཆེད་དམིགས་ཀྱིས་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་སློབ་གཞི་གཏན་འབེབས་ཐོག་སློབ་ཁྲིད་བྱེད་སྒོ་བཙུགས་ཡོད་པ་རེད། གཞན་ཡང་རྒྱ་གར་གྱི་ Meerut གྲོང་ཁྱེར་དུ་རྟེན་གཞི་བྱས་པའི་ཤེས་ཡོན་གྱི་ཚོགས་སྡེ་ཞིག་གིས་རྐང་གོ་སྒྲིག་གནང་ཐོག་རྒྱ་གར་གྱི་སློབ་གྲྭ་འདྲ་མིན་ཁག་ ༡༤ ནང་བསླབ་གཞི་གཏན་འབེབས་ཀྱི་ལས་འཆར་གནང་མུས་ཡིན་པ་རེད།

༸གོང་ས་མཆོག་གིས་རྒྱ་གཞུང་ནས་གནས་ཚུལ་བཀག་སྡོམ་བྱེད་བཞིན་པ་དེ་ནི་གནོད་ཚབས་ཅན་ཞིག་ཡིན་པ་བཀའ་བསྩལ་བ།

དེ་རིང་ཟླ་ ༩ ཚེས་ ༦ ཉིན་སྔ་ཐོག་ཚོུད་ ༡༠:༣༠ ཙམ་ལ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་གིས་བཞུགས་སྒར་རྒྱལ་བའི་ཕོ་ཕྲང་དུ་ཨ་མི་རི་ཀའི་ཁེལ་ཕོ་ནིཡ་མངའ་སྡེའི་ནང་རྟེན་གཞི་བྱས་པའི་ San Diego གཙུག་ལག་སློབ་གཉེར་ཁང་དང་། རྒྱ་གར་མུམ་བའེ་གྲོང་ཁྱེར་གཉིས་ནས་ཆེད་བཅར་ཞུས་པའི་སློབ་མ་དང་དགེ་ལས་ཁག་ཅིག་ལ་དམིགས་བསལ་མཇལ་ཁ་དང་བཀའ་སློབ་སྩལ་སྐབས་སུ་རྒྱ་ནག་གཞུང་ནས་མང་ཚོགས་ཀྱི་གཞི་རྩའི་རང་དབང་ལ་བརྩི་སྲུང་མ་བྱས་པའི་ཁར་གནས་ཚུལ་གང་ཡིན་བཀག་སྡོམ་བྱེད་བཞིན་པ་དེ་ནི་གནོད་ཚབས་ཅན་ཞིག་ཡིན་པ་བཀའ་བསྩལ་སོང་། དེ་ཡང་མགོན་པོ་༸གང་ཉིད་མཆོག་ནས་དགེ་ལས་སློབ་མ་རྣམས་ལ་བཀའ་སློབ་བསྩལ་གྲུབ་རྗེས་ San Diego གཙུག་ལག་སློབ་གཉེར་ཁང་དུ་འགྲོ་བ་མིའི་ཐོབ་ཐང་ཐོག་སློབ་གཉེར་གནང་བཞིན་པའི་བུ་མོ་ཞིག་གིས་ རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་གསལ་བསྒྲགས་ནང་དུ་འགྲོ་བ་མིའི་ཐོབ་ཐང་ནི་འགྲོ་མི་མི་རྣམས་ལ་རང་བཞིན་ལྷན་སྐྱེས་སུ་ཡོད་པའི་ཆེ་མཐོང་ཞིག་ཏུ་ངོས་འཛིན་གནང་ཡོད་པ་ལྟར། མགོན་པོ་༸གང་ཉིད་མཆོག་ནས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཞེས་པ་དེ་གང་འདྲ་ཞིག་ལ་ངོས་བཞེས་གནང་གི་ཡོད་དམ་ཞེས་བཀའ་འདྲི་ཞུས་པར་ ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འབུ་སྲིན་རིགས་གཙོས་པའི་འགྲོ་བ་སེམས་ཅན་ཐམས་ཐད་བདེ་སྐྱིད་ངང་འཚོ་སྡོད་བྱེད་རྒྱུའི་རང་དབང་གཅིག་མཚུངས་ཡོད་པ་དང་། ལྷག་པར་དུ་འགྲོ་བ་མི་རྣམས་ལ་སེམས་ཅན་གཞན་དང་མི་འདྲ་བའི་བསམ་བློ་གཏང་རྒྱུའི་ཀླད་པའི་ཆ་ཤས་ཤིག་ཡོད་ཀྱང་། འགྲོ་བ་མིའི་ཐོབ་ཐང་མེད་ན་མིའི་བསམ་བློའི་ཆ་ཤས་དེ་དག་རང་དབང་དང་རྣམ་དཔྱོད་ལྡན་པའི་ཐོག་ནས་བེད་སྤྱོད་ཡང་དག་པ་ཞིག་གཏང་ཐུབ་རྒྱུ་ཁག་པོ་ཡིན་སྟབས། འགྲོ་བ་མའི་ཐོབ་ཐང་ནི་ཆེས་ཤིན་ཏུ་གལ་ཆེ་ཡིན་པར་བཀའ་བསྩལ་སོང་། དེ་བཞིན་རྒྱ་ནག་གཞུང་ནས་མང་ཚོགས་ཀྱི་གནས་ཚུལ་ཐད་ལ་དམ་དྲག་བྱེད་བཞིན་ཡོད་སྐོར་བཀའ་སྩལ་དང་འབྲེལ། མགོན་པོ་༸གང་ཉིད་མཆོག་ནས་རྒྱ་རིགས་གྲོགས་ཕོ་མོ་ཚོ་དང་མཇལ་འཕྲད་ནམ་གནང་ཡང་རྒྱ་ནག་ནང་ཡོད་པའི་རྒྱ་རིགས་ཐེར་འབུམ་གཅིག་ལྷག་ཡོད་པ་ཚང་མ་ལ་རྒྱ་ནག་ནང་གི་དངོས་ཡོད་གནས་ཚུལ་ཇི་ཡིན་ཤེས་རྒྱུ་དང་། དེ་དག་ཤེས་པའི་ཐོག་བཟང་ངན་དབྱེ་འབྱེད་གནང་རྒྱུའི་ཐོབ་ཐང་དང་རང་དབང་དགོས་གལ་ཡིན་པ་ལམ་སྟོན་མཛད་ཀྱི་ཡོད་སྐོར་བཀའ་བསྩལ་བ་མ་ཟད། ད་ལྟའི་ཆར་རྒྱ་ནག་ནང་ལ་དབང་ཆ་གཅིག་བསྡུས་ཀྱི་ལམ་ལུགས་འོག་མང་ཚོགས་དང་འབྲེལ་བའི་གནས་ཚུལ་ཁག་ལ་བཀག་བསྡོམ་དང་དམ་དྲག་བྱེད་བཞིན་པ་དེ་ནི་བཟང་སྤྱོད་དང་མི་མཐུན་པ་མ་ཟད། གནོད་ཚབས་ཅན་ཞིག་ཀྱང་རེད་ཅེས་བཀའ་ནན་བསྩལ་ཡོད། གཞན་ཡང་རྒྱ་གར་གྲོང་ཁྱེར་ Mumbai ནས་ཡིན་པའི་རྒྱ་གར་གྱི་སློབ་ཕྲུག་ཁག་གཅིག་ཡོད་པར་བརྟེན་༸གོང་ས་མཆོག་གིས་བོད་མི་ཚོས་སློབ་གཉེར་གནང་བཞིན་པའི་དཔལ་ནཱལེནྡྲའི་རིག་གནས་དེ་དག་ཐོག་མར་རྒྱ་གར་ནས་དར་བ་ཞིག་ཡིན་པ་དང་། ལྷག་པར་དེ་རིང་སང་ཉིན་གྱི་འཛམས་གླིང་འདིར་འབྲེལ་བ་ཤིན་ཏུ་ཆེ་བའི་རིག་གནས་ཤིག་ཆགས་ཀྱི་ཡོད་ཀྱང་། དེའི་ཐད་ལ་དེང་གི་གཞོན་སྐྱེས་ཚོའི་ངོས་ནས་དོ་སྣང་དེ་ཙམ་གནང་གྱི་མེད་པ་ནི་དཀའ་ངལ་ཞིག་ཡིན་པ་བཀའ་བསྩལ་དང་ཆབས་ཅིག མགོན་པོ་༸གང་ཉིད་མཆོག་གིས་བར་སྐབས་ཤིག་ནས་རྒྱ་གར་གྱི་གནའ་བོའི་རིག་གནས་དེ་དག་སླར་གསོ་ཐུབ་ཐབས་མཛད་བཞིན་ཡོད་སྟབས། རྒྱ་གར་གྱི་གཞོན་སྐྱེས་ཚོའི་ངོས་ནས་ཀྱང་དེ་དག་ལ་དོ་སྣང་སྔར་ལྷག་གནང་དགོས་གལ་ཡིན་པའི་ལམ་སྟོན་བཀའ་སློབ་བཀྲིན་ཆེ་བ་བསྩལ་སོང་། དེ་བཞིན་༸གོང་ས་མཆོག་ནས་ཨ་རིའི་ San Diego གཙུག་ལག་སློབ་གཉེར་ཁང་ནས་ཕེབས་པའི་དགེ་ལས་སློབ་མ་རྣམས་ལ་འདི་ལོ་མགོན་པོ་༸གང་ཉིད་མཆོག་གཙུག་ལག་སློབ་གཉེར་ཁང་དེའི་བསླབ་པ་མཐར་སོན་གྱི་མཛད་སྒོར་སྐུ་དངོས་ཆིབས་བསྒྱུར་བསྐྱངས་ཐུབ་པར་ཐུགས་དགྱེས་ཚོར་ཆེན་པོ་བྱུང་ཞེས་དང་། ད་རེས་སློབ་གཉེར་ཁང་དེའི་དགེ་སློབ་ཁག་ཅིག་བཞུགས་སྒར་དུ་ཕེབས་པར་དགའ་བསུ་ཡོད་ཅེས་བཀའ་སྩལ་དང་སྦྲགས། མགོན་པོ་༸གང་ཉིད་མཆོག་གི་༸སྐུའི་ཐུགས་བསྐྱེད་དམ་བཅའ་ཆེན་པོ་གསུམ་པོའི་ཐོག་བཀའ་སློབ་སྩལ་ཏེ་འགྲོ་བ་མི་ལ་གཅིག་འགྱུར་གྱི་བསམ་བློ་གོང་མཐོར་གཏང་རྒྱུ་གལ་ཆེན་པོ་ཡིན་པ་དང་། དེ་དག་ཀྱང་གཙོ་བོ་ཆོས་ལུགས་ལ་མ་བརྟེན་པར་ཤེས་ཡོན་གྱི་བསྟི་གནས་ཁག་ཏུ་སློབ་ཁྲིད་ཐུབ་ཐབས་གནང་དགོས་གལ་ཡིན་པ་བཀའ་བསྩལ་སོང་། གཞི་རྩའི་དེ་རིང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་ San Diego གཙུག་ལག་སློབ་གཉེར་ཁང་དང་། རྒྱ་གར་མུམ་བའེ་གྲོང་ཁྱེར་གཉིས་ནས་ཕེབས་པའི་དགེ་སློབ་ཚོར་བཀའ་སློབ་བསྩལ་བ་དེ་དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གི་དྲ་རྒྱ་དང་༸རྒྱལ་བ་རིན་པོ་ཆེའི་ངོ་དེབ་ཐོག་ཐད་སྲིང་གནང་ཡོད་པ་དང་། སྐབས་དེར་མང་ཚོགས་ས་ཡ་གསུམ་མན་ཙམ་ནས་དྲ་ཐོག་བརྒྱུད་བཀའ་སློབ་གསན་གཟིགས་གནང་འདུག

རྒྱ་གུང་ཁྲན་དཔུང་དང་སྟོབས་ཡོད་ཀྱང་མང་གཙོའི་ཐོག་ནས་བོད་མི་ཚོ་ཡར་རྒྱས་ཆེ་བ་ཕྱིནཡོད།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་དུ་སྦིར་བོད་ཚོགས་ཀྱི་མི་མང་རྣམས་ལ་བཀའ་སློབ་བཀྲིན་སྩལ་བ་དང་འབྲེལ། ༸གང་ཉིད་མཆོག་གིས་རྒྱ་མི་གུང་ཁྲན་དཔུང་དང་དཔལ་འབྱོལ་གྱི་སྟོབས་ཞེ་དྲག་ཆེན་པོ་ཡོད་ཀྱང་། མང་གཙོའི་ཆ་ནས་བོད་མི་ཚོ་ཡར་རྒྱས་ཆེ་བ་ཕྱིན་ཡོད་ཅེས་བཀའ་བསྩལ་སོང་། ༸གོང་ས་མཆོག་གིས་སྐབས་དེར་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་ར་བའི་དབུ་གཡབ་ཏུ་སྦིར་བོད་ཚོགས་བོད་མི་རྣམས་ལ་བཀའ་སློབ་སྩལ་དོན། བོད་མི་ཚོ་རྒྱ་གར་དུ་བསླེབས་པ་ནས་བཟུར་ད་བར་ཆོས་ཕྱོགས་ཀྱི་ཐོག་ནས་རིས་སུ་མ་ཆད་པའི་ཆོལ་ལུགས་ཁག་ཡག་ཐག་ཆོད་གནས་ཡོད་པ་ལྟར། དེ་དག་མུ་མཐུད་རྒྱུན་གནས་ཐུབ་པར་ལྷོད་ཡང་མ་ཤོར་བ་བྱེད་དགོས་གལ་ཡིན་པ་བཀའ་སྩལ་དང་འབྲེལ། ཕྱི་ལོ་ ༢༠༡༡ ལོར་མགོན་པོ་༸གང་ཉིད་མཆོག་ནས་ཆབ་སྲིད་ཀྱི་༸སྐུ་དབང་ཡོངས་རྫོགས་མང་ཚོགས་ཀྱིས་འོས་འདེབས་བྱས་པའི་འགོ་ཁྲིད་ལ་གསོལ་བསྩལ་གནང་པ་ནས་བཟུང་སྟེ་ཆབ་སྲིད་ཀྱི་འགྲོ་སྟངས་དེ་མང་གཙོའི་ལམ་ལུགས་ཐོག་འགྲོ་གྱི་ཡོད་ཅེས་བཀའ་བསྩལ་སོང་བ་དང་། ལྷག་དོན་རྒྱ་མི་གུང་ཁྲན་དཔུང་དང་དཔལ་འབྱོལ་གྱི་སྟོབས་ཞེ་དྲག་ཆེན་པོ་ཡོད་ཀྱང་། མང་གཙོའི་ཆ་ནས་བོད་མི་ཚོ་ཡར་རྒྱས་ཆེ་བ་ཕྱིན་ཡོད་ཅེས་བཀའ་བསྩལ་སོང་།དེའང་བཞུགས་སྒར་ནས་རྒྱང་ཐག་སྤྱི་ལོ་ ༦༥ ལྷག་གི་སར་ཆགས་པའི་སྦིར་བོད་ཚོགས་ཀྱི་གཞིས་སྒར་དབུ་བརྙེས་ནས་ལོ་ངོ་ ༥༠ འཁོར་བའི་དུས་ཚིགས་དང་བསྟུན། དེ་རིང་ཟླ་ ༩ ཚེས་ ༥ ཉིན་སྔ་འདྲོ་སྦིར་བོད་ཚོགས་ཁྱབ་ཁོངས་གཞིས་སྒར་གྱི་བོད་མི་རྣམས་བཞུགས་སྒར་དུ་ཆེད་བཅར་གྱིས་༸གོང་ས་མཆོག་གི་མཇལ་ཁ་དང་། ༸གང་ཉིད་མཆོག་གིས་ད་བར་སྦིར་བོད་ཚོགས་བོད་མི་རྣམས་ལ་བསྐྱངས་པའི་བཀྲིན་ལ་རྗེས་དྲན་མཚོན་ཕྱིར་མགོན་པོ་མཆོག་ལ་རིན་ཆེན་ནོར་བུ་ལས་གྲུབ་པའི་བཀྲིས་རྟགས་བརྒྱད་ཀྱི་གཟེངས་རྟགས་འབུལལམ་ཞུས་ཡོད་པ་རེད། དེ་བཞིན་མགོན་པོ་༸གང་ཉིད་མཆོག་གིས་ད་ཆ་ང་ཚོ་མང་གཙོའི་ཐོག་ལ་འགྲོ་བཞིན་ཡོད་སྟབས་མང་ཚོགས་ཚོས་ཀྱང་ཆབ་སྲིད་ཀྱི་གོ་རྟོགས་དང་དེར་དོ་སྣང་མང་ཙམ་བྱེད་དགོས་ཞེས་ལམ་སྟོན་བསྩལ་ཡོད་པ་རེད། བོད་ཀྱི་ཆོས་དང་རིག་གཞུང་གི་ཆ་ནས་དེང་སྐབས་འཛམ་གླིང་ཐོག་སུ་གང་ལ་མེད་པའི་རིག་གཞུང་ཕྱུག་པོ་དེ་བོད་མི་ཚོར་ཡོད་པ་དང། དེ་ཡང་སྐད་ཡིག་གཞན་ལ་ལྟོས་མི་དགོས་པར་བོད་ཀྱི་སྐད་ཡིག་རང་ནང་ཆ་ཚང་བ་ཞིག་ཡོད་སྟབས། དེ་ལྟ་བུའི་མེས་པོ་གོང་མ་ཚོས་བཞག་པའི་གཅེས་ནོར་དེ་དག་རྒྱུན་འཛིན་བྱེད་རྒྱུར་བོད་མི་སྤྱི་དང་སྒོས་གཞོན་སྐྱེས་ཚོར་འགན་ཡོད་པའི་བཀའ་ནན་བསྩལ་སོང་། ཆོས་དད་ཡོད་མེད་ལ་ལྟོས་མེད་ནང་པ་སངས་རྒྱས་པའི་ཆོས་ལས་ནང་པའི་ཚན་རིག་དང་སེམས་ཁམས་རིག་པའི་ལྟ་གྲུབ། ཚད་མ་རིག་བཅས་ཀྱི་ཐོག་སེར་སྐྱ་དབྱེ་མེད་ཚོས་དོ་སྣང་དང་སློབ་གཉེར་རྒྱག་དགོས་གལ་ཡིན་པར་ལམ་སྟོན་མཛད་ཡོད། བོད་ཀྱི་ཆོས་དང་རིག་གཞུང་གི་གལ་གནད་སྐོར་བཀའ་སློབ་སྩལ་བའི་ཁྲོད་དེ་སྔ་ཕྱི་ལོ་ ༡༩༦༠ ནང་རྒྱ་གཞུང་གིས་བྲིས་པའི་སློབ་གསོ་ཤིག་གི་ནང། བོད་པའི་ནང་ཆོས་དེ་རྨོངས་དད་ཞིག་ཡིན་པ་དང། ཚན་རིག་སློབ་སྦྱོང་ཡར་རྒྱས་ཕྱིན་རྗེས་རྨོང་དད་དེ་དག་རིམ་པས་མེད་པ་ཆགས་ཀྱི་རེད་བཀོད་ཡོད་ཀྱང། ད་ལྟའི་ཆར་དོན་དངོས་དང་མི་མཐུན་པ་ཞིག་ཆགས་ཡོད་པ་དང་། ལྷག་དོན་ཚན་རིག་པ་ཚོས་བོད་ཀྱི་ནང་ཆོས་ལ་དོ་སྣང་བྱེད་མཁན་ཇེ་མང་དུ་འགྲོ་མུས་ཡིན་པ་བཀའ་བསྩལ་ཡོད། རྩ་བའི་སྦིར་བོད་ཚོགས་གཞིས་ཆགས་དེ་ཕྱི་ལོ་ ༡༩༦༧ ལོར་བཙུགས་གནང་པ་ཞིག་དང་། ད་ལྟའི་ཆར་གཞིས་སྒར་ཁྱབ་ཁོངས་སུ་མང་ཚོགས་ ༩༠༠ ལྷག་ཡོད་པ་དང་མང་ཚོགས་ཀྱི་འཚོ་རྟེན་གཙོ་བོ་ནི་དགུན་ཚོང་ཆགས་ཡོད་པ་རེད། རླུང་འཕྲིན་ཁང་གི་གསར་འགོད་པས་འདིར་ཆེད་བཅར་ཞུས་པའི་སྦིར་བོད་ཀྱི་ཚོགས་ཀྱི་ས་གནས་འགོ་འཛིན་རིན་ཆེན་དབང་མོ་ལགས་སུ་བཅར་འདྲི་ཞུས་པར་ཁོང་གིས་བོད་མིའི་གཞིས་སྒར་དབུ་བརྙེས་ནས་ལོ་ངོ་ ༥༠ འཁོར་བའི་དུས་ཆེན་སྲུང་བརྩི་ཞུ་སྟངས་འདྲ་མིན་ཡོད་ཀྱང། ད་རེས་སྦིར་བོད་ཚོགས་ཀྱི་བོད་མི་རྣམས་མ་གྲོས་བསམ་པ་གཅིག་མཐུན་ཐོག་ནས་གཞིས་སྒར་ཐོག་མར་གསར་འཛུགས་དང་ད་བར་སྲ་བརྟན་ཐུབ་པའི་བཀྲིན་གཙོ་བོ་ནི་༸གོང་ས་མཆོག་གི་བཀྲིན་ཉག་ཅིག་ལ་བརྟེན་ནས་ཡིན་པར་ངོས་འཛིན་གྱིས་༸གོང་ས་མཆོག་གི་མཇལ་ཁ་དང་། ད་བར་སྦིར་བོད་ཚོགས་བོད་མི་རྣམས་ལ་བསྐྱངས་པའི་བཀྲིན་ལ་རྗེས་དྲན་མཚོན་ཕྱིར་མགོན་པོ་མཆོག་ལ་རིན་ཆེན་ནོར་བུ་ལས་གྲུབ་པའི་བཀྲིས་རྟགས་བརྒྱད་ཀྱི་གཟེངས་རྟགས་འབུལལམ་ཞུ་རྒྱུར་ཐག་གཅོད་བྱུང་སྐོར་གསུངས་སོང་།

༸གོང་ས་མཆོག་གིས་ཆར་ཞོད་ཀྱི་གོད་ཆག་ཕོག་པའི་བྷི་ཧཱར་དང་ཨ་སམ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་རྣམ་གཉིས་ལ་ཐུགས་གསོ་མཛད་པ།

དེ་ཡང་ད་སྐབས་རྒྱ་གར་ཁྱོན་ཡོངས་སུ་ཆར་དུས་ཀྱི་དུས་ཚོད་དང་བསྟུན། རྒྱ་གར་གྱི་ས་གནས་འདྲ་མིན་ཁག་ཏུ་ཆར་ཞོད་རྐྱེན་པས་ཆུ་ལོག་དང་ས་རུད་སོགས་བྱུང་ནས་མང་ཚོགས་ཀྱི་འཚོ་ཐབས་ལ་གནོན་འཚེ་ཚབས་ཆེན་ཕོག་པ་མ་ཟད། གང་ཟག་གི་ཚེ་སྲོག་ཀྱང་ཤོར་བའི་གནས་ཚུལ་རིམ་པ་ཐོན་ཡོད་པ་དང་། ལྷག་པར་དུ་ཉེ་བའི་ཆར་རྒྱ་གར་བྱང་ཕྱོགས་བྷི་ཧཱར་དང་ཨ་སམ་མངའ་སྡེའི་ནང་ལ་ཆར་ཤོད་ཀྱི་འཇིག་པ་ཤུགས་ཆེ་འོག་མི་མང་རྣམས་ལ་ཆེས་ངལ་བ་འཕྲད་བཞིན་ཡོད་པར་བརྟེན། ཁ་སང་ཚེས་ ༤ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བྷི་ཧཱར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ནི་ཏིཤ་ཀུ་མཱར་མཆོག་དང་ཨ་སམ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་སར་བྷ་ནནྡཱ་སོ་ནོཝཱལ་མཆོག་རྣམ་གཉིས་ཀྱི་མཚན་ཐོག་ཏུ་ཐུགས་གསོའི་གསུང་འཕྲིན་ཞིག་བསྩལ་འདུག གསུང་འཕྲིན་དེའི་ནང་མགོན་པོ་༸གང་ཉིད་མཆོག་ནས་ཆར་ཞོད་ཀྱི་གོད་ཆག་འོག་མང་ཚོགས་ཚོའི་ཚེ་སྲོག་ཤོར་བ་དང་སྡོད་ཁང་སོགས་ལ་གནོད་འཚེ་ཕོག་པར་ཐུགས་ཕམ་ཆེན་པོ་མཛད་པ་དང་སྦྲགས། ཤུལ་ལུས་ནང་མི་དགའ་ཉེ་སྤུན་མཆེད་དང་མངའ་སྡེའི་མི་མང་ཡོངས་ལ་ཐུགས་གསོ་ཡོད་པ་བཀའ་བསྩལ་འདུག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐེངས་འདིའི་ཐུགས་གསོའི་གསུང་འཕྲིན་བརྒྱུད་མངའ་སྡེ་སོ་སོའི་ས་གནས་ཁག་ཏུ་ཛ་དྲག་ཉེན་སྐྱོབ་དང་ངལ་སེལ་གྱི་ལས་གཞི་ཚགས་ཚུད་ངང་སྤེལ་བཞིན་པར་བསྔགས་བརྗོད་མཛད་པ་དང་ཆབས་ཅིག མགོན་པོ་༸གང་ཉིད་མཆོག་གིས་གདུང་སེམས་མཉམ་བསྐྱེད་མཚོན་ཕྱིར་ཏཱ་ལའི་བླ་མའི་དགེ་རྩ་ནས་ངལ་སེལ་རོགས་དངུལ་ཕྲན་བུ་གསོལ་བསྩལ་མཛད་རྒྱུ་ཡིན་ཞེས་བཀའ་གནང་འདུག གཞི་རྩའི་འདས་པའི་ཟླ་བ་འདིའི་ནང་བྷི་ཧཱར་དང་ཨ་སམ་ནང་གི་ཆར་ཞོད་དང་འབྲེལ་བའི་ཆུ་ལོག་གི་གོད་ཆག་འོག་ Bihar མངའ་སྡེའི་བྱང་ཕྱོགས་སུ་ཡོད་པའི་རྫོང་ཁག་ ༢༠ ལྷག་ལ་གནོད་འཚེ་ཤུགས་ཆེ་ཕོག་པས་ས་གནས་ཡུལ་མི་ ༥༠༠ ལྷག་གི་ཚེ་སྲོག་ཤོར་བ་དང་མི་མང་བརྒྱ་ཕྲག་བརྒལ་བའི་ཁྱིམ་མེད་པར་གྱུར་ཡོད་པ་རེད། དེ་བཞིན་ Assam མངའ་སྡེའི་ནང་ལ་མཚོན་ན་ཆུ་ལོག་གི་གོད་ཆག་འོག་མངའ་སྡེའི་རྫོང་ཁག་ ༧ ལ་གནོད་འཚེ་ཚབས་ཆེ་ཕོག་སྟབས། ས་གནས་ཡུལ་མི་ ༡༥༠ ལྷག་གི་ཚེ་སྲོག་ཤོར་ཡོད་པ་དང་མང་ཚོགས་ཀྱི་འཚོ་ཐབས་དང་འབྲེལ་བའི་ས་ཞིང་ཨེ་ཀ ༥༦༨༠ ལྷག་ལ་གནོད་སྐྱོན་ཕོག་ཡོད་པ་རེད། ཕྱོགས་མཚུངས་ཁ་སང་ The Assam Tribune དང་། Eastern Mirror སོགས་རྒྱ་གརགྱི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བར་ཉེ་ཆར་རྒྱ་གར་བྱང་ཤར་ཁུལ་གྱི་ Manipur མངའ་སྡེ་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ Yumnam Khemchand མཆོག་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འདི་ལོ་མངའ་སྡེ་དེའི་རྒྱལ་ས་ Imphal ནང་འཚོགས་གཏན་འཁེལ་བའི་རྒྱལ་སྤྱིའི་ཞི་བདེ་ལྷན་ཚོགས་ཐོག་ཆིབས་བསྒྱུར་མཛད་རྒྱུའི་གདན་ཞུ་གསོལ་འདེབས་ཕུལ་ཡོད་པ་རེད། གདན་ཞུ་གསོལ་འདེབས་དེ་དང་འབྲེལ་ཏེ་ཁ་སང་ཚེས་ ༤ ཉིན་སྐུ་ཞབས་ Yunnam Khemchand མཆོག་ནས་ས་གནས་ཀྱི་བརྒྱུད་ལམ་ཁག་ཏུ་ཁོང་ཉེ་ཆར་ཧི་མཱ་ཅལ་མངའ་སྡེའི་རྒྱལ་ས་ཤིམ་ལར་གཞུང་འབྲེལ་ཚོགས་འདུར་བཅར་བ་ དང་བསྟུན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་ཞུ་ཐོག་༸གང་ཉིད་མཆོག་ལ་གདན་ཞུ་གསོལ་འདེབས་ཞུས་ཡོད་སྐོར་ངོ་སྤྲོད་གནང་འདུག  འོན་ཀྱང་ད་ལྟའི་ཆར་ལྷན་ཚོགས་དེའི་ཟླ་དུས་ཚེས་གྲངས་ནམ་ཡིན་སོགས་ཐུགས་གཏན་འཁེལ་མི་འདུག གཞི་རྩའི་ཞི་བདེ་ལྷན་ཚོགས་དེ་མཱ་ནི་པུར་གཙོས་པའི་རྒྱ་གར་བྱང་ཤར་ཁུལ་གྱི་ས་གནས་ཁག་ཏུ་དམག་འཁྲུག་སོགས་འཚེ་བའི་ལས་རྣམས་འགོག་ཐབས་དང་། ཞི་བདེའི་སྤྱི་ཚོགས་ཤིག་བསྐྲུན་ཐབས་སུ་ཆེད་དམིགས་གནང་པ་ཞིག་ཡིན་པ་རེད།  

མེག་སི་ཁོ་གྲོང་ཁྱེར་ནང་དུ་ལྷོ་བྱང་ཨ་མི་རི་ཀའི་ཁུལ་གྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུ།

རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གི་གོ་སྒྲིག་འོག་ཟླ་ ༩ ཚེས་ ༡ ཉིན་ནས་ཚེས་ ༣ བར་བྱང་ཨ་མི་རི་ཀའི་གླིང་ཆེན་ཁུལ་གྱི་མེག་སི་ཁོ་རྒྱལ་ཁབ་ཀྱི་རྒྱལ་ས་ Mexico City ནང་དུ་བྱང་དང་ལྷོ་ཨ་མི་རི་ཀའི་ཁུལ་གྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཚོགས་འདུག ད་རེས་ཀྱི་ཚོགས་འདུ་ཐོག་ཨ་རི་དང་ཁེ་ན་ཌ། ཅི་ལེ་བྷརྫིལ། མེག་སི་ཁོ་བཅས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ ༤༣ གཙོས་པའི་ལྷོ་ཨ་མི་རི་ཀའི་སྐུ་ཚབ་དོན་གཅོད་དང། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལས་ཁུངས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྡེ་ཚན་གྱི་འབྲེལ་མཐུད་པ་བཅས་འདུ་འཛོམས་བྱུང་འདུག ཐེངས་འདིའི་ཚོགས་འདུ་སྐབས་རྒྱལ་སྤྱིའི་ཆབ་སྲིད་འགྱུར་འགྲོས་དང་བོད་དོན་ཐོག་གོ་རྟོགས་མེད་མཁན་གྱི་མང་ཚོགས་དང་སྤྱི་ཚོགས་ཁྲོད་བོད་དོན་གོ་རྟོགས་ཀྱི་ལས་འགུལ་དང་། མཉམ་འབྲེལ་གྱི་བོད་དོན་ལས་འགུལ་ནུས་པ་གོང་མཐོར་གཏོང་ཐབས། དེ་བཞིན་བོད་དོན་རྒྱབ་སྐྱོར་ཚོགས་པ་ནང་ཁུལ་དབར་ལ་འབྲེལ་ལམ་སྲ་བརྟན་རྒྱུན་སྐྱོང་ཡོང་རྒྱུ་སོགས་ཀྱི་ཐད་ལ་ཚོགས་མི་ནང་ཁུལ་དབར་སྦྱངས་བཤད་དང་བསམ་ཚུལ་སྤེལ་རེས་གནང་འདུག འདི་ག་རླུང་འཕྲིན་ཁང་གིས་ལྷོ་བྱང་ཨ་མི་རི་ཀའི་ཁུལ་གྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུ་དང་འབྲེལ་ལྷོ་ཨ་མི་རི་ཀའི་སྐུ་ཚབ་དོན་གཅོད་ཚེ་དབང་ཕུན་ཚོགས་ལགས་སུ་བཅར་འདྲི་ཞུས་པ་ཡོད།

ནང་ཆོས་དང་བསྡུར་ན་དམར་ཤོག་ནི་བྱིས་པ་ཆུང་ཆུང་དང་གཅིག་པ་རེད།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཝི་ཏི་ནམ་དང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་ཤིག་གི་ཐོག་ལྷན་བཞུགས་གནང་པ་དང་འབྲེལ། ནང་ཆོས་དང་བསྡུར་ན་དམར་ཤོག་ནི་བྱིས་པ་དང་གཅིག་པ་རེད་ཅེས་གསུངས་འདུག དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་ཟླ་ ༩ ཚེས་ ༢ ཁེལ་ཕོ་ནི་ཡ་མངའ་ཁུལ་གྱི་ Westminster གྲོང་ཁྱེར་ནང་གི་ཝི་ཏི་ནམ་དགོན་པར་ཚོགས་པའི་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་ཐོག་དབུ་བཞུགས་གནང་་འདུག The orange County Register ཞེས་པའི་ས་གནས་གསར་ཁང་གིས་གནས་ཚུལ་སྤེལ་བར་ལྷན་ཚོགས་དེའི་ཐོག་སྲིད་སྐྱོང་མཆོག་གིས་ཝི་ཏི་ནམ་དང་བོད་གཉིས་རྒྱ་ནག་དམར་པོའི་གཞུང་འོག་བཙན་གནོན་མྱངས་དང་མྱོང་བཞིན་ཡོད་པ་གཅིག་མཚུངས་ཆགས་ཀྱི་ཡོད་པ་དང་། ལོ་ངོ་ ༢༥༠༠ ལྷག་གི་ལོ་རྒྱུས་ལྡན་པའི་ནང་པ་སངས་རྒྱས་པའི་ཆོས་ཀྱི་ལྟ་གྲུབ་དང་བསྡུར་ན་དམར་ཤོག་གི་ལྟ་གྲུབ་ནི་ལོ་ངོ་ ༡༠༠ ཙམ་ལས་འགྲོ་གྱི་མེད་སྟབས། ནང་ཆོས་ཀྱི་ལྟ་གྲུབ་དང་བསྡུར་ན་དམར་ཤོག་གི་ལྟ་གྲུབ་ནི་ཕྲུ་གུ་ཆུང་ཆུང་སྤྱོད་ངན་ཞིག་དང་གཅིག་མཚུངས་རེད་ཅེས་གསུངས་འདུག ལྷག་དོན་ཁོང་གིས་ད་ལྟའི་ཆར་ནང་ཆོས་གཞི་རྩ་བརྟན་པོ་ཆགས་ཡོད་པས་ཇི་སྲིད་ནང་པ་སངས་རྒྱས་པའི་བསྟན་པ་གནས་པ་དེ་སྲིད་དུ་བོད་དོན་གནས་ཀྱི་རེད་ཅེས་གསུངས་འདུག ལྷན་ཚོགས་དེའི་ཐོག་ལ་རྒྱ་གཞུང་གིས་ད་བར་བོད་མཐོ་སྒང་ས་ཁུལ་དུ་གྲོང་ཁྱེར་འཛུགས་སྐྲུན་ལ་སོགས་པའི་ལས་གཞི་འདྲ་མིན་སྤེལ་བཞིན་པར་བརྟེན། བོད་ཀྱི་ཁོར་ཡུག་ལ་གནོད་སྐྱོན་ཐེབས་དང་ཐེབས་བཞིན་སྐོར་དང་རྒྱ་རིགས་མི་འབོར་ཕོན་ཆེ་གནས་སྤོས་བྱེད་རྐྱེན་བོད་ནང་བོད་མི་རིགས་ཀྱི་གཞུང་ལ་དོ་ཕོག་འབྱུང་བཞིན་ཡོད་པ་སོགས་འགྲེལ་བརྗོད་ཀྱང་གནང་འདུག ལྷན་ཚོགས་དེའི་ཐོག་ཨ་རིའི་གཞུང་འབྲེལ་གནད་ཡོད་མི་སྣ་དང་གྲོས་ཚོགས་འཐུས་མི། འགྲོ་བ་མིའི་ཐོབ་ཐང་ལས་འགུལ་སོགས་མི་སྣ་ ༣༠༠ ལྷག་འདུ་འཛོམས་བྱུང་འདུག་པ་མ་ཟད། ཨ་རིའི་གྲོས་ཚོགས་འཐུས་མི་ Dana Rohrabache ལགས་ཀྱིས་ཨ་རིའི་རྒྱལ་ཁབ་ནི་མི་རིགས་འདྲ་མིན་དང་ཆོས་ལུགས་འདྲ་མིན། དེ་བཞིན་གྲངས་ཉུང་མི་རིགས་བཅས་ཚང་མ་ལ་རྒྱབ་སྐྱོར་བྱེད་མཁན་ཞིག་ཆགས་ཡོད་པ་དང་། དམར་ཤོག་ཚོགས་པའི་ལྟ་གྲུབ་འདི་ལྐོག་ཟ་དང་དབང་ཆ་འཐབ་རྩོད་འོག་རིམ་བཞིན་མེད་པ་ཆགས་འགྲོ་གྱི་ཡོད་ཅེས་གསུངས་འདུག རྩ་བའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་དེའི་ཐོག་དབུ་བཞུགས་མ་གནང་གོང་ཟླ་ ༩ ཚེས་ ༡ ཉིན་ཨ་རིའི་ California མངའ་སྡེའི་གྲོང་ཁྱེར་ Los Angeles ནང་གནས་སྡོད་ཨ་རིའི་གྲོས་ཚོགས་འཐུས་མི་སྐུ་ཞབས། Alan Lowenthal ལགས་དང་། Judy Chu ལགས་རྣམ་གཉིས་དང་མཇལ་འཕྲད་ཀྱིས་ད་ལྟ་བོད་ནང་གི་བོད་མིའི་གནས་སྟངས་དང། བཙན་བྱོལ་བོད་མིའི་གནས་སྟངས་སྐོར་གླེང་མོལ་ཞུས་འདུག གྲོས་ཚོགས་འཐུས་མི་སྐུ་ཞབས་ Alan Lowenthal ལགས་ཀྱིས་ཨ་རིའི་གཞུང་གི་ངོས་ནས་བོད་མིའི་དབུ་ལམ་གྱི་སྲིད་བྱུས་ཐོག་རྒྱབ་སྐྱོར་ཞུ་བཞིན་ཡོད་པ་ནན་བརྗོད་གནང་པ་དང་འབྲེལ།  བོད་ནང་གི་བོད་མིའི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་འཕྲལ་དུ་ཡར་རྒྱས་གཏོང་རྒྱུ་ནི་ཤིན་ཏུ་གནད་ཆེར་བརྩི་བཞིན་ཡོད་པ་སོགས་གསུངས་པ་མ་ཟད། སྲིད་སྐྱོང་མཆོག་གི་རེ་འདུན་ལྟར་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་ཐད་རྒྱབ་སྐྱོར་ཞུ་རྒྱུ་ཡིན་ཞེས་ཁས་ལེན་ཡང་གནང་འདུག གཞན་ཡང་ལྷོ་ཁེལ་ཕོ་ནི་ཡ་མངའ་ཁུལ་གྱི་བོད་རིགས་སྤྱི་མཐུན་ཚོགས་པའི་ངོས་ནས་སྲིད་སྐྱོང་མཆོག་ཁུལ་དེའི་མངའ་ཁུལ་དུ་གཞུང་འབྲེལ་འཚམས་གཟིགས་སུ་ཕེབས་པར་དགའ་བསུའི་འཚམས་འདྲི་དང་འབྲེལ། སྲིད་སྐྱོང་མཆོག་གིས་གཙོས་པའི་མངའ་ཁུལ་དེའི་གཞུང་འབྲེལ་གནད་ཡོད་མི་སྣ་ཁག་ལ་ཉིན་དགུང་གི་གསོལ་སྟོན་བཤམས་འདུག་པ་དང་། སྐབས་དེར་ཨ་རིའི་གྲོས་ཚོགས་འཐུས་མི་སྐུ་ཞབས། Alan Lowenthal ལགས་དང། Judy Chu ལགས་དང་འབྲེལ་ཡོད་ལས་བྱེད། ཁེལ་ཕོ་ནི་ཡ་མངའ་ཁུལ་གྱི་ Westminister དང།  Garden Grove བཅས་ཀྱི་གྲོང་ཁྱེར་སྤྱི་ཁྱབ་པ་དང། VOICE འགྲོ་བ་མི་ཐོབ་ཐང་ལས་ཁུངས་ཀྱི་འགན་འཛིན་སོགས་གནད་ཡོད་མི་སྣ་འདུ་འཛོམས་བྱུང་འདུག ལྷག་པར་དུ་གྲོས་འཐུས་རྣམ་གཉིས་ནས་ཨ་རིའི་གཞུང་ནས་མང་གཙོ་དང་རང་དབང། དེ་བཞིན་བོད་ཀྱི་གནད་དོན་དེ་ཞི་མོལ་ལམ་ནས་སེལ་ཐབས་བྱ་རྒྱུར་རྒྱབ་སྐྱོར་ཡོད་པ་མ་ཟད། ༸གོང་ས་ཏཱ་ལའི་བླ་མ་མཆོག་ལ་ཆེ་བསྟོད་ཞུ་ཐོག་༸གང་ཉིད་མཆོག་ནས་ཁོང་རྣམས་ལ་འགྲོ་བ་མིའི་ཐོབ་ཐང་གནད་དོན་ཐོག་ལས་དོན་གཉེར་རྒྱུར་སེམས་ཤུགས་འཕར་མ་གནང་བྱུང་ཞེས་གསུངས་འདུག རྩ་བའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས། ཕྱི་ཟླ་བརྒྱད་པའི་ཚེས་༢༧ནས་དབུ་བཙུགས་ཀྱིས། ཨ་རིའི་ནུབ་ཕྱོགས་གྲོང་ཁྱེར་ཁག་ལས་བོད་མིའི་གནས་སྡོད་ས་ཁུལ་ ༡༡ ནང་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་ཡོད་པ་དང། འདས་པའི་ཉིན་ཤས་ནང་སྲིད་སྐྱོང་མཆོག་གིས་ཨ་རིའི་ Colorado མངའ་ཁུལ་གྱི་གྲོང་ཁྱེར་ Denver དང། California མངའ་ཁུལ་གྱི་ San Francisco དང། Los Angeles གཞན་ཡང་ Portland དང། Seattle བཅས་ཀྱི་ནང་གཞུང་འབྲེལ་འཚམས་གཟིགས་གནང་སྟེ་ས་གནས་བོད་རིགས་ཚོགས་པ་དང། མཐོ་སློབ་ཁག་གི་སློབ་མ་བཅས་ལ་གཏམ་བཤད་གནང་འདུག དེ་བཞིན་གཞུང་འབྲེལ་གནད་ཡོད་མི་སྣ་ཁག་དང་མཇལ་འཕྲད་ཀྱིས་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་གླེང་མོལ་ཡང་གནང་ཡོད་པ་རེད།  

སྦེང་ལོར་གྲོང་ཁྱེར་དུ་རྔམ་སྟོན་ཁྲོམ་སྐོར་དང་སྦྲགས་ཏེ་གཞོན་ནུའི་འགན་འཛིན་ལྷན་ཚོགས་ ༤༨ པ་མཇུག་སྒྲིལ།

བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་ཁ་སས་ཚེས་ ༣ ཉིན་རྒྱ་གར་ལྷོ་ཕྱོགས་སྦེང་ལོར་གྲོང་ཁྱེར་དུ་རྔམ་སྟོན་ཁྲོམ་སྐོར་གྱི་ལས་འགུལ་ཞིག་སྤེལ་བ་དང་སྦྲགས། ཁུལ་དེར་ཚོགས་པའི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་ ༤༨ པ་དེ་ཡོངས་སུ་མཇུག་སྒྲིལ་གནང་འདུག བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་ ༤༨ པ་དེ་ཟླ་ ༨ ཚེས་ ༢༩ ཉིན་ནས་ཟླ་ ༩ ཚེས་ ༢ བར་སྦེང་ལོར་གྲོང་ཁྱེར་དུ་ཡོད་པའི་བོད་ཁྱིམ་གཞོན་ནུའི་སྡོད་ཁང་གི་ཚོགས་ཁང་དུ་ཚོགས་གནང་ཡོད་པ་དང་། ཚོགས་ཆེན་ཐོག་ནས་ཁྱོན་གྲོས་གཞི་ཁག་ ༩ ཐོག་བཀའ་བསྡུར་གནང་སྟེ་གཙོ་བོ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་ཕྱྭ་དང་འབྲེལ་མགོན་པོ་༸གང་ཉིད་མཆོག་ལ་གཞི་མེད་སྐྱོན་འཛུགས་བྱེད་མཁན་རིགས་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱ་རྒྱུ་མ་ཟད། རྒྱ་གར་སྤྱི་ཚོགས་ནང་ལོ་རྒྱུས་ཐོག་བོད་ནི་རང་བཙན་རྒྱལ་ཁབ་ཅིག་ཡིན་པའི་གོ་རྟོག་ལས་འགུལ་ཤུགས་ཆེ་རུ་གཏོང་རྒྱུ་དང་། བོད་མིའི་སྤྱི་ཚོགས་ནང་ད་ནས་བཟུང་རྒྱ་ནག་གི་དངོས་ཟོག་ཉི་ཚོང་བྱེད་རྒྱུ་མཚམས་འཇོག་དགོས་པའི་དྲིལ་བསྒྲགས་ཀྱི་ལས་འགུལ་སྤེལ་རྒྱུ་སོགས་ཀྱི་གྲོས་ཆོད་ཁག་གཅིག་གཏན་འབེབས་གནང་འདུག ཐེངས་འདིའི་ཚོགས་འདུ་ཐོག་ནས་སྒྲིག་འཛུགས་ཀྱི་ལས་དོན་བྱེད་ཕྱོགས་དང་འབྲེལ། བོད་ཀྱི་ལོ་རྒྱུས་སྨྲ་བ་གདན་ཞུས་ཀྱིས་བོད་པའི་གཞོན་སྐྱེས་ཚོར་བོད་དེ་ལོ་རྒྱུས་ཐོག་རང་བཙན་རྒྱལ་ཁབ་ཅིག་ཡིན་པའི་གོ་རྟོག་ལས་འགུལ་སྤེལ་རྒྱུ་དང་། ༸ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དབུས་པའི་བོད་ནང་གི་ཉེས་མེད་ཆབ་སྲིད་བཙོན་པ་རྣམས་གློད་བཀྲོལ་ཡོང་ཐབས་གནང་རྒྱུ། བོད་དོན་ཆེད་རང་ལུས་མེར་བསྲེགས་གནང་མཁན་རྣམས་ཀྱི་མངོན་འདོད་བསྒྲུབ་ཐབས་དང་སྦྲགས། ལྷག་དོན་ཁོང་རྣམ་པའི་ཞལ་ཆེམས་ནང་གསལ་བོད་མི་རིགས་ཀྱི་བླ་སྲོག་ཏུ་གྱུར་པའི་བོད་ཀྱི་སྐད་དང་ཡི་གེ་གཉིས་པོ་མི་ཉམས་རྒྱུན་འཛིན་སླད་ཉམས་ཞིབ་ཚོགས་ཆུང་ཞིག་ཆེད་འཛུགས་ཐོག་བོད་ཀྱི་སྐད་ཡིག་ཉིན་མོ་གཏན་འབེབས་དང་སྲུང་བརྩི་ཞུ་རྒྱུ་། གཞན་ཡང་བོད་མིའི་སྤྱི་ཚོགས་ནང་ཆོལ་ཁ་ཆོས་བརྒྱུད་ཀྱི་འཐེན་འཁྱེར་དོར་ཏེ་ཆིག་སྒྲིལ་གྱི་སྟོབས་ཤུགས་རྒྱུན་གནས་ཐུབ་ཐབས་སུ་དབུས་ས་གཉིས་ནས་ཤུགས་སྣོན་རྒྱག་རྒྱུ་དང་ནང་ཆོས་ངོ་སྤྲོད་དང་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་བསླབ་བྱ་གོ་རྟོག་སྤེལ་རྒྱུ་མ་ཟད། སྒྲིགས་འཛུགས་དབུ་བརྙེེས་ནས་ལོ་ངོ་ ༥༠ འཁོར་ལ་ཉེ་བ་ཡིན་སྟབས་ལྔ་བཅུའི་དུས་དྲན་སྲུང་བརྩི་བྱ་རྒྱུའི་ལས་དོན་གོ་སྒྲིག་ཚོགས་ཆུང་ཆེད་འཛུགས་ཞུ་རྒྱུ་སོགས་ཀྱི་གྲོས་ཆོད་ཁག་ཅིག་གཏན་འབེབས་གནང་འདུག

Latest news