Tibetan Royal Year of 2151 | Year of the Wood Dragon

གསར་འགྱུར།

བོད་མི་ཁྲི་དགུ་ལྷག་གིས་དེབ་སྐྱེལ་གནང་འདུག

ཕྱི་ལོ་༢༠༡༥དང་༢༠༡༦ལོའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་བོད་མི་མང་སྤྱི་འཐུས་སྐབས་༡༦པའི་དངོས་གཞི་འོས་བསྡུའི་ལས་རིམ་འདིའི་ནང། བོད་མི་དེབ་སྐྱེལ་གནང་མཁན་གྱི་ཁ་གྲངས་ཁྲི་ལྷག་བྱུང་འདུག་པ་དང། སྐབས་སྔ་མ་དང་བསྡུར་ཚེ་དེབ་སྐྱེལ་གནང་མཁན་༨༠༠༠་ལྷག་གི་འཕར་འདུག སྔ་ལོའི་ཕྱི་ཟླ་ ༡༠ ཚེས་ ༡༨ ཉིན་གྱི་སྔོན་འགྲོ་འོས་བསྡུའི་ནང་བོད་མི་ ༨༧༡༧༩ ནས་འོས་བསྡུ་དེབ་སྐྱེལ་གནང་ཡོད་ཅིང་། དབུས་འོས་བསྡུ་ལས་ཁང་ནས་དེབ་སྐྱེལ་དུས་ཡུན་འཕར་སྣོན་གོ་སྐབས་འཕར་མ་གནང་རྗེས་མང་ཚོགས་༢༨༠༠ལྷག་ཙམ་འཕར་ཆ་སོང་འདུག དེའི་ཁྲོད་ནས་དེབ་སྐྱེལ་གནང་མཁན་གྱི་༢༠༠༠ལྷག་ནི་བྱང་ཨ་རི་ཁུལ་རེད་འདུག གཞི་རྩའི་དེ་སྔ་ཕྱི་ལོ་༢༠༡༡ལོའི་བཙན་བྱོལ་བོད་མིའི་འོས་བསྡུ་སྐབས་ཁྱོན་བོད་མི་༨༢༨༠༠ལྷག་དེབ་སྐྱེལ་གནང་ཡོད་པ་དང། དེའི་ཁོངས་ནས་དངོས་སུ་འོས་འཕེན་མཁན་གྱི་གྲངས་འབོར་དེ་༤༨༤༨༢ ཡིན་པ་རེད།

བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པས་བོད་མིའི་སྒྲིག་འཛུགས་འདི་ནི་ཕྱིའི་རྒྱལ་ཁབ་དང་གཞུང་གི་ངོས་ལེན་ཡོད་མིན་ལ་མ་ལྟོས་པར་མང་གཙོའི་འགྲོ་ལུགས་དང་ལྡན་པའི་སྒྲིག་འཛུགས་ཚད་ལྡན་ཞིག་ཡིན་པ་གསུངས་པ།

ཁ་སང་ཟླ་ ༣ ཚེས་ ༡༧ ཉིན་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ལུ་ཁང་གིས་ཉིན་རེའི་གསར་འགོད་ལྷན་ཚོགས་བྱེད་པའི་ཁྲོད་གསར་འགོད་པ་ཞིག་གིས་རྒྱ་ནག་དབུས་གཞུང་ནས་བཙན་བྱོལ་བོད་གཞུང་གི་འགོ་ཁྲིད་གདམ་ལ་ཉེ་བའི་འོས་བསྡུའི་ལས་རིམ་ལ་ཐུགས་སྣང་གནང་གི་ཡོད་མེད་དང་ལྷག་པར་དུ་རྒྱ་གཞུང་གིས་འདོད་བློ་ཡོད་པའི་འགོ་ཁྲིད་དེ་སུ་ཆགས་ཀྱི་ཡོད་དམ་ཞེས་དྲིས་འདུག་པ་དང་། མགྲིན་ཚབ་པ་ལུ་ཁང་གིས་སྐབས་དེར་གསར་འགོད་པ་ལ་ཁྱེད་རང་གིས་ང་ཚོ་རྒྱ་ནག་གཞུང་གི་ལངས་ཕྱོགས་གསལ་པོ་ཤེས་དགོས་པ་རེད། ང་ཚོས་བཙན་བྱོལ་བོད་གཞུང་ཞེས་པ་དེ་ནམ་ཡང་ངོས་འཛིན་བྱེད་ཀྱི་མེད་ལ། ང་ཚོའི་རེ་བ་ལ་འཛམ་གླིང་འདིའི་ནང་གི་རྒྱལ་ཁབ་སྤྱི་དང་ཁྱད་པར་དུ་རྒྱ་ནག་དང་མཉམ་དུ་འབྲེལ་ལམ་བཟང་པོ་འདོད་རིགས་རྣམས་ནས་རྒྱ་ནག་ཁ་བྲལ་དུ་གཏོང་མཁན་བོད་རང་བཙན་ཤོ་ཁག་ལ་མཐུན་གྱུར་དང་སྡེངས་ཆ་རིགས་བསྐྲུན་རྒྱུ་ཡོད་མ་རེད་ཅེས་བརྗོད་འདུག བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་དྲིལ་བསྒྲགས་དྲུང་ཆེ་བཀྲིས་ཕུན་ཚོགས་ལགས་སུ་བཅར་འདྲི་ཞུས་པར་ཁོང་གིས་བོད་མིའི་སྒྲིག་འཛུགས་འདི་ནི་ཕྱིའི་རྒྱལ་ཁབ་དང་གཞུང་གི་ངོས་ལེན་ཡོད་མིན་ལ་མ་ལྟོས་པར་མང་གཙོའི་འགྲོ་ལུགས་དང་ལྡན་པའི་སྒྲིག་འཛུགས་ཚད་ལྡན་ཞིག་ཡིན་པ་གསུངས་གནང་སོང་། བཀྲིས་ཕུན་ཚོགས་ལགས་སུ་བོད་མིའི་འོས་བསྡུ་ལས་རིམ་དེས་རྒྱ་ནག་གཞུང་དང་ལྷག་པར་རྒྱ་ནག་མི་མང་ལ་བརྡ་ལན་གང་འདྲ་ཞིག་འགྲོ་གི་ཡོད་པར་ངོས་འཛིན་གནང་གི་ཡོད་དམ་ཞེས་བཀའ་འདྲི་ཞུས་པར་ཁོང་གིས་བོད་མིའི་འོས་བསྡུའི་ལས་རིམ་འདི་ནི་རྒྱ་ནག་ལ་བརྡ་ལན་སྤྲོད་བྱེད་ཅིག་མ་ཡིན་ཞིང། འདི་ནི་མང་གཙོ་དང་རང་དབང་ལོངས་སུ་སྤྱད་པ་ཞིག་ཡིན་པ་རེད། གལ་སྲིད་རྒྱ་ནག་གཞུང་ནས་དེ་ལ་མི་འདྲ་བ་ཞིག་ཏུ་གཟིགས་ཀྱི་ཡོད་ཚེ། དེ་ཁོ་རང་ཚོའི་སྤྱི་ཚོགས་དང་ཆབ་སྲིད། དེ་བཞིན་ལམ་ལུགས་ཀྱི་དཀའ་ངལ་ཞིག་རེད་ཅེས་གསུངས་གནང་སོང།

རྒྱལ་སྤྱིའི་གྲོས་ཚོགས་འཐུས་མི་ཁག་ཅིག་བོད་མིའི་འོས་བསྡུ་ལས་རིམ་རྟོག་ཞིབ་ཆེད་ཕེབས་པ།

  ཕྱི་ལོ་ ༢༠༡༥་་༡༦ ལོའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞི་འོས་བསྡུ་ཆེན་མོ་སླེབས་ལ་ཉེ་མཚམས་འདིར། བཞུགས་སྒར་དུ་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་རྟོག་ཞིབ་སྐུ་ཚབ་ཁག་ཅིག་ཆེད་ཕེབས་གནང་ཡོད་པ་རེད། དེ་རིང་ཟླ་ ༣ ཚེས་ ༡༨ ཉིན་རྒྱབ་ཚོུད་ ༢ སྟེང་བཞུགས་སྒར་དུ་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་འབྲེལ་མཐུད་ཁང་གིས་ཐུགས་འགན་གཙོ་བཞེས་ཐོག་ འཇར་མན་གྲོ་ཚོགས་འཐུས་མི་སྐུ་ཞབས་ Thomas Mann ལགས་དང་། ཕྷརན་སིའི་གྲོས་ཚོགས་འཐུས་མི་ Andre Gattolin ལགས། ཁེ་ན་ཌའི་གྲོས་ཚོགས་འཐུས་མི་ཟུར་པ་སྐུ་ཞབས་ Consiglio Di Nino དེ་བཞིན་ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་འཐུས་མི་ལྕམ་ Lisa Singh ལགས་གཙོས་པའི་གཞན་ཡང་དབྱིན་ཡུལ་དང་ཨི་ཊ་ལི་བཅས་ཀྱི་གྲོས་ཚོགས་འཐུས་མི་ཟུར་པ་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་སྐུ་ཞབས་ Matteo Mecacci ལགས་དང་འགན་འཛིན་གཞོན་པ་བུ་ཆུང་ཚེ་རིང་ལགས་སོགས་མི་གྲངས་བརྒྱད་ཕེབས་འདུག གཞི་རྩའི་གྲོས་ཚོགས་འཐུས་མི་རྣམས་ནས་ཟླ་འདིའི་ཚེས་ ༡༩ ཉིན་ནས་དབུ་འཛུགས་ཀྱིས་ཚེས་ ༢༢ བར་བཙན་བྱོལ་བོད་མིའི་དངོས་གཞི་འོས་བསྡུར་ཟུར་ཉན་གྱི་གཟིགས་ཞིབ་གནང་རྒྱུ་རེད་འདུག འདི་ག་རླུང་འཕྲིན་ཁང་གིས་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་འབྲེལ་མཐུད་ཁང་གི་ཚོགས་གཙོ་དང་འཇར་མ་ནི་གྲོ་ཚོགས་འཐུས་མི་སྐུ་ཞབས་ Thomas Mann ལགས་སུ་ཁོང་རྣམས་བཞུགས་སྒར་དུ་ཕེབས་དོན་གང་ཡིན་ཐད་བཅར་འདྲི་ཞུས་པར། སྐུ་ཞབས་ Thomas Mann ལགས་ཀྱིས་ད་ལན་བཙན་བྱོལ་བོད་མིའི་དངོས་གཞིའི་འོས་བསྡུ་ཆེན་མོ་དེ་དྲང་བདེན་གྱི་རང་བཞིན་ལྡན་པ་ཞིག་དང་འདི་བཞིན་བོད་མི་ཚང་མས་རང་གི་ཁེ་དབང་ཡོངས་སུ་སྤྱོད་ནས་འོས་འཕེན་རྒྱུ། ལྷག་པར་དུ་འོས་བསྡུ་དེའི་བརྒྱུད་བོད་པའི་མང་གཙོའི་ལམ་ལུགས་དེ་ཡང་དག་ཞིག་ཡིན་པ་ཀུན་གྱི་ཤེས་རྟོགས་ཐུབ་པ་ཡོང་བར་ཐུགས་རེ་གནང་གི་ཡོད་པ་སོགས་གསུངས་སོང་། ཤེས་རྟོགས་བྱུང་བར་གཞིགས་ན། སང་ཉིན་འོས་བསྡུ་རྟོག་ཞིབ་ཀྱི་གྲོས་ཚོགས་འཐུས་མི་རྣམས་ནས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་རྣམ་གཉིས་དང་མཇལ་འཕྲད་གནང་རྒྱུ། དེ་རྗེས་ཚེས་ ༢༠ ཉིན་ཁོང་རྣམས་བཙན་བྱོལ་བོད་མིའི་དངོས་གཞིའི་འོས་བསྡུ་ཉིན་མོར་བཞུགས་སྒར་རྡ་ས་དང་དེའི་ཉེ་འཁྲིས་སུ་ཡོད་པའི་སྦིར་བོད་མིའི་གཞིས་སྒར་གཉིས་ཀྱི་འོས་བསྡུའི་ས་ཚིགས་ཁག་ཏུ་ཆེད་ཕེབས་ཀྱིས་སྐྱབས་བཅོལ་བོད་མིའི་འོས་བསྡུ་ཆེན་མོར་གཟིགས་ཞིབ་གནང་རྒྱུ་རེད་འདུག ཟླ་བ་འདིའི་ཚེས་ ༢༡ ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུ་རྒྱུ་གཙོས་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ལས་ཀྱི་སྣེ་མོ་དང་། ས་གནས་མི་དམངས། དེ་བཞིན་གསར་འགོད་པ་སོགས་དང་མཇལ་འཕྲད་གནང་རྒྱུའི་ལས་རིམ་ཁག་ཅིག་བང་སྒྲིག་འདུག རྩ་བའི་དེ་སྔ་སྔོན་འགྲོ་འོས་བསྡུ་སྐབས་སུའང་ཨེ་ཤེ་ཡའི་མང་གཙོ་འབྲེལ་མཐུད་ཁང་དང་ཨེ་ཤེ་ཡ་རང་དབང་འོས་བསྡུའི་འབྲེལ་མཐུད་ཁང་གཉིས་ཀྱི་སྐུ་ཚབ་མི་སྣ་བཞི་བཞུགས་སྒར་དུ་ཆེད་ཕེབས་ཐོག བཙན་བྱོལ་བོད་མིའི་བཀའ་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུ་ཆེན་མོའི་ལས་རིམ་ཡོངས་རྫོངས་ལ་ཞིབ་འཇུག་གོ་བསྡུར་གནང་ཡོད་པ་མ་ཟད། སྐབས་དེར་འོས་བསྡུའི་ལས་རིམ་ཐད་རྟོག་ཞིབ་གནང་པའི་གྲུབ་དོན་ཡོངས་ཁྱབ་གསལ་བསྒྲགས་གནང་པའི་ནང་། ད་ལན་གྱི་མང་གཙོའི་འོས་བསྡུའི་ལས་རིམ་ནང་མང་ཚོགས་ནས་སྔར་ལྷག་གི་ཚ་ཚ་འུར་འུར་གྱིས་མཉམ་ཞུགས་གནང་པར་བསྔགས་བརྗོད་ཞུས་ཡོད་ཀྱང་། འོས་བསྡུ་ལྷན་ཁང་གིས་གཞུང་ནས་ངོས་འཛིན་ཡོད་མེད་ཅི་རིགས་ཀྱི་ཚོགས་སྡེ་ཚང་མར་འོས་མིའི་འགྲོ་སོང་གཏོང་ཕྱོགས་ཐད་གཅིག་མཚུངས་དང་ཚད་ལྡན་གནང་དགོས་པ་དང་། དེ་མིན་འོས་འཕེན་པར་སྔོན་འགྲོའི་ཆ་རྐྱེན་དུ་བོད་མི་ཚོས་ངེས་པར་དུ་དང་བླངས་ཀྱི་དཔྱ་དངུལ་ངེས་འབུལ་དགོས་པ་དེ་གལ་ཆེར་གཟིགས་ཀྱི་མེད་པ་གསུངས་པ་མ་ཟད། ལྷག་དོན་དུ་ཉིན་བརྒྱ་དུས་གཅིག་ལ་གང་ཟག་གཅིག་ནས་སྲིད་སྐྱོང་དང་སྤྱི་འཐུས་རྣམ་པའི་མཚན་དང་ཕ་ཡུལ་སོགས་དགོས་ངེས་ཀྱི་ཆ་རྐྱེན་མང་དག་ཞིག་བཟོས་པས་འོས་འཕེན་མཁན་ཚོར་ཆེས་དཀའ་བའི་གདོང་ལེན་ཞིག་གནང་དགོས་སྟབས། འོས་ཤོག་དེའང་ཁ་གསལ་དང་སྟབས་བདེ་ཞིག་དགོས་གལ་ཆེ་བ། དེ་བཞིན་སྔོན་འགྲོའི་འོས་བསྡུ་སྟབས་བདེ་བཟོ་རྒྱུ་དེས་མང་ཚོགས་ཚོས་རེ་འདུན་ལྟར་གྲུབ་འབྲས་གང་མགྱོགས་སོན་པར་དགེ་མཚན་ཆེ་བ་ཡོད་སྐོར་སོགས་གསུངས་ཡོད།  

མགོ་ལོག་འཇིགས་མེད་ལགས་ཀྱིས་ཡུ་རོབ་གྲོས་ཚོགས་ནང་ཉན་ཞིབ་ལས་དོན་ཐག་བོད་ནང་གི་ཛ་དྲག་གནས་སྟངས་གསལ་བཏོན་གནང་པ།

ཆབ་སྲིད་བཙོན་ཟུར་གྲྭ་མགོ་ལོག་འཇིགས་མེད་ལགས་ཀྱིས་རྒྱ་ནག་གི་བཙན་འོག་ཏུ་ཡོད་པའི་བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་རྣམས་བདེན་དཔང་གིས་ཞིབ་རྒྱས་ཐོག་གསལ་བཏོན་གྱི་སྙན་སེང་ཞུས་འདུག   དེ་ཡང་ཟླ་འདིའི་ཚེས་ ༡༦ ཉིན་བྷེལ་ཇམ་གྱི་རྒྱལ་ས་བྷར་སེལ་དུ་རྟེན་གཞི་བྱས་པའི་ཡུ་རོབ་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གིས་གོ་སྒྲིག་འོག བོད་མིའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་ཉན་ཞིབ་སྐབས་དེར་ཆབ་སྲིད་བཙོན་ཟུར་གྲྭ་མགོ་ལོག་འཇིགས་མེད་ལགས་ཀྱིས་བོད་ནང་གི་བོད་མི་ཚོར་འགྲོ་བ་མི་ལ་དགོས་ངེས་ཀྱི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་གསུང་བཤད་གནང་སྐབས་གཞིས་ལུས་རྒྱ་ཆེ་བོད་མིར་མུ་མཐུད་ནས་འཕྲད་བཞིན་ཡོད་པའི་དཀའ་སྡུག་ཁག་གསལ་བཏོན་གནང་འདུག སྐབས་དེར་གྲྭ་མགོ་ལོག་འཇིགས་མེད་ལགས་ཀྱིས་གསུང་དོན། ཁོང་རང་ཉིད་དེ་སྔ་སྤྱི་ལོ་ ༢༠༠༨ དང་ ༢༠༠༩ དེ་བཞིན་ ༢༠༡༢ བཅས་སུ་རྒྱ་གཞུང་གིས་ཐེངས་གསུམ་འཛིན་བཟུང་བཙོན་འཇུག་བྱས་ཏེ་མི་སྤྱོད་ལས་འདས་པའི་སྡུག་སྦྱོང་མནར་གཅོད་མྱངས་པའི་དངོས་ཀྱི་གནས་ཚུལ་ཁག་ལུང་འདྲེན་དང་སྦྲགས། ད་ལྟ་རྒྱ་གཞུང་གི་བཙོན་ཁང་ནང་ཡོད་པའི་བོད་མི་ཆབ་སྲིད་བཙོན་པ་དང་། གཞིས་བཞུགས་བོད་མི་རྣམས་ལ་ཆོས་དད་རང་དབང་དང་སྨྲ་བརྗོད་ཀྱི་རང་དབང་། དེ་བཞིན་སྤྱི་དམངས་ཐོབ་ཐང་སོགས་གང་ཡང་མེད་པས་བོད་འདི་བཞིན་རྒྱའི་བཙོན་ཁང་ཆེན་པོ་ཞིག་ཏུ་གྱུར་ཡོད་པའི་གནས་ཚུལ་ངོ་སྤྲོད་གནང་འདུག གཞན་ཡང་ཁོང་གིས་སྐབས་དེར་བཅར་བའི་ཡུ་རོབ་མཐུན་ཚོགས་ཀྱི་འཐུས་མི་རྣམས་ལ་བོད་ནང་གི་གནས་སྟངས་དེ་ཉིན་རེ་བཞིན་ཛ་དྲག་ཏུ་འགྲོ་བཞིན་ཡོད་སྟབས། ཡུ་རོབ་གྲོས་ཚོགས་ནས་ཀྱང་རྒྱལ་སྤྱིའི་ཕྱི་འབྲེལ་མི་སྣ་དང༌། གྲོས་ཚོགས་འཐུས་མི་སོགས་བོད་ནང་རང་དབང་གི་ཐོག་ནས་བསྐྱོད་ཐབས་གནང་སྟེ། རྒྱ་གཞུང་གི་བཙོན་ཁང་ནང་ཡོད་པའི་བོད་མི་ཆབ་སྲིད་བཙོན་པ་རྣམས་ཀྱི་གནས་སྟངས་ལ་གཟིགས་ཞིབ་མཐིལ་ཕྱིན་གནང་དགོས་པ་མ་ཟད། བོད་ས་ཁྱོན་ཡོངས་སུ་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་བཟང་དུ་གཏོང་ཐབས་གནང་དགོས་གལ་ཡིན་པའི་འབོད་སྐུལ་ཡང་ནན་པོ་ཞུས་འདུག གཞི་རྩའི་མགོ་ལོག་འཇིགས་མེད་ལགས་ཀྱིས་ཡུ་རོབ་གྲོས་ཚོགས་ནང་ཙམ་མིན་པར། ཕྱི་ཟླ་ ༡ ཕྱི་ཚེས་༢༥ ནས་འགོ་འཛུགས་ཀྱིས་ད་བར་ཡུ་རོབ་རྒྱལ་ཁབ་འཇར་མ་ནི་དང་སུད་སི་སོགས་ཀྱི་གཞུང་འབྲེལ་མི་སྣ་དང་། གྲོས་ཚོགས་འཐུས་མི། དེ་བཞི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཐུས་མི་དང་མཇལ་འཕྲད་གནང་སྟེ།  བོད་ནང་གི་ཆེས་ཛ་དྲག་གནས་སྟངས་རྣམས་རྒྱལ་སྤྱིའི་ཐོག་སྙན་གསེང་དང་སྦྲགས། རྒྱ་གཞུང་གིས་བོད་མི་ཆབ་སྲིད་བཙོན་པ་རྣམས་ལ་མི་སྤྱོད་ལས་འདས་པའི་མནར་གཅོད་གཏོང་བཞིན་པའི་སྲིད་བྱུས་དེ་དག་མཚམས་འཇོག་དགོས་པའི་ཞུ་གཏུགས་གནང་པ་མ་ཟད། ལྷག་དོན་ཁོང་གིས་སུད་སི་གྲོང་ཁྱེར་ཇེ་ནི་ཝར་ཚོགས་བཞིན་པའི་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མི་ཐོབ་ཐང་ལྷན་ཚོགས་ཐོག་བཅར་བའི་རྒྱལ་སྤྱིའི་ཡུལ་གྲུ་ཁག་གི་སྐུ་ཚབ་དང་། ཨོ་སི་ཊི་ལི་ཡའི་གཞུང་དང་གྲོས་ཚོགས་གོང་འོག་གི་གྲོས་ཚོགས་འཐུས་མི་རྣམས་དང་མཇལ་འཕྲད་ཀྱིས་བོད་དོན་སྙན་སེང་ཞུས་ཡོད།

རྒྱ་གཞུང་ནས་སླར་ཡང་བོད་ནང་མེ་འཁོར་ལྕགས་ལམ་གསར་བརྒྱག་གི་ལས་གཞི་དེས་བོད་ཀྱི་ཁོར་ཡུག་དང་རིག་གཞུང་སོགས་ལ་དོ་ཕོག་ཆེན་པོ་ཐེབས་ངེས་ཡིན་པ་བརྗོད་འདུག

ཉེ་ཆར་ཟླ་འདིའི་ཕྱི་ཚེས་ ༡༤ ཉིན་རྒྱ་ནག་གི་རྒྱལ་ས་པེ་ཅིང་ནང་དུ་མཇུག་བསྒྲིལ་ཟིན་པའི་རྒྱ་ནག་རྒྱལ་ཡོངས་ཀྱི་མི་དམངས་འཐུས་མི་ཚོགས་ཆེན་སྐབས་ ༡༢ ཐོག་རྒྱ་ནག་གཞུང་གིས་བོད་དང་རྒྱ་ནག་ས་ཁུལ་ཁག་ཏུ་ཚོང་དང་ཡུལ་སྐོར་སྤྲོ་འཆམ་པ་སོགས་རྒྱ་བསྐྱེད་གཏོང་རྒྱུར་དམིགས་ཏེ་ཁྲན་ཏུ་ནས་བོད་ཀྱི་རྒྱལ་ས་ལྷ་སའི་བར་དུ་མེ་འཁོར་ལྕགས་ལམ་གསར་བརྒྱག་གི་ལས་གཞི་དེས་བོད་ཀྱི་ཁོར་ཡུག་དང་རིག་གཞུང་།  དེ་བཞིན་རྒྱ་བལ་འབྲུག་གསུམ་གཙོས་པའི་ལྷོ་ཤར་ཨེ་ཤེ་ཡའི་མངའ་ཁུལ་གྱི་ས་བབས་གནས་སྟངས་དང་རྒྱུག་ཆུའི་མཐུན་ཁུངས་སོགས་ལ་དོ་ཕོག་ཆེན་པོ་ཐེབས་ངེས་ཡིན་པ་བརྗོད་འདུག དེ་ཡང་ཨ་རི་ནང་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་སྐུ་ཞབས་ Matteo Mecacci ལགས་ཀྱིས་དེ་སྔ་སྤྱི་ལོ་ ༢༠༠༦ ལོར་རྒྱ་ནག་གཞུང་གིས་གོར་མོ་ནས་བོད་ཀྱི་རྒྱལ་ས་ལྷ་ས་བར་མེ་འཁོར་ལྕགས་ལམ་འཛུགས་བསྐྲུན་བྱས་པ་ནས་བཟུང་བོད་ཀྱི་ས་ཁུལ་ཁག་ཏུ་རྒྱ་རིགས་མང་དུ་བཏང་སྟེ་བོད་རིགས་འདི་བཞིན་གྲངས་ཉུང་མི་རིགས་ཤིག་ཏུ་བཟོ་བཞིན་ཡོད་པའི་གནས་ཚུལ་ཁག་ལུང་འདྲེན་དང་སྦྲགས། སླར་ཡང་རྒྱ་ནག་གཞུང་གིས་ཁྲན་ཏུ་ནས་བོད་ཀྱི་རྒྱལ་ས་ལྷ་སའི་བར་མེ་འཁོར་ལྕགས་ལམ་གསར་བརྒྱག་བྱ་རྒྱུའི་ལས་གཞི་དེས་བོད་ཀྱི་ཁོར་ཡུག་དང་རིག་གཞུང་ཙམ་མིན་པར་རྒྱ་ནག་གཞུང་གིས་བོད་ཀྱི་ནགས་ཚལ་དང་རང་བྱུང་མཐུན་བསྐྱེད་རྣམས་རྩ་མེད་གཏོང་བཞིན་ཡོད་པ་མ་ཟད། ལྷག་དོན་བོད་ཀྱི་ས་ཁུལ་ཁག་ཏུ་རྒྱ་གཞུང་གི་ཉེན་རྟོག་པ་དང་མི་རིགས་རྒྱ་བསྐྱེད་བཏང་རྒྱུའི་ཐབས་ལམ་ཞིག་རེད་ཅེས་གསལ་སྟོན་དང་སྐྱོན་བརྗོད་ནན་པོ་བྱས་འདུག ད་དུང་ཁོང་གིས་རྒྱ་ནག་གཞུང་གིས་འཛུགས་བསྐྱུན་བྱ་འཆར་ཡོད་པའི་མེ་འཁོར་ལྕགས་ལམ་གྱི་ལས་གཞི་དེ་ཡང་རྒྱ་གར་དང་བལ་ཡུལ། དེ་བཞིན་འབྲུག་ཡུལ་བཅས་ཀྱི་ས་མཚམས་སུ་ཆགས་པའི་བོད་ཀྱི་ས་ཁུལ་ཁག་བརྒྱུད་ནས་བོད་ཀྱི་རྒྱལ་ས་ལྷ་ས་བར་དུ་མཐུད་འཆར་ཡོད་པ་ཞིག་རེད་ལ། དེ་ཡང་བོད་དང་རྒྱ་ནག་གཉིས་ཀྱི་གནད་དོན་ཁོ་ན་མིན་པར་མ་འོངས་པར་རྒྱ་གར་དང་རྒྱ་ནག་གཉིས་ཀྱི་ས་འཚམས་ཀྱི་དཀའ་རྙོག་གཙོས་པའི་ཧི་མཱ་ལ་ཡའི་ཞི་བདེ་ལྷིང་འཇགས་ལ་གནོད་སྐྱོན་ཆེན་པོ་ཐེབས་སྲིད་པའི་རང་བཞིན་ལྡན་སྐོར་བརྗོད་འདུག གཞི་རྩའི་རྒྱ་ནག་རྒྱལ་ཡོངས་མི་དམངས་མཐུས་མི་ཚོགས་ཆེན་གྱིས་ཐག་གཅོད་ཟིན་པའི་མེ་འཁོར་ལྕགས་ལམ་གསར་བརྒྱག་གི་ལས་གཞི་དེ་ནི་འདི་ལོ་ནས་འགོ་འཛུགས་ཀྱིས་སྤྱི་ལོ་ ༢༠༢༠ ནང་མཇུག་བསྒྲིལ་བྱ་རྒྱུའི་འཆར་གཞི་ཡོད་པ་རེད་འདུག  

འོས་སྡུ་དང་འབྲེལ་བའི་དྲིལ་བསྒྲགས་རིགས་མཚམས་འཇོག་བྱ་དགོས་པ་གསུངས་འདུག

  རིང་མིན་ཟླ་འདིའི་ཕྱི་ཚེས་ ༢༠ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་སྐབས་ ༡༦ པའི་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུ་སླེབས་ལ་ཉེ་བ་དང་བསྟུན། བཞུགས་སྒར་དུ་རྟེན་གཞི་བྱས་པའི་དབུས་འོས་བསྡུ་ལས་ཁང་ནས་ཁ་སང་ཚེས་ ༡༤ ཉིན་ཡོངས་ཁྱབ་གསལ་བསྒྲགས་ཤིག་སྤེལ་བའི་བརྒྱུད། འོས་མི་སྒེར་དང་ཚོགས་སྡེ་ཁག་ཚང་མས་དངོས་གཞིའི་འོས་བསྡུ་ཆེན་མོ་མ་སླེབས་པའི་ཉིན་གཉིས་ཀྱི་སྔོན་ཚུད་ནས་འོས་བསྡུའི་དྲིལ་བསྒྲགས་རིགས་ཡོངས་རྫོགས་མཚམས་འཇོག་བྱ་དགོས་པ་གསུངས་ཡོད། དེ་ཡང་ཁ་སང་ཚེས་ ༡༤ ཉིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་དྲ་གནས་ཐོག་དབུས་འོས་སྡུ་ལས་ཁང་གིས་ཡོངས་ཁྱབ་ཀྱི་གསལ་བསྒྲགས་དེ་འདོན་སྤེལ་གནང་འདུག་པ་དང། དེའི་ནང་གཙོ་བོ་གནད་དོན་གཉིས་ཀྱི་ཐོག་ལ་འོས་མི་སྒེར་དང་ཚོགས་སྡེ་ཁག་ནས་སྒྲིག་གཞི་ལྟར་ལག་བསྟར་ཞུ་དགོས་པ་དང། ས་གནས་འོས་བསྡུའི་ལས་ཁང་ནས་ཀྱང་དེ་དག་ཐོག་ཞིབ་འཇུག་དང་སྟངས་འཛིན་ནན་པོ་བྱ་དགོས་པ་གསུངས་འདུག ༡༽ འོས་མི་ལངས་མཁན་སྒེར་དང་ཚོགས་སྡེ་ཁག་ནས་གྱང་སྦྱར་གསལ་བསྒྲགས་རྣམས་ ༢༠༡༦ ཟླ་ ༣ ཚེས་ ༡༨ སྔ་དྲོ་ནས་ཚང་མ་བཀོག་སྟེ་གཙང་མ་བཟོ་དགོས་པ་དང་། དེ་བཞིན་སྤྱི་ཚོགས་དྲ་ལམ་ཁག་དང་སྐད་འཕྲིན་ཁག་ཏུའང་དྲིལ་བསྒྲགས་རིགས་མཚམས་འཇོག་བྱ་དགོས་པ། ལྷག་པར་དུ་འོས་བསྡུའི་ཉིན་མོ་ ༢༠༡༦ ཟླ་ ༣ ཚེས་ ༢༠ སྔ་པོ་ནས་ད་དུང་གསལ་བསྒྲགས་དེ་རིགས་ས་གནས་ཁག་ཏུ་སྦྱར་འགྲེམས་ཡོད་མེད་ས་གནས་འོས་བསྡུའི་ལས་ཁང་ནས་ཞིབ་འཇུག་ནན་ཏན་ཞུ་དགོས་པ་འཁོད་འདུག ༢༽ འོས་བསྡུའི་ས་གནས་སོ་སོར་འོས་ཤོག་གྲངས་བཤེར་ཟིན་རྗེས་འོས་གཞི་དོ་བདག་སོ་སོར་ས་གནས་དེ་ནས་འོས་གྲངས་ཇི་ཐོབ་ས་གནས་དེ་གའི་འོས་བསྡུའི་ཚོགས་མི་དང། ཟུར་དཔང་མཉམ་འཛོམས་ཐོག་ས་གནས་འོས་བསྡུའི་འགན་འཛིན་ནས་གསལ་བསྒྲགས་བྱེད་རྒྱུ་དང་། རྒྱ་བལ་འབྲུག་གསུམ་དང་། ཕྱི་རྒྱལ་བོད་མིའི་འབྲེལ་ལས་སོ་སོའི་རྒྱང་སྦྱར་ཐོག་སྦྱོར་འགྲེམས་ཀྱི་འཐུས་རྒྱུ་དང། མི་མང་འདུ་བསྐོང་དང་ཕྱི་རྒྱར་གསལ་བསྒྲགས་རིགས་མི་དགོས་པ་དང། ཞིབ་ཆའི་སྤྱི་ཡོངས་ཀྱི་མཐའ་མའི་ཕྱོགས་བསྡོམས་འོས་བསྡུའི་གྲུབ་འབྲས་གསར་ཤོག་དང། གསར་འགྱུར་བརྒྱུད་ལམ་ཁག ས་གནས་འོས་བསྡུ་ལས་ཁང་ཁག་བཅས་བརྒྱུད་ཡོངས་ཁྱབ་གསལ་བསྒྲགས་དབུས་འོས་བསྡུ་ལས་ཁང་ནས་གནང་རྒྱུ་ཡིན་པ་དེ་ལུགས་དམ་འཛིན་དགོས་པའི་སྐུལ་མ་གནང་འདུག

ཕྱི་ལོ་ ༢༠༠༨ ལོ་ནས་བཟུང་རྒྱའི་བཙོན་ནང་བོད་མི་ཆབ་སྲིད་བཙོན་པ་ ༢༩ འདས་གྲོངས་སུ་གྱུར་འདུག

བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་ཚོགས་འཕེལ་རྒྱས་ལྟེ་གནས་ཁང་གིས་བོད་ནང་གི་ཆབ་སྲིད་བཙོན་པའི་སྐོར་གྱི་དྲ་རྒྱ་གསར་པ་དབུ་འབྱེད་གནང་པ་དང་སྦྲགས།  བོད་ནང་གི་བོད་མིའི་ཆབ་སྲིད་བཙོན་པའི་གནས་སྟངས་ལོ་རེ་བཞིན་ཇེ་སྡུག་ཏུ་ཕྱིན་པ་ལས་ཡར་རྒྱས་ཀྱི་རྣམ་པ་གང་ཡང་ཕྱིན་མེད་པ་མ་ཟད། ལྷག་པར་དུ་ཕྱི་ལོ་ ༢༠༠༨ ལོ་ནས་བཟུང་རྒྱའི་བཙོན་ནང་བོད་མི་ཆབ་སྲིད་བཙོན་པ་ ༢༩ འདས་གྲོངས་སུ་ཕྱིན་ཡོད་པ་གསུངས་སོང། དེའང་ཁ་སང་ཟླ་ ༣ ཚེས་ ༡༤ ཉིན་ཏེ་དེ་སྔ་བོད་ནང་ཕྱི་ལོ་ ༢༠༠༨ ལོར་བོད་ས་ཡོངས་སུ་ས་བྱི་ཞི་རྒོལ་ཆེན་མོ་བྱུང་ནས་ལོ་བརྒྱད་འཁོར་བའི་དུས་ཚིགས་དང་བསྟུན། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་དྲ་རྒྱའི་གདོང་ངོས་དཀར་ཆག་ནང་ political prisoners  ཞེས་པའི་བོད་ནང་གི་ཆབ་སྲིད་བཙོན་པའི་གནས་ཚུལ་ཕྱོགས་སྒྲིག་ཞུས་པའི་སྡེ་ཚན་གསར་པ་ཞིག་དབུ་འབྱེད་གནང་ཡོད་པ་རེད། སྡེ་ཚན་དེའི་ནང་དུ་ཕྱི་ལོ་ ༢༠༠༨ ལོ་ནས་བཟུང་དང་ད་བར་རྒྱ་གཞུང་གིས་འཛིན་བཟུང་དང་བཙོན་བཅུག་བྱས་པའི་བོད་མིའི་ཆབ་སྲིད་བཙོན་པའི་མཚན་དང་ལོ་རྒྱུས། དེ་བཞིན་བཙོན་ཁང་ནང་དུ་འདས་གྲོངས་སུ་གྱུར་བ།  གཞན་ཡང་ ༢༠༠༩ ལོ་ནས་བོད་ནང་བོད་མི་རང་ལུས་མེར་སྲེག་གནང་མཁན་ཚོའི་མཚན་དང་ལོ་རྒྱུས་བཅས་འཁོད་འདུག ད་ལན་ལྟེ་གནས་ཁང་གིས་ཀྱང་གསར་སྐྲུན་ཞུས་པའི་དྲ་རྒྱ་དེའི་དགོས་དམིགས་གཙོ་བོ་ནི། རྒྱལ་སྤྱིའི་སྟེང་དྲ་རྒྱ་དེ་བརྒྱུད་ནས་བོད་ནང་བོད་མིའི་ཆབ་སྲིད་བཙོན་པའི་གནས་སྟངས་གསལ་སྟོན་ཞུས་པ་ར་འཕྲོད་ཡོང་སླད་དང་།  དེ་བཞིན་རྒྱལ་སྤྱིའི་ཁྲོད་དུ་འགྲོ་བ་མིའི་ཐོབ་ཐང་ཐད་ཕྱག་ལས་གནང་མཁན་གྱི་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ། ཉམས་ཞིབ་པ་བཅས་ལ་དུས་ཐོག་བོད་ནང་གི་ཆབ་སྲིད་བཙོན་པའི་སྐོར་གྱི་གནས་ཚུལ་ཁ་གསལ་དང་ཁུངས་ལྡན་སྒོ་ནས་མཁོ་འདོན་བྱེད་ཐུབ་པ་སོགས་ཀྱི་ཆེད་ཡིན་པ་རེད་འདུག འདི་ག་རླུང་འཕྲིན་ཁང་གིས་ལྟེ་ཁང་དེའི་ཉམས་ཞིབ་པ་བསྟན་འཛིན་རྣམ་དག་ལགས་སུ་ད་ལན་དབུ་འབྱེད་གནང་པའི་བོད་མིའི་ཆབ་སྲིད་བཙོན་པའི་གནས་ཚུལ་འཁོད་པའི་དྲ་རྒྱའི་ཐོག་བཅར་འདྲི་ཁག་ཅིག་ཞུས་པར་ཁོང་གིས་འདི་ནི་བོད་ཀྱི་ཆབ་སྲིད་བཙོན་པའི་གནས་ཚུལ་སྐོར་གྱི་དྲ་རྒྱ་ཐོག་མ་དེ་ཆགས་ཡོད་ལ།  ཕྱི་ལོ་ ༢༠༡༦ ལོར་ཆབ་སྲིད་བཙོན་པའི་སྐོར་གྱི་མཚན་ཐོ་དང་གནས་ཚུལ་རྣམས་སྔར་ལས་ལྷག་པར་ཚགས་ཚུད་དང་ཁུངས་ལྡན་བཟོས་པའི་ཐོག་ནས་གནས་ཚུལ་མཁོ་འདོན་བྱ་རྒྱུ་ཡིན་ཅེས་གསུངས་ཡོད། ད་དུང་ཁོང་གིས་ད་བར་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ནས་ཤེས་རྟོགས་བྱུང་བར་རྒྱ་ནག་གཞུང་གི་བཙོན་ཁང་ནང་དུ་བོད་མི་ཆབ་སྲིད་བཙོན་པ་ ༢༠༠༠ ལྟག་ཡོད་པ་དང་།  ཕྱི་ལོ་ ༢༠༠༨ ལོ་ནས་རྒྱའི་བཙོན་ནང་བོད་མི་ཆབ་སྲིད་བཙོན་པ་ ༢༩ འདས་གྲོངས་སུ་གྱུར་བ་མ་ཟད། ལྷག་དོན་ད་ལྟའི་ཆར་བོད་ནང་གི་བོད་མིའི་ཆབ་སྲིད་བཙོན་པའི་གནས་སྟངས་ལོ་རེ་བཞིན་ཇེ་སྡུག་ཏུ་ཕྱིན་པ་ལས་ཡར་རྒྱས་ཀྱི་རྣམ་པ་གང་ཡང་ཕྱིན་མེད་ཅེས་གསུངས་སོང་། གཞི་རྩའི་ཟླ་བ་སྔོན་མའི་ནང་དུ་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་ཕྱི་ལོ་ ༢༠༡༥ ལོའི་ནང་བོད་ནང་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་ལོ་འཁོར་སྙན་ཐོ་ཞིག་འདོན་སྤེལ་གནང་ཡོད་པ་རེད།  སྙན་ཐོ་དེའི་ནང་ལ་ད་བར་ཤེས་རྟོགས་བྱུང་བའི་བོད་མི་ཆབ་སྲིད་པའི་གྲངས་འབོར་དེ་ ༢༠༨༡ ཡིན་པ་དང། དེའི་ཁྲོད་ནས་གྲྭ་བཙུན་ཁྱོན་བསྡོམས་ ༩༦༧ ཡིན་འདུག་པ་མ་ཟད། ལྷག་དོན་ཕྱི་ལོ་ ༢༠༡༥ ལོར་ཁོ་ནར་རྒྱ་གཞུང་གིས་འཛིན་བཟུང་བྱས་པའི་ཆབ་སྲིད་བཙོན་པའི་གྲངས་འབོར་ནི་ ༦༨ ཡིན་པ་གསལ་བཏོན་གནང་ཡོད།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་དུ་ཚུར་ཞབས་སོར་བདེ་བར་འཁོད་གནང་མཛད་པ།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་ནང་ལ་ཟླ་བ་གཅིག་དང་ཕྱེད་ཙམ་རིང་༸སྐུའི་འཕྲོད་བཞེས་སྨན་གཅོས་བརྟག་དཔྱད་གཙོས་པའི་ཆོས་འབྲེལ་གྱི་མཛད་འཆར་ཁག་ཅིག དེ་བཞིན་ཡུ་རོབ་ཁུལ་གྱི་མཛད་འཆར་ཁག་ལེགས་གྲུབ་ཀྱིས་བཞུགས་སྒར་དུ་ཕྱིར་ཞབས་སོར་བདེ་བར་འཁོད་གནང་མཛད་སོང། དེ་ཡང་ཁ་སང་སྔ་དྲོ་ཚོུད་ ༡༠།༠༠ ཙམ་ལ་བཞུགས་སྒར་གྱི་ཉེ་འདབས་སུ་ཡོད་པའི་གྷ་གལ་གནམ་ཐང་དུ་ཞབས་སོར་བདེ་བར་འཁོད་སྐབས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་པ་མཆོག་དང་།  བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་དབུས་པའི་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་ཁག་ཅིག དེ་བཞིན་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་འགན་འཛིན་དང་སྐུ་ཚབ་རྣམ་པ། གཞན་ཡང་གོ་པལ་པུར་བོད་ཁྱིམ་སློབ་གྲྭ་དང་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་དགེ་ལས་སློབ་མ་ཁག་ཅིག་གཙོས་ས་གནས་བོད་རིགས་དང་དད་ལྡན་མང་ཚོགས་རྣམས་ཀྱིས་ཕྱག་ཏུ་དྭངས་གཙང་མཇལ་དར་གཙོས་བདུག་སྤོས་བསྣམས་ཤིང། བཀྲིས་ཞོལ་པ་འཁྲབ་སྟོན་དང་གྲོ་སོ་ཕྱེ་མར་ཆང་ཕུད་བཅས་འདེགས་འབུལ་གྱིས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་སོང། སྐབས་དེར་གསར་འགོད་པས་མགོན་པོ་༸གང་ཉིད་མཆོག་ལ་བཀའ་འདྲི་ཞུས་པར་བཀའ་ལན་གནང་དོན་ལ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཐེངས་འདིའི་༸སྐུའི་འཕྲོད་བཞེས་སྨན་བཅོས་བརྟག་དཔྱད་དང་སྐུ་ངལ་གསོ་བཞུགས་གང་ལེགས་བྱུང་ཡོད་པ་དང་། སྐུ་གཟུགས་གསལ་ཐང་ཐོག་བཞུགས་སྒར་དུ་ཕྱིར་ཕེབས་ཐུབ་པ་བྱུང་བར་ཐུགས་དགྱེས་ཚོར་ཆེན་པོ་བྱུང་ཞེས་བཀའ་སྩལ་གནང་པ་དང་ཆབས་ཅིག་ཏུ་༸གང་ཉིད་མཆོག་༸སྐུའི་འཕྲོད་བཞེས་སྨན་བཅོས་གནང་རིང་ལ་གཞིས་བྱེས་གཉིས་ཀྱི་བོད་མི་གཙོས་དད་ལྡན་གྲོགས་ཕོ་མོ་བཅས་ཀྱིས་ཐུགས་གསོའི་སྨོན་ལམ་དང་བྱིས་པ་ཚོས་ཀྱང་དྲག་སྐྱེད་ཡོང་སླད་ནད་གསོའི་འཚམས་འདྲིར་ཕྱག་བྲིས་ཕུལ་བར་ཐུགས་རྗེ་ཆེ་གནང་ཞེས་བཀའ་སྩལ་གནང་ཡོད་པ་རེད། གཞི་རྩའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཟླ་ ༡ ཕྱི་ཚེས་ ༢༠ ནས་དབུ་ཚུགས་ཀྱིས་ད་ལྟ་བར་ཨ་རིའི་ Rochester གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་མཱ་ཡོ་སྨན་ཁང་དུ་ཟླ་བ་གཅིག་དང་ཕྱེད་ཙམ་རིང་༸སྐུའི་འཕྲོད་བཞེས་སྨན་གཅོས་བརྟག་དཔྱད་གནང་པའི་སྐབས་སུ་གཞིས་བྱིས་གཉིས་ཀྱི་བོད་མི་ཡོངས་ལ་སེམས་འཚབ་ཆེན་པོ་བྱུང་ཡོད་ཀྱང་། ད་ལན་༸གོང་ས་མཆོག་༸སྐུའི་འཕྲོད་བཞེས་སྨན་གཅོས་བརྟག་དཔྱད་ལེགས་གྲུབ་ཀྱིས་སྐུ་གཟུགས་གསལ་ཐང་ཐོག་བཞུགས་སྒར་དུ་ཕྱིར་ཞབས་སོར་བདེ་བར་འཁོད་སྟབས། བཞུགས་སྒར་རྡ་སར་གཉུག་མར་གནས་པ་དང་གློ་བུར་དུ་ལྷགས་པ་ཀུན་གྱིས་དགའ་དད་སྤྲོ་གསུམ་གྱི་སྒོ་ནས་བརྗོད་པ་དཀའ་བའི་དགའ་ཚོར་ཆེན་པོ་བྱུང་ཞེས་གསུངས་ཀྱི་འདུག རྩ་བའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཆོག་ཕྱི་ཟླ་ ༡ ཕྱི་ཚེས་ ༢༠ ནས་ཨ་རིའི་མཱ་ཡོ་སྨན་ཁང་དུ་༸སྐུའི་འཕྲོད་བཞེས་སྨན་གཅོས་བརྟག་དཔྱད་དང་སྐུ་ངལ་གསོ་བཞུགས་མཛད་རིང་ལ་མཱ་ཡོ་སྨན་ཁང་གི་སྨན་པ་དང་སྨན་ཞབས་པ། དེ་བཞིན་འབྲེལ་ཡོད་ལས་བྱེད་རྣམས་ལ་འཕྲོད་བསྟེན་དང་སྙིང་རྗེའི་འབྲེལ་བ་ཞེས་པའི་སྐོར་ལ་བླང་དོར་བཀའ་སློབ་སྩལ་ཡོད་པ་དང་། མེ་ཊི་སོན་གྲོང་ཁྱེར་དུ་དགེ་བཤེས་གླང་རི་ཐང་པས་མཛད་པའི་བློ་སྦྱོང་ཚིག་བརྒྱད་མའི་བཀའ་ཆོས། དེ་བཞིན་ཝིས་ཁོན་སིན་གཙུག་ལག་སློབ་གཉེར་ཁང་དུ་བཟང་སྤྱོད་གོང་ཐོར་དང་འབྲེལ་བའི་བགྲོ་གླེང་གི་ཚོགས་མགོན་དུ་དབུ་བཞུགས་མཛད་པ་སོགས་ཀྱི་མཛད་འཕྲིན་ཁག་ཅིག་བསྐྱངས་ཡོད་པ་མ་ཟད། དེ་རྗེས་ཕྱི་ཚེས་ ༡༡ ཉིན་རྒྱལ་ཚོགས་ཀྱི་ཨ་རིའི་གཞུང་ཚབ་དང་ཁེ་ན་ཌའི་གཞུང་ཚབ་ཐུན་མོང་གིས་གོ་སྒྲིག་འོག་སུད་སི་གྲོང་ཁྱེར་ཇི་ནེ་ཝའི་ནང་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༣༡ འཚོགས་བཞིན་པ་དང་བསྟུན། ཁུལ་དེར་རྟེན་གཞི་བྱས་པའི་ Geneva Gratitude Institute ཞེས་པའི་བསྟི་གནས་ཁང་དུ་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ལྕམ་Tawakkol མཆོག་དང་ལྕམ་ Shirin Ebadi མཆོག དེ་བཞིན་གནད་ཡོད་མི་སྣ་ཁག་ཅིག་བཅས་ལྷན་དུ་འགྲོ་བ་མིའི་ཐོབ་ཐང་གོང་འཕེལ་གཏོང་ཐབས་ཀྱི་གནད་དོན་དང་འབྲེལ་བའི་ཟུར་ཚོགས་ཐོག་དབུ་བཞུགས་མཛད་ཡོད་ཡོད།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་དུ་ཚུར་ཆིབས་སྒྱུར་བསྐྱངས་སོང།

དེ་རིང་སྔ་ཐོག་ཚོུད་ ༡༠།༠༠ ཡོལ་ཙམ་ལ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་རྡ་སར་ཞབས་གསོ་བདེ་བར་འཁོད་གནང ་མཛད་སོང་། དེ་ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་ནང་ལ་ཟླ་བ་གཅིག་དང་ཕྱེད་ཙམ་རིང་༸སྐུའི་འཕྲོད་བཞེས་སྨན་གཅོས་བརྟག་དཔྱད་དང་། ཁུལ་དེའི་ནང་གི་ཆོས་འབྲེལ་གྱི་མཛད་འཆར་ཁག་ཅིག དེ་བཞིན་ཡུ་རོབ་ཀྱི་རྒྱལ་ཁབ་སུད་སི་ཇི་ནེ་ཝ་གྲོང་ཁྱེར་དུ་ཚོགས་པའི་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཟུར་ཚོགས་ཐོག་དབུ་བཞུགས་མཛད་པ་སོགས་ཀྱི་མཛད་འཆར་ཁག་ལེགས་གྲུབ་ཟིན་རྗེས། དེ་རིང་སྔ་ཐོག་ལྡི་ལི་ནས་ཆིབས་ཐོན་གྱིས་མཁའ་ལམ་བརྒྱུད་སྔ་དྲོ་ཚོུད་ ༡༠།༠༠ ཙམ་ལ་བཞུགས་སྒར་གྱི་ཉེ་འདབས་སུ་ཡོད་པའི་ Gagal གནམ་ཐང་དུ་ཞབས་སོར་བདེ་བར་འཁོད་གནང་ཡོད་པ་དང། སྐབས་དེར་གསར་འགོད་པས་མགོན་པོ་༸གང་ཉིད་མཆོག་ལ་བཀའ་འདྲི་ཞུས་པར་བཀའ་ལན་གནང་དོན་ལ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཐེངས་འདིའི་༸སྐུའི་འཕྲོད་བཞེས་སྨན་བཅོས་བརྟག་དཔྱད་དང་སྐུ་ངལ་གསོ་བཞུགས་གང་ལེགས་བྱུང་ཡོད་པ་དང་། སྐུ་གཟུགས་གསལ་ཐང་ཐོག་བཞུགས་སྒར་དུ་ཕྱིར་ཕེབས་ཐུབ་པ་བྱུང་བར་ཐུགས་དགྱེས་ཚོར་ཆེན་པོ་བྱུང་ཞེས་བཀའ་སྩལ་གནང་པ་དང་ཆབས་ཅིག་ཏུ་༸གང་ཉིད་མཆོག་༸སྐུའི་འཕྲོད་བཞེས་སྨན་བཅོས་གནང་རིང་ལ་གཞིས་བྱེས་གཉིས་ཀྱི་བོད་མི་གཙོས་དད་ལྡན་གྲོགས་ཕོ་མོ་བཅས་ཀྱིས་ཐུགས་གསོའི་སྨོན་ལམ་དང་བྱིས་པ་ཚོས་ཀྱང་ཐུགས་གསོའི་ཕྱག་བྲིས་ཕུལ་བར་ཐུགས་རྗེ་ཆེ་གནང་ཞེས་བཀའ་སྩལ་གནང་ཡོད་པ་རེད།

Latest news