Tibetan Royal Year of 2151 | Year of the Wood Dragon

གསར་འགྱུར།

ཀརྨ་པ་རིན་པོ་ཆེ་སུད་སི་ནང་༸ཞབས་སོར་བདེ་བར་འཁོད་པ།

བཀའ་བརྒྱུད་བསྟན་པའི་གསལ་བྱེད་དཔལ་རྒྱལ་བ་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་ད་རེས་ཡོ་རོབ་ སུད་སི་དང་ཕྷ་རན་སི་རྒྱལ་ཁབ་གཉིས་ནང་མཛད་འཆར་ཐུགས་གཏན་འཁེལ་གསལ། ཁ་སང་ཚེས་༡༨ཉིན་རིན་པོ་ཆེ་མཆོག་སུད་སི་གྲོང་ཁྱེར་ཇི་ནི་ཝར་༸ཞབས་སོར་བདེ་བར་འཁོད་འདུག ཕེབས་བསུ་སྣེ་ལེན་ཆེད་སུད་སིུ་སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེ་ལགས་ཀྱིས་གཙོས་པའི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བེུད་ལྷན་ཚོགས། དེ་བཞིན་མང་ཚོགས་བཅས་བཅར་འདུག མཛད་འཆར་ལྟར་ན། ཀརྨ་པ་རིན་པོ་ཆེ་མཆོག་གིས་ཟླ་བ་འདིའི་ཚེས་༢༡ནས་ཟླ་མཇུག་བར་ལ། སུད་སི་ནང་དུ་སྒོམ་སྒྲུབ་ཉམས་ལེན་སྐོར་དང་སེམས་ཀྱི་བདེ་སྐྲུན་ཐབས། སངས་རྒྱས་སྨན་བླ་དང་སྤྱན་རས་གཟིགས་ཀྱི་བཀའ་དབང་སོགས་ཆོས་འབྲེལ་དང་བཀའ་སློབ་བཅས་དང། དེའི་རྗེས་སུ་རིན་པོ་ཆེ་མཆོག་ཕྷ་རན་སི་ནང་དུ་ཆིབས་སྒྱུར་བཀྲིན་བསྐྱངས་རྒྱུ་རེད་འདུག  

༸གོང་ས་མཆོག་གིས་རྒྱ་རིགས་མི་མང་ནས་མི་རིགས་ཀྱི་ངོ་བོ་བདག་གཅེས་ཐོག་ཕྱག་ལས་གནང་གལ་ཡིན་པ་བཀའ་བསྩལ་འདུག

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཉི་ཧོང་གི་གྲོང་ཁྱེར་ཆེ་ཤོས་ཨང་གཉིས་པ་ཨོ་ས་ཀའི་ནང་ཆོས་འབྲེལ་གྱི་མཛད་འཆར་བསྐྱངས་པ་ལས།  ཆོས་འབྲེལ་གྱི་ཉིན་མཐའ་མར་མགོན་པོ་མཆོག་ནས་རྒྱ་རིགས་ཆོས་ཞུ་བ་རྣམས་ལ་དམིགས་བསལ་གྱི་མཇལ་ཁ་དང་བཀའ་སློབ་བསྩལ་ཡོད་པ་རེད། ༸གོང་ས་མཆོག་གིས་བཀའ་བསྩལ་གནང་དོན།  མགོན་པོ་༸གང་ཉིད་མཆོག་གིས་རྒྱ་རིགས་མི་མང་ཚོས་སོ་སོའི་མི་རིགས་ཀྱི་ངོ་བོར་བདག་གཅེས་བྱེད་ཐོག་ཕྱག་ལས་གནང་དགོས་པ་དང་། ལྷག་དོན་འདས་པའི་ལོ་ ༤༠ རིང་རྒྱ་ནག་ནང་ལ་འགྱུར་བ་གང་ཙམ་ཕྱིན་ཡོད་པ་མ་ཟད། རྒྱ་རིགས་མང་ཚོགས་ཀྱི་ཁྲོད་ནས་ཆོས་ལུགས་ལ་དོ་དབྱིངས་ཀྱི་རྣམ་པ་ཤུགས་ཆེ་བཏོན་བཞིན་ཡོད་སྟབས། རྒྱ་ནག་དེ་འཛམ་གླིང་འདིའི་སྟེང་གི་ནང་པའི་མི་འབོར་མང་ཤོས་ཡོད་ས་ཞིག་ཆགས་ཡོད་སྐོར་བཀའ་བསྩལ་གནང་པ་དང་ཆབས་ཅིག  མང་ཚོགས་ཀྱི་དོ་དབྱིངས་ལ་འགྱུར་བ་ཇི་ཙམ་ཕྱིན་པ་དེ་ཙམ་གྱིས་རྒྱལ་ཁབ་དེའི་ལམ་ལུགས་ལའང་འགྱུར་བ་ཞིག་འགྲོ་ངེས་ཡིན་པར་བཀའ་ནན་བསྩལ་ཡོད་པ་རེད། དེ་བཞིན་༸གང་ཉིད་མཆོག་གི་༸སྐུ་ཚེ་རིང་བ་དེ་བཙན་བྱོལ་ནང་ལ་བཞུགས་ཡོད་པ་དང་། ད་ཆ་གང་ཉིད་མཆོག་དགུང་གྲངས་ ༨༡ ཕེབས་ཡོད་སྐོར་བཀའ་གནང་པ་དང་འབྲེལ།  གལ་ཏེ་མགོན་པོ་མཆོག་ད་དུང་མུ་མཐུད་དགུང་གྲངས་ ༩༠ དང་ ༡༠༠ བར་བཞུགས་པ་ཡིན་ན། ༸སྐུ་ཚེ་ལྷག་མ་དེའི་རིང་རྒྱ་ནག་སྤྱི་དང་སྒོས་སུ་རྒྱ་རིགས་མི་མང་སླད་འཛད་འགན་གཙོ་བཞེས་གནང་རྒྱུ་ཡིན་པ་དེ་ཚང་མའི་ཐུགས་ལ་འཇགས་རོགས་ཞེས་བཀའ་བསྩལ་འདུག དེ་སྔ་ལོ་ཤས་གོང་༸གང་ཉིད་མཆོག་དང་རྒྱ་རིགས་གི་ཚོ་ཁག་ཞིག་དབར་མཇལ་མོལ་གནང་སྐབས་རྒྱ་རིགས་ཞིང་པ་དབུལ་ཕོངས་ཤིག་གིས་མགོན་པོ་མཆོག་ལ་གྲོང་གསེབ་ནང་གི་ཆེས་དཀའ་ཚེགས་ཆེ་བའི་གནས་སྟངས་དང་དེ་བཞིན་དབུལ་ཕྱུག་དབར་ལ་བར་བརྒལ་ཆེན་པོ་ཡོད་སྐོར་སྙན་སེང་ཞུས་པ་ལུང་འདྲེན་དང་སྦྲགས།  ད་ཆ་དཔལ་འབྱོར་གྱི་མཐུན་རྐྱེན་ཡག་པོ་ཡོད་པ་རྣམས་ནས་དབུལ་པོ་ཚོར་ངེས་པར་དུ་རོགས་རམ་གནང་དགོས་གལ་ཡིན་པ་དང་། ལྷག་དོན་༸གང་ཉིད་མཆོག་རྒྱ་ནག་གི་ཡུལ་ཁུག་ཁག་ཏུ་ཤེས་ཡོན་གྱི་མཐུན་རྐྱེན་ཡོད་མེད་ཐད་ལ་ཐུགས་འཚབ་ཆེན་པོ་བྱུང་བཞིན་ཡོད་ཅེས་བཀའ་སློབ་བསྩལ་འདུག རྩ་བའི་༸གོང་ས་མཆོག་གིས་ཟླ་འདིའི་ཕྱི་ཚེས་ ༡༠ ནས་ ༡༣ བར་ཉིན་གྲངས་བཞི་རིང་ཆེད་དུ་འདུལ་བྱ་ཉི་ཧོང་ས་གནས་མི་དམངས་གཙོས་ཕྱི་ནང་གི་ཆོས་ཞུ་བ་སྟོང་ཕྲག་ལྷག་ལ་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་ཆེན་མོའི་ཆོས་འབྲེལ་དང་། གང་བློ་མའི་ལྗགས་ལུང་དང་འཇམ་དཔལ་དབྱངས་ཀྱི་རྗེས་སྣང་མཛད་པ། དེ་བཞིན་བཀའ་འདྲི་དགོངས་བསྐོར་གྱི་མཛད་འཆར་བཅས་ལེགས་གྲུབ་ཟིན་རྗེས། ཁ་ཉིན་ཕྱི་ཚེས་ ༡༤ ཉིན་གྱི་སྔ་དྲོ་ཚོུད་ ༡༡།༠༠ ཐོག་ཉི་ཧོང་གི་རྒྱལ་ས་ཊོག་ཡོའི་ན་རི་ཏ་མཁའ་ལམ་བརྒྱུད་ལྡི་ལི་དང་དེ་ནས་བཞུགས་སྒར་དུ་ཚུར་ཆིབས་སྒྱུར་གྱིས་༸ཞབས་སོར་བདེ་བར་འཁོད་ཡོད་པ་རེད།

༸གོང་ས་མཆོག་མ་ཎི་དུང་སྒྲུབ་ཀྱི་ཚོགས་མགོན་དུ་ཆིབས་སྒྱུར་མཛད་པ།

དེ་རིང་ཟླ་ ༥ ཕྱི་ཚེས་ ༡༦ ཉིན་གྱི་སྔ་དྲོ་ཚོུད་ ༩།༠༠ སྟེང་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་མ་ཎི་དུང་སྒྲུབ་ཀྱི་ཚོགས་མགོན་དུ་ཆིབས་སྒྱུར་གྱིས་ཐུགས་སྨོན་མཛད་ཡོད་པ་རེད། གཞི་རྩའི་ཟླ་འདིའི་ཕྱི་ཚེས་ ༧ བོད་ཟླ་ ༤ ཚེས་ ༡ ནས་དབུ་འཛུགས་ཀྱིས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་༸རྒྱལ་བའི་༸སྐུ་ཕྱྭའི་ཞབས་ཞབས་རིམ་གཙོས་པའི་བོད་བསྟན་སྲིད་སྤྱིའི་བདེ་ཐབས་ཀྱི་སླད་ཉིན་བཅུའི་རིང་མ་ཎི་དུང་སྒྲུབ་དང་། དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་ནས་མ་ཎི་རིལ་སྒྲུབ་ཀྱི་ཞབས་རིམ་གསོག་སྒྲུབ་རྒྱ་གང་ཆེ་གནང་བཞིན་ཡོད་པ་རེད། རྩ་བའི་ལོ་ལྟར་ས་ག་ཟླ་བའི་དུས་ཆེན་ནམ་ཡིན་ལ་མ་ཎི་དུང་སྒྲུབ་གསོག་གནང་གི་ཡོད་པ་དང་། ལྷག་དོན་༸གོང་ས་མཆོག་གི་གཟིམ་ཆུང་ནང་བཞུགས་པའི་སྐྱིད་གྲོང་ཇོ་བོ་ཝ་ཏི་བཟང་པོ་མཆོག་གཙུག་ལག་ཁང་དུ་གདན་ཞུས་ཀྱིས་སྤྱན་རས་གཟིགས་ཀྱི་ཆོ་གའི་སྒོ་ནས་མ་ཎི་རིལ་བུ་གསོག་སྒྲུབ་གནང་གི་ཡོད་པ་རེད།

བཞུགས་སྒར་དུ་བོད་མིའི་འཕྲོད་བསྟེན་སྔོན་འགོག་ཆེད་དམིགས་བསལ་ཚོགས་ཆེན་སྐོང་ཚོགས་གནང་སོང་།

དབུས་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱིས་གོ་སྒྲིག་འོག་བཞུགས་སྒར་དུ་བཙན་བྱོལ་བོད་མིའི་འཕྲོད་བསྟེན་སྔོན་འགོག་ཆེད་དམིགས་བསལ་ཚོགས་ཆེན་ཞིག་བསྐོང་ཚོགས་གནང་ཡོད་པ་རེད། དེ་རིང་ཟླ་ ༥ ཕྱི་ཚེས་ ༡༦ ཉིན་དྷ་ས་དབུས་སྣེ་ལེན་ཁང་དུ་དབུས་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱིས་གོ་སྒྲིག་སྐུ་མགྲོན་གཙོ་བོ་འོག་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གཙོས། རྒྱ་གར་དང་བལ་ཡུལ་གཉིས་ནང་ཡོད་པའི་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ཁྱབ་ཁོངས་སྨན་ཁང་ཁག་དང། སྨན་རྩིས་ཁང་གི་ཡན་ལག་སྨན་ཁང་། བདེ་ལེགས་སྨན་ཁང། དེ་བཞིན་བོད་པའི་སློབ་གྲྭ་དང་དགོན་སྡེ་ཁག་བཅས་སྡེ་ཚན་སོ་སོའི་འགན་འཛིན་དང། སྨན་པ། སྨན་ཞབས་པ་བཅས་ཁྱོན་མི་གྲངས་ ༡༣༠ ལྷག་ལྷན་འཛོམས་ཀྱིས་ཚོགས་ཆེན་དབུ་འཛུགས་གནང་སོང་། སྐབས་དེར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཕྱོགས་མཐའ་ཁག་ནས་ཕེབས་པའི་འཕྲོད་བསྟེན་ལས་བྱེད་ཡོངས་ལ་བཀའ་ཤག་ནས་དམིགས་བསལ་ཚེགས་ཆེན་འདི་གལ་ཆེ་ཞིག་ཏུ་ངོས་འཛིན་གནང་བཞིན་ཡོད་པ་བཀའ་གནང་བཞིན་ཡོད་ལ། ཁོང་རྣམས་ནས་ཀྱང་དེར་དམིགས་བསལ་གལ་ཆེར་ངོས་འཛིན་གྱིས་རྐང་འཕྲོད་བསྟེན་སྔོན་འགོག་གི་ཐོག་ལ་བོད་ལུགས་དང་ཕྱི་ལུགས་གཉིས་ཟུང་འབྲེལ་གྱིས་ཐབས་ལམ་གང་དགོས་མིན་སྤུངས་དགོས་གལ་ཡིན་པ་གསུངས་ཡོད་པ་རེད། རྩ་བའི་ད་ལན་གྱི་ཚོགས་ཆེན་འདི་མང་ཚོགས་ཀྱི་འཕྲོད་བསྟེན་ཆེད་སྨན་བཅོས་ཇི་ལྟར་གནང་དགོས་མིན་སོགས་ཀྱི་གྲོས་གཞི་དོན་གནད་གཙོ་ཁག་བདུན་གྱི་ཐོག་བཀའ་བསྡུར་གནང་རྒྱུ་ཡིན་པ་རེད་འདུག  

༸གོང་ས་མཆོག་གིས་ཉི་ཧོང་ནང་ཆོས་འབྲེལ་ལེགས་གྲུབ་མཛད་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཉི་ཧོང་གི་གྲོང་ཁྱེར་ཨོ་ས་ཀར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་ཚོགས་ཁང་ཆེན་མོའི་ནང་ཆེད་དུ་བྱ་བའི་དད་ལྡན་འདུལ་བྱ་ཉི་ཧོང་ས་གནས་མི་དམངས་གཙོས་ཕྱི་ནང་གི་ཆོས་ཞུ་བ་ཚོར་རང་ཉིད་ཀྱི་ཆོས་རབ་ཏུ་རྣམ་པར་འབྱེད་པའི་ཤེས་རབ་སྤྱོད་ནས་སངས་རྒྱས་པའི་ཆོས་ལ་ཤེས་ནས་དད་པ་ཐོབ་པ་བྱ་གལ་ཡིན་པ་བཀའ་བསྩལ་དང་སྦྲགས་ཏེ་ཉིན་གྲངས་བཞིའི་ཆོས་འབྲེལ་མཇུག་སྒྲིལ་གནང་སོང་། མགོན་པོ་༸གང་ཉིད་མཆོག་ནས་ཟླ་འདིའི་ཕྱི་ཚེས་ ༡༠ ནས་དབུ་འཛུགས་ཀྱིས་དེ་རིང་བར་ཉིན་གྲངས་བཞི་རིང་ཆེད་དུ་འདུལ་བྱ་ཉི་ཧོང་ས་གནས་མི་དམངས་གཙོས་ཕྱི་ནང་གི་ཆོས་ཞུ་བ་ ༢༥༠༠ བརྒལ་བར་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་ཆེན་མོའི་ཆོས་འབྲེལ་རེ་ཞིག་མཇུག་སྒྲིལ་གནང་བ་དང་། དེ་རིང་ཆོས་འབྲེལ་གྱི་ཉིན་མཐའ་མའི་ཐོག་ཆོས་ཞུ་བ་ཚོར་དགེ་བསྙེན་མའི་སྡོམ་པ་དང་བྱང་ཆུབ་སེམས་བསྐྱེད་ཀྱི་སྡོམ་པ་འབོགས་ཆོག་སྩལ་བ་དང། དེ་བཞིན་གང་བློ་མའི་ལྗགས་ལུང་དང་འཇམ་དཔལ་དབྱངས་ཀྱི་རྗེས་སྣང་མཛད་ཡོད་པ་རེད། ཉིན་རྒྱབ་ཏུ་༸གོང་ས་མཆོག་གིས་རྒྱལ་སྤྱིའི་ཚོགས་ཁང་ཆེན་མོའི་ནང་ཆོས་ཞུ་བ་ཁག་གིས་ཆེད་དོན་བཀའ་འདྲི་ཞུས་པར་བཀའ་ལན་བསྩལ་དོན། མང་ཚོགས་ནས་ཕྱིའི་དངོས་པོ་ཡར་རྒྱས་དང་ནང་སེམས་ཀྱི་ཞི་བདེ་གཉིས་ཟུང་འབྲེལ་གྱི་ཐོག་ནས་འཛམ་གླིང་འདི་བཞིན་གྲོས་མོལ་དང་བེད་སྐྱིད་ལྡན་པ་སྐྲུན་ཐབས་གནང་གལ་ཆེ་བའི་བླང་དོར་གྱི་བཀའ་སློབ་བསྩལ་འདུག ད་དུང་མུ་མཐུད་བཀའ་བསྩལ་གནང་དོན། ནང་པའི་ས་ཁུལ་ཁག་ཏུ་དགོན་སྡེ་ཁག་ཆོ་ག་ཕྱག་ལེན་བྱ་ཡུལ་ཙམ་མ་འཇོག་པར་སློབ་སྦྱོང་གི་འདུ་ཤེས་ཐོག་སློབ་གཉེར་བྱ་ཡུལ་གྱི་བསྟེ་གནས་ཤིག་ཏུ་གྱུར་དགོས་གལ་ཡིན་པ་བཀའ་སློབ་གནང་འདུག རྩ་བའི་མགོན་པོ་༸གང་ཉིད་མཆོག་སང་ཕྱི་ཚེས་ ༡༤ ཉིན་གྱི་སྔ་དྲོ་ཚོུད་ ༡༡།༠༠ ཐོག་ཉི་ཧོང་གི་རྒྱལ་ས་ཊོག་ཡོའི་ན་རི་ཏ་མཁའ་ལམ་བརྒྱུད་ལྡི་ལི་དང་དེ་ནས་བཞུགས་སྒར་དུ་ཚུར་ཆིབས་ཞལ་བསྒྱུར་གནང་གི་འདུག

རྒྱ་གཞུང་གིས་ Michael Brand ལགས་བོད་ནང་བསྐྱོད་རྒྱུར་བཀག་འགོག་བྱས་པརའཇར་མན་་གཞུང་ནས་སྐྱོན་བརྗོད་བྱས་པ།

རྒྱ་ནག་གཞུང་གིས་འཇར་མ་ནིའི་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་ Michael Brand ལགས་རྒྱ་ནག་དང་བོད་ནང་གཟིགས་སྐོར་དུ་ཕེབས་རྒྱུར་བཀག་འགོག་བྱས་སྟབས། འཇར་མ་ནི་གཞུང་ནས་རྒྱ་གཞུང་གིས་ Michael Brand ལགས་ད་ལན་རྒྱ་ནག་དང་བོད་ནང་བསྐྱོད་བཅུག་དགོས་པ་ནན་བརྗོད་བྱས་འདུག ཟླ་འདིའི་ཟླ་འཇུག་ཏུ་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་ Michael Brand ལགས་ནས་སྣེ་འཁྲིད་པའི་གྲོས་ཚོགས་འཐུས་མི་ཁག་ཅིག་རྒྱ་ནག་གི་རྒྱལ་ས་པེ་ཅིང་དང། བོད་ཀྱི་རྒྱལ་ས་ལྷ་ས། ཤར་ཏུ་ཀི་སི་ཐན་གྱི་རྒྱལ་ས་ཨུ་རུ་མུ་ཆི་བཅས་སུ་གཞུང་འབྲེལ་ཕྱོགས་ཕེབས་ཀྱིས་ཁུལ་དེའི་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཐད་རྟོག་ཞིབ་གནང་རྒྱུ་ཡིན་འདུག འོན་ཏང་གཟའ་འཁོར་འདིའི་རེས་གཟའ་ལྷག་པ་ཉིན་རྒྱ་ནག་གཞུང་གིས་འཇར་མ་ནིའི་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་ཆུང་གི་ཚོགས་ཚོགས་མི་རྣམས་རྒྱ་ནག་ཏུ་ཕེབས་རྒྱུར་ངོས་ལེན་བྱས་ཀྱང། ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་ Michael Brand ལགས་ཕེབས་རྒྱུར་བཀའ་འགོག་བྱས་འདུག ཁ་སང་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པར་གཞིགས་ན། རྒྱ་གཞུང་གི་སྐུ་ཞབས་ Michael Brand ལགས་གཙོས་པའི་འཇར་མན་གྱི་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་ཆུང་གི་ཚོགས་མི་རྣམས་གཞུང་འབྲེལ་གྱི་འཚམས་གཟིགས་ལ་བསྐྱོད་མིན་གྱི་ཐག་གཅོད་བྱེད་དབང་དེ་རྒྱ་གཞུང་ལ་མེད་སྐོར་ནན་བརྗོད་ཀྱིས་འགྲེལ་བརྗོད་བྱས་ཡོད། ལྷག་དོན་རྒྱལ་ས་པེ་ཅིང་དུ་ཚོགས་པའི་རྒྱ་གཞུང་ཕྱི་སྲིད་ལྷན་ཁང་གི་རྒྱུན་ལྡན་གསར་འགོད་ལྷན་ཚོགས་ཐོག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས་ད་རེས་རྒྱ་གཞུང་གིས་ Michael Brand ལགས་ལ་བཀའ་འགོད་དེ་ལྟར་བྱ་དོན་གཙོ་བོ་ནི་ཁོང་གིས་འཇར་མ་ནིའི་གཞུང་འཛིན་བཞིན་དུ་རྒྱ་ནག་གི་སྲིད་བྱུས་ལ་རྒྱབ་འགལ་བྱས་པ་མ་ཟད། བོད་མི་ཁ་བྲལ་བར་རྒྱབ་སྐྱོར་བྱས་པའི་རྐྱེན་གྱིས་ཡིན་སྐོར་འགྲེལ་བརྗོད་བྱས་འདུག རྩ་བའི་སྐུ་ཞབས་ Michael Brand ལགས་ཀྱིས་ཉེ་ཆར་བརྒྱུད་ལམ་ཁག་ཏུ་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྤྱི་དང། རྒྱ་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་སྐྱོན་བརྗོད་བྱས་པ་འདི་བཞིན་བོད་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཞན་པོ་ཡོད་སྐོར་རྩོམ་ཡིག་ཞུག་སྤེལ་བ། དེ་མཚུངས་སུ་འཇར་མ་ནི་ནང་ཚོགས་པའི་བོད་དོན་དང་འབྲེལ་བའི་ཚོགས་འདུ་ཁག་གི་ནང་མཉམ་ཞུགས་གནང་པས་ཡིན་པ་རེད་འདུག

༸གོང་ས་མཆོག་དབུ་བཞུགས་ཐོག་སྲིད་སྐྱོང་གི་དམ་འབུལ་མཛད་སྒོ་ཚོགས་རྒྱུ་རེད་འདུག

བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་གོང་མའི་ཕྱི་ཚེས་ ༢༧ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ལས་ཐོག་བློ་བཟང་སེང་གེ་མཆོག་སླར་ཡང་སྲིད་སྐྱོང་དུ་འདེམས་ཐོན་བྱུང་ཡོད་སྟབས། ཟླ་འདིའི་ཕྱི་ཚེས་ ༢༧ ཉིན་གྱི་སྔ་དྲོ་ཚོུད་ ༩།༣༠ སྟེང་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་ར་བར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཛད་སྒོའི་གཙོ་མགོན་དུ་དབུ་བཞུགས་ཐོག་བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེའི་དགོངས་དོན་ལྟར་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བའི་མདུན་དུ་སྲིད་སྐྱོང་གི་ལས་འཁུར་དམ་འབུལ་གནང་གཏན་འཁེལ་ཡོད་པ་རེད་འདུག

བོད་ཆབ་མདོ་ཁུལ་དུ་ས་འགུལ་བརྒྱས་པས་མི་ ༦༠ ཙམ་ལ་རྨས་སྐྱོན་ཕོག་འདུག

རྒྱ་ནག་གཞུང་གི་དབྱེ་བའི་བོད་རང་སྐྱོང་ལྗོངས་ཟེར་བའི་ཆབ་མདོ་བོད་རིག་ས་ཁུལ་གྱི་སྟེང་ཆེན་རྫོང་ནང་དུ་ཁ་སང་ཚེས་ ༡༡ ཉིན་ཤུགས་ཚད་ ༥་༥ ཅན་གྱི་ས་འགུལ་ཤུགས་ཆེ་བརྒྱབ་པའི་འོག་མི་ ༦༠ ཙམ་ལ་རྨས་སྐྱོན་ཕོག་འདུག་པ་དང་། དེའི་ཁོངས་ནས་མི་དྲུག་གི་གནས་སྟངས་ཛ་དྲག་གྱུར་འདུག དེ་ཡང་དེ་རིང་རྒྱ་ནག་གི་གཞུང་འབྲེལ་བརྒྱུད་ལམ་དང། སྟེང་ཆེན་རྫོང་གི་དྲ་གནས་སོགས་ཀྱི་ཐོག་ལ་གནས་ཚུལ་ཐོན་ཁག་ལ་གཞིགས་ན། ཁ་སང་སྔ་དྲོ་བོད་ནད་གི་ཚོུད་ ༩།༡༥ ཐོག་མཚོ་སྔོན་ཞིང་ཆེན་གྱི་ས་མཚམས་ཉེ་འཁྲིས་ཆབ་མདོ་ས་ཁུལ་སྟིང་ཆེན་རྫོང་ནང་དུ་ས་འགུལ་ཤུགས་ཆེ་བརྒྱབ་འདུག་པ་དང། དེའི་རྐྱེན་པས་ཁུལ་དེར་ས་རུས་དང། སྡོད་ཁང་། དེ་བཞིན་གཞུང་ལམ་དང་ཟམ་པ་ཞིག་པ་སོགས་ཀྱི་གནད་དོན་ཁག་ཅིག་བྱུང་བའི་ཁྲོད་ད་བར་མི་ ༦༠ ཙམ་ལ་རྨས་སྐྱོན་ཕོག་པ་དང། དེ་དག་ལས་མི་དྲུག་གི་གནས་སྟངས་ཛ་དྲག་ཆགས་ཡོད་པ་བཅས་འཁོད་འདུག འོན་ཀྱང་ད་བར་མིའི་ཚེ་སྲོག་ཤོར་བའི་གནས་ཚུལ་གང་ཡང་ཤེས་རྟོགས་ཐུབ་མེད།  ད་ལྟའི་ཆར་ཁུལ་དེར་མྱུར་སྐྱོབ་ཀྱི་ལས་གཞི་གཞི་རྒྱ་ཆེ་བ་ཞིག་སྤེལ་མུས་ཡིན་ཁར། རྨས་སྐྱོན་ཕོག་པ་རྣམས་མྱུར་སྐྱོབ་སླད་ཆབ་མདོ་ཁུལ་གྱི་སྨན་ཁང་དུ་སྐྱེལ་ཡོད་འདུག  

ཀིརྟི་དགོན་པའི་དགེ་གྲྭ་བློ་བཟང་ཆོས་དར་ལགས་ཀྱི་སྐུ་གཟུགས་གནས་སྟངས་ཛ་དྲག་ཆགས་འདུག

དེ་ཡང་བོད་མདོ་སྨད་རྔ་བ་ཀིརྟི་དགོན་པའི་དགེ་འདུན་པ་བློ་བཟང་ཆོས་དར་ལགས་དེ་སྔ་ཕྱི་ལོ་ ༢༠༠༩ ཟླ་ ༩ ཚེས་ ༢༥ ཉིན་རྒྱ་གཞུང་གིས་དངོས་སུ་འཛིན་བཟུང་བྱས་ཏེ་རྔ་བ་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཁོང་ལ་རྒྱལ་ཁབ་ཁ་བྲལ་བ་དང་མི་མང་སྣེ་འཁྲིད་དང་བརྒྱུད་སྐུལ་བྱས་པའི་ཉེས་མིང་འོག་ལོ་ ༡༣ རིང་བཙོན་འཇུག་འོག་སྐུ་གཟུགས་ཀྱི་གནས་སྟངས་ཧ་ཅང་སྐྱོ་པོ་ཆགས་ཡོད་སྟབས། ཁོང་གི་ནང་མི་ཉེ་འབྲེལ་ཚོས་ཀྱང་བློ་འཚབ་ཆེན་པོ་གནང་བཞིན་ཡོད་པ་རེད་འདུག དེ་སྔ་རྒྱ་གཞུང་གིས་རྔ་བ་ཀིརྟི་དགོན་པར་རྒྱལ་གཅེས་ཆོས་གཅེས་ཀྱི་ཆབ་སྲིད་སློབ་གསོའི་ལས་འགུལ་ཐོག་མར་སྤེལ་བའི་སྐབས་སུ་ཁོང་གིས་མི་འདོད་པའི་རྣམ་འགྱུར་བསྟན་པ་དང་། དེ་བཞིན་ས་གནས་སྲིད་གཞུང་གི་སྒོ་ཁར་ཡི་གེ་སྦྱར་བ་ལ་བརྟེན་ནས་ལོ་ལྔ་རིང་བཙོན་འཇུག་ཁྲིམས་ཐག་བཅད་རྗེས་བཙོན་གྲོལ་བཏང་ཡོད་པ་རེད། དེ་རྗེས་སླར་ཕྱི་ལོ་ ༢༠༠༨ ཟླ་ ༣ ཚེས་ ༡༦ ཉིན་ཁོང་གིས་སྣེ་འཁྲིད་པའི་མང་ཚོགས་ཀྱིས་རྔ་བ་རྫོང་གི་ཁྲོམ་གཞུང་དུ་༸གོང་ས་མཆོག་བོད་ལ་ཕེབས་འཇུག་དགོས་པ་དང་༸ཀུན་གཟིགས་པཎ་ཆེན་ཆུང་སྲིད་རིན་པོ་ཆེ་གློད་བཀྲོལ་གཏོང་དགོས་ཞེས་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་སྟབས། སྐབས་དེར་རྒྱ་གཞུང་གིས་ཁོང་འཛིན་བཟུང་ཐུབ་མེད་ཀྱང་ཁོང་གི་སྤུན་མཆེད་བཞི་ཁྱིམ་ནས་འཛིན་བཟུང་གིས་བཀག་ཉར་དང་། འདྲི་བརྩད་བྱས་མཐར་གློད་བཀྲོལ་བཏང་ཡང་འགྲོ་སྡོད་ཀྱི་རང་དབང་མེད་པར་དམ་དྲག་འོག་གནས་ཡོད་འདུག རྩ་བའི་བློ་བཟང་ཆོས་དར་ལགས་ད་ཆ་ཟི་ཁྲོན་ཞིང་ཆེན་མེན་ཡང་བཙོན་ཁང་དུ་བཙོན་འཇུག་བྱས་ཡོད་པ་དང་། ད་ལྟའི་ཁོང་གི་སྐུ་གཟུགས་གནས་སྟངས་ཧ་ཅང་སྐྱོ་པོ་ཆགས་ཡོད་པ་རེད་འདུག

Latest news