Tibetan Royal Year of 2151 | Year of the Wood Dragon

གསར་འགྱུར།

བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་ལྡི་ལི་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་གནང་པ།

བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ལྡི་ལི་སྐུ་ཚབ་དོན་ཁང་གི་དོན་གཅོད་པར་བསྐོ་གཞག་གནང་འདུག དེ་ཡང་ཟླ་ ༥ ཚེས་ ༣༡ ཉིན་བོད་མིའི་སྒྲིག་འཛུགས་བཀའ་དྲུང་ཡིག་ཚང་གི་ཡོངས་ཁྱབ་གསལ་བསྒྲགས་ཤིག་སྤེལ་བའི་ནང་འཁོད་དོན། ལས་བྱེད་འདེམས་བསྐོ་ལྷན་ཁང་གི་སྒྲིག་གཞི་དོན་ཚན་ ༡༩(༡) འོག་དང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལེའུ་དང་པོ་དོན་ཚན་ ༡ ནང་གསེས་ ༣ བཅས་ཀྱི་དགོངས་དོན་བཞིན། ༢༠༡༦ ཟླ་ ༥ ཚེས་ ༢༤ ཉིན་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་ལྡི་ལི་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་གནང་པ་དང་སྦྲགས། ཁོང་ལ་ ༢༠༡༦ ཟླ་ ༧ ཚེས་ ༡༥ ནས་ལས་ཁུར་འགོ་འཛུགས་གནང་རྒྱུ་གནང་རྒྱུ་ཡིན་པ་རེད་ཅེས་གསུངས་འདུག གཞི་རྩའི་བཀའ་ཟུར་འབྲོང་ཆུང་དངོས་འགྲུབ་མཆོག་གིས་ད་ལྟའི་སྲིད་སྐྱོང་ལས་ཐོག་བློ་བཟང་སེང་གེ་མཆོག་གིས་བཀའ་ཤག་སྐབས་གོང་མའི་ནང་བདེ་སྲིད་བཀའ་བློན་དུ་བསྐོ་གཞག་གནང་དོན་ལྟར་བཀའ་བློན་གྱི་ཐུགས་འགན་བཞེས་མུས་ཐོག ཉེ་སྔོན་སྨན་རྩིས་ཁང་དབུ་བརྙེས་ནས་ལོ་ ༡༠༠ ཐམ་པ་འཁོར་བའི་མཛོད་སྒོར་༸གོང་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་ལྕི་མོ་ཞིག་ཕེབས་པ་དང་། དེའི་ཐོག་གཞུང་འབྲེལ་གྱི་སྤྱན་འདྲེན་ཞུས་པའི་སྐབས་སུ་ཆོས་སྐྱོང་རྣམ་པས་ཀྱང་བཀའ་ལུང་ལྕི་མོ་ཕེབས་བཅས་ལ་བརྟེན། སོ་སོའི་འགན་དེ་རང་བློ་རང་གིས་ལྐོག་ཏུ་མ་གྱུར་བ་རེད་ཅེས་གསུངས་ཏེ། མཐར་ཕྱི་ལོ་ ༢༠༡༦ ཟླ་ ༤ ཚེས་ ༦ ཉིན་བཟང་སྤྱོད་ཀྱི་ཐོག་ནས་བཀའ་བློན་གྱི་ལས་གནས་ནས་དགོངས་ཞུ་གནང་ཡོད་པ་རེད། རྩ་བའི་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་ནི་ ཕྱི་ལོ་ ༡༩༧༧ ཟླ་ ༦ ཚེས་ ༡༥ ནས་བདེ་སྲུང་ལས་ཁུངས་སུ་ལོ་གཅིག་ཚོད་བལྟའི་རྒན་དྲུང་དུ་བསྐོ་གཞག་དང་། ཕྱི་ལོ་ ༡༩༧༨ ཟླ་ ༩ ཚེས་ ༡ ནས་རྒན་དྲུང་ངོ་མར་བསྐོ་གཞག ཕྱི་ལོ་ ༡༩༨༧ ཟླ་ ༣ ཚེས་ ༤ ནས་གནས་བདུན་པར་གནས་སྤར་དང་སྦྲགས་བདེ་སྲུང་ལས་ཁུངས་ཀྱི་དྲུང་གཞོན་དུ་བསྐོ་གཞག ཕྱི་ལོ་ ༡༩༩༡ ཟླ་ ༧ ཚེས་ ༡ ནས་གནས་སྤར་དང་འབྲེལ་བདེ་སྲུང་དྲུང་ཆེ་ལས་རོགས་སུ་བསྐོ་གཞག ཕྱི་ལོ་ ༡༩༩༡ ཟླ་ ༩ ཚེས་ ༢༥ གནས་རང་འཇགས་ཐོག་བདེ་སྲུང་དྲུང་ཆེ་ལས་ཚབ་ཏུ་བསྐོ་གཞག ཕྱི་ལོ་ ༡༩༩༣ ཟླ་ ༤ ཚེས་ ༡༦ ནས་བདེ་སྲུང་ལས་ཁུངས་ཀྱི་དྲུང་ཡིག་ཆེན་མོར་བསྐོ་གཞག་གིས་བདེ་སྲུང་དྲུང་ཆེའི་ལས་ཁུར་བཞེས་མུར། བཀའ་ཤག་སྐབས་ ༡༣ པའི་ནང་བཀའ་བློན་དུ་བདམས་ཐོན་བྱུང་བར་བརྟེན། སྒྲིག་གསལ་ལྟར་ཕྱི་ལོ་ ༢༠༠༧ ཟླ་ ༡༠ ཚེས་ ༤ ནས་རྒས་ཡོལ་སྔ་བསྣུར་ཞུས། དེ་ནས་སླར་བཀའ་ཤག་སྐབས་ ༡༤ པའི་བདེ་སྲུང་བཀའ་བློན་དུ་བདམས་ཐོན་གྱིས་མུ་མཐུད་བཀའ་བློན་གྱི་ཐུགས་འགན་བཞེས་པ་དང་། མཐར་ཕྱི་ལོ་ ༢༠༡༦ ཟླ་ ༤ ཚེས་ ༦ ཉིན་བཀའ་བློན་གྱི་ལས་གནས་ནས་དགོངས་ཞུ་གནང་ཡོད་པ་རེད།

བོད་མདོ་སྨད་ཨ་མཆོག་ནང་བོད་མིས་གཏེར་འདོན་མཚམས་འཇོག་དགོས་པའི་ཞི་རྒོལ་གནང་པ།

རྒྱ་གཞུང་གིས་དབྱེ་བའི་ཀན་སུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་ཁོངས་ཀྱི་ཨ་མཆོག་ཡུལ་ཚོའི་ནང་གི་གཉན་ཆེན་གོང་སྔོན་བླ་རིར་རྒྱ་གཞུང་གི་གཏེར་འདོན་ཚན་པས་ལོ་ངོ་བཅུ་གྲངས་གོང་ནས་མུ་མཐུད་གཏེར་ཁ་སྔོག་འདོན་བྱས་སྟབས། ཡུལ་དེའི་ཁོར་ཡུག་ལ་གནོད་སྐྱོན་ཚབས་ཆེན་བཟོས་འདུག དེ་ཡང་ཁ་སང་ཟླ་ ༥ ཚེས་ ༣༡ ཉིན་ཨ་མཆོག་ཚོ་བ་བརྒྱད་ཀྱི་ཡུལ་མི་བརྒྱ་ཕྲག་ལྷག་གིས་གཏེར་ཁ་སྔོག་ཡུལ་དུ་བསྐྱོད་ནས་འཕྲེད་དར་འཕྱར་ཏེ་གཏེར་འདོན་ལས་གྲྭ་མཚམས་འཇོག་བྱེད་དགོས་པའི་ཞི་རྒོལ་གནང་ཡོད་པ་རེད་འདུག འདི་ག་རླུང་འཕྲིན་ཁང་ལ་སུད་སིར་བཞུགས་པའི་བསོད་ནམས་ལགས་ཀྱིས་གསུངས་པར་ཨ་མཆོག་ཚོ་བ་བརྒྱད་ཀྱི་ཡུལ་མི་ཚོས་གཉན་ཆེན་གོང་སྔོན་མི་རབས་ནས་མི་རབས་བར་བླ་རིང་ངོས་བཞེས་ཀྱིས་མཆོད་བཀུར་བྱེད་ཡུལ་ཞིག་ཡིན་པ་དང་། བོད་མི་དེ་དག་གི་རྒྱ་གཞུང་གཏེར་འདོན་པར་ཞི་རྒོལ་གནང་ཡོད་པ་རེད་འདུག་ཅེས་གསུངས་སོང་། ས་གནས་མང་ཚོགས་ཚོས་ཞི་རྒོལ་བྱས་ནས་ཅུང་ཙམ་ཕྱིན་རྗེས་ས་གནས་རྒྱ་གཞུང་ཉེན་རྟོག་པ་མང་པོ་ཞིག་འབྱོར་ཏེ་མང་ཚོགས་ཀྱི་ཞི་རྒོལ་འགོག་ཐབས་བྱས་འདུག བོད་མི་ཞི་རྒོལ་བ་ཚོས་རང་མིང་ཐོག་མཛུབ་ཐེལ་བརྒྱབ་པའི་སྙན་ཞུ་སྤྲད་པ་དང་གཏེར་འདོན་ལས་གྲྭ་དེ་མཚམས་འཇོག་མ་བྱས་ཚེ་མུ་མཐུད་ཞི་རྒོལ་གནང་རྒྱུ་དང་རང་སྲོག་ཀྱང་བློས་གཏོང་བྱ་རྒྱུ་ཡིན་ཚུལ་བརྗོད་ཡོད་འདུག། གཞན་ཡང་ཁ་སང་ས་གནས་དེར་བོད་མིས་ངོ་རྒོལ་བྱེད་སྐབས་ཀྱི་བརྙན་ཐུང་དང་འདྲ་པར་སོགས་ཀྱང་འདི་གར་འབྱོར་བར་གཞིགས་ན། བསང་ཆུ་རྫོང་ཨ་མཆོག་ཡུལ་ཚོའི་བོད་མི་ཚོས་ས་གནས་ཀྱི་གཉན་ཆེན་གོང་སྔོན་བླ་རི་ནས་གཏེར་ཁ་སྔོག་འདོན་ལ་ངོ་རྒོལ་ཞུ་འབོད་བྱེད་ཡུལ་ལ་ས་གནས་རྒྱ་ནག་གཞུང་ཉེན་རྟོག་མི་སྣ་མང་དག་ཞིག་འབྱོར་བར་བོད་མི་ཚོས་རྒྱབ་ཤ་དམར་པོ་ཅན་གྱི་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལག་ཏུ་བཟུང་ནས་གང་བྱུང་གཏེར་ཁ་བསྔོག་འདོན་བྱེད་པ་དེ་ནི་ཁྲིམས་འགལ་ཡིན་ལུགས་སོགས་ཀྱི་ཞུ་གཏུག་བྱེད་བཞིན་ཡོད་པ་མངོན་རྒྱུ་འདུག འོན་ཏང་ད་ལྟའི་ཆར་ཐག་གཅོད་ཇི་བྱུང་དང་མི་སྣ་ཇི་ཙམ་འཛིན་བཟུང་བྱས་ཡོད་མེད་ཀྱི་ཞིབ་ཕྲའི་གནས་ཚུལ་གང་ཡང་ཤེས་རྟོགས་མེད་པ་རེད།

སྐབས་༡༦པའི་བོད་མི་མང་སྤྱི་འཐུས་ཚོགས་གཙོ་བགྲེས་གཞོན་རྣམ་གཉིས་ནས་དམ་འབུལ་ཞུས་པ།

དེ་རིང་ཟླ་ ༥ ཚེས་ ༣༡ ཉིན་བདམས་ཐོན་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་ཚོགས་གཞོན་ཨ་ཅཱ་རྱ་ཡེ་ཤེས་ཕུན་ཚོགས་མཆོག་ནས་ཁྲིམས་ཞིབ་པ་ཆེ་བ་བཀའ་བརྒྱུད་དོན་གྲུབ་མཆོག་གི་དྲུང་ནས་ལས་ཁུར་དང་གསང་རྒྱའི་དམ་འབུལ་ཞུས་གནང་ཡོད། དེའང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་སྲོང་བཙན་ཚོམས་ཆེན་དུ་ཁྲིམས་ཞིབ་པ་ཆེ་བ་བཀའ་བརྒྱུད་དོན་གྲུབ་མཆོག་གིས་གཙོས་པའི་ཁྲིམས་ཞིབ་པ་གཞན་གཉིས་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ། ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ་བཅས་ལྷན་འཛམས་ཐོག་བོད་མི་མང་སྤྱི་འཐུས་ཚོགས་གཙོ་བགྲེས་གཞོན་རྣམ་གཉིས་ནས་ཁྲིམས་ཞིབ་པ་ཆེ་བ་བཀའ་བརྒྱུད་དོན་གྲུབ་མཆོག་གི་དྲུང་ནས་ལས་ཁུར་དང་གསང་རྒྱའི་དམ་འབུལ་གྲུབ་བསྟུན།  ཁྲིམས་ཞིབ་པ་ཆེ་མཆོག་གིས་དབུས་པའི་སྲིད་སྐྱོང་མཆོག་དང་སྤྱི་འཐུས་རྒྱུན་ལས་རྣམས་ནས་འཚམས་འདྲིའི་རྟེན་འབྱུང་མཇལ་དར་དང་རྟེན་འབྲེལ་མཚོན་ཆེད་སྒྲོན་འབུལ་གནང་ཡོད་པ་རེད། རྩ་བའི་ཁ་སང་ཉིན་རྒྱབ་ནས་སྤྱི་འཐུས་རྣམ་པས་ཚོགས་གཙོ་འོས་འདེམས་ཀྱིས་གསང་བའི་འོས་ཤོག་འཕངས་བའི་བརྒྱུད་རིམ་ཁྲོད། སྤྱི་འཐུས་རྩ་འབོར་ ༤༥ ནས་སྤྱི་འཐུས་ཚེ་རིང་གཡུ་སྒྲོན་ལགས་ཕེབས་མ་ཐུབ་པ་ཕུད་གཞན་སྤྱི་འཐུས་ ༤༤ ནས་འོས་འཕངས་ཡོད་པ་རེད། སྤྱི་འཐུས་ཚོགས་གཙོའི་དངོས་གཞི་འོས་གཞོར་སྤྱི་འཐུས་པདྨ་འབྱུང་གནས་ལགས་དང་མཁན་པོ་བསོད་ནམས་བསྟན་འཕེལ་ལགས། དེ་བཞིན་སྤྱི་འཐུས་ཨ་ཅཱ་རྱ་ཡེ་ཤེས་ཕུན་ཚོགས་ལགས་བཅས་ཕེབས་ཡོད་ཀྱང་། དངོས་གཞི་འོས་བསྡུའི་གྲུབ་འབྲས་ནང་འོས་གཞི་གསུམ་ནས་སྤྱི་འཐུས་ཨ་ཅཱ་རྱ་ཡེ་ཤེས་ཕུན་ཚོགས་ལགས་ལ་འོས་གྲངས་ ༢ དང། སྤྱི་འཐུས་མཁན་པོ་བསོད་ནམས་འཕེལ་ལགས་དང་སྤྱི་འཐུས་པདྨ་འབྱུང་གནས་ལགས་གཉིས་ལ་འོས་གྲངས་ ༢༡་༢༡ བཅས་ཆ་སྙོམས་ཆགས་ཡོད་པ་རེད། འོས་གཞི་ཨང་དང་པོ་དང་གཉིས་དབར་ལ་སླར་འོས་བསྡུ་ཚར་གསུམ་གནང་ཡང་། སྤྱི་འཐུས་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་དང་སྤྱི་འཐུས་པདྨ་འབྱུང་ལགས་གཉིས་ལ་འོས་གྲངས་ ༢༢་༢༢ ཆ་སྙོམས་ཐོབ་སྟབས། ཚོགས་གཙོའི་འོས་གཞི་གཉིས་པོ་ནང་མོལ་དགོངས་བཞེས་དང་བཀའ་བསྡུར་གནང་གྲུབ་རྗེས། སྤྱི་འཐུས་རྣམས་བཞུགས་མོལ་གནང་དགོས་ཁེལ་ཡོད་པ་རེད། བཞུགས་མོལ་དེའི་ཐོག་ནས་ཚོགས་གཙོའི་འོས་གཞི་རྣམ་གཉིས་ནས་ལོ་གཉིས་དང་ཕྱེད་ཀ་རིང་རེ་མོས་ཀྱིས་ཚོགས་གཙོའི་ཐུགས་འགན་བཞེས་རྒྱུའི་སྤྱི་མོས་ཐག་ཆོད་བྱུང་དོན་ལྟར། ཐོག་མར་ལོ་གཉིས་དང་ཕྱེད་ཀ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ནས་སྤྱི་འཐུས་ཚོགས་གཙོ་གནང་རྒྱུ་དང་། དེ་རྗེས་པདྨ་འབྱུང་གནས་ལགས་ནས་ཚོགས་གཙོ་གནང་རྒྱུའི་ཐག་གཅོད་བྱུང་ཡོད་པ་རེད། དེ་མཚུངས་ཁ་སང་དགོང་དྲོ་སྤྱི་འཐུས་ཚོགས་གཞོན་གྱི་འོས་བསྡུའི་གནང་པའི་ཁྲོད། མཐའ་མ་དངོས་གཞི་ནང་སྤྱི་འཐུས་ཨ་ཅཱ་རྱ་ཡེ་ཤེས་ཕུན་ཚོགས་ལགས་ལ་འོས་གྲངས་ ༣༨ ཐོབ་ཏེ་ཚོགས་གཞོན་དུ་བདམས་ཐོན་བྱུང་ཡོད་པ་རེད། སྐབས་དེར་འོས་གཞི་གཞན་གཉིས་ནི་སྤྱི་འཐུས་སྒྲོལ་ཚེ་རིང་ལགས་ལ་འོས་གྲངས་ ༤ དང་སྤྱི་འཐུས་ཐུབ་བསྟན་ལུང་རིག་ལགས་ལ་འོས་གྲངས་ ༢ བཅས་ཐོབ་ཡོད་པ་རེད། གཞི་རྩའི་ཁ་སང་ཟླ་ ༥ ཚེས་ ༣༠ ཉིན་གྱི་མཛད་རིམ་གཙོ་བོ་སྤྱི་འཐུས་ཚོགས་གཙོ་བགྲེས་གཞོན་འོས་འདེམས་གནང་ཡོད་པ་དང། སྔ་ཐོག་ཚོུད་ ༡༠ སྟེང་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་རྣམ་པས་བར་བརྒལ་ཚོགས་གཙོ་སྤྱི་འཐུས་པདྨ་འབྱུང་མཆོག་གིས་མདུན་ནས་ལས་འཁུར་དང་གསང་རྒྱའི་དམ་འབུལ་བཞེས་ཡོད་པ་རེད། སང་ཉིན་ཕྱི་ཟླ་ ༦ ཚེས་ ༡ ནས་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དང་པོ་དབུ་འཛུགས་གནང་གི་ཡོད་པ་ལྟར། ཉིན་དང་པོའི་ལས་རིམ་དེའི་ཐོག་མར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གྲོས་ཚོགས་སུ་བཀའ་ཤག་སྐབས་ ༡༥ པའི་བཀའ་བློན་རྣམ་པའི་མི་འགྲོའི་མཚན་དང་ལོ་རྒྱུས་འབུལ་ལམ་ཞུ་པའི་ཐོག་བཀའ་བློན་རྣམ་པ་བསྐོ་གཞག་དང། ཉིན་དགུང་རྒྱབ་ནས་བཀའ་བློན་རྣམ་པ་ལས་འཁུར་དང་གསང་རྒྱའི་དམ་འབུལ་བཞེས་རྒྱུ་ཡིན་པ་རེད།

ཆབ་སྲིད་བཙོན་ཟུར་བློ་གྲོས་རྒྱ་མཚོ་ལགས་རྒྱ་གཞུང་གིས་སླར་ཡང་འཛིན་བཟུང་བྱས་འདུག

  དེ་་སྔ་རྒྱ་གཞུང་གིས་འཛིན་བཟུང་འོག་ལོ་ ༢༡ རིང་བཙོན་འཇུག་མྱངས་པའི་བོད་མི་ཆབ་སྲིད་བཙོན་ཟུར་བློ་གྲོས་རྒྱ་མཚོ་ལགས་ཉེ་ཆར་རྒྱ་གཞུང་གིས་སླུར་ཡང་འཛིན་བཟུང་བཙན་ཁྲིད་བྱས་རྗེས་གནས་སྟངས་ཇི་ཆགས་ཤེས་རྟོགས་མེད་པ་འགྱུར་འདུག    དེ་ཡང་ཟླ་འདིའི་ཚེས་ ༡༤ ཉིན་གྱི་མཚན་མོ་ཚུད་ ༡༢ ཐོག་སོག་རྫོང་གི་ཆབ་སྲིད་བཙོན་ཟུར་བློ་གྲོས་རྒྱ་མཚོའམ་སོག་མཁར་བློ་གྲོས་ལགས་རྒྱ་གཞུང་གིས་བསྐྱར་དུ་ལྷ་ས་ནས་འཛིན་བཟུང་བཀག་ཉར་བྱས་འདུག  རྒྱ་གཞུང་ནས་ཁོང་འཛིན་བཟུང་བྱ་དོན་གང་ཡིན་དང་། ས་གནས་གང་དུ་བཙོན་འཇུག་བྱ་མི་སོགས་ཞིབ་ཕྲའི་གནས་ཚུལ་རྣམས་ཤེས་རྟོགས་ཐུབ་མེད། གཞི་རྩའི་ཁམས་སོག་རྫོང་གི་ཆབ་སྲིད་བཙོན་ཟུར་བློ་གྲོས་རྒྱ་མཚོ་ལགས་ཐོག་མར་ཁོང་སྒེར་འཁོན་ལ་བརྟེན་ནས་ ༡༩༩༣ ལོའི་ཟླ་ ༡ ཚེས་ ༡༧ ཉིན་ནག་ཆུ་འབྲིང་རིམ་ཁྲིམས་ཁང་ཟེར་བས་མི་ལོ་བཅོ་ལྔའི་ཁྲིམས་ཐག་བཅད་ནས་གྲྭ་བཞི་བཙོན་ཁང་ནང་བཙོན་འཇུག་བྱས་འདུག་པ་དང་། དེ་རྗེས་ ༡༩༩༥ ལོའི་ཟླ་ ༣ ཚེས་ ༤ ཉིན་བློ་གྲོས་རྒྱ་མཚོས་གྲྭ་བཞི་བཙོན་ཁང་ནས་བཙོན་པ་ཡོངས་རྫོགས་ལ་སྐུལ་སློང་བྱས་པ་དང་། ལྷག་དོན་ཁོང་གིས་ “བོད་རང་བཙན་ཡིན། རྒྱ་མི་བོད་ནས་ཕར་རྒྱུགས། རྒྱལ་བ་བསྟན་འཛིན་རྒྱ་མཚོ་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག བོད་མི་ས་ཡ་དྲུག་རྡོག་རྩ་གཅིག་སྒྲིལ་ཡིན།” ཅེས་བཙོན་ཁང་དུ་སྐད་འབོད་བྱས་པ་མ་ཟད། སོ་སོས་བྲིས་པའི་སྦྱར་ཡིག་ ༣༠༠ ལྷག་ཙམ་གཏོར་སྟབས། བཙོན་སྲུང་བས་ཁྲིམས་ཁང་ལ་ཞུ་སྙན་ཕུལ་ནས་སྐབས་དེར་ཉིན་གསུམ་ལས་མ་འགྱངས་བར་དམར་གསོད་གཏོང་རྒྱུའི་བཀའ་རྒྱ་བཏང་ཡོད་འདུག འདི་ག་རླུང་འཕྲིན་ཁང་ལ་བོད་མི་མང་སྤྱི་འཐུས་ངག་དབང་ཐར་པ་ལགས་ཀྱིས་འགྲེལ་བརྗོད་གནང་པར་དེ་སྔོན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གཙོས་པའི་རྒྱལ་སྤྱིའི་ཉེས་ཡང་ཚོགས་པ་ཁག དེ་བཞིན་རང་དབང་ཅན་གྱི་ཚོགས་སྡེ་ཁག་གིས་རྒྱ་གཞུང་ལ་བློ་གྲོས་རྒྱ་མཚོ་ལགས་ལ་གསོད་ཁྲིམས་གཏང་མི་ཆོག་པའི་གནོན་ཤུགས་སྤྲད་པར་བརྟེན་རྒྱ་གཞུང་གི་ཁྲིམས་ཁང་ནས་ལོ་དྲུག་རིང་སྲོག་ཁྲིམས་ཕར་འགྱངས་བྱས་ཡོད་པ་གསུངས་སོང་།   ད་ལྟའི་ཆར་ཁོང་འཛིན་བཟུང་བྱ་དོན་གང་ཡིན་ཤེས་རྟོགས་གང་ཡང་ཐུབ་ཀྱི་མེད་ཀྱང་། ཁོང་གི་ནང་མི་གཙོས་ས་གནས་བོད་མི་ཚོས་དེ་སྔའི་གནས་ཚུལ་དང་འབྲེལ་བ་ཡོད་པར་ཚོད་དཔག་ཙམ་གནང་བཞིན་ཡོད་སྐོར་གསུངས་ཀྱི་འདུག བློ་གྲོས་རྒྱ་མཚོ་ལགས་ནི། ཁམས་སོག་རྫོང་ཚ་དབྲོག་ཡུལ་ཚོའི་སོག་མཁར་གྲོང་སྡེ་ནས་ཡིན་པ་དང་།  ཆུང་དུས་སྐབས་རང་གི་ཕའི་དྲུང་ནས་གཏམ་ཡིག་རྩིས་སྦྱངས་སྟབས། སོག་རྫོང་ཟློས་གར་ཚོགས་པའི་འཁྲབ་སྟོན་པ་བྱེད་མྱོང་འདུག་པ་དང་།  ཤེད་ཤུགས་ལྡན་པས་ནག་ཆུ་ས་ཁུལ་སུ་ཤེད་རྡོ་བཀྱགས་ནས་ཨང་དང་པོའི་བྱ་དགའ་ཐེངས་གཉིས་ཙམ་ཐོབ་མྱོང་ཡོད་པ་རེད་འདུག ཁོང་ལ་ད་ལྟའི་ཆར་ཨ་མ་དང་སྲིང་མོ་ལྔ། དེ་བཞིན་སྤུན་ཆུང་བ་གཅིག་བཅས་ཡོད་འདུག་ལ། ཁོང་གི་འཚོ་རྟེན་གཙོ་བོ་ནི་ས་མ་འབྲོག་གྱི་ལས་དོན་ཡིན་འདུག རྩ་བའི་ཁམས་སོག་རྫོང་གི་ཆབ་སྲིད་བཙོན་ཟུར་རང་ལོ་ ༥༥ སོན་པའི་བློ་གྲོས་རྒྱ་མཚོ་ལགས་རྒྱ་གཞུང་གིས་བཙོན་ཁང་ནང་མི་ལོ་ ༢༡ རིང་བཙོན་འཇུག་བྱས་རྗེས། ཕྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༢ ཉིན་གློད་བཀྲོལ་ཐོབ་པ་ཞིག་རེད།  

མཁན་པོ་བསོད་ནམས་བསྟན་འཕེལ་དང་པདྨ་འབྱུང་གནས་གཉིས་ལོ་གཉིས་དང་ཕྱེད་ཀ་རེ་མོས་ཀྱིས་ཚོགས་གཙོ་གནང་རྒྱུ།

སྐབས་༡༦པའི་བོད་མི་མང་སྤྱི་འཐུས་རྣམ་པས་འོས་བསྡུ་ཐེངས་གསུམ་དང་བཞུགས་མོལ་ཚོགས་འདུ་ཚོུད་གཅིག་ལྷག་ཙམ་རིང་ཚོགས་པའི་རྗེས། མཁན་པོ་བསོད་ནམས་བསྟན་འཕེལ་དང་པདྨ་འབྱུང་གནས་གཉིས་ལོ་གཉིས་དང་ཕྱེད་ཀ་རེ་མོས་ཀྱིས་ཚོགས་གཙོ་གནང་རྒྱུའི་སྤྱི་མོས་ཀྱི་གཏན་འབེབས་བྱུང་འདུག དེའང་དེ་རིང་ཟླ་ ༥ ཚེས་ ༣༠ ཉིན་གྱི་སྔ་དྲོ་ཚོུད་ ༩ ཡོལ་ཙམ་ལ་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་སྲོང་བཙན་ཚོམས་ཆེན་དུ་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་བཀའ་བརྒྱུད་དོན་གྲུབ་མཆོག་གི་མདུན་དུ་སྐབས་བཅུ་དྲུག་པའི་སྤྱི་འཐུས་སུ་བདམས་ཐོན་བྱུང་བའི་སྤྱི་འཐུས་པདྨ་འབྱུང་གནས་མཆོག་གིས་བར་བརྒལ་སྤྱི་འཐུས་ཚོགས་གཙོའི་དམ་འབུལ་ཞུས་གྲུབ་རྗེས། ཚོུད་ ༡༠།༠༠ སྟེང་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་སུ་བདམས་ཐོན་སྤྱི་འཐུས་རྣམ་པས་བར་བརྒལ་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གི་དྲུང་ནས་ལས་ཁུར་དམ་བཅའ་འབུལ་བཞེས་གནང་ཡོད་པ་རེད། ཉིན་རྒྱབ་ཚོུད་ ༢།༠༠ ཐོག་སྤྱི་འཐུས་རྒྱུན་ལས་ཁང་དུ་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་སུ་བདམས་ཐོན་སྤྱི་འཐུས་རྣམ་པས་སྤྱི་འཐུས་ཚོགས་གཙོའི་སྔོན་འགྲོ་འོས་བསྡུ་ལས་སྤྱི་འཐུས་པདྨ་འབྱུང་གནས་ལགས་ལ་འོས་གྲངས་ ༢༧ དང་། སྤྱི་འཐུས་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་ལ་འོས་གྲངས་ ༢༣ དང་། སྤྱི་འཐུས་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་ལགས་ལ་འོས་གྲངས་ ༢༠ བཅས་ཐོབ་པས་དངོས་གཞི་འོས་མིར་འདེམས་ཐོན་བྱུང་ཡོད་པ་རེད། དེ་རྗེས་སྤྱི་འཐུས་དེ་དག་གསུམ་པོ་ལས་དངོས་གཞི་འོས་བསྡུ་ཁྲོད་སྤྱི་འཐུས་པདྨ་འབྱུང་གནས་ལགས་དང་སྤྱི་འཐུས་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་རྣམ་གཉིས་ལ་འོས་གྲངས་ ༢༡ ཆ་སྙོམས་ཐོབ་པ་དང་སྤྱི་འཐུས་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་ལགས་ལ་འོས་གྲངས་ ༢ བཅས་ཐོབ་སྟབས། འོས་བསྡུ་འགན་འཛིན་མཆོག་དང་གཟུ་དཔང་རྣམ་པའི་དབར་གྲོས་བསྡུར་གྱིས་ཚོུད་ ༥།༥༠ ཐོག་སླར་ཐེངས་གཉིས་པའི་འོས་བསྡུ་གནང་སྐབས་སྤྱི་འཐུས་པདྨ་འབྱུང་གནས་ལགས་དང་སྤྱི་འཐུས་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་རྣམ་གཉིས་ལ་འོས་གྲངས་ ༢༢ ཆ་སྙོམས་སོན་སྟབས། དངོས་གཞི་འོས་བསྡུ་ཐེངས་གསུམ་པའི་ཁྲོད་ཁོང་རྣམ་གཉིས་ལ་འོས་གྲངས་ ༢༢ ཆ་སྙོམས་སོན་པར་བརྟེན་ཐག་གཅོད་མ་ཐུབ་པས་ཚོུད་ ༧།༣༠ ཙམ་ནས་སྤྱི་འཐུས་རྣམས་བཞུགས་མོལ་གནང་དགོས་ཁེལ་ཡོད་པ་རེད། བཞུགས་མོལ་དེའི་ཐོག་ནས་ཚོགས་གཙོའི་འོས་གཞི་རྣམ་གཉིས་ནས་ལོ་གཉིས་རེ་ཚོགས་གཙོའི་ཐུགས་འགན་བཞེས་རྒྱུའི་སྤྱི་མོས་ཐག་ཆོད་བྱུང་ཡོད་པ་དང། དེ་ཡང་བོད་མི་མང་སྤྱི་འཐུས་སྐབས་༡༦པའི་ཚོགས་གཙོའི་ལས་ཡུན་ལས་ཆེས་ཐོག་མར་སྤྱི་འཐུས་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་ནས་ ༢༠༡༦ ལོའི་ཟླ་ ༥ ཚེས་ ༣༡ ནས་ ༢༠༡༨ ལོའི་ཟླ་ ༡༡ ཚེས་ ༣༠ བར་ལས་ཡུན་རིང་ཚོགས་གཙོའི་ཐུགས་འགན་བཞེས་དགོས་པ་དང་། དེ་རྗེས་སྤྱི་འཐུས་པདྨ་འབྱུང་གནས་ལགས་ནས་ ༢༠༡༨ ལོའི་ཟླ་ ༡༢ ཚེས་ ༡ ཉིན་ནས་ ༢༠༢༡ ལོའི་ཟླ་ ༥ ཚེས་ ༢༩ བར་བཅས་ཚོགས་གཙོའི་ཐུགས་འགན་བཞེས་དགོས་པའི་སྤྱི་མོས་ཐག་ཆོད་བྱུང་ཡོད་པ་རེད། རྩ་བའི་སྤྱི་འཐུས་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་ནི། ཕྱི་ལོ་ ༡༩༧༤ ལོར་བོད་ཁམས་རེ་ཁེ་བྱང་སོང་རྫོང་སུ་སྐྱེས་ཤིང། ཕྱི་ལོ་༡༩༩༣ལོར་བཙན་བྱོལ་དུ་འབྱོར་ནས་རྒྱ་གར་ལྷོ་ཕྱོགས་ཆོས་སྡེ་ཆེན་པོ་ཐེག་མཆོག་རྣམ་གྲོལ་གླིང་དུ་ཆོས་སྒར་ཞུགས་ཏེ། ༸སྐྱབས་རྗེ་གྲུབ་དབང་པདྨ་ནོར་བུ་རིན་པོ་ཆེ་སྐུ་མདུན་ནས་བསྙེན་རྫོགས་ཀྱི་སྡོམ་པ་ཞུས། དེ་ནས་བཤད་གྲྭར་མདོ་གོང་འོག་དང། རྒྱུད་སྡེ་གོང་འོག ཆོས་འབྱུང། རྒྱལ་རབས་། དེ་བཞིན་རིག་གནས་བཅས་ལ་སྦྱང་པ་གནང། དེའི་རྗེས་བཤད་གྲྭར་སྐྱོར་དཔོན་དང། སློབ་དཔོན་གྱི་མཚན་གནས་རིམ་པ་གནང་ཐོབ་ཀྱིས་དགེ་རྒན་གྱི་ཕྱག་ལས་གནང་འདུག དེའི་རྗེས་༸སྐྱབས་རྗེ་གྲུབ་དབང་རིན་པོ་ཆེ་མཆོག་གི་བཀའ་དགོངས་བཞིན། ཕྱི་ལོ་ ༢༠༠༣ ལོར་རྣམ་གྲོལ་གླིང་གི་ཚོགས་ཆེན་དགེ་བསྐོས་ལོ་གསུམ། དེ་ནས་བོད་མི་མང་སྤྱི་འཐུས་སྐབས་༡༤དང༡༥པ་བཅས་སུ་རྙིང་མའི་སྤྱི་འཐུས་ཁོངས་སུ་འོས་འདེབས་བྱུང་ཡོད་མ་ཟད། སྐབས་༡༥པའི་སྤྱི་འཐུས་ཚོགས་གཞོན་དང། ད་རེས་བསྐྱར་དུ་སྐབས་༡༦པའི་རྙིང་མའི་སྤྱི་འཐུས་སུ་འོས་འདེམས་བྱུང་ཡོད་པ་རེད། སྤྱི་འཐུས་པདྨ་འབྱུང་གནས་ལགས་ནི། བོད་མངའ་རིས་རུ་ཐོག་རྫོང་བྱང་སྟོད་དུ་སྐྱེས་ཤིང་། ཆུང་དུས་ཀ་སྦུག་དང་སིམ་ལ་བོད་གཞུང་སློབ་གྲྭ་གཞི་རིམ་གོང་འོག་དང་དང་། ཝཱཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་ནས་སློབ་དཔོན་གྱི་སློབ་མཐར་སོན་ཡོད། དེ་རྗེས་སློབ་མཐར་སོན་ནས་དཔལ་ས་སྐྱའི་ཆོས་སྒར་དང་སྦིར་བཅས་ལ་དགེ་རྒན་གནང་པ་དང་།  བོད་མི་མང་སྤྱི་འཐུས་སྐབས་ ༡༠, ༡༡, ༡༢,༡༣, ༡༤ བཅས་སུ་ས་སྐྱའི་སྤྱི་འཐུས་ཁོངས་ནས་བདམས་ཐོན་བྱུང་འདུག་པ་དང་། བོད་མི་མང་སྤྱི་འཐུས་སྐབས་ ༡༥ དང་ ༡༦ བཅས་ཐེངས་གཉིས་རིང་དབུས་གཙང་ཆོལ་ཁའི་སྤྱི་འཐུས་ཁོངས་ནས་བདམས་ཐོན་བྱུང་ཡོད་པ་ལྟར། ཁྱོན་སྤྱི་འཐུས་སྐབས་ ༧ རིང་གནང་ཡོད་པ་རེད། གཞན་ཡང་སྤྱི་འཐུས་ཀྱི་ཕྱག་ལས་གནང་རིང་ལ་རྒྱུན་ལས་དང་། ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་ཚོགས་གཙོ་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གཏན་འཇགས་ཚོགས་གཙོའི་ཐུགས་འགན་བཞེས་ཡོད་པ་དང་། སྐབས་དེའི་རྩ་དོན་ཆེ་ཁོང་བ་ར་སིལ་དང་སུད་སི། ཨི་ཊ་ལི། ཧོ་ལེན་ཌ་བཅས་ལ་རྩ་དོན་ཆེད་ཕེབས་རྒྱུའི་གོ་སྐབས་བྱུང་འདུག

སྨན་རྩིས་ཁང་དེ་ཚོང་གི་ངོ་བོར་མི་འགྲོ་བ་བྱ་གལ་ཆེ་ཞེས་གསུངས་སོང་།

དེ་རིང་ཟླ་ ༥ ཚེས་ ༣༠ ཉིན་གྱི་སྔ་དྲོར་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་སྨན་རྩིས་ཀྱི་ཁང་གི་སྨན་རྩིས་མཐོ་སློབ་ཁང་དབུ་བརྙེས་ནས་ལོ་ངོ་ ༥༥འཁོར་བའི་སྲུང་བརྩིའི་མཛད་སྒོའི་སྐུ་མགྲོན་གཙོ་བོར་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་དང་། དམིགས་བསལ་སྐུ་མགྲོན་དུ་བཞུགས་སྒར་ཉེ་འདམས་སུ་རྟེན་གཞི་བྱས་པའི་རྒྱ་གར་གཞུང་གི་ Tanda སྨན་གྱི་མཐོ་རིམ་སློབ་གཉེར་ཁང་གི་སློབ་སྤྱི་སྨན་པ་ Anil Chauhan ལགས། གཞན་ཡང་སྐུ་བཅར་སྨན་རམས་པ་ཚེ་དབང་རྟ་མགྲིན་ལགས། སྨན་རྩིས་ཁང་གི་དྲུང་ཆེ་སོགས་ལྷན་འཛོམས་ཐོག་མཛད་སྒོ་ཚོགས་གནང་སོང་། སྐུ་མགྲོན་གཙོ་བོ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གིས་ཉེ་ཆར་༸གོང་ས་མཆོག་གིས་སྨན་རྩིས་ཁང་དབུ་བརྙེས་པའི་དུས་ཚིགས་སྐབས་བཀའ་སློབ་ལྕི་མོ་ཕེབས་པ་སོགས་དྲན་བསྐུལ་གནང་པ་དང་འབྲེལ། བོད་ཀྱི་སྨན་རྩིས་ཁང་གི་དགེ་ལས་སློབ་ཕྲུག དེ་བཞིན་དབུ་འཛིན་བཅས་ཀྱིས་༸མགོན་པོ་མཆོག་གི་བཀའ་སློབ་སྤྱི་བོར་འཛིན་པའི་ཐོག་ནས་ཉམས་ཐག་ནད་པར་ཚོར་ལྟ་སྐྱོང་གནང་རྒྱུ་མཚོན་པའི་ཕན་བདེའི་ཞབས་ཕྱི་གང་ལེགས་བསྒྲུབ་པར་འབད་བརྩོན་གནང་དགོས་པ་མ་ཟད། དེང་སྐབས་དཀའ་ངལ་འཕྲད་བཞིན་པའི་ནད་རིགས་འདྲ་མིན་ལ་གཞིགས་པའི་བོད་ཀྱི་གསོ་རིག་ངོས་ནས་སྨན་པ་གསར་གཏོད་མཛད་དགོས་པ་དང་། ལྷག་དོན་ཚོང་དང་དཔལ་འབྱོར་འདུ་འགོད་ཀྱི་ངོ་བོར་མི་འགྲོ་བ་བྱ་རྒྱུ་གལ་ཆེན་པོ་རེད་ཅེས་གསུངས་སོང་། དེ་བཞིན་དམིགས་བསལ་སྐུ་མགྲོན་སྐུ་ཞབས་ Anil Chauhan ལགས་ནས་སྨན་རྩིས་ཁང་གི་སློབ་མ་ཚོའི་ངོས་ནས་དེ་སྔའི་རྒན་པ་རྣམས་ནས་ངལ་བ་ཁྱད་གསོད་ཀྱིས་བོད་ཀྱི་གསོ་བ་རིག་པའི་སྨན་དང་རྩིས་ཀྱི་གཞུང་ལུགས་དེ་མི་ཉམས་རྒྱུ་འཛིན་གནང་ཡོད་པ་ལྟར། ད་ལྟའི་གཞོན་རབས་སློབ་མས་ཐོུང་མ་ཡིན་པའི་གསོ་རིག་སྨན་གཞུང་གི་ལག་ལེན་དེ་འཛམ་གླིང་སྤྱི་ལ་དར་འཕེལ་བྱ་ཐུབ་རྒྱུའི་འགན་ཡོད་ཅེས་གསུངས་ཡོད། གཞན་ཡང་ད་རེས་དུས་ཚིགས་དེའི་ཐོག་སྐུ་མགྲོན་པས་མཐོ་སློབ་ཁང་དེའི་དབྱིན་བོད་གངས་རིའི་ལང་ཚོའི་དུས་དེབ་ཐོག་སྨན་གཞུང་དང་འབྲེལ་བའི་རྩེ་ཕུད་སོན་པའི་རྩིམ་ཡིག་ཁག་ལ་བྱ་དགའ་གསོལ་བསྩལ་གནང་པ་དང། ཁྱད་པར་དུ་སྨན་དང་རྩིས་ཀྱི་སློབ་མའི་ལོ་རིམ་སོ་སོ་ནས་གོ་སྒྲིག་ཞུས་པའི་བོད་ཀྱི་གསོ་རིག་སྐྱེས་དངོས་སྨན་རྫས་དང་། འབྲས་ནད་བཅོས་ཐབས་སྐོར། གཟའ་སྐར་མིང་གི་རྣམ་གྲངས་སོགས་བརྗོད་གཞི་འདྲ་མིན་ཐོག་འགྲེམས་སྟོན་ཁག་ལ་གཟིགས་ཞིབ་ཡང་གནང་ཡོད་པ་རེད། གཞི་རྩའི་ ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ནང་དུ་བོད་ཀྱི་སྨན་རྩིས་ཁང་གསར་བཙུགས་གནང་ནས་ལོ་ངོ་ ༥༥ འཁོར་བའི་དུས་ཡུན་དེའི་ནང་དབུས་སྨན་རྩིས་ཁང་གི་ཁྱབ་ཁོངས་སུ་ཡན་ལག་སྨན་ཁང་ ༥༥ གསར་བཙུགས་གནང་ཐུབ་བྱུང་འདུག

༸གོང་ས་མཆོག་དབུ་བཞུགས་ཐོག་སྲིད་སྐྱོང་མཆོག་གིས་དམ་འབུལ་བཞེས་གནང་པ།

དེ་རིང་ཟླ་ ༥ ཚེས་ ༢༧ ཉིན་གྱི་སྔ་དྲོ་ཚོུད་ ༩།༣༠ སྟེང་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་ར་བར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཛད་སྒོའི་གཙོ་མགོན་དུ་དབུ་བཞུགས་གཙོས། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དབུས་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོ་གཙོས་རྒྱུན་ལས་རྣམ་པ། གནད་ཡོད་སྐུ་མགྲོན་རྣམ་པ། ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ། སྲི་ཞུའི་ལས་བྱེད་རྣམ་པ། གཞུང་འབྲེལ་མིན་པའོ་ཚོགས་ཁག་གི་སྐུ་ཚབ། དེ་བཞིན་བཞུགས་སྒར་ཁུལ་དུ་གཉུག་མར་གནས་པ་དང་གློ་བུར་དུ་ལྷགས་པའི་སེར་སྐྱ་མང་ཚོགས་བཅས་སྟོང་ཕྲག་བརྒལ་བ་འདུ་འཛོམས་ཐོག་བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེའི་དགོངས་དོན་ལྟར་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བའི་མདུན་དུ་སྲིད་སྐྱོང་མཆོག་གིས་ལས་འཁུར་དང་གསང་རྒྱའི་དམ་འབུལ་གྲུབ་བསྟུན། དམ་འབུལ་མ་དེབ་ཐོག་མཚན་རྟགས་བཀོད་གནང་ཡོད་པ་རེད། སྐབས་དེར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཐོག་མར་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གུས་ཕྱག་སྔོན་དུ་བཏང་ནས་བཀྲིས་པའི་འཚམས་འདྲི་ཞུས་པ་དང་སྦྲགས། མགོན་པོ་མཆོག་ནས་བདག་ཅག་བོད་འབངས་རྣམས་ལ་ཐུགས་རྗེའི་སྐྱབས་འོག་ནས་ནམ་ཡང་མི་འདོར་བར་ཐུགས་བརྩེ་བ་ཆེན་པོས་དམ་འབུལ་གྱི་མཛད་སྒོའི་ཚོགས་དགོན་དུ་ཆིབས་སྒྱུར་བསྐྱངས་པར་བཀྲིན་བླ་མེད་དུ་ཆེ་ཞེས་དང་། བཀའ་ཤག་གིས་ངོས་ནས་༸གང་ཉིད་ཀྱི་༸སྐུ་ཚེའི་རིང་བོད་མིའི་མངོན་འདོད་འགྲུབ་ཐུབ་པ་ཡོང་ཆེད་བཀའ་ཤག་ནས་འབད་བརྩོན་ཞུ་སྒོ་འཐུས་ཤོར་མེད་པ་ཞུ་རྒྱུའི་དམ་བཅའ་ཕུལ་གནང་སོང་། སྲིད་སྐྱོང་མཆོག་གིས་རྒྱ་ཆེ་མང་ཚོགས་ལ་ཐུགས་རྗེ་ཆེ་ཞུས་པ་དང་། ལྷག་དོན་ཕྱག་སྦྲེལ་བཀའ་བློན་རྣམས་པ་དང་སྲི་ཞུ་ལས་བྱེད་ཡོངས་ནས་ཆབ་སྲིད་དང་འཛིན་སྐྱོང་གི་ལས་དོན་སྤྱིའི་ཐད་ནས་ནུས་པ་མཉམ་སྤུངས་གནང་པར་བསྔགས་བརྗོད་གནང་པ་དང་ཆབས་ཅིག འབྱུང་འགྱུར་བཀའ་ཤག་སྐབས་བཅོ་ལྔ་པའི་ལས་ཡུན་རིང་རང་ནུས་གང་ལྕོགས་ལྷག་བློ་ཆེ་བསྐྱེས་ཀྱིས་ཞབས་ཕྱི་ཞུ་རྒྱུའི་ཁས་ལེན་ཞུ་གནང་པ་མ་ཟད།  བཀའ་ཤག་གི་གཞི་རྩའི་ལྟ་གྲུབ་གསུམ་ལ་རྒྱབ་རྟེན་དུ་བཟུང་སྟེ། སྔར་གྱི་ལས་འཆར་མུ་མཐུད་མཇུག་སྐྱོང་ཐོག་ཆབ་སྲིད་དང་འཛིན་སྐྱོང་གི་ལས་དོན་སྔར་ལྷག་ནུས་པ་ཐོན་པ་ཡོང་ཆེད་ལས་གཞི་གསར་པ་དུས་ནས་དུས་སུ་འབད་བརྩོན་ཞུ་རྒྱུ་དང་། གཞིས་བྱེས་རྒྱ་ཆེ་མང་ཚོགས་ནས་ཀྱང་ཆོས་ཁ་དང་ལུང་ཚན། ཆོས་ལུགས་བཅས་ཀྱི་དབྱེ་བ་མེད་པར་ཕུགས་ཀྱི་བསམ་འདུན་གཅིག་ཡིན་པ་དང་། བོད་རིགས་སྤུན་ཟླ་ཡིན་པའི་འདུ་ཤེས་བརྟན་པོར་བཟུང་སྟེ་མུ་མཐུད་རྒྱབ་སྐྱོར་དང་ཕྱར་གྲུ་མཉམ་འདེགས་གནང་བའི་རེ་བ་གནང་བཞིན་ཡོད་པ་གསུངས་སོང་། དེ་བཞིན་སྲིད་སྐྱོང་མཆོག་གིས་༸གོང་ས་མཆོག་གི་༸སྐུ་མདུན་དུ་ད་ལན་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་བསྡུའི་བརྒྱུད་རིམ་ཁྲོད་བོད་མིའི་ཡ་རབས་བཟང་སྤྱོད་དང་འགལ་བའི་བྱ་སྤྱོད་ཐལ་བ་སོགས་ལ་བརྟེན་ནས་ལྷ་དགོངས་དཀྲུག་པ་བྱུང་ཡོད་སྟབས། གུས་ཅག་རྣམས་ནས་གནོངས་འགྱོད་དྲག་པོས་མཐོལ་བཤགས་ཞུས་པ་དང་འབྲེལ། ཕྱིན་ཆད་མགོན་པོ་མཆོག་ཐུགས་ཕམ་འགྱུར་གཞི་དེ་རིགས་གཏན་ནས་མི་ཡོང་བའི་ཁས་ལེན་དམ་བཅའ་བརྟན་པོ་རྒྱུ་ཞུ་ཡིན་པ་སོགས་གསུངས་ཡོད། མཛད་སྒོའི་གཙོ་མགོན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་བསྩལ་བའི་ནང། བོད་ཀྱི་ཆོས་དང་རིག་གཞུང་དང་། དེ་ལ་བརྟེན་པའི་བོད་མིའི་ཡ་རབས་བཟང་སྤྱོད་ཀྱི་རིག་གཞུང་གི་གལ་གནད་སྐོར་དང་འབྲེལ། དེ་སྔ་དུས་རབས་བདུན་པ་བརྒྱད་པའི་སྐབས་ཆོས་རྒྱལ་བཀྲིན་ཅན་རྣམས་ཀྱིས་གཙོས་པའི་སྔོན་བྱོན་སྐྱེས་བུ་དམ་པ་ཚོས་ལོ་ངོ་སྟོང་ཕྲག་རིང་གི་རྒྱ་གར་གྱི་དཔལ་ན་ལེནྡྲའི་ཆོས་བརྒྱུད་དྲི་མ་མེད་པ་དེ་བོད་སྐད་ཐོག་བདག་གཅེས་གནང་པ་དེར་དེང་གི་མཁས་དབང་དང་ཚན་རིག་པ། དེ་བཞིན་ཆོས་པ་སོགས་ཤེས་ཡོན་ཅན་དང་ཟུར་གནས་སྐྱེས་བུ་ཚོས་དགའ་མོས་དང་དོ་སྣང་ཧ་ཅང་ཆེན་པོ་ཐོབ་སྟེ། འཛམ་གླིང་འདིའི་གཅེས་ནོར་ལྟ་བུ་དང་། ས་ཆའི་བབ་ཀྱི་ཆ་ནས་བོད་དེ་འཛམ་གླིང་གི་ཡང་རྩེ་ཞེས་བརྗོད་སྲོལ་ཡོད་པ་ལྟར། བོད་དེ་རིག་གཞུང་དང་ལྟ་གྲུབ་ཀྱི་ཡང་རྩེར་སོན་པ་ཞིག་ཆགས་ཡོད་སྟབས་ཚང་མས་རང་གི་རྩ་ཆེན་རིག་གཞུང་དེ་བདག་གཅེས་གནང་གལ་ཡིན་པའི་བཀའ་སློབ་བསྩལ་ཡོད།ད་དུང་༸གོང་ས་མཆོག་གིས་དུས་ཚོད་གཉན་འཕྲང་ཅན་འདིར་གཙོ་ཆེ་གཞི་ལུས་རྒྱ་ཆེ་མང་ཚོགས་ཀྱི་ལྷག་བསམ་དང་སྙིང་ངོ་མཚར་བསྐྱེད་དགོས་ཡག་ཙམ་མ་ཟད། སེམས་ཤུགས་དང་སྙིང་སྟོབས་དེ་དག་འཚེ་མེད་ཞི་བའི་སྒོ་ནས་གནང་སྟེ་སྐུ་ངལ་དེ་ལྟར་སྐྱོན་བཞིན་ཡོད་སྟབས། བཙན་བྱོལ་ནང་ཡོད་མཁན་རྣམས་ནས་ད་བར་གཞིས་ལུས་རྒྱ་མང་ཚོགས་ཀྱི་ཚབ་བྱེད་ནས་སྔར་བཞིན་མུ་མཐུད་ཧུར་ཐག་གནང་ནས་ཁ་ཡོད་ལག་ཡོད་ཀྱི་གྲུབ་འབྲས་ཐོན་གལ་ཡིན་པ་ལས། འདྲ་ཆགས་ཆགས་རིགས་གནང་རྒྱུ་མེད་པའི་བཀའ་སློབ་ལྕི་མོ་བསྩལ་གནང་སོང་། ལྷག་པར་དུ་༸གོང་ས་མཆོག་གིས་ཉེ་ཆར་བོད་མིའི་འོས་བསྡུའི་ལས་རིམ་སྐབས་ཡ་རབས་བཟང་སྤྱོད་ཀྱི་མཚམས་ནས་ཏོག་ཙམ་མར་བབས་བསྡ་པ་འདྲ་པོ་ཞིག་ཡོང་སོང་། ལྷག་པར་དུ་རེ་ཟུང་གི་བྱེད་ལས་རྐྱེན་པས་ཆོལ་ཁའི་འཐེན་འཁྱེར་གྱི་རྣམ་པ་ཐོན་པར་༸གང་ཉིད་མཆོག་ཧ་ཅང་གི་ཐུགས་ཕམ་བྱུང་ཡོད་པ་བཀའ་གནང་སྟེ། ཕྱིན་ཆད་ཚང་མས་དེའི་རིགས་མི་ཡོང་བ་གནང་གལ་ཡིན་པ་དེ་ལྟར་ཡང། ད་བར་ང་ཚོ་བོད་ཆོལ་ཁ་གསུམ་པོ་སྐྱིད་ན་སྐྱིད་མཉམ་དང་། སྡུག་ན་སྡུག་མཉམ་བྱེད་མཁན་ཞིག་ཆགས་ཡོད་སྟབས། ནམ་ཡང་ཆོལ་ཁ་དང་ཆོས་ལུགས་ཀྱི་དབྱེ་བའི་རིགས་མི་ཡོང་བ་གནང་གལ་ཡིན་པ་བཀའ་སློབ་བཀྲིན་བསྩལ་གནང་ཡོད་པ་རེད། རྩ་བའི་དེ་རིང་སྔ་ཐོག་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྲིད་སྐྱོང་མཆོག་གིས་ལས་འཁུར་དམ་འབུལ་གྲུབ་བསྟུན། མང་ཚོགས་ནས་སྲིད་སྐྱོང་མཆོག་ལ་མཇལ་འཕྲད་ཞུས་ནས་འཚམས་འདྲིའི་མཇལ་དར་ཕུལ་བ་གནང་མཁན་འདུག་པ་མ་ཟད། མང་ཚོགས་ཁག་ཅིག་ནས་འདི་ག་རླུང་འཕྲིན་ཁང་བརྒྱུད་སྲིད་སྐྱོང་མཆོག་ལ་འཚམས་འདྲི་གནང་མཁན་ཡང་བྱུང་ཡོད།

བོད་རྔ་བ་ནང་དུ་དགེ་འདུན་པ་གཉིས་འཛིན་བཟུང་གིས་གར་སོང་ཆ་མེད་གྱུར་འདུག

བོད་མདོ་སྨད་རྔ་པ་ཀིརྟི་དགོན་པའི་གྲྭ་བློ་བཟང་དར་རྒྱས་ལགས་རྒྱ་གཞུང་གིས་སླར་འཛིན་བཟུང་བྱས་རྗེས་གནས་སྟངས་ཇི་ཆགས་ཤེས་རྟོགས་མེད་པར་གྱུར་འདུག དེའང་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་གསལ་ལ་གཞིགས་ན། ཟླ་འདིའི་ཚེས་ ༢༣ ཉིན་གྱི་མཚན་མོར་རྒྱ་གཞུང་གིས་རྔ་པ་ཀིརྟི་དགོན་པའི་ཆབ་སྲིད་བཙོན་ཟུར་དགེ་འདུན་པ་རང་ལོ་ ༣༠ ཡས་མས་སོན་པ་བློ་བཟང་དར་རྒྱས་ལགས་རྒྱུ་མཚན་གང་ཡིན་གསལ་ཁ་མེད་པའི་འོག་འཛིན་བཟུང་བྱས་སྟབས། ད་ལྟའི་ཆར་ཁོང་ས་གནས་གང་ཏུ་བཙོན་འཇུག་བྱེད་ཡོད་མེད་སོག་སཀྱི་ཞིབ་ཕྲའི་གནས་ཚུལ་གང་ཡང་ཤེས་རྟོགས་ཐུབ་མེད་པ་རེད། རྒྱ་གཞུང་དྲག་ཆས་ཉེན་རྟོག་པེ་གྲྭ་བློ་བཟང་དར་རྒྱས་ལགས་ལ་དེ་ལས་སུ་ཆེད་འབོད་ཀྱིས་ཁོང་གི་འགྲོ་འདུག་སྤྱོད་གསུམ་གྱི་གནས་ཚུལ་གཙོས་པའི་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་གྱི་ཡོད་མེད་སྐོར་ཡིག་ཐོག་ནས་སྤྲོད་དགོས་པའི་བཙན་བཀའ་ལན་མང་བཏང་ཡོད་ཀྱང་། ཁོང་གིས་དེ་ལྟར་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་བར་ངོས་བཞེས་གང་ཡང་གནང་མེད་པ་རེད་འདུག གཞི་རྩའི་དགེ་འདུན་པ་བློ་བཟང་དར་རྒྱས་ལགས་ནི་རྔ་པ་རྫོང་རྨེའུ་རུ་མའི་རུ་ཆེན་གཉིས་པའི་ཕ་བློ་བཟང་གི་བུ་ཡིན་ཞིང་། ཁོང་དེ་སྔོན་ ༢༠༡༡ ལོར་རང་གི་སྤུན་མཆེད་གྲྭ་ཕུན་ཚོགས་ལགས་ཀྱིས་རང་ལུས་མེར་བསྲེགས་ཀྱི་གནད་དོན་དང་འབྲེལ་ནས་འཇུག་བཟུང་གིས་དུས་བཀག་ལོ་གསུམ་རིང་བཙོན་འཇུག་ཟིན་རྗེས་གློད་བཀྲོལ་བཏང་འདུག དེ་དོན་བཞིན་ཁོང་སླར་ཀིརྟི་དགོན་པར་གཞུང་ཆེན་ཀ་དཔོད་དག་ལ་ཐོས་བསམ་སློབ་གཉེར་གནང་པ་མ་ཟད། བཀའ་རིམ་འཛིན་གྲྭའི་སྐྱོར་དཔོན་ཡང་ཡིན་འདུག དེ་མཚུངས་སུ་ཟླ་བ་སྔོན་མའི་ཚེས་ ༡༤ ཉིན་གྱི་དགོང་མོར་ཨ་མདོ་རྔ་པ་རྩི་ནང་དགོན་པའི་དགེ་འདུན་པ་འཇམ་དབྱངས་བློ་གྲོས་ལགས་རྒྱ་ནག་ཉེན་རྟོག་པས་འཛིན་བཟུང་གིས་ད་བར་གནས་ཚུལ་ཇི་ཆགས་སོགས་ཤེས་རྟོགས་ཐུབ་མེད། རྔ་པ་རྩི་ནང་དགོན་དཔལ་མི་འགྱུར་ངེས་དོན་བདེ་ཆེན་གླིང་གི་དགེ་འདུན་པ་འཇམ་དབྱངས་བློ་གྲོས་ལགས་རྔ་པ་ཁུལ་འབར་ཁམས་གྲོང་ཁྱེར་མི་དམངས་སྨན་ཁང་གི་སྒོ་འགྲམ་ནས་གློ་བུར་དུ་འཛིན་བཟུང་བྱས་སྟབས། རྒྱ་གཞུང་གིས་ཁོང་འཛིན་བཟུང་བྱེད་དགོས་དོན་གང་ཡིན་དང་ད་ལྟའི་ཆར་ས་གནས་གང་དུ་བཙོན་འཇུག་བྱེད་ཡོད་སོགས་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་ཐུབ་མེད། འོན་ཏང་ས་གནས་བོད་མི་ཚོས་འགྲེལ་བརྗོད་གནང་དོན་ལ། ཁོང་གིས་ཆབ་སྲིད་དང་འབྲེལ་བའི་རྩོམ་ཡིག་མང་དག་ཞིག་བྲིས་ཡོད་པ་དང་། དེ་དག་ཕར་ཚུར་སྐུར་པའི་རྐྱེན་གྱིས་ཡིན་པར་ཚོད་དཔག་བྱེད་བཞིན་འདུག རྩ་བའི་གྲྭ་འཇམ་དབྱངས་བློ་གྲོས་ལགས་ནི་ད་ལྟ་རང་ལོ་ ༣༥ ཙམ་ཡིན་པ་དང་། ཁོང་གི་ཕ་མིང་ལ་ཚག་ཐོ་དང་མ་མིང་ལ་ཟོག་རས་ཟེར་གྱི་ཡོད་པ་རེད།

༸གོང་ས་མཆོག་གིས་ཝི་ཏི་ནམ་དད་ལྡན་ཚོར་དམིགས་བསལ་མཇལ་ཁ་དང་བཀའ་སློབ་བསྩལ་བ།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁ་སང་ཟླ་ ༥ ཚེས་ ༢༥ ཉིན་ནས་དབུ་འཇུགས་ཀྱིས་དེ་རིང་ཚེས་ ༢༦ བར་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་ཝི་ཏི་ནམ་ནས་ཆེད་བཅར་ཞུས་པའི་དད་ལྡན་སྡེ་ཁག་ཅིག་ལ་དམིགས་བསལ་མཇལ་ཁ་དང་བཀའ་འདྲི་ཞུས་པར་སྐལ་བཟང་གི་བཀའ་ལན་བསྩལ་ཡོད་པ་རེད། དེ་རིང་ཉིན་མཐའ་མའི་བགྲོ་གླེང་གི་ལས་རིམ་སྐབས་ཝི་ཏི་ནམ་དད་ལྡན་པ་ཞིག་གིས་བཀའ་འདྲི་ཞུས་པའི་བཀའ་ལན་ལས་འཕྲོས་ཏེ་མགོན་པོ་མཆོག་གིས་ད་ལྟའི་ཆར་རྒྱ་ནག་ནང་ལ་བཟང་ཕྱོགས་ཀྱི་འགྱུར་བ་ཕྲན་བུ་འགྲོ་བཞིན་ཡོད་པ་གཟིགས་ཀྱི་ཡོད་སྐོར་བཀའ་སྩལ་དང་འབྲེལ། འཛམ་གླིང་འདི་ཞི་བདེ་དང་བདེ་སྐྱིད་ལྡན་པ་བསྐྲུན་པར་རྒྱ་ནག་ནས་ནུས་པ་ལྡན་པའི་ཞབས་འདེགས་བསྒྲུབ་ཐུབ་ངེས་ཡིན་པ་བཀའ་བསྩལ་འདུག ༸གང་ཉིད་མཆོག་གིས་འདས་པའི་ལོ་ངོ་ ༦༠ རིང་རྒྱ་ནག་ནང་སྲིད་འཛིན་རིམ་པ་འཕོ་འགྱུར་ལྟར། ད་ཆ་སྲིད་འཛིན་ཞི་ཅིང་ཕིང་ནས་ཡུལ་དེའི་ནང་ལྐོག་ཟ་རུལ་སུངས་གི་བྱ་ངན་རིགས་ལ་གདོང་ལེན་བྱེད་མུས་ཁར། དེ་སྔ་ཕྷ་རན་སིར་གཞུང་འབྲེལ་འཚམས་སྐོར་སྐབས་ནང་པ་སངས་རྒྱས་པའི་ཆོས་དེས་རྒྱ་ནག་གི་རིག་གཞུང་ལ་ཞབས་འདེགས་བསྒྲུབ་རྒྱུར་གལ་གནད་ཆེན་པོ་ཆགས་ཀྱི་ཡོད་སྐོར་གཏམ་བཤད་སྤེལ་བར་བསྔགས་བརྗོད་གནང་ཡོད་པ་རེད། ད་དུང་མགོན་པོ་མཆོག་གིས་རྒྱ་ནག་གཞུང་གིས་མཁྲེགས་བཟུང་གི་ལྟ་བ་དེ་དག་ངེས་པར་དུ་དོར་ཏེ་འཛམ་གླིང་འདི་སྔར་ལས་ཞི་བདེ་ལྷིང་འཇགས་དང་བེད་སྐྱིད་ལྡན་པ་ཞིག་ཡོང་ཐབས་སུ་ནུས་པ་ལྡན་པའི་ཞབས་འདེགས་བསྒྲུབ་ཐུབ་ཀྱི་རེད་ཅེས་བཀའ་བསྩལ་འདུག རྩ་བའི་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་ཝི་ཏི་ནམ་དད་ལྡན་པ་རྣམས་ལ་དམིགས་བསལ་མཇལ་ཁ་དང་བཀའ་སློབ། ལྷག་དོན་ཁོང་རྣམས་ཀྱིས་བཀའ་འདྲི་ཞུ་རྒྱུའི་ལས་རིམ་འདི་བཞིན་འདས་པའི་ལོ་ཤས་ནང་ཐེངས་གསུམ་བསྐྱངས་ཟིན་འདུག་པ་དང་། ད་ལྟའི་བགྲོ་གླེང་འདི་ཐེངས་བཞི་པ་དེ་ཆགས་ཀྱི་འདུག

Latest news