Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག

༸གོང་ས་མཆོག་གིས་ཕྱིའི་གཙང་སྦྲ་དང་ལྷན་ནང་བསམ་བློའི་འཕྲོད་བསྟེན་གནང་རྒྱུ་གལ་ཆེ་བ་ཡིན་པ་བཀའ་་བསྩལ་སོང།

༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་དེ་རིང་སྔ་དྲོ་བརྙན་པར་བརྒྱུད་སེམས་ཁམས་རིག་པའི་མཁས་དབང་སྐུ་ཞབས་ Paul Ekman མཆོག་དང་ California མངའ་སྡེའི་ San francisco གྲོང་ཁྱེར་ནང་གི་ཚན་རིག་པ་ཁག་གཅིག་དང་ལྷན། བྱམས་བརྩེ་ལྡན་པའི་གོ་ལའི་ཕྱོགས་སུ་མདུན་བསྐྱོད་ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་གནང་ཡོད་པ་དང། སྐབས་དེར་༸གོང་ས་མཆོག་ནས་ཕྱིའི་གཙང་སྦྲ་གནང་རྒྱུ་གལ་ཆེན་ཡིན་པ་བཞིན་ནང་བསམ་བློའི་འཕྲོད་བསྟེན་གནང་རྒྱུ་ཡང་གལ་འགངས་ཆེན་པོ་ཡིན་པ་བཀའ་བསྩལ་གནང་འདུག དེ་ཡང General Gomez Arts and Events ཞེས་པའི་སྒྱུ་རྩལ་ལྟེ་གནས་ཁང་གི་གོ་སྒྲིག་དང་ California བོད་ཁང་ནས་མཐུན་འགྱུར་ཕྱག་རོགས་ཞུས་པའི་བགྲོ་གླེང་གི་ལས་རིམ་དེའི་ཐོག ༸གོང་ས་མཆོག་གིས་གང་ཉིད་ལུས་ངག་ཡིད་གསུམ་ཆ་ཚང་གཞན་ཕན་གྱི་ལས་དོན་ཆེད་གཏོང་བཞིན་ཡོད་པ་དང། སྐུ་ཞབས་ Paul Ekman ལགས་ནས་དེའི་ཐོག་མཁྱེན་རྟོགས་གསལ་པོ་ཡོད་པ་བཀའ་སྩལ་བ་དང་འབྲེལ། འགྲོ་བ་མི་གང་ཟག་སྒེར་སོ་སོ་ནས་ཞི་བདེ་སྐྲུན་ཐབས་ཐད་འབད་བརྩོན་བྱེད་པ་ཡིན་ན་རང་གི་མི་ཚེ་དེའང་དོན་དང་ལྡན་པ་ཞིག་ཏུ་གྱུར་བ་མ་ཟད་རང་ཉིད་ལ་གྲོགས་པོ་ཡང་མང་པོ་ཡོང་རྒྱུ་ཡིན་པ་དང་། སྤྱིར་འཛམ་གླིང་དེའི་ཐོག་མི་འབོར་དུང་གྱུར་བདུན་ཡོད་པ་རྣམས་ནས་འགྲོ་བ་མི་གཅིག་འགྱུར་གྱི་འདུ་ཤེས་འཛིན་རྒྱུ་གལ་ཆེ་ཡིན་པ་མ་ཟད། ཕྱིའི་དངོས་པོ་ཁོ་ན་མ་གཏོགས་ནང་སེམས་ལ་དོ་སྣང་མི་སྤྲད་པའི་དེང་གི་དུས་རབས་དེའི་ཐོག་བསམ་བློའི་འཕྲོད་བསྟེན་ཞེས་པ་དེ་ཧ་ཅང་དགོས་གལ་ཡིན་པ་དང། སློབ་གྲྭ་ཁག་གི་ཤེས་ཡོན་ལམ་ལུགས་ནང་སེམས་ཀྱི་འཕྲོད་བསྟེན་སྐོར་སློབ་འཁྲིད་གནང་དགོས་ཀྱི་རེད་ཅེས་བཀའ་བསྩལ་གནང་སོང།  

༸གོང་ས་མཆོག་གིས་བོད་ཀྱི་རྐང་སྤོལ་རུ་ཁག་ལ་ས་གནས་གང་དུ་ཕྱིན་ནའང་བོད་མི་རིགས་ཀྱི་གཤིས་ཀ་བཟང་པོ་དེ་འཁྱེར་ནས་ཕེབས་ཞེས་བཀའ་བསྩལ་བ།

  ༸གོང་ས་མཆོག་གིས་བོད་ཀྱི་རྐང་སྤོལ་རུ་ཁག་ལ་ས་གནས་གང་དུ་ཕྱིན་ནའང་བོད་མི་རིགས་ཀྱི་གཤིས་ཀ་བཟང་པོ་དེ་འཁྱེར་ནས་ཕེབས་ཞེས་བཀའ་བསྩལ་བ། ཕྱི་ཟླ་ ༥ ཕྱི་ཚེས་ ༡༨ ཉིན་གྱི་སྔ་དྲོ་ཆུ་ཚོད་དགུ་པ་ཙམ་ལ་བོད་ཀྱི་རྐང་སྤོལ་རུ་ཁག་འཚོགས་ལ་ཉེ་བའི་༢༠༡༨ ལོའི་ CONIFA འཛམ་གླིང་རྐང་རྩེད་སྤོ་ལོའི་གཟེངས་རྟགས་ཀྱི་འགྲན་སྡུར་ཆེད་དབྱིན་ཡུལ་ཕྱོགས་སུ་ཐོན་ལ་ཉེ་བ་དང་བསྟུན་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁར་བཅར་ཡོད།   དེ་ཡང་མཇལ་བཅར་ཐོག་བོད་ཀྱི་རྐང་སྤོལ་རུ་ཁག་གི་སྦྱོང་འཁྲིད་པ་སྤེན་པ་ཚེ་རིང་ལགས་དང་རུ་དཔོན་སྐར་མ་ཚེ་དབང་ལགས་གཙོས་པའི་རྩེད་མོ་བ་རྣམས་པ་དང་། བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་དྲུང་ཆེ་པ་སངས་རྡོ་རྗེ་ལགས་གཙོས་པའི་ལས་བྱེད་བཅས་ཕེབས་འདུག་པ་དང་། སྐབས་དེར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྩེད་འགྲན་པ་རྣམས་ལ། བོད་མི་རིགས་ཀྱི་མཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་། ལྷག་དོན་བྱམས་བརྩེའི་གཤིས་ཀ་དེ་དག་རྒྱལ་སྤྱིའི་ཐོག་སྤོབས་པ་བྱ་འོས་པ་ཞིག་ཡིན་སྐོར་བཀའ་འགྲེལ་དང་སྦྲགས། ད་རེས་ཕྱོགས་ཐོན་གནང་མཁན་གྱི་རྩེད་འགྲན་པ་རྣམས་ས་གནས་གང་དུ་ཕྱིན་པ་ཡིན་ནའང་བོད་མི་རིགས་ཀྱི་གཤིས་ཀ་བཟང་པོ་དེ་འཁྱེར་ནས་ཕེབས་ཨ་ཞེས་བཀའ་བསྩལཡོད། གཞན་ཡང་ཁོང་རྩེད་འགྲན་པ་རྣམས་རྩེད་འགྲན་ཆེད་ཕེབས་ལ་ཉེ་བ་དང་བསྟུན། དེ་རིང་ཉིན་དགུང་ཚོུད་ ༡༢།༣༠ ཡོལ་ཙམ་ལ་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པས་བོད་མིའི་སྒྲིག་འཛུགས་བཀའ་ཤག་ཚོགས་ཁང་དུ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་གདན་ཞུའི་ཐོག་གསར་འགོད་ལྷན་ཚོགས་ཤིག་སྐོང་ཚོགས་གནང་སོང་བ་དང་། སྐབས་དེར་སྲིད་སྐྱོང་མཆོག་ནས་བོད་ཀྱི་རྐང་སྤོལ་རུ་ཁག་ལོ་ངོ་༡༠ ཙམ་གྱི་རྗེས་སུ་སླར་ཡང་རྒྱལ་སྤྱིའི་སྡིངས་ཆའི་ཐོག་རྩེད་འགྲན་གནང་རྒྱུའི་གོ་སྐབས་བྱུང་བ་དེ་ནི་རྩེད་མོའི་ངོ་བོ་ཁོ་ན་ཙམ་མ་ཡིན་པར། ཆབ་སྲིད་ཀྱི་ཆ་ནས་ཀྱང་བྱས་རྗེས་ཆེན་པོ་ཞིག་མཚོན་གྱི་ཡོད་པ་གསུངས་སོང་། གཞི་རྩའི་བོད་ཀྱི་རྐང་སྤོལ་རུ་ཁག་ཟླ་བ་འདིའི་ཕྱི་ཚེས་ ༣༡ ནས་དབྱིན་ཡུལ་གྱི་རྒྱལ་ས་ London ནང་འཚོགས་གཏན་འཁེལ་བའི་ ༢༠༡༨ ལོའི་ CONIFA འཛམ་གླིང་རྐང་སྤོལ་རྩེད་འགྲན་ཆེན་མོའི་ཆེད་སང་ཉིན་བཞུགས་སྒར་ནས་རྩེད་འགྲན་པ་ ༡༥ དང་ལས་བྱེད་ཁག་ཅིག་ཕྱོགས་ཐོན་གནང་གི་ཡོད་པ་མ་ཟད། རྩེད་འགྲན་དེའི་ཆེད་ཨ་རི་དང་ཁེ་ན་ཌ་ དེ་བཞིན་དབྱིན་ཡུལ་དང་ཡོ་རོབ་ཁུལ་གྱི་ས་གནས་གཞན་བཅས་ནས་བོད་རིགས་རྩེད་འགྲན་པ་ ༨ ནས་མཉམ་ཞུགས་གནང་གི་འདུག  

༸གོང་ས་མཆོག་གིས་ཇོ་ལུགས་སྤྱན་རས་གཟིགས་ཡི་གེ་དྲུག་མའི་རྗེས་གནང་བསྩལ་སོང་།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་བོད་ཟླ་བཞི་པའི་ཚེས་ ༡ ས་ག་ཟླ་བ་དབུ་བཙུགས་པའི་དུས་ཚིགས་སུ་དམིགས་བསལ་དགེ་བ་འགྱུར་ཁྱད་ལ་དགོངས་ཏེ་བཞུགས་སྒར་ཐེགས་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཕྱི་ནང་གི་དད་ལྡན་ཆོས་ཞུ་བ་སྟོང་ཚོགས་བརྒལ་བར་ཇོ་ལུགས་སྤྱན་རས་གཟིགས་ཡི་གེ་དྲུག་མའི་རྗེས་གནང་བཀྲིན་བསྩལ་སོང་། སྐབས་དེར་༸གོང་ས་མཆོག་གིས་ད་ལྟའི་འཛམ་གླིང་དེའི་ཐོག་མིས་བཟོས་པའི་དཀའ་ངལ་མང་པོ་དེ་དག་ནི་གཙོ་བོ་སེམས་མ་འདུལ་བ་ལས་བྱུང་བ་ཞིག་ཡིན་པ་དང་ཆོས་དད་ཡོད་མེད་ལ་ལྟོས་མེད་སེམས་འདུལ་བ་ཞིག་བྱུང་ནས་འཛམ་གླིང་དེ་བདེ་སྐྱིད་ལྡན་པ་ཞིག་ཡོང་གི་རེད་ཅེས་དང་། གལ་ཏེ་མིའི་སེམས་མ་འདུལ་བ་ཡིན་ན་དཔལ་འབྱོར་དང་འཕྲུལ་རིག དེ་བཞིན་གོ་མཚོན་ག་ཚོད་ཀྱི་ཡར་རྒྱས་ཕྱིན་ནའང་ཕན་ཐོགས་ཡོད་མ་རེད་ཅེས་བཀའ་བསྩལ་ཡོད་པ་རེད།

བྱམས་བརྩེ་བསྐྱར་གསོ་གནང་རྒྱུའི་ཐོག་ལ་བེུད་ཚོར་དམིགས་བསལ་འགན་ཡོད།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་བོད་ཀྱི་བེུད་ལྷན་ཚོགས་ཀྱི་རྒྱལ་ཡོངས་ཚོགས་ཆེན་ཐེངས་ ༡༢ ཐོག་བཅར་བའི་བེུད་རྣམས་ལ་དམིགས་བསལ་མཇལ་ཁ་བསྩལ་ཡོད་པ་དང་། སྐབས་དེར་༸གོང་ས་མཆོག་ལ་བྱམས་བརྩེ་ངོ་སྤྲོད་གནང་མཁན་ཐོག་མ་དེ་༸གང་ཉིད་མཆོག་གི་༸རྒྱལ་ཡུམ་ཆེན་མོ་དམ་པ་མཆོག་ཡིན་པ་ངོ་སྤྲོད་དང་འབྲེལ། འཛམ་གླིང་ཐོག་ལ་བྱམས་བརྩེ་བསྐྱར་གསོ་གནང་རྒྱུའི་འགན་དམིགས་བསལ་དེ་བེུད་ཚོར་ཡོད་པར་ལམ་སྟོན་མཛད་འདུག དེའང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་སྔ་དྲོ་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་བེུད་ལྷན་ཚོགས་ཀྱི་ས་གནས་འདྲ་མིན་ ༣༧ ལྷག་ཙམ་ནས་ཕེབས་པའི་ཚོགས་མི་ ༢༠༠ ལྷག་ལ་དུས་ཡུན་སྐར་མ་ ༤༠ ཙམ་ཡོད་པའི་བཀའ་སློབ་ལམ་སྟོན་བསྩལ་ཡོད་པ་དང་། མགོན་པོ་༸གང་ཉིད་མཆོག་ནས་སྐབས་དེར་གཙོ་བོ་རྒྱ་ནག་གིས་བོད་ལ་དབང་སྒྱུར་བྱས་པ་དང་འབྲེལ་༸གང་ཉིད་མཆོག་ཕྱི་ལོ་ ༡༩༥༩ ཟླ་ ༣ པའི་ནང་བཙན་བྱོལ་དུ་ཉེན་ཡོལ་ལ་ཕེབས་དགོས་བྱུང་བའི་སྔ་རྗེས་ལོ་རྒྱུས་ཞིབ་རྒྱས་ངོ་སྤྲོད་གནང་བ་དང་འབྲེལ། བེུད་དེ་དག་གི་ཐེ་བའི་བཙན་བྱོལ་བ་རྣམས་ནས་ད་ཆ་འཛམ་གླིང་ཐོག་བོད་ཟེར་བ་དེར་ངོས་འཛིན་གསར་པ་ཞིག་ཐོབ་ཐུབ་པ་བཟོས་ཡོད་པ་དེ་ནི་ང་ཚོའི་བྱས་རྗེས་ཤིག་རེད་ཅེས་བཀའ་བསྩལ་འདུག   ༸གོང་ས་མཆོག་ནས་ཚན་རིག་པ་རྣམས་ཀྱིས་བེུད་ཞེས་པ་དེ་རང་ཞིན་ལྷན་སྐྱེས་སུ་གཞན་གྱི་སྡུག་བསྔལ་མང་བ་ཚོར་ཐུབ་མཁན་ཞིག་ཆགས་ཡོད་པ་དང་། མགོན་པོ་༸གང་ཉིད་མཆོག་ལ་བྱམས་བརྩེ་ངོ་སྤྲོད་གནང་མཁན་ཐོག་མ་དེ་༸གང་ཉིད་མཆོག་གི་༸རྒྱལ་ཡུམ་ཆེན་མོ་དམ་པ་མཆོག་ཡིན་པ་ངོ་སྤྲོད་དང་འབྲེལ། འཛམ་གླིང་ཐོག་ལ་བྱམས་བརྩེ་བསྐྱར་གསོ་གནང་རྒྱུའི་འགན་དམིགས་བསལ་དེ་བེུད་ཚོར་ཡོད་པར་ལམ་སྟོན་རྒྱ་ཆེ་མཛད་འདུག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རྗེས་བེུད་དེ་དག་ནི་བོད་མི་རིགས་ཆགས་འཇིགས་ཀྱི་དུས་ལ་སླེབས་སྐབས་མགོན་༸གང་ཉིད་མཆོག་དང་ལྷན་རྒྱས་བོད་བསྟན་སྲིད་ཀྱི་ཆེད་དུ་མི་གོ་བཅད་མཁན་ཞིག་ཆགས་ཡོད་པ་བཀའ་བསྩལ་བ་དང་འབྲེལ། དེ་སྔོན་༸གང་ཉིད་མཆོག་ནས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཞུ་བ་བགྲེས་ཡོལ་ཁག་ཅིག་ལ་བཀའ་འདི་ལྟར་གནང་བ་བཞིན། བེུད་དེ་དག་ཀྱང་ཚེ་རབས་ནས་ཚེ་རབས་བར་འཕགས་པ་སྤྱན་རས་གཟིགས་ནས་རྗེས་སུ་བཟུང་རྒྱུའི་ལས་བཟང་པོ་བསགས་ཡོད་པར་བཀའ་བསྩལ་འདུག རྩ་བའི་ཟླ་བ་འདིའི་ཚེས་ ༡༡ ནས་བཟུང་བཞུགས་སྒར་ཉེ་འདབས་སུ་རྟེན་གཞི་བྱས་པའི་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་ཚོགས་ཁང་དུ་བོད་ཀྱི་བེུད་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༡༢ པ་འཚོགས་བཞིན་ཡོད་པ་དང། ཉིན་གྲངས་ ༦ རིང་གི་ཚོགས་ཆེན་ཐོག་ཁོང་རྣམས་ནས་གཙོ་བོ་དབུ་མའི་ལམ་གྱི་སྲིད་བྱུས་གོ་རྟོགས་ལས་འགུལ་སྤེལ་ཕྱོགས་དང་། བོད་ནང་གི་ཛ་དྲག་གནས་སྟངས། དེ་བཞིན་༸གོང་ས་མཆོག་གི་༸སྐུ་ཕྱྭའི་སྐོར། བོད་མིའི་མི་འབོར་འཕེལ་རྒྱས་དང་འབྲེལ་བའི་ལས་གཞི་སོགས་གྲོས་གཞི་དོན་ཚན་བཅུའི་ཐོག་གྲོས་བསྡུར་གནང་གི་ཡོད་པ་རེད།

རྒྱ་གར་གྱི་གྲོས་ཚོགས་གོང་འོག་གི་འཐུས་མི་ ༤ ནས་༸གོང་ས་མཆོག་ལ་མཇལ་བཅར་ཞུས་པ།

དེ་རིང་ཟླ་ ༥ ཚེས་ ༡༤ ཉིན་སྔ་དྲོ་ཚོུད་ ༩༌༣༠ ཙམ་ལ་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་རྒྱ་གར་གྱི་གྲོས་ཚོགས་གོང་འོག་གི་འཐུས་མི་ ༤  དང་འབྲེལ་ཡོད་ལས་བྱེད་བཅས་ཁྱོན་གཞུང་འབྲེལ་མི་སྣ་༢༣ ལྷག་ནས་༸གོང་ས་མཆོག་ལ་དམིགས་བསལ་མཇལ་བཅར་ཞུས་སོང་། རྒྱ་གར་དབུས་གྲོས་ཚོགས་གོང་འོག་གཉིས་ལས་གྲུབ་པའི་ Committee of Parliament on official language ཞེས་རྒྱ་གར་གྲོས་ཚོགས་ཀྱི་གཞུང་འབྲེལ་སྐད་ཡིག་ཚོགས་ཆུང་གིས་སྣེ་ཁྲིད་པའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་  Dr. Prasanna Kumar Patasani ལགས་དང་ཚོགས་ཆུང་དེའི་ཚོགས་མི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Lakshmi Narayan Yadav ལགས་ཀྱིས་གཙོས་པའི་གཞན་གཉིས་དང་ཁོང་རྣམ་པའི་ནང་མི། དེ་བཞིན་འབྲེལ་ཡོད་དབུས་ས་གཉིས་ཀྱི་གཞུང་འབྲེལ་ལས་བྱེད་བཅས་ནས་༸གོང་ས་མཆོག་ལ་མཇལ་བཅར་ཞུས་ཡོད་པ་རེད། སྐབས་དེར་མགོན་པོ་༸གང་ཉིད་མཆོག་ནས་ཁོང་རྣམས་ལ་འཛམ་གླིང་ཞི་བདེ་དང་འགྲོ་བ་མི་ཕན་ཚུན་དབར་སྤུན་མཆེད་ཀྱི་འདུ་ཤེས་འཛིན་དགོས་གལ་ཡིན་པ་མ་ཟད་གཞན་ཕན་གྱི་ལས་དོན་ཐོག་འབད་བརྩོན་གནང་གལ་ཡིན་པ་སོགས་ཀྱི་ལམ་སྟོན་མཛད་འདུག ༸གོང་ས་མཆོག་གི་མཇལ་བཅར་ཞུ་བར་སྣེ་ཁྲིད་གནང་མཁན་གྲོས་ཚོགས་འཐུས་མི་སྐུ་ཞབས་ Dr. Prasanna Kumar Patasani ལགས་དང་ཚོགས་མི་ Lakshmi Narayan Yadav ལགས་རྣམ་གཉིས་ཀྱིས་ཕྱི་ནང་གི་གསར་འགོད་པར་སྐབས་དེར་༸གོང་ས་མཆོག་གིས་ང་ཚོ་འཐུས་མི་ཚོ་དང་མཇལ་འཕྲད་བྱུང་བ་ལ་༸གང་ཉིད་མཆོག་ཐུགས་དགྱེས་ཚོར་ཆེན་པོ་བྱུང་སོང་བ་དང་། ང་ཚོ་ཕན་ཚུན་ཟུང་འབྲེལ་ཐོག་ནས་མདུན་བསྐྱོད་གནང་དགོས་གལ་ཡིན་པ་བཀའ་བསྩལ་སོང་སྟབས། ༸གང་ཉིད་མཆོག་ནི་རྒྱ་གར་གྱི་རྒྱལ་ཁབ་དང་དེའི་སྐད་ཡིག་ལ་ཆེས་ཐུགས་སྣང་ཟབ་མོ་ཡོད་པ་ཤེས་རྟོགས་བྱུང་སྐོར་གསུངས་སོང་བ་དང་སྦྲགས་ཏེ་ཐེངས་འདིའི་མཇལ་ཁ་བརྒྱུད་ནས་བཀའ་མོལ་ལྷུག་པོ་བྱུང་བ་དེ་དག་དོན་དངོས་ཐོག་ལམ་ལྷོང་ཡོང་བར་༸གོང་ས་མཆོག་གི་བྱིན་རླབས་ཆེན་པོ་ཐོབ་སོང་ཞེས་འགྲེལ་བརྗོད་གནང་ཡོད། གྲོས་ཚོགས་འཐུས་མི་དེ་དག་ཉེ་དུས་ནས་ཧི་མཱ་ཅལ་མངའ་སྡེ་དང་ཉེ་འཁོར་དུ་ཡོད་པའི་རྒྱ་གར་གཞུང་གི་ལས་ཁུངས་ཁག་ལ་འཚམས་གཟིགས་གནང་བཞིན་པ་བསྟུན། ད་རེས་བཞུགས་སྒར་དུ་ཆེད་བཅར་གྱིས་མགོན་པོ་༸གང་ཉིད་མཆོག་དང་མཇལ་བཅར་ཞུས་པ་ཞིག་ཡིན་པ་རེད། རྩ་བའི་ཟླ་བ་སྔོན་མའི་ཕྱི་ཚེས་ ༣༠ ཉིན་རྒྱ་གར་ BJP གཞུང་འཛིན་ཚོགས་པའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ Ramesh Bais ལགས་ཀྱིས་སྣེ་ཁྲིད་པའི་གྲོས་ཚོགས་གོང་འོག་གི་འཐུས་མི་ ༡༥ དང་། རྒྱ་གར་གྲོས་ཚོགས་སྤྱི་ཚོགས་ཀྱི་དྲང་བདེན་དང་ནུས་སྟོབས་གོང་འཕེལ་ཚན་པའི་ངེས་སྟོན་པ་སྐུ་ཞབས་ Ashok sajwan ལགས་ཀྱིས་སྣེ་ཁྲིད་པའི་འབྲེལ་ཡོད་ལས་བྱེད་བཅས་ཁྱོན་གཞུང་གྱི་གནད་ཡོད་མི་སྣ་ ༢༥ ཆེད་བཅར་ཞུས་ཡོད།

༸གོང་ས་མཆོག་གིས་མ་ལ་ཤི་ཡའི་སྲིད་བློན་གསར་པ་མཆོག་ལ་འཚམས་འདྲི་མཛད་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁ་ཉིན་མ་ལ་ཤི་ཡའི་རྒྱལ་ཡོངས་འོས་བསྡུ་ཆེན་མོའི་ཁྲོད་སྐུ་ཞབས་ Dr. Mahathir Mohamad མཆོག་ལ་རྒྱལ་ཁ་ཐོབ་ནས་སྲིད་བློན་ཐེངས་བདུན་པར་འོས་འདེམས་བྱུང་བར་འཚམས་འདྲིའི་གསུང་འཕྲིན་བསྩལ་འདུག ༸གོང་ས་མཆོག་གིས་འཚམས་འཕྲིན་དེའི་ནང་༸གོང་ས་མཆོག་ནས་སྐུ་ཞབས་ Dr. Mahathir Mohamad མཆོག་གི་ Pakatan Harapan ཆབ་སྲིད་ཚོགས་པར་རྒྱལ་ཁབ་ཀྱི་འོས་བསྡུ་ཆེན་མོ་ལས་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་རྒྱལ་ཁ་ཐོབ་པ་དང་འདི་བཞིན་སྐུ་ཞབས་ཁོང་སླར་ཡང་སྲིད་བློན་དུ་འདེམས་ཐོན་བྱུང་བར་འཚམས་འདྲི་གནང་བ་དང་འབྲེལ། མི་མང་ཚོས་འོས་འཕེན་པ་དེས་འགྱུར་ལྡོག་དང་མ་ལ་ཤི་ཡའི་ནང་མང་གཙོའི་ལམ་ལུགས་སྲ་བརྟན་ཇི་ཙམ་ཡོད་པ་མིག་སྟོན་གནང་བ་ཞིག་མཚོན་སྐོར་བཀའ་བསྩལ་འདུག ད་དུང་༸གོང་ས་མཆོག་གིས་དེ་སྔ་ཕྱི་ལོ་ ༡༩༨༢ ལོར་མགོན་པོ་༸གང་ཉིད་མཆོག་མ་ལ་ཤི་ཡའི་ནང་ཆིབས་བསྒྱུར་མཛད་མྱོང་ཡོད་པ་བཀའ་བསྩལ་བ་དང་སྦྲགས། ཉེ་དུས་སུ་༸གང་ཉིད་མཆོག་ནས་མ་ལ་ཤི་ཡའི་མང་ཚོགས་མང་དག་ཞིག་རྒྱ་གར་ནང་གནས་མཇལ་དུ་ཕེབས་མཁན་གྲོགས་ཕོ་མོ་རྣམས་དང་མཇལ་མོལ་ཡོང་གི་ཡོད་པ་བཀའ་བསྩལ་འདུག ལྷག་དོན་༸གོང་ས་མཆོག་གིས་མང་ཚོགས་དེ་དག་ནས་ངོས་ཀྱིས་འབད་བརྩོན་ཞུ་བཞིན་པའི་འགྲོ་བ་མིའི་གཞི་རྩའི་བཟང་སྤྱོད་དང་ཆོས་ལུགས་མཐུན་སྒྲིལ་ཐོག་དགའ་མོས་དང་རྒྱབ་སྐྱོར་གནང་བར་ཡི་རང་བསྔགས་བརྗོད་ཡོད་པ་བཀའ་བསྩལ་བ་མ་ཟད། སྲིད་བློན་མཆོག་གི་ལས་ཡུན་དེའི་ནང་གདོང་ལེན་གནང་སྒོ་ཁག་ལ་འགེགས་མེད་ལམ་ལྷོང་ཡོང་བ་དང་། མ་ལ་ཤི་ཡའི་མང་ཚོགས་ཀྱི་རེ་བ་དང་མངོན་འདོད་མཐའ་དག་ལེགས་གྲུབ་ཡོང་བར་ཐུགས་སྨོན་མཛད་འདུག

ཨ་རིའི་གཞུང་ཚབ་ཆེན་མོས་༸གོང་ས་མཆོག་ལ་མཇལ་བཅར་ཞུས་པ།

རྒྱ་གར་གྱི་རྒྱལ་ས་ལྡི་ལིར་གནས་སྡོད་ཨ་རིའི་གཞུང་ཚབ་ཆེན་མོ་སྐུ་ཞབས་  Kenneth Juster མཆོག་གིས་དེ་རིང་སྔ་དྲོ་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་བཅར་ཞུས་པ་དང་འབྲེལ། མགོན་པོ་༸གང་ཉིད་མཆོག་དུས་ནམ་ཞིག་ཨ་རིར་ཆིབས་བསྒྱུར་བཀྲིན་བསྐྱང་གནང་ཡོང་བའི་རེ་སྐུལ་གནང་སོང་། དེའང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དེ་རིང་སྔ་དྲོ་ཨུ་རུ་སུའི་ཚན་རིག་པ་དང་ལྷན་ཉིན་གཉིས་པའི་བགྲོ་གླེང་གི་ཚོགས་མགོན་དུ་ཆིབས་བསྒྱུར་མ་གནང་གོང་ལ་གཞུང་ཚབ་ཆེན་མོ་སྐུ་ཞབས་ Kenneth Juster མཆོག་དང་ཕྱག་རོགས་ཁག་ཅིག བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་ལྷན་༸རྒྱལ་བའི་ཕོ་བྲང་དུ་༸གོང་ས་མཆོག་ལ་མཇལ་བཅར་ཞུས་འདུག སྐུ་ཞབས་ Kenneth Juster མཆོག་གིས་ཐེངས་འདིའི་མཇལ་ཁ་ལེགས་གྲུབ་རྗེས་གསར་འགོད་པའི་བཅར་འདྲིར་བཀའ་ལན་གནང་སྐབས་མཇལ་ཁ་དེ་ཧ་ཅང་ལེགས་པོ་བྱུང་སོང་། ངའི་ཕྱག་རོགས་གཞན་ལྟར་ངོས་རང་༸གོང་ས་མཆོག་གི་མཇལཁ་ཞུས་ནས་སེམས་འགུལ་ཧ་ཅང་ཆེན་པོ་ཐེབས་སོང་། ངའི་རེ་བར་༸གོང་ས་མཆོག་དུས་ནམ་ཞིག་ཨ་རིར་ཆིབས་བསྒྱུར་བཀྲིན་བསྐྱང་ཐུབ་པ་ཡིན་ན་ཧ་ཅང་ཡག་པོ་ཡོང་ས་རེད། སྤྱིར་༸གོང་ས་མཆོག་དང་ངོས་གཉིས་དབར་གནད་དོན་མང་པོའི་ཐོག་བཀའ་མོལ་ལྷུག་པོ་བྱུང་སོང་བ་མ་ཟད། གལ་ཆེ་ཤོས་སུ་ནང་སེམས་ཀྱི་ཞི་བདེ་བསྐྲུན་རྒྱུ་དང་གང་ཟག་མི་རེ་ངོ་རེ་ནས་དེའི་བརྒྱུད་སྤྱི་ཚོགས་ནང་ཞི་བདེ་བསྐྲུན་ཐུབ་པའི་དགོངས་གཞིར་ཡིད་མོས་ཆེན་པོ་བྱུང་ཞེས་འགྲེལ་བརྗོད་གནང་སོང་། རྩ་བའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་རི་ནང་ཆིབས་བསྒྱུར་མཐའ་མ་དེ་སྔ་ལོའི་ཕྱི་ཟླ་ ༦ པའི་ནང་མཛད་ཡོད་པ་དང་། མཛད་འཆར་སྔོན་སྒྲིག་ལྟར་ན་མགོན་པོ་༸གང་ཉིད་མཆོག་སྔ་ལོའི་ཕྱི་ཟླ་ ༡༠ དང་དེ་བཞིན་འདི་ལོའི་ཕྱི་ཟླ་ ༤ པ་བཅས་སུ་ཨ་རི་ནང་ཆིབས་བསྒྱུར་བསྐྱང་འཆར་ཡོད་ཀྱང་། ༸སྐུ་ངལ་གསོ་བཞུགས་གནང་གལ་ཡིན་པའི་སྨན་པའི་ལམ་སྟོན་འོག་ཆིབས་བསྒྱུར་དེ་དག་ཕྱིར་འཐེན་གནང་ཡོད་པ་རེད། དེ་རིང་གསར་འགོད་པས་སྐུ་ཞབས་ Kenneth Juster མཆོག་ལ་༸གོང་ས་མཆོག་ཨ་མི་རི་ཀར་སླར་ཆིབས་བསྒྱུར་བསྐྱང་ཚེ་ཨ་རིའི་སྲིད་འཛིན་སྐུ་ཞབས་ Trump  མཆོག་ནས་༸གང་ཉིད་ཀྱི་མཇལ་ཁ་ཞུ་མིན་དང་ཡང་ན་གཞུང་ཚབ་ཀྱི་ངོས་ནས་སྲིད་འཛིན་མཆོག་ལ་ཞུ་དགོས་པའི་ལམ་སྟོན་ཕུལ་རྒྱུ་ཡོད་མེད་སོགས་ཀྱི་ཐད་ལ་བཀའ་འདྲི་ཞུས་པར་ཁོང་གིས་གནད་དོན་དེའི་ཐོག་གཟིགས་གནང་རྒྱུ་ལས་འགྲེལ་བརྗོད་གང་ཡང་གནང་མ་སོང་། རྩ་བའི་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་ནས་ཁ་སང་ཕྱི་དྲོ་སྐུ་ཞབས་ Juster མཆོག་ལ་ཕེབས་བསུ་དང་འབྲེལ་དགོང་དྲོའི་གསོལ་སྟོན་དང་བོད་ཀྱི་ཐོུང་མ་ཡིན་པའི་གཞས་སྣ་གཟིགས་འབུལ་ཞུས་པ་མ་ཟད། དེ་རིང་༸གོང་ས་མཆོག་གི་མཇལ་ཁ་ལེགས་གྲུབ་རྗེས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་ལྷན་རྒྱས་བོད་ཀྱི་འགྲེམས་སྟོན་ཁང་དུ་གཟིགས་ཞིབ་གནང་ཡོད་པ་རེད། དེ་བཞིན་རྒྱ་གར་གྱི་དབྱུག་རྩེད་པ་གྲགས་ཅན་ Sachin Tendulkar ལགས་དང་ཁོང་གི་སྐུ་ཟླ་རྣམ་གཉིས་ནས་ཁ་སང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུས་ཡོད་པ་རེད།

༸གོང་ས་མཆོག་དབུ་བཞུགས་ཐོག་རུ་སུའི་ཚན་རིག་པ་དང་ནང་པའི་མཁས་དབང་དབར་འཇིག་རྟེན་གྱི་ཁམས་ལ་དཔྱད་པ་ཞེས་པའི་ཐོག་བགྲོ་གླེང་ཐེངས་གཉིས་པ་དབུ་འཛུགས།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་དེ་རིང་ཟླ་ ༥ ཚེས་ ༣ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ར་ཤི་ཡའི་ཚན་རིག་མཁས་དབང་དང་ནང་པའི་མཁས་དབང་རྣམ་པའི་དབར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མཛད་པའི་རྡུལ་ཕྲན་གཅིག་ཁོ་ནའི་སྟེང་གི་འཇིག་རྟེན་ཞེས་པའི་དཔེ་དེབ་དང་འབྲེལ་བའི་ Understanding the World འམ་འཇིག་རྟེན་གྱི་ཁམས་ལ་དཔྱད་པ་ཞེས་པའི་བརྗོད་གཞི་ཐོག་བགྲོ་གླེང་ཐེངས་གཉིས་པ་དབུ་འཛུགས་གནང་སོང་། སྐབས་དེར་༸གོང་ས་མཆོག་གིས་༸གང་ཉིད་མཆོག་ནས་ནུབ་ཕྱོགས་པའི་ཚན་རིག་པའི་དབར་བགྲོ་གླེང་སོགས་གནང་མྱོང་ཡོད་པ་ལས་ར་ཤི་ཡའི་ཚན་རིག་པའི་དབར་འབྲེལ་བ་དེ་ཙམ་བྱུང་ཐུབ་མེད་ཀྱང་། ར་ཤི་ཡ་དེ་འཛམ་གླིང་ཁྱོན་ལ་གནད་ཆེའི་རྒྱལ་ཁབ་ཞིག་ཆགས་ཡོད་པ་མ་ཟད་བོད་དང་ལོ་རྒྱུས་ཀྱི་ཐོག་ནས་འབྲེལ་བ་དམིགས་བ་ཡོད་པ་བཀའ་གནང་བ་དང་སྦྲགས། མགོན་པོ་༸གང་ཉིད་མཆོག་ནས་ད་རེས་ར་ཤི་ཡའི་ཚན་རིག་མཁས་དབང་ཚོ་དང་བགྲོ་གླེང་ཐེངས་གཉིས་པ་གནང་རྒྱུ་བྱུང་བར་ཐུགས་དགྱེས་ཚོར་ཆེན་པོ་བྱུང་སྐོར་བཀའ་བསྩལ་སོང་། ༸གོང་ས་མཆོག་གིས་ང་ཚོ་འགྲོ་བ་མི་ཐེར་འབུམ་བདུན་ཡོད་པ་དེ་དག་ཚང་མ་སྤུན་མཆེད་ལྟ་བུར་ངོས་འཛིན་གནང་གི་ཡོད་པ་བཀའ་བསྩལ་བ་དང་འབྲེལ། རྩ་བའི་ཚན་རིག་པ་རྣམས་ནས་མིའི་རང་བཞིན་དེ་བྱམས་བརྩེའི་རང་བཞིན་ཡིན་པ་མངོན་གསལ་གནང་ཡོད་ཀྱང། དེང་སྐབས་མི་ཕན་ཚུན་གསོད་རེས་བྱས་པ་སོགས་ཀྱི་དཀའ་ངལ་མང་དག་ཞིག་འཕྲད་བཞིན་ཡོད་པ་དང་། དེའང་གཙོ་བོ་ཕུགས་རྒྱང་རིང་པོའི་བསམ་བློ་འཁོར་མ་ཐུབ་པ་དང་ལྷག་དོན་འགྲོ་བ་མི་ཐེར་འབུམ་བདུན་ཡོད་པ་རྣམས་གཅིག་མཚུངས་ཡིན་པའི་ལམ་སྟོན་བསྩལ་སོང་། ལྷག་པར་དུ་དེང་སྐབས་ཚན་རིག་པ་རྣམས་ནས་ཁོང་ཁྲོ་དང་འཇིགས་སྣང་ཁོ་ན་བྱེད་རྐྱེན་ལུས་པོའི་འགོག་སྲུང་གི་ནུས་པ་ཉམས་པ་མ་ཟད། བྱམས་བརྩེའི་བསམ་བློ་གཏོང་མཁན་ཚོའི་ལུས་ཁམས་དྭངས་གསལ་ཡོང་གི་ཡོད་པ་དང་། ལུས་པོའི་འགོག་སྲུང་གི་ནུས་པ་ཡང་བསྐྱར་གསོ་ཐུབ་ཀྱི་ཡོད་པ་མངོན་གསལ་གནང་ཡོད་སྟབས། དེང་སྐབས་ཚན་རིག་དང་མཐུན་པའི་ཕྱིའི་ལུས་པོ་དང་འབྲེལ་བའི་འཕྲོད་བསྟེན་གྱི་སློབ་སྦྱོང་སྤྲོད་པ་ལྟར་ནང་སེམས་ཀྱི་འཕྲོད་བསྟེན་ཐོག་སློབ་སྦྱོང་སྤྲོད་དགོས་གལ་ཡིན་པར་ལམ་སྟོན་བསྩལ་སོང་། མགོན་པོ་༸གང་ཉིད་མཆོག་གིས་དགུང་ལོ་ ༣༠ ལྷག་གི་རིང་ཚན་རིག་པ་འདྲ་མིན་དང་ལྷན་དུ་དངོས་ཁམས་རིག་པ་དང་དབང་རྩའི་རིག་པ་སོགས་ཀྱི་ཐོག་བཀའ་བསྡུར་གནང་སྐབས་རྒྱ་གར་ནས་དར་བའི་དཔལ་ནཱ་ལེནྡཱའི་ནང་པའི་ལྟ་གྲུབ་ནང་གནད་དོན་དེ་དག་སྐོར་ལོ་ངོ་སྟོང་ཕྲག་སྔོན་ནས་གསལ་ཡོད་པ་ལྟར་དེང་སྐབས་ཚན་རིག་དང་མཐུན་པའི་ཆ་མང་དག་ཞིག་ཡོང་བཞིན་ཡོད་པ་ལམ་སྟོན་མཛད་སོང་།  ཁྱད་པར་དུ་དེང་སྐབས་འགྲོ་བ་མི་ཐེར་འབུམ་བདུན་ཡོད་པ་ལས་ཐེར་འབུམ་གཅིག་ཆོས་ལ་ཡིད་ཆེས་མེད་མཁན་ཆགས་ཀྱི་ཡོད་པ་དང་། ཚན་རིག་གྲུབ་དོན་ལྟར་རྒྱ་གར་གྱི་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ལ་གཞིར་བཞག་ཤེས་ཡོན་སྤྲོད་དགོས་གལ་ཡིན་པའི་ལམ་སྟོན་གནང་བ་མ་ཟད། དཀའ་ངལ་དེ་དག་སེལ་ཐབས་སུ་མི་ཕན་ཚུན་དབར་གྲོས་མོལ་གྱི་ཐོག་ནས་སེལ་དགོས་གལ་ཡིན་པའི་ལམ་སྟོན་རྒྱ་ཆེ་བསྩལ་སོང་། ཐེངས་འདིའི་བགྲོ་གླེང་ལྷན་ཚོགས་ནི་རུ་སོག་བོད་ཀྱི་དོན་གཅོད་ཁང་དང་། Russian Academy of Science འམ་ཨུ་རུ་སུའི་ཚན་རིག་སློབ་གཉེར་ཁང་། Moscow State University འམ་མོས་ཀོ་མངའ་སྡེའི་གཙུག་ལག་སློབ་གཉེར་ཁང་། དེ་བཞིན་ Save  Tibet Foundation ཚོགས་པ་བཅས་ཐུན་མོང་གིས་གོ་སྒྲིག་ཞུས་པ་ཞིག་ཡིན་པ་དང་།  ཉིན་གྲངས་གཉིས་རིང་འཚོགས་རྒྱུའི་བགྲོ་གླེང་དེའི་ཐོག་ Dr. David Dubrovsky ལགས་དང་། Andrei Terentiev ལགས་རྣམ་གཉིས་ཀྱིས་གཙོས་པའི་ཨུ་རུ་སུའི་ཚན་རིག་པ་དང་ནང་པའི་མཁས་དབང་སོགས་མི་གྲངས་ ༦༠ ལྷག་ནས་མཉམ་ཞུགས་གནང་འདུག འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པས་ཐེངས་འདིའི་བགྲོ་གླེང་གོ་སྒྲིག་ཞུ་མཁན་གཙོ་བོ་རུ་སོག་བོད་ཀྱི་དོན་གཅོད་ཁང་གི་སྐུ་ཚབ་ཏེ་ལོ་རིན་པ་ཆེ་མཆོག་ལ་བགྲོ་གླེང་གནང་སྒོ་ཁག་དང་འབྲེལ་བའི་བཅའ་འདྲི་ཁག་ཅིག་ཞུས་ཡོད།

༸གོང་ས་མཆོག་གིས་གཞུང་ཞབས་བགྲེས་ཡོལ་བ་རྣམས་ལ་དམིགས་བསལ་མཇལ་ཁ་སྩལ་བ།

༸གོང་ས་མཆོག་གིས་གཞུང་ཞབས་བགྲེས་ཡོལ་བ་རྣམས་ལ་དམིགས་བསལ་མཇལ་ཁ་སྩལ་བ།

Latest news