Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག

བོད་མི་ཚོས་རྒྱ་ནག་ནས་རང་བཙན་རྩོད་ཀྱི་མེད།

ཁ་སང་ཟླ་ ༤ ཚེས་ ༢༢ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ Antar Rashtriya Sahayog Parishad ཚོགས་པ་དང་ནེའུ་རུ་དྲན་རྟེན་འགྲེམས་སྟོན་དང་དཔེ་མཛོད་ཁང་གཉིས་ནས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གོ་ལའི་མཐུན་འབྲེལ་གོང་འཕེལ་ཡོང་ཐབས་སུ་རིག་གཞུང་དང་ཀུན་སྤྱོད་ཀྱི་ཁྱད་སྤྱོད་ཐོག་ལམ་སྟོན་བཀའ་སློབ་བཀྲིན་སྩལ་གནང་ཡོང་བར་ཇི་ལྟར་གསོལ་འདེབས་ཞུ་དོན་ལྟར། མགོན་པོ་༸གང་ཉིད་མཆོག་གིས་ནེའུ་རུ་རྗེས་དྲན་དཔེ་མཛོད་ཁང་དུ་མི་མང་སུམ་བརྒྱ་ལྷག་ཙམ་ལ་བོད་དུ་ཐོག་མར་རྒྱ་གར་ནས་ནང་ཆོས་དར་ཚུལ་དང་། བོད་དུ་དར་ཁྱབ་བྱུང་བའི་རྒྱ་གར་གྱི་དཔལ་ནཱ་ལེནྡཱའི་རིག་པའི་གཞུང་ལུགས་ཀྱི་ཁྱད་ཆོས་དེ་རྒྱ་གར་གྱི་གནའ་བོའི་ཡུལ་གོམས་གཤིས་ལུགས་ནས་བྱུང་ཡོད་པ་སོགས་ཀྱི་ལོ་རྒྱུས་ངོ་སྤྲོད་མཛད་པ་དང་། ལྷག་དོན་བོད་མི་ཚོ་བཙན་བྱོལ་དུ་ཐོག་མར་འབྱོར་སྐབས་ལས་དོན་དང་པོ་དེ་རྒྱ་གར་ནས་དར་སྲོལ་བྱུང་བའི་རིག་གཞུང་བཟང་པོ་དེ་མི་ཉམས་རྒྱུན་འཛིན་གནང་རྒྱུ་གལ་ཆེར་ངོས་འཛིན་བྱས་པ་མ་ཟད། རིམ་བཞིན་༸གང་ཉིད་༸སྐུ་སྒེར་གྱིས་ཀྱང་བྱམས་སྙིང་རྗེ་དང་ཆོས་ལུགས་རིས་མེད་མཐུན་འབྲེལ་ཡོང་ཐབས་བཅས་སུ་རྒྱ་གར་གྱི་གནའ་བོའི་རིག་པའི་གཞུང་ལུགས་དེ་དག་གནད་ཆེ་ཆགས་ཡོད་པ་མ་ཟད་ཁྱད་པར་དུ་ད་ལྟ་དཀའ་ངལ་ཡོད་པའི་འཛམ་བུ་གླིང་འདིར་ཤིན་ཏུ་ནས་མཁོ་བའི་རིག་གཞུང་ཞིག་ཡིན་པ་དགོངས་བཞེས་གནང་སྐོར་སོགས་བཀའ་བསྩལ་ཡོད་པ་རེད། རྒྱ་གར་གྱི་རིག་པའི་གཞུང་ལུགས་དེ་ད་ལྟའི་འཛམ་གླིང་འདིར་ཤིན་ཏུ་ནས་འོས་བཞིན་འཚམས་པ་ཞིག་རེད།  ངོས་རང་ནཱ་ལེནྡཱའི་སློབ་ཕྲུག་ཞིག་དང་རྒྱ་གར་གྱི་རིག་གཞུང་བཟང་པོ་དེའི་དགེ་ཕྲུག་ཞིག་ཡིན་པའི་ཆ་ནས་ད་ཆ་དགེ་རྒན་གྱི་ངོས་ནས་འགན་ཞེ་དྲག་འཁྱེར་གྱི་མེད་སྟབས། དགེ་ཕྲུག་གིས་དགེ་རྒན་ལ་དོ་སྣང་མང་ཙམ་གནང་རོགས་ཞེས་དྲན་སྐུལ་མ་ཞུ་ཐབས་མེད་རེད་འདུག་ཅེས་བཀའ་བསྩལ་བ་དང་ཆབས་ཅིག ༸གང་ཉིད་མཆོག་གི་ཐུགས་བསྐྱེད་དམ་བཅའ་ཆེན་པོ་བཞི་པ་སྟེ་རྒྱ་གར་གྱི་རིག་གཞུང་བསྐྱར་གསོ་ཡོང་ཐབས་ཐོག་ངོ་སྤྲོད་དང་འབྲེལ། ད་ལྟའི་འཛམ་གླིང་འདིར་བྱམས་སྙིང་རྗེ་དང་ཆོས་ལུགས་མཐུན་འབྲེལ་བཅས་ཀྱི་གོ་རྟོགས་དེ་ངེས་པར་དུ་ཡོང་ཐབས་གནང་དགོས་གལ་གཟིགས་ཀྱི་ཡོད་སྐོར་བཀའ་བསྩལ་བ་དང་སྦྲགས། ཐོག་མར་སོ་སོའི་རྒྱལ་ཁབ་ནང་རིན་ཐང་དེ་དག་བསྐྱར་གསོ་ཐུབ་པ་ཞིག་དང་། དེའང་སྨོན་ལམ་གནང་བ་ཙམ་མིན་པར་ཕུགས་འདུན་ཡོད་པའི་ཁ་ཡོད་ལག་ཡོད་ཀྱི་ཕྱག་ལས་གནང་དགོས་གལ་ཡིན་པ་བཀའ་བསྩལ་ཡོད། ང་ཚོ་འགྲོ་བ་མི་རྣམས་ནི་སྤྱི་ཚོགས་ཀྱི་ཆ་ཤས་ཤིག་ཡིན་པའི་ཆ་ནས་རང་ཉིད་སྒེར་གྱི་འཚོ་བའི་གནས་སྟངས་འོག་བདེ་སྡུག་གི་ངལ་བ་ཇི་འཕྲད་ཀུན་སྤྱི་ཚོགས་དང་ཐད་ཀར་འབྲེལ་བ་ཡོད་སྟབས། ཆོས་ཁས་ལེན་མིན་ལ་ལྟོས་མེད་ཀྱིས་ཕན་ཚུན་གཅིག་གིས་གཅིག་ལ་བྱམས་སྙིང་རྗེ་དང་ཡིད་ཆེས་གནང་ཐོག་ཕན་ཚུན་འགྲོགས་འདྲིས་ཡོང་ཐབས་གནང་གལ་ཡིན་པར་ལམ་སྟོན་རྒྱ་ཆེ་བསྩལ་ཡོད་པ་རེད། མགོན་པོ་༸གང་ཉིད་མཆོག་ལ་བཀའ་འདྲི་དགོངས་སྐོར་ཞུས་པ་ཁག་ལ་བཀའ་ལན་བསྩལ་བའི་ཁྲོད་བུད་མེད་ཀྱི་ཐོབ་ཐང་དང་ནུས་སྟོབས་སྐོར། གོ་ལའི་ཚ་དྲོད་ཀྱི་རྐྱེན་པས་ཁོར་ཡུག་གི་དཀའ་ངལ་བཅས་ཀྱི་ཐོག་བཀའ་བསྩལ་བ་མ་ཟད། ལོ་རྒྱུས་ཀྱི་ཐོག་ནས་དུས་རབས་བདུན་པ་དང་བརྒྱད་པ། དགུ་པ་བཅས་ཀྱི་ནང་བོད་དང་རྒྱ་ནག སོག་པོ་བཅས་རྒྱལ་ཁབ་ཕན་ཚུན་འདྲ་མཉམ་ཐོག་གནས་ཡོད་པ་མ་ཟད།  རྒྱ་རིགས་ལོ་རྒྱུས་མཁན་ཁག་ཅིག་གིས་རྒྱ་ནག་གི་ལོ་རྒྱུས་ནང་ཐང་དང་མན་ཇུའི་དུས་སྐབས་སུའང་བོད་དེ་རྒྱ་ནག་གི་མངའ་འོག་ཡིན་པ་རྩ་བ་ནས་གསལ་གྱི་མེད་པར་འགྲེལ་བརྗོད་གནང་གི་ཡོད་པ་དང་། ལྷག་པར་དུ་རྒྱ་གར་གྱི་མཁས་དབང་ Dr. Lokesh Chandra  མཆོག་ནས་ཀྱང་ས་ཆའི་ཁོར་ཡུག་གནས་བབ་ཆ་ནས་ཀྱང་བོད་དེ་རྒྱ་ནག་དང་རྒྱལ་ཁབ་ཐ་དད་ཡིན་པ་གསལ་པོ་ཡིན་སྐོར་གསུངས་ཡོད་པའི་ལོ་རྒྱུས་ཁག་ལུང་འདྲེན་དང་སྦྲགས། གོ་མིན་ཏང་དང་རྒྱ་ནག་དམར་ཤོག་གི་དུས་སྐབས་སུ་བོད་ཀྱི་དཔོན་རིགས་ཁག་ཅིག་དང་བླ་མ་ཁག་ཅིག་གིས་བོད་དེ་རྒྱ་གི་ཆ་ཤས་ཤིག་ཡིན་པ་བཟོས་ཡོད་པ་རེད་ཅེས་བཀའ་སྩལ་གནང་ཡོད། འོན་ཀྱང་བོད་མིའི་ངོས་ནས་ཕྱོགས་གཉིས་ཀྱི་ཁེ་ཕན་ལ་དམིགས་ཏེ་རྒྱ་ནག་གི་རྩ་ཁྲིམས་འོག་འཁོད་པ་གཞིར་བཞག་ཐོག་བོད་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཞིག་ཡོང་ཐབས་རྩོད་གནང་གི་ཡོད་པ་བཀའ་ནན་བསྩལ་ཡོད་པ་རེད།  གཞི་རྩའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཁ་ཉིན་རེས་གཟའ་སྤེན་པའི་ཉིན་རྒྱལ་ས་ལྡི་ལིར་༸ཞབས་སོར་འཁོད་ཡོད་པ་དང་། མགོན་པོ་༸གང་ཉིད་མཆོག་ནས་རྒྱལ་ས་ལྡི་ལིའི་   Dwarka  ཞེས་པའི་ས་གནས་ཁུལ་དུ་རྟེན་གཞི་བྱས་པའི་ལཱལ་བྷ་ཧཱ་དུར་ཤཱསྟྲཱི་ Lal Bahadur Shastri འཛིན་སྐྱོང་སྡེ་གནས་ཁང་གི་ལོ་འཁོར་བསླབ་པ་མཐར་སོན་གྱི་སྐུ་མགྲོན་གཙོ་བོར་ཆིབས་བསྒྱུར་མཛད་རྒྱུ་དང་། ཚེས་ ༢༤ ཉིན་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ IIT འཕྲུལ་རིགས་བསྟི་གནས་ཁང་དུ་རྒྱ་གར་གྱི་གནའ་བོའི་རིག་གཞུང་བསྐྱར་གསོ་གནང་ཕྱོགས་ཐོག་བཀའ་སློབ་བསྩལ་རྒྱུའི་མཛད་འཆར་ཡོད་པ་རེད།

བོད་མི་རྒན་རབས་ཚོས་བོད་ཀྱི་གཉན་འཕྲང་ཅན་གྱི་དུས་སྐབས་སུ་ཞབས་འདེགས་དང་བྱས་རྗེས་ཆེན་པོ་བཞག་ཡོད་སྐོར་བཀའ་བསྩལ་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་ཟླ་ ༤ ཚེས་ ༢༡ ཉིན་སྔ་དྲོ་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་ར་བའི་དབུ་གཡབ་ཏུ་བཙན་བྱོལ་བོད་མིའི་གནས་ཡུལ་རྒྱ་བལ་གཉིས་ཀྱི་ནང་ཡོད་པའི་བོད་མིའི་ལྷ་མོ་ཚོགས་པ་ཁག་གི་ཚོགས་མི་ཡོངས་ལ་དམིགས་བསལ་མཇལ་ཁ་གནང་སོང་བ་དང་། སྐབས་དེར་མགོན་པོ་༸གང་ཉིད་མཆོག་གིས་བོད་ཀྱི་ཁྱད་དུ་འཕགས་པའི་གནའ་བོའི་རིག་གཞུང་དེ་དག་མི་ཉམས་རྒྱུན་འཛིན་དང་གོང་འཕེལ་གནང་ཆེད་ད་ལྟའི་བོད་མི་རྒན་རབས་ཚོས་བྱས་རྗེས་ཆེན་པོ་བཞག་ཡོད་པ་བཀའ་བསྩལ་སོང་། སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་དཔལ་ནཱ་ལེནྡཱའི་རིག་པའི་གཞུང་ལུགས་ནས་དར་བའི་ནང་པ་སངས་རྒྱས་པའི་ཆོས་དེ་ཆོས་ཙམ་མ་ཡིན་པར། སེམས་ཁམས་རིག་པའི་གཞུང་ལུགས་ཤིག་ཡིན་པ་ལྟར་དེང་སྐབས་ཚན་རིག་པ་ཚོས་ཀྱང་དེ་ལྟར་ཁས་ལེན་གནང་གི་ཡོད་པ་བཀའ་བསྩལ་དང་འབྲེལ། བོད་གངས་ཅན་གྱི་ལྗོངས་ལ་དཔལ་ནཱ་ལེནྡཱའི་མཁས་པའི་གཞུང་དྲི་མ་མེད་པ་ཡོད་པ་དེ་བོད་པའི་རིག་གཞུང་གི་གཙོ་བོ་ཞིག་ཆགས་ཀྱི་ཡོད་པ་དང་། བོད་མི་རིགས་རང་གི་ཐུན་མོང་མ་ཡིན་པའི་རིག་གཞུང་ཁོངས་ནས་གཞས་སྣ་སོགས་རིག་པའི་གཞུང་ལས་རྣམ་ཐར་གཏོང་རྒྱུ་དེ་བོད་མི་རང་གི་ཐུན་མིན་ཁྱད་ཆོས་ཤིག་ཆགས་ཡོད་པ་བཀའ་བསྩལ་དང་སྦྲགས་ཏེ་ད་ལྟའི་བོད་མི་རྒན་རབས་རྣམས་ནས་བོད་ཀྱི་ལྷ་མོའི་རིག་གཞུང་དེ་མི་ཉམས་རྒྱུན་འཛིན་གནང་བར་ཡི་རང་བསྔགས་བརྗོད་གནང་བ་དང་། ད་ལྟའི་བོད་མི་རྒན་རབས་ཚོས་བོད་ཀྱི་གཉན་འཕྲང་ཅན་གྱི་དུས་སྐབས་སུ་ཞབས་འདེགས་དང་བྱས་རྗེས་ཆེན་པོ་བཞག་ཡོད་སྐོར་བཀའ་བསྩལ་ཡོད། དེ་བཞིན་༸གོང་ས་མཆོག་ནས་བོད་ཀྱི་ནང་པ་སངས་རྒྱས་པའི་ཆོས་དང་རིག་གཞུང་དེ་དག་ང་རང་ཚོའི་ནང་དུ་བདག་གཉེར་གནང་བ་ཙམ་མིན་པར་འཛམ་བུ་གླིང་སྤྱི་ལ་ཕན་ཐོགས་པའི་ནུས་པ་ཡོད་པ་ལ་གཟིགས་ཀྱི་ཡོད་པ་བཀའ་བསྩལ་བ་དང་སྦྲགས་ཏེ་མགོན་པོ་མཆོག་རིམ་བཞིན་ཚན་རིག་པ་རྣམས་དང་འབྲེལ་བ་མཛད་ནས་ད་བར་ལོ་ ༣༠ ཙམ་འགྲོ་བཞིན་པའི་ཁྲོད་ཚན་རིག་པ་རྣམས་ནས་ཀྱང་བོད་པའི་རིག་པའི་གཞུང་ལུགས་ཀྱི་ཆོས་བརྒྱུད་དེ་ཆོས་ཙམ་མ་ཡིན་པར་སེམས་ཁམས་རིག་པ་ཞིག་ལ་ངོས་འཛིན་གནང་གི་ཡོད་པའི་ཆོས་ཁྱད་པར་ཅན་ཞིག་ཡིན་པར་བཀའ་བསྩལ་སོང་། ལྷག་པར་དུ་མགོན་པོ་༸གང་ཉིད་མཆོག་གིས་ནང་པ་སངས་རྒྱས་པའི་ཆོས་འདི་འཛམ་བུ་གླིང་སྤྱི་ལ་འགྲེལ་བརྗོད་མཐིལ་ཕྱིན་པ་རྒྱག་པར་བོད་ཀྱི་སྐད་ཐོག་ནས་མ་གཏོགས་ཡོང་གི་མེད་སྟབས། དགེ་བཙུན་ཁོ་ན་མ་ཡིན་པར་བོད་མི་ཡིན་ཕྱིན་ཆད་ཀྱི་ངོས་ནས་ཕོ་མོ་ཁྱད་མེད་ཐོག་ནང་པའི་ཆོས་ལ་སློབ་གཉེར་གནང་ནས་མ་འོངས་པར་དགེ་བཤེས་ཐོན་ཐུབ་པ་བྱེད་དགོས་གལ་ཡིན་པར་བཀའ་ནན་མཛད་ཡོད། དེ་དེ་བཞིན་༸གོང་ས་མཆོག་བོད་པའི་གཞོན་སྐྱེས་ཕོ་མོ་ཚོས་ཀྱང་རིག་གཞུང་དེ་དག་ཐོག་སློབ་གཉེར་གནང་སྟེ་མ་འོངས་པར་རྒྱ་གར་གྱི་གནའ་བོའི་རིག་གཞུང་བསྐྱར་གསོ་གནང་སྐབས་ཞབས་འདེབས་ཞུ་མཁན་ཞིག་ཆགས་ཐུབ་པ་གནང་དགོས་སྐོར་བཀའ་བསྩལ་སོང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དེ་རིང་སྔ་དྲོ་ཚོུད་ ༡༡ ཡོལ་ཙམ་ལ་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་ཕེབས་ཐོན་གྱིས་གྷ་གྷལ་གནམ་ཐངང་ནས་མཁའ་ལམ་བརྒྱུད་ལྡི་ལིར་ཆིབས་བསྒྱུར་མཛད་སོང་། མཛད་འཆར་ལྟར་ན། ༸གོང་ས་མཆོག་ནས་ཚེས་ ༢༢ ཉིན་ནེའུ་རུ་ Nehru རྗེས་དྲན་དཔེ་མཛོད་ཁང་དུ་ཞི་བདེ་དང་འཆམ་མཐུན་སྐོར་བཀའ་སློབ་བསྩལ་རྒྱུ་དང་། ཚེས་ ༢༣ ཉིན་ལཱལ་བྷ་དུར་ཤཱསྟྲཱི་ Lal Bahadur Shastri འཛིན་སྐྱོང་སྡེ་གནས་ཁང་གི་ལོ་འཁོར་བསླབ་པ་མཐར་སོན་གྱི་སྐུ་མགྲོན་གཙོ་བོར་ཆིབས་བསྒྱུར་མཛད་རྒྱུ། དེ་རྗེས་ཚེས་ ༢༤ ཉིན་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ IIT འཕྲུལ་རིགས་བསྟི་གནས་ཁང་དུ་རྒྱ་གར་གྱི་གནའ་བོའི་རིག་གཞུང་བསྐྱར་གསོ་གནང་ཕྱོགས་ཐོག་བཀའ་སློབ་བསྩལ་རྒྱུའི་མཛད་འཆར་ཐུགས་གཏན་ཁེལ་འདུག

༸གོང་ས་མཆོག་ཡོ་རོབ་རྒྱལ་ཁབ་ཁག་ཅིག་གི་ནང་ཆིབས་བསྒྱུར་བསྐྱང་གཏན་ཁེལ་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འདི་ལོ་ཕྱི་ཟླ་ ༦ པའི་ནང་ཡོ་རོབ་རྒྱལ་ཁབ་ལ་ཊི་ཝི་ཡ་དང་དེ་རྗེས་ཕྱི་ཟླ་ ༩ པའི་ནང་ནི་ཐར་ལན་ཌི་དང་སུ་ཛ་ལན་ཌི། དེ་བཞིན་འཇར་མ་ནི་བཅས་ཀྱི་ནང་ཆིབས་བསྒྱུར་གྱིས་ཆོས་འབྲེལ་བསྐྱང་གཏན་ཁེལ་འདུག དེའང་དཔལ་ལྡན་དགའ་ལྡན་ཕོ་བྲང་གི་དྲྭ་གནས་ཐོག་༸གོང་ས་མཆོག་གི་ཡོ་རོབ་རྒྱལ་ཁབ་བཞིའི་ནང་གི་ཆོས་འབྲེལ་གྱི་མཛད་འཕྲིན་ཁག་ཅིག་བསྐྱང་རྒྱུ་བཀོད་པར་གཞིགས་ན། ལ་ཊི་ཝི་ཡ་བོད་སྐྱོབ་ཚོགས་པ་དང་ཨུ་རུ་སུ་བོད་སྐྱོབ་ཐེབས་རྩ་ཁང་། ཨུ་རུ་སུ་སྐུ་ཚབ་དོན་ཁང་གསུམ་གྱིས་མགོན་པོ་༸གང་ཉིད་མཆོག་ལ་ཇི་ལྟར་གསོལ་འདེབས་ཞུ་དོན་ལྟར་བཀའ་བཞེས་བཟང་པོ་སྨིན་བསྩལ་ཐོབ་སྟེ། ཟླ་ ༦ ཚེས་ ༡༦ དང་ ༡༧ ཉིན་གྲངས་གཉིས་རིང་ Latvia རྒྱལ་ས་ Riga ནང་རྟེན་གཞི་བྱས་པའི་ Skonto ཚོགས་ཁང་ཆེན་མོར་༸གོང་ས་མཆོག་གིས་༸རྗེ་ཙོང་ཁ་པ་བློ་བཟང་གྲགས་པ་དཔལ་བཟང་པོ་མཆོག་གིས་མཛད་པའི་ལམ་རིམ་བསྡུས་དོན་དང་རྟེན་འབྲེལ་བསྟོད་པ། དེ་བཞིན་རྡོ་རྗེ་གཅོད་པ་བཅས་ཀྱི་བཀའ་ཆོས་བསྩལ་རྒྱུ་ཡིན་པ་དང་། དེ་རྗེས་ཕྱི་ཚེས་ ༡༨ ཉིན་༸གོང་ས་མཆོག་གིས་མང་ཚོགས་རྣམས་ལ་འཇམ་དཔལ་དབྱངས་ཀྱི་རྗེས་གནང་བསྩལ་རྒྱུ་ཐུགས་གཏན་འཁེལ་ཡོད་པ་རེད་འདུག དེ་བཞིན་མགོན་པོ་༸གང་ཉིད་མཆོག་ཟླ་ ༩ པ་ནང་ཡུ་རོབ་རྒྱལ་ཁབ་ Netherlands ནས་དབུ་འཛུགས་ཀྱིས་རྒྱལ་ཁབ་གསུམ་ནང་ཆོས་འབྲེལ་གྱི་མཛད་འཕྲིན་ཁག་ཅིག་བསྐྱང་ཕྱིར་ཆིབས་བསྒྱུར་མཛད་ཀྱི་འདུག དེའང་ཐོག་མར་༸གོང་ས་མཆོག་གིས་ཟླ་ ༩ ཚེས་ ༡༦ ཉིན་ Netherlands ཀྱི་ Rotterdam གྲོང་ཁྱེར་གྱི་ Ahoy Rotterdam ཚོགས་ཁང་དུ་དཀའ་རྙོག་ཆེ་བའི་ང་ཚོའི་འཛམ་གླིང་ནང་སྙིང་རྗེ་ཅི་ཕྱིར་དགོས་གལ་ཡིན་ནམ་ཞེས་པའི་བརྗོད་གཞིའི་ཐོག་ལམ་སྟོན་བཀའ་སློབ་བསྩལ་རྒྱུ་དང་། ཕྱི་ཚེས་ ༡༧ ཉིན་དགེ་བཤེས་གླང་རི་ཐང་པས་མཛད་པའི་བློ་སྦྱོང་ཚིགས་བརྒྱད་མའི་ཆོས་འབྲེལ་མཛད་ཀྱི་འདུག ནི་ཐར་ལན་ཌི་ནང་གི་ཆོས་འབྲེལ་མཛད་འཆར་ཁག་གྲུབ་རྗེས་༸གོང་ས་མཆོག་ Germany ནང་ཆིབས་བསྒྱུར་བསྐྱང་སྟེ་ Darmstadt གྲོང་ཁྱེར་དུ་ Tibet Initiative Deutschland འམ་འཇར་མན་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་དཔལ་ལྡན་དགའ་ལྡན་ཕོ་བྲང་གཉིས་ནས་གོ་སྒྲིག་ཞུས་པའི་འཚེ་བ་མེད་པ་དང་ཞི་བདེ་ཞེས་པའི་ལྷན་ཚོགས་ཐོག་དབུ་བཞུགས་མཛད་ཀྱི་འདུག དེ་རྗེས་ཚེས་ ༢༠ ཉིན་འཇར་མན་ Heidelburg གྲོང་སྡེ་དང་ Heidelburg གཙུག་ལག་སློབ་གཉེར་ཁང་གཉིས་ནས་གོ་སྒྲིག་ཞུ་དོན་ལྟར་མགོན་པོ་མཆོག་བདེ་སྐྱིད་དང་གུས་བརྩིའི་ཆེད་དོན་བགྲོ་གླེང་ཐོག་དབུ་བཞུགས་མཛད་ཀྱི་འདུག འཇར་མ་ནི་ནང་གི་མཛད་འཆར་ཁག་གྲུབ་པའི་རྗེས་སུ་སུ་ཛར་ལན་ཌི་རི་ཀོན་ཆོས་འཁོར་དགོན་གསར་འཛུགས་གནང་ནས་མི་ལོ་ ༥༠ འཁོར་བའི་དུས་ཚིགས་དང་བསྟུན་མགོན་པོ་མཆོག་ལ་ཇི་ལྟར་གསོལ་འདེབས་ཞུ་དོན་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཟླ་ ༩ ཚེས་ ༢༡ ནས་ ༢༤ བར་ཉིན་གྲངས་བཞིའི་རིང་ Switzerland ནང་ཆིབས་བསྒྱུར་གནང་སྟེ་རི་ཀོན་དང་། Winterthur དེ་བཞིན་ Zurich གྲོང་ཁྱེར་བཅས་སུ་བཀའ་ཆོས་དང་བཀའ་དབང་བསྩལ་གཏན་ཁེལ་ཡོད་པ་རེད།

༸གོང་ས་མཆོག་གིས་ཨ་རིའི་སྲིད་འཛིན་ཟུར་པ་སྐུ་ཞབས་བྷུ་ཤུ་མཆོག་ལ་ཐུགས་གསོ་མཛད་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་སྲིད་འཛིན་ཟུར་པ་སྐུ་ཞབས་ George W Bush མཆོག་གི་ཨ་མ་ལགས་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་ཐུགས་གསོའི་གསུང་འཕྲིན་ཞིག་བསྩལ་འདུག ཁ་སང་ཟླ་ ༤ ཚེས་ ༡༧ ཉིན་ཨ་རིའི་སྲིད་འཛིན་ ༤༡ པ་སྐུ་ཞབས་ George H. W. Bush མཆོག་གི་ལྕམ་དང་ཨ་རིའི་སྲིད་འཛིན་ ༤༣ པ་སྐུ་ཞབས་ George W Bush མཆོག་གི་ཨ་མ་ལགས་ལྕམ་སྐུ་ Barbara Bush མཆོག་དགུང་གྲངས་ ༩༢ ཐོག་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ་ཐོན་ཡོད་པ་རེད། དེ་རིང་༸གོང་ས་༸སྐྱབས་མགོན་ཆེན་མཆོག་གིས་ཨ་རིའི་སྲིད་འཛིན་ཟུར་པ་སྐུ་ཞབས་ George W Bush མཆོག་གི་མཚན་ཐོག་ཏུ་ཐུགས་གསོའི་གསུང་འཕྲིན་ཞིག་སྩལ་བའི་ནང་མགོན་པོ་༸གང་ཉིད་མཆོག་ནས་ཡིད་སྐྱོའི་གནས་ཚུལ་གསན་པར་ཐུགས་ཕམ་ཆེན་པོ་དང་བཅས་འདས་པོ་ཁོང་ལ་ཐུགས་སྨོན་དང་ཤུལ་ལུས་ནང་མི་ཀུན་ལ་ཐུགས་གསོ་མཛད་འདུག དེ་བཞིན་མགོན་པོ་མཆོག་གིས་སྲིད་འཛིན་མཆོག་གི་ཨ་མ་ལགས་དམ་པ་ཁོང་ད་བར་དགུང་གྲངས་ ༩༢ རིང་སྐུ་འཚོ་བཞུགས་གནང་རིང་མི་ཚེ་དོན་སྙིང་ལྡན་པ་ཞིག་བསྐྱལ་ཡོད་པ་བཀའ་བསྩལ་བ་དང་འབྲེལ། དམ་པ་ཁོང་ནས་ཨ་རིའི་སྲིད་འཛིན་གྱི་སྐུ་ཟླ་གནང་བ་ཙམ་མིན་པར་ཨ་རིའི་སྲིད་འཛིན་ཞིག་གི་ཨ་མ་ལགས་ཀྱང་གནང་ཐུབ་པ་ནི་ཡིད་སྨོན་བྱ་ཡུལ་ཞིག་དང་། ལྷག་དོན་ལྕམ་སྐུ་ཁོང་སྐུ་འདས་ཟིན་ཡོད་ཀྱང་ཁོང་གི་མཛད་རྗེས་དེ་དག་ཡུན་རིང་གནས་ངེས་ཡིན་པ་བཀའ་བསྩལ་འདུག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལྕམ་སྐུ་དམ་པ་ Barbara Bush མཆོག་དང་ཁོང་གི་སྐུ་ཟླ་ཨ་རིའི་སྲིད་འཛིན་ཟུར་པ་སྐུ་ཞབས་ George H. W. Bush མཆོག་རྣམ་གཉིས་ནས་ད་བར་རང་ཉིད་ཀྱི་ཕྲུ་གུར་སྤྱི་ཚོགས་ཞབས་འདེགས་ཞུ་རྒྱུའི་སྐུལ་ལྕག་གནང་བ་བཅས་ལ་ཆེ་བསྟོད་ཀྱང་མཛད་འདུག

༸གོང་ས་མཆོག་གིས་འགྲོ་བ་མིའི་གཅིག་གྱུར་གྱི་འདུ་ཤེས་ཐོག་དཀའ་ངལ་སེལ་དགོས་གལ་ཡིན་པའི་ལམ་སྟོན་མཛད་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་སྔ་དྲོ་འདི་ག་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་ར་བའི་དབུ་གཡབ་ཏུ་རྒྱ་གར་གཙོས་པའི་ཕྱི་རྒྱལ་ཡུལ་གྲུ་འདྲ་མིན་ ༦༩ ནས་ཕེབས་པའི་མང་ཚོགས་ ༡༥༠༠ ལྷག་ལ་དམིགས་བསལ་མཇལ་ཁ་དང་བཀའ་སློབ་བསྩལ་ཡོད་པ་དང་། སྐབས་དེར་༸གོང་ས་མཆོག་གིས་འཛམ་གླིང་འདིའི་ཐོག་གི་མི་ཐེར་འབུམ་ ༧ ཡོད་པ་ཚང་མ་འགྲོ་བ་མིའི་གཅིག་གྱུར་ཡིན་པའི་འདུ་ཤེས་འཛིན་ཐོག་དཀའ་ངལ་ཇི་སྙེད་ཡོད་པ་ཀུན་སེལ་དགོས་གལ་ཡིན་པའི་ལམ་སྟོན་བཀའ་སློབ་ཟབ་མོ་བསྩལ་སོང་། ༸གོང་ས་མཆོག་གིས་ད་རེས་མི་སྣ་མང་པོ་ཞིག་ངོས་ཀྱི་མཇལ་ཁ་ཞུ་བར་ཕེབས་ཡོད་ཀྱང་ངོས་ནས་དུས་རྟག་ཏུ་གོ་ལ་འདིའི་ཐོག་མི་ཐེར་འབུམ་ ༧ ཡོད་པའི་ནང་ནས་༸གང་ཉིད་མཆོག་འགྲོ་བ་མི་གཅིག་ཡིན་པ་དང་འགྲོ་བ་མི་གཞན་དང་གཅིག་གྱུར་ཡིན་པའི་དགོངས་བཞེས་གནང་གི་ཡོད་པ་བཀའ་བསྩལ་བ་དང་སྦྲགས། མི་ཚང་མར་ཀླད་པའི་བསམ་བློ་གཏང་རྒྱུའི་ནུས་པ་གཅིག་མཚུངས་ཡོད་སྟབས། ཚང་མས་འགྲོ་བ་ཡོངས་ལ་ཕན་པའི་བསམ་བློ་ཐོངས་དགོས་ཞེས་དང་། དེང་སྐབས་ཚན་རིག་པ་རྣམས་ནས་མིའི་གཞི་རྩའི་རང་བཞིན་དེ་བྱམས་བརྩེ་ལྡན་པ་ཞིག་དང་། ཁོང་ཁྲོ་དང་ང་རྒྱལ་ཁོ་ནའི་དབང་དུ་སོང་ཚེ་ཕྱིའི་ལུས་པོའི་འཕྲོད་བསྟེན་ལའང་གནོད་ངེས་ཡིན་སྐོར་སོགས་ལམ་སྟོན་མཛད་ཡོད། ༸གོང་ས་མཆོག་གིས་ད་དུང་མགོན་པོ་མཆོག་༸སྐུ་སྒེར་གྱི་མྱོང་ཚོར་ཐོག་ནས་ངེས་པ་རྙེད་པ་ཞིག་ནི་འཛམ་གླིང་ཐོག་དཀའ་རྙོག་དང་དཀའ་ངལ་བཟོ་མཁན་གཙོ་བོ་དེ་ནང་སེམས་ཀྱི་བསམ་བློ་གཏང་ཕྱོགས་ཀྱི་ཐོག་ནས་ཡོང་གི་ཡོད་པ་དང་། དཀའ་ངལ་ཇི་ཙམ་ཡོད་ཀྱང་དེ་དག་ནང་སེམས་ཀྱི་ཞི་བདེ་མ་དཀྲུག་པར་གནས་ཐབས་སུ་ཆོས་ཁས་ལེན་མིན་ལ་ལྟོས་མེད་ནང་བསམ་བློའི་གཏང་ཕྱོགས་ཀྱི་ཐོག་ནས་དགོངས་པ་བཞེས་དགོས་གལ་ཡིན་པ་བཀའ་བསྩལ་དང་འབྲེལ། དེང་སྐབས་སློབ་སྦྱོང་སྤྲོད་སྐབས་སུ་གཙང་སྦྲ་སོགས་ཀྱི་ཐོག་སློབ་ཀྱི་ཡོད་པ་ལྟར། Destructive Emotion  ཞེས་གནོད་འཚེ་བཟོ་མཁན་གྱི་བསམ་བློ་དང་ཚོར་བ་མེད་པ་བཟོ་ཆེད་དུ་ནང་བསམ་བློའི་གཙང་སྦྲའི་སྐོར་ Hygene of Emotion ཐོག་སློབ་སྦྱོང་སྤྲོད་དགོས་གལ་ཡིན་སྐོར་སོགས་བཀའ་བསྩལ་དང་ཆབས་ཅིག གང་ཟག་སྒེར་གཅིག་གི་ངོས་ནས་གང་བྱ་ཐུབ་ཀྱི་མ་རེད་བསམ་ནས་མ་བསྡད་པར་འགྲོ་བ་ཐོུང་གི་ཐོག་ནས་འཛམ་གླིང་འདི་ཆགས་པ་ལྟར་མི་རེ་ངོ་རེ་ནས་གཞན་ཕན་གྱི་བསམ་བློ་གཏང་བ་ཡིན་ན་ཁྱད་པར་ཆེན་པོ་ཞིག་བཟོ་ཐུབ་རྒྱུ་ཡིན་པ་དང་། དཀའ་ངལ་མཐའ་དག་ང་ཚོ་དང་ཁོ་ཚོ་ཞེས་པའི་བསམ་བློའི་རིམ་པ་གཉིས་པའི་ཐོག་ནས་ཡོང་གི་ཡོད་སྟབས། འགྲོ་བ་མིའི་གཅིག་གྱུར་ཡིན་པའི་འདུ་ཤེས་འཛིན་ཐོག་དཀའ་ངལ་ཇི་སྙེད་ཡོད་པ་ཀུན་སེལ་དགོས་གལ་ཡིན་པའི་ལམ་སྟོན་བཀའ་སློབ་ཟབ་མོ་བསྩལ་སོང་། ལྷག་པར་དུ་༸གོང་ས་མཆོག་གིས་རྒྱ་གར་གྱི་གནའ་བོའི་རིག་གནས་ནང་མིའི་སེམས་ཁམས་དང་ནང་སེམས་ཀྱི་ཞི་བདེ་བཅས་ཀྱི་སྐོར་ལ་ཞིབ་ཕྲ་གསུངས་ཡོད་སྟབས། དེང་སྐབས་འཛམ་གླིང་འདིའི་ཐོག་འགྲོ་བ་མིའི་སེམས་ཀྱིས་བཟོས་པའི་དཀའ་ངལ་མང་དག་ཞིག་སེལ་རྒྱུའི་ནུས་པ་ཡོད་པ་དང་། དེའང་མགོན་པོ་མཆོག་༸སྐུ་སྒེར་གྱི་ངོས་ནས་ལོ་མང་རིང་སློབ་གཉེར་གནང་བའི་བརྒྱུད་ནས་ངེས་ཤེས་རྙེད་ཡོད་སྐོར་བཀའ་བསྩལ་སོང་། རྒྱ་གར་ནང་ད་དུང་ཡང་རིགས་རུས་དབྱེ་འབྱེད་ཀྱི་ལམ་སྲོལ་དེ་མུ་མཐུད་ནས་གནས་ཡོད་པ་དེ་དག་དེང་སྐབས་རྒྱ་གར་གྱི་རྩ་ཁྲིམས་ནང་དུ་ཚང་མར་ཐོབ་ཐང་འདྲ་མཉམ་ཡོད་པ་འཁོད་ཡོད་པ་ལྟར་ལམ་སྲོལ་ངན་པ་དེ་དོར་བའི་དུས་ལ་བབ་ཡོད་པ་སོགས་ལམ་སྟོན་མཛད་ཡོད།

དྷ་ས་བོད་མི་ཚོས་རླངས་འཁོར་བརྡབ་རྐྱེན་འོག་འདས་གྲོངས་སུ་གྱུར་བའི་རྒྱ་གར་གྱི་སློབ་ཕྲུག་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཀྱི་མར་མེ་ཁྲོམ་སྐོར་གནང་བ།

ཉེ་སྔོན་རེས་གཟའ་ཟླ་བའི་ཉིན་ཧི་མཱ་ཅལ་མངའ་སྡེའི་ནུར་པུར་ཉེ་འགྲམ་དུ་སློབ་གྲྭའི་རླངས་འཁོར་ཞིག་བརྡབ་རྐྱེན་ཁྲོད་སློབ་ཕྲུག་གཙོ་གྱུར་མི་གྲངས་ ༢༧ འདས་གྲོངས་སུ་གྱུར་བར་གདུང་སེམས་མཉམ་བསྐྱེད་ཀྱི་མར་མེ་ཁྲོམ་སྐོར་གནང་སོང་། ཁ་སང་ཟླ་ ༤ ཚེས་ ༡༢ ཉིན་ཕྱི་དྲོ་ཚོུད་ ༦ ཡོལ་ཙམ་ལ་དྷ་ས་ཧིན་བོད་མཛའ་འབྲེལ་ཚོགས་པས་རྐང་འགན་བཞེས་ཐོག་བཞུགས་སྒར་དུ་བོད་མི་གཙོས་པའི་ས་གནས་རྒྱ་གར་ཡུལ་མི་བཅས་ཀྱིས་ཕྱག་ཏུ་སྒྲོན་མེ་བསྣམས་ནས་བྱང་ཆུབ་སེམས་མཆོག་གི་སྔོན་སྨོན་གསུང་འདོན་གནང་ཐོག་དྷ་ས་མེག་གྷན་ཁྲོམ་གཞུང་དུ་མར་མེ་ཁྲོམ་སྐོར་གནང་སོང་བ་མ་ཟད།  ལས་འགུལ་བ་རྣམས་ནས་མེག་ལོཌ་རླངས་འཁོར་བབ་ཚུགས་སུ་ཚང་འཛོམས་ཀྱིས་སྐར་མ་གཉིས་རིང་མྱ་ངན་གུས་བཏུད་ཀྱི་ངག་བཅད་གནང་བ་དང་སྦྲགས། ཉེ་སྔོན་སློབ་གྲྭའི་རླངས་འཁོར་བརྡབ་རྐྱེན་འོག་འདས་གྲོངས་སུ་གྱུར་བའི་སློབ་ཕྲུག་དེ་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཞུས་ཡོད་པ་རེད།  སྐབས་དེར་དྷ་ས་ས་གནས་འགོ་འཛིན་ཟླ་བ་རིན་ཆེན་ལགས་ཀྱིས་དོན་རྐྱེན་དེ་དང་འབྲེལ་ཏེ་ང་ཚོ་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་འཛིན་ཐོག་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་ནང་མཉམ་ཞུགས་གནང་དགོས་པ་དང་། སྐྱེ་རྒ་ན་འཆིའི་སྡུག་བསྔལ་དེ་ང་ཚོ་ཚང་མར་ཡོང་རྒྱུ་ཡིན་པས་དེར་བསྔོ་སྨོན་གནང་དགོས་གལ་ཡིན་པ་གསུངས་ཡོད།  གནད་དོན་དེ་འབྲེལ་དྷ་ས་ས་གནས་བདེ་དོན་ལས་ཁུངས་ནས་གོ་སྒྲིག་ཞུ་ཐོག་ས་གནས་ཚོགས་ཁང་དུ་ཁ་སང་སྔ་དྲོ་ཚོུད་ ༡༠ ནས་ ༡༢ བར་མཆོད་འབུལ་སྨོན་ལམ་ཞིག་གནང་ཡོད་པ་ལྟར་དེ་རིང་ཡང་མུ་མཐུད་མཆོད་འབུལ་སྨོན་ལམ་གནང་གི་འདུག རྩ་བའི་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་བྱང་ཕྱོགས་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ Jai Ram Thakur མཆོག་གི་མཚན་ཐོག་ཏུ་གསུང་འཕྲིན་ཞིག་བསྩལ་བ་དང་དོན་རྐྱེན་འདི་དང་འབྲེལ་ཏེ་ཡིད་སྐྱོོའི་གནས་ཚུལ་ཐོན་པར་ཐུགས་ཕམ་ཆེན་པོས་ཐུགས་སྨོན་དང་སློབ་ཕྲུག་དེ་རྣམས་ཀྱི་ཤུལ་ལུས་ཕ་མ་གཙོས་པའི་ནང་མི་ཀུན་ལ་ཐུགས་གསོ་མཛད་ཡོད་པ་རེད།  དེ་འབྲེལ་མགོན་པོ་༸གང་ཉིད་མཆོག་གིས་གདུང་སེམས་མཉམ་བསྐྱེད་མཚོན་ཕྱིར་ཏཱ་ལའི་བླ་མའི་དགེ་རྩ་ཁང་གི་བརྒྱུད་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གི་དགེ་རྩར་ངལ་སེལ་རོགས་དངུལ་གསོལ་བསྩལ་མཛད་ཡོད་པ་རེད། དེ་དང་ཕྱོགས་མཚུངས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཧི་མཱ་ཅལ་མངའ་སྡེའི་མང་ཚོགས་སྤྱི་དང་སྒོས་འབྲེལ་ཡོད་ནང་མི་སྤུན་མཆེད་ཡོངས་ལ་གདུང་སེམས་མཉམ་བསྐྱེད་གནང་འདུག་པ་མ་ཟད། ཐེངས་འདིར་གོད་ཆག་འདི་ལྟ་བུ་བྱུང་སྐབས་སུ་ཡིད་གདུང་གི་ཚོར་བ་ཞིག་ངམ་ངམ་ཤུགས་ཀྱིས་སྐྱེ་བཞིན་ཡོད་པ་གསུངས་ཏེ་སློབ་ཕྲུག་དེ་རྣམས་ཀྱི་ཤུལ་ལུས་ཕ་མ་གཙོས་པའི་ནང་མི་ཀུན་ལ་ཐུགས་གསོ་དང་བསྔོ་སྨོན་གནང་འདུག དེ་དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་ཀྱང་བརྡབ་རྐྱེན་བྱུང་བའི་སློབ་ཕྲུག་དེ་དག་གི་ནང་མི་གཙོས་པའི་ཧི་མཱ་ཅལ་མི་མང་ཡོངས་ཀྱི་སེམས་ནང་ནམ་ཡང་བརྗེད་ཐབས་མེད་པའི་རྨ་ཁ་ཞིག་ཡིན་པ་མ་ཟད། ལྷག་དོན་ཧི་མཱ་ཅལ་མངའ་སྡེ་གཞུང་ལ་ཡང་གནད་དོན་དེའི་རྐྱེན་པས་གྱོང་གུད་ཆེན་པོ་ཕོག་ཡོད་སྐོར་གསུངས་པ་དང་ཆབས་ཅིག ཚེ་སྲོག་ཤོར་བའི་སློབ་ཕྲུག་དེ་དག་དང་ཤུལ་ལུས་ནང་མི་ཡོངས་ལ་གདུང་སེམས་མཉམ་བསྐྱེད་དང་བསྔོ་སྨོན་གནང་འདུག

༸གོང་ས་མཆོག་གིས་སློབ་གྲྭའི་རླངས་འཁོར་བརྡབ་རྐྱེན་འོག་འདས་གྲོངས་སོང་མཁན་གྱི་ནང་མི་ཚོར་ཐུགས་གསོ་མཛད་འདུག

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་རྒྱ་གར་བྱང་ཕྱོགས་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ Jai Ram Thakur མཆོག་གི་མཚན་ཐོག་ཏུ་གསུང་འཕྲིན་ཞིག་བསྩལ་ཏེ། ཁ་སང་རེས་གཟའ་ཟླ་བའི་ཉིན་ Nurpur ཉེ་འགྲམ་དུ་སློབ་གྲྭའི་རླངས་འཁོར་ཞིག་བརྡབ་སྐྱོན་བྱུང་བའི་ཁྲོད་སློབ་ཕྲུག་གཙོ་བོར་གྱུར་པའི་མི་ ༢༧ འདས་གྲོངས་སུ་གྱུར་བའི་ཡིད་སྐྱོོའི་གནས་ཚུལ་ཐོན་པར་མགོན་པོ་༸གང་ཉིད་མཆོག་ཐུགས་ཕམ་ཆེན་པོ་བྱུང་ཡོད་པ་བཀའ་སྩལ་འདུག ༸གོང་ས་མཆོག་གིས་གསུང་འཕྲིན་དེའི་ནང་ད་རེས་ཀྱི་དོན་རྐྱེན་དེའི་འོག་མི་ ༢༧ ལས་ ༢༣ ནི་སློབ་ཕྲུག་ཆགས་ཡོད་པ་དང་། དེ་དག་ནི་ནང་མི་ཚོོའི་དགའ་སྤོབས་དང་མ་འོངས་པའི་རེ་ལྟོས་ཤིག་ཆགས་ཡོད་པ་མ་ཟད། ཁོང་རྣམས་སློབ་གྲྭ་ནས་རང་ཉིད་སོ་སོའི་ཁྱིམ་དུ་བསྐྱོད་པའི་ལམ་བར་རླངས་འཁོར་བརྡབ་རྐྱེན་འོག་འདས་གྲོངས་སུ་གྱུར་བ་ནི་ཆེས་ཡ་ང་བའི་གནས་ཚུལ་ཞིག་རེད་ཅེས་བཀའ་སྩལ་བ་དང་འབྲེལ།  ༸གང་ཉིད་མཆོག་གིས་སློབ་ཕྲུག་དེ་རྣམས་ཀྱི་ཤུལ་ལུས་ཕ་མ་གཙོས་པའི་ནང་མི་ཀུན་ལ་ཐུགས་གསོ་མཛད་འདུག ཁྱད་པར་དུ་མགོན་པོ་མཆོག་གིས་ཧི་མཱ་ཅལ་མངའ་སྡེ་འདི་ནི་ལོ་ངོ་ ༥༨ རིང་༸སྐུའི་བཞུགས་སྒར་ཆགས་ཡོད་སྟབས་༸གང་ཉིད་མཆོག་ནས་ས་གནས་མང་ཚོགས་ལ་ཐུགས་ཉེ་ཚོར་ཡོད་པ་བཀའ་གནང་བ་དང་སྦྲགས། འཚབ་ཆེ་བའི་གོད་ཆག་འདི་ལྟ་བུ་བྱུང་བ་ནི་ང་ཚོ་ཚང་མའི་ཐོག་ཏུ་འགལ་རྐྱེན་བྱུང་བ་ཡིན་སྐོར་བཀའ་བསྩལ་འདུག དེ་འབྲེལ་མགོན་པོ་༸གང་ཉིད་མཆོག་གིས་གདུང་སེམས་མཉམ་བསྐྱེད་མཚོན་ཕྱིར་ཏཱ་ལའི་བླ་མའི་དགེ་རྩ་ཁང་གི་བརྒྱུད་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གི་དགེ་རྩར་ངལ་སེལ་རོགས་དངུལ་གསོལ་བསྩལ་ཞིག་ཀྱང་གནང་འདུག

འཚོ་བའི་རིང་མི་ཚེ་དོན་དང་ལྡན་པ་སྐྱེལ་དགོས་གལ་ཡིན་པ་བཀའ་བསྩལ་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་དུ་༸གང་ཉིད་མཆོག་ལ་མཇལ་ཞུར་བཅར་བའི་ཡོ་རོབ་ Demark ཁུལ་གྱི་སློབ་མ་ཁག་ཅིག་ལ་ཟུར་དུ་བཀའ་སློབ་བཀྲིན་སྩལ་བ་དང་འབྲེལ། མགོན་པོ་༸གང་ཉིད་མཆོག་གིས་དུས་རྒྱུན་དུ་མིའི་མི་ཚེ་ནང་ན་བ་དང་རྒས་པ། དེ་བཞིན་འཆི་རྒྱུ་བཅས་ནི་འགྲོ་བ་མིའི་མི་ཚེའི་ཆ་ཤས་ཤིག་ཡིན་པར་ང་ཚོས་ངོས་འཛིན་དགོས་པ་དང་། དེ་ལས་གལ་ཆེ་བ་ནི་རང་ཉིད་འཚོ་བའི་རིང་མི་ཚེ་དོན་དང་ལྡན་པ་ཞིག་སྐྱེལ་དགོས་ཀྱི་རེད་ཅེས་ལམ་སྟོན་མཛད་འདུག ༸གོང་ས་མཆོག་གི་༸སྐུ་སྒེར་ངོ་དེབ་ཐོག་སྐར་མ་གསུམ་ཅན་གྱི་བརྙན་ཐུང་ཞིག་བཞག་པའི་ནང་༸གང་ཉིད་མཆོག་གིས་སློབ་མ་དེ་དག་ལ་མི་ཚེ་དོན་དང་ལྡན་པ་ཟེར་བ་ནི་གཙོ་བོ་རང་ཉིད་འཚོ་བའི་རིང་གཞན་ལ་ཕན་ཐོགས་པ་བྱེད་རྒྱུ་དེ་ཡིན་པ་དང་། གལ་ཏེ་ཕན་མ་ཐོགས་ཀྱང་གཞན་ལ་གནོད་པ་བྱེད་རྒྱུ་མེད། དེ་ལྟར་བྱུང་ཚེ་མི་ཚེ་དོན་དང་ལྡན་པ་ཞིག་བྱུང་བ་མ་ཟད་རང་ཉིད་འཚོ་བའི་རིང་ལྷག་བསམ་རྣམ་དག་དང་དྲང་པོ།  དེ་བཞིན་བྱམས་བརྩེ་བའི་ཐོག་ནས་གཞན་ལ་ཕན་བདེའི་བྱ་བ་བསྒྲུབ་ན་རང་ཉིད་འཆི་བའི་དུས་ཡང་བློ་འགྱོད་ཡོང་གི་མ་རེད་ཅེས་བཀའ་བསྩལ་འདུག དེ་བཞིན་༸གོང་ས་མཆོག་གིས་ཆོས་ཕྱོགས་ཀྱི་ཐོག་ནས་འཇིག་རྟེན་བཀོད་པ་པོ་འདོད་མཁན་ཞིག་ཡིན་ན་ཚེ་འདིར་དགེ་བའི་བྱ་བ་བསྒྲུབ་པ་དེ་དཀོན་མཆོག་ནས་གཟིགས་ཀྱི་རེད། གལ་ཏེ་འཇིག་རྟེན་བཀོད་པ་པོ་མི་འདོད་མཁན་ཞིག་ཡིན་ཚེ་ཚེ་འདིར་རང་ཉིད་ཀྱིས་གཞན་ཕན་དང་མི་ཚེ་དོན་དང་ལྡན་པ་ཞིག་སྐྱེལ་ན། དེའི་འབྲས་བུར་ཚེ་ཕྱི་མར་སྐྱེ་བ་བཟང་པོ་ཞིག་དང་སྐྱིད་པོ་ཞིག་ཡོང་རྒྱུར་ཐག་ཆོད་པ་ཡིན་ཞེས་བཀའ་བསྩལ་ཡོད། སློབ་མ་དེ་དག་ལ་དུས་རྒྱུན་དུ་མི་ཚེའི་ནང་འཆི་བའི་གནས་བབ་ལ་ལྟ་ཕྱོགས་སྐོར་ལམ་སྟོན་སྩལ་བར་རྣམ་ཀུན་རང་ཉིད་འཆི་བ་ངེས་ཚེ་བསམ་བློའི་ནང་རང་ཉིད་ཀྱི་ལུས་རྒས་པ་དེ་བརྗེ་པོ་རྒྱག་དགོས་པ་ལྟ་བུའི་བསམ་བློ་དང་། དེ་བཞིན་དུས་རྒྱུན་གྱོན་ཆས་མི་གཙང་བ་ཆགས་པའི་སྐབས་སུ་བརྗེ་པོ་སློག་སྟེ་གོས་གསར་པ་གྱོན་པ་ལྟ་བུའི་བསམ་བློ་འཁྱེར་དགོས། བསམ་བློ་དེ་འདྲ་ཞིག་འཁོར་མ་ཐུབ་ཚེ་འཆི་བའི་གནས་སྐབས་སུའང་དངངས་སྐྲག་དང་ཞེད་སྣང་ཡོང་རྒྱུ་ཡིན་པ་ལམ་སྟོན་མཛད་པ་དང་ཆབས་ཅིག རང་ཉིད་འཚོ་བའི་རིང་མི་ཚེ་དོན་དང་ལྡན་པ་ཞིག་སྐྱེལ་ཐོག་འཆི་ཁར་བློ་འགྱོད་གང་ཡང་མེད་པ་ཞིག་བྱེད་དགོས་གལ་ཡིན་པའི་བཀའ་སློབ་རྒྱ་ཆེ་བསྩལ་ཡོད་པ་རེད།

༸གོང་ས་མཆོག་༸སྐུའི་འཕྲོད་བཞེས་བརྟག་དཔྱད་ལེགས་གྲུབ་ཀྱིས་བཞུགས་སྒར་དུ་༸ཞབས་སོར་བདེ་བར་འཁོད་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མགུལ་ཆམ་ཕྲན་བུ་བཞེས་རྐྱེན་ཉེ་ཆར་ཟླ་བ་འདིའི་ཕྱི་ཚེས་ ༢ ཉིན་༸སྐུའི་འཕྲོད་བཞེས་བརྟག་དཔྱད་གནང་ཕྱིར་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཆིབས་བསྒྱུར་མཛད་ཡོད་པ་ལྟར། དེ་རིང་ཟླ་ ༤ ཚེས་ ༥ ཉིན་མགོན་པོ་༸གང་ཉིད་མཆོག་༸སྐུ་ཁམས་གསལ་ཐང་ངང་བཞུགས་སྒར་དུ་ཕྱིར་༸ཞབས་སོར་བདེ་བར་འཁོད་གནང་མཛད་སོང་། དེའང་ལྡི་ལིར་༸གོང་ས་མཆོག་དང་ལྷན་བཅར་ཞུས་པའི་༸སྐུའི་ཕྱི་ལུགས་བླ་སྨན་པ་ས་འདུ་ཚང་ཚེ་བརྟན་རྡོ་རྗེ་ལགས་སུ་༸གོང་ས་མཆོག་གི་ཐེངས་འདིའི་༸སྐུའི་འཕྲོད་བཞེས་བརྟག་དཔྱད་གནང་འབྲས་ཇི་བྱུང་སྐོར་བཀའ་འདྲི་ཞུས་པར་ཉེ་ཆར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མགུལ་ཆམ་ཕྲན་བུ་བཞེས་རྐྱེན་རྒྱལ་ས་ལྡི་ལིར་༸སྐུའི་འཕྲོད་བཞེས་བརྟག་དཔྱད་གནང་ཕྱིར་ཆིབས་བསྒྱུར་མཛད་དེ་མགུལ་གྱི་སྨན་པ་རང་བསྟེན་གཏུགས་གནང་རྗེས་གསོལ་སྨན་འབུལ་བཞེས་ལེགས་གྲུབ་བྱུང་ཡོད་པ་དང་། ད་ལྟའི་ཆར་༸གང་ཉིད་མཆོག་༸སྐུ་གཟུགས་གསལ་ཐང་ཐོག་བཞུགས་སྒར་དུ་ཕྱིར་ཕེབས་ཐུབ་པ་བྱུང་ཡོད་སྐོར་གསུངས་སོང་། དེ་བཞིན་༸སྐུའི་བླ་སྨན་པ་ཚེ་བརྟན་རྡོ་རྗེ་མཆོག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་ལོའི་བབ་ཀྱི་ཆ་ནས་སྔར་དང་མི་འདྲ་བའི་༸སྐུ་ཐང་ཆད་པའི་གནད་དོན་མ་གཏོགས་དེ་མིན་༸སྐུའི་འཕྲོད་བཞེས་ཀྱི་གནས་སྟངས་ལེགས་པོ་ཡོད་པ་གསུངས་ཡོད།

Latest news