Tibetan Royal Year of 2151 | Year of the Wood Dragon

བོད།

ཨ་རིའི་མི་སེར་བོད་ནང་འགྲུལ་བསྐྱོད་བྱ་རྒྱུར་འཆར་གཞི་ལྡན་པའི་སྒོ་ནས་འགོག་རྐྱེན་བཟོ་བཞིན་པའི་སྙན་ཐོ་བཏོན་འདུག

ཨ་རིའི་གཞུང་གིས་ཕྱི་ལོ་ ༢༠༡༨ ལོར་གཏན་འབེབས་བྱས་པའི་བོད་ནང་དུ་ཕར་འགྲོ་ཚུར་འོང་གི་ཁྲིམས་འཆར་དགོངས་དོན་བཞིན། ཨ་རིའི་ཕྱི་སྲིད་ལས་ཁུངས་ངོས་ནས་བོད་ནང་འགྲུལ་བསྐྱོད་དང་ལོ་འཁོར་གྱི་སྙན་ཐོ་འདོན་ཐེངས་བཞི་བ་གྲོས་ཚོགས་སུ་འགོད་འབུལ་ཞུས་པའི་ནང་། རྒྱ་ནག་གཞུང་གིས་ཨ་རིའི་ཕྱི་འབྲེལ་མི་སྣ་དང་གསར་འགོད་པ། དེ་བཞིན་ཡུལ་སྐོར་སྤྲོ་འཆམ་པ་སོགས་བོད་ནང་བསྐྱོད་རྒྱུར་འཆར་གཞི་ལྡན་པའི་སྒོ་ནས་བཀག་འགོག་དོ་ནན་བྱས་ཡོད་པ་མངོན་གསལ་གནང་འདུག དེ་ཡང་ཁ་སང་ཕྱི་ཚེས་ ༡༦ ཉིན་འགོད་འབུལ་ཞུས་པའི་སྙན་ཐོ་དེའི་ནང་། རྒྱ་གཞུང་གིས་འདས་པའི་ཕྱི་ལོ་ ༢༠༢༡ ལོ་དེའི་ནང་བོད་ཁམས་སྤྱི་དང་སྒོས་སུ། རྒྱ་ནག་གིས་ས་བགོས་བྱས་པའི་བོད་རང་སྐྱོང་ལྗོངས་ཞེས་པའི་ཁུལ་དུ་ཨ་རིའི་ཕྱི་འབྲེལ་མི་སྣ་དང་གསར་འགོད་པ་སོགས་འགྲོ་སྐྱོད་བྱེད་རྒྱུར་མུ་མཐུད་བཀག་སྡོམ་ནན་པོ་བྱས་ཡོད་པར་མངོན་གསལ་གནང་འདུག་པ་དང་། ཨ་རིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་གཞུང་འབྲེལ་ལས་དོན་འགན་འཛིན་སྐུ་ཞབས་ Franz Matzner ལགས་ཀྱིས་ཐེངས་འདིའི་སྙན་ཐོ་འདི་ཡིས་རྒྱ་ནག་གིས་བོད་ནང་དུ་འཇིགས་དངངས་ཆེ་བའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གྱི་དོན་དངོས་ལ་སྦ་གསང་བྱེད་བཞིན་པ་མངོན་གསལ་གནང་གི་ཡོད་པར་འགྲེལ་བརྗོད་གནང་བ་དང་འབྲེལ། ལར་ནས་དངོས་ཡོད་ཀྱི་གནས་ཚུལ་ཅི་འདྲ་ཞིག་ཡིན་རུང་ཨུ་ཚུགས་རང་བཞིན་གྱི་ངོ་བོའི་ཆ་ནས་འབད་ཐབས་མེད་པ་ཞིག་ཡིན་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དེ་འབྲེལ་རྒྱ་ནག་དམར་གཞུང་གིས་བོད་མི་མང་ལ་རྩུབ་སྤྱོད་དང་བཙན་གནོན་བྱེད་བཞིན་པའི་གནས་བབ་དེ་སྦ་གསང་བྱེད་དུ་འཇུག་རྒྱུ་མེད་པ་ཞིག་བཟོ་དགོས་པའི་ཞུ་སྐུལ་གནང་འདུགསྐུ་ཞབས་ Franz Matzner ལགས་ཀྱིས་ད་དུང་། ཨ་རིའི་ངོས་ནས་བོད་ནང་དུ་ཕར་འགྲོ་ཚུར་འོང་གི་ཁྲིམས་འཆར་དེ་རྒྱ་ནག་གིས་བོད་ཁུལ་དུ་འགྲོ་སྐྱོད་བཀག་སྡོམ་བྱེད་བཞིན་པ་དེ་མཚམས་འཇོག་ཡོང་ཆེད་དུ་བཟོས་བ་ཞིག་ཡིན་པར་ལུང་འདྲེན་གྱིས། རྒྱ་ནག་གིས་ད་དུང་མུ་མཐུད་དེ་བོད་ཀྱི་དངོས་ཡོད་གནས་ཚུལ་དེ་ཕྱི་ལ་སྟོན་འདོད་མེད་ཚེ། ཨ་རིའི་ཕྱི་སྲིད་ལྷན་ཁང་གི་ངོས་ནས་སྙན་ཐོ་རྗེས་མའི་ནང་དུ་དེར་འབྲེལ་གྱི་སྲིད་བྱུས་ལག་བསྟར་གྱི་དཔོན་རིགས་ཁག་མིང་འདོན་བྱེད་རྒྱུར་དགོངས་བཞེས་གནང་དགོས་པའི་སྐུལ་མ་གནང་འདུག རྩ་བའི་སྙན་ཐོ་དེའི་ནང་དུ་གནས་ཚུལ་མང་དག་ཅིག་ལ་ཞིབ་འཇུག་བྱས་པའི་གྲུབ་དོན་དུ། གཙོ་བོ་རྒྱ་གཞུང་གིས་བོད་ནང་འགྲུལ་བསྐྱོད་ཐད་སྔར་ལོའི་ནང་དམིགས་བསལ་གྱིས་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་མ་ཟད། ཨ་རིའི་གཞུང་འབྲེལ་གྱི་མི་སྣ་བོད་ཁུལ་དུ་འགྲོ་སྐྱོད་ལ་བཀག་སྡོམ་བྱས་པ་དང་། དེ་བཞིན་རྒྱ་ནག་གི་ནང་དུ་རྟེན་གཞི་བྱས་པའི་ཕྱི་རྒྱལ་གྱི་གསར་འགོད་མཐུན་ཚོགས་ཀྱི་མི་སྣ་བཞི་ཡིས་བོད་རང་སྐྱོང་ལྗོངས་སུ་ཕེབས་རྒྱུའི་ཆོག་མཆན་ཞུས་ཀྱང་རྒྱ་ནག་གིས་རྩིས་མེད་བཏང་ཡོད་པ། གཞན་ཡང་བོད་རང་སྐྱོང་ལྗོངས་ཙམ་མིན་པར་བོད་ཁམས་དཀར་མཛེས་ཁུལ་གྱི་གཙོས་བའི་ས་ཕྱོགས་གཞན་དུ་ཡང་ཕྱི་རྒྱལ་བ་རྣམས་བོད་ཁུལ་གྱི་ས་གནས་ཀྱི་ཆོས་ལུགས་དང་སྤྱི་ཚོགས་ཀྱི་སྣེ་ཁྲིད་པ་རྣམས་ལ་ཐུག་འཕྲད་བྱེད་དུ་བཅུག་མེད་པ་མ་ཟད། ཉིན་མཚན་དུས་དྲུག་ཏུ་སྐོར་སྲུང་བའི་ལྟ་རྟོག་ནན་པོ་བྱས་ཏེ་ཕྱི་རྒྱལ་བ་རྣམས་ཀྱི་འགྲོ་འདུག་རང་དབང་ལ་བཀག་རྒྱ་བཟོས་ཡོད་པ་སོགས་ཀྱི་གནས་ཚུལ་འཁོད་འདུགསྙན་ཐོའི་ནང་ད་དུང་རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༢༠ ལོར་ཁྲིན་ཏོའུ་གྲོང་ཁྱེར་དུ་ཡོད་པའི་ཨ་རིའི་གཞུང་ཚབ་ཁང་གི་ཡན་ལག་ལས་ཁུངས་སྒོ་བརྒྱབ་པ་ལ་བརྟེན་ནས། ཨ་རིའི་ངོས་ནས་བོད་ནང་གི་དངོས་ཡོད་གནས་ཚུལ་ལ་རྟོག་ཞིབ་བྱེད་རྒྱུ་ཁག་པོ་ཆགས་ཡོད་པ་དང་། རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་རྟེན་གཞི་བྱས་པའི་ཨ་རིའི་གཞུང་ཚབ་ཁང་གི་ངོས་ནས་དེའི་རྗེས་བོད་ཁུལ་སྤྱིའི་གནས་བབ་ལ་རྟོག་ཞིབ་བྱེད་བཞིན་ཡོད་ཀྱང་། ཐད་ཀར་བོད་ཁུལ་དང་ས་ཐག་རིང་བར་བརྟེན་ནས། ཁྲིན་ཏོའུ་ཡན་ལག་ལས་ཁུངས་ལྟར་རྟོག་ཞིབ་གནང་རྒྱུ་ཁག་པོ་ཆགས་ཡོད་པར་འཁོད་ཡོད་པ་མ་ཟད། རྒྱ་ནག་གིས་དམིགས་བསལ་གྱིས་བོད་མི་ཨ་རིའི་མི་སེར་ཡོད་མཁན་རྣམས་ལའང་དམ་དྲག་དང་ཞིབ་བཤེར་ཤུགས་དྲག་བྱེད་བཞིན་པ་ཡང་། འབྲེལ་ཡོད་ཀྱིས་དངོས་སུ་ཡར་ཞུ་བྱས་ཡོད་པ་གསལ་འདོན་གནང་འདུག

 བོད་ཀྱི་གླུ་བ་གྲགས་ཅན་ཚེ་དབང་ནོར་བུ་ལགས་རང་སྐྱོང་ལྗོངས་མི་མང་སྨན་ཁང་ནང་འདས་གྲོངས་གྱུར་འདུག

ཨ་རིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཟླ་བ་སྔོན་མའི་ཚེས་༢༥ཉིན་བོད་ཀྱི་རྒྱལ་ས་ལྷ་སའི་ཕོ་བྲང་པོ་ཏྭ་ལའི་མདུན་དུ་རང་ལུས་མེར་བསྲེགས་རྐྱེན་གྱིས་འདས་གྲོངས་སུ་གྱུར་མཁན་བོད་ཀྱི་གཞས་པ་གྲགས་ཅན་ཚེ་དབང་ནོར་བུ་ལགས་དང་འབྲེལ་བའི་གནས་ཚུལ་གསར་པ་ཞིག་སྤེལ་བར་གཞིགས་ན། རྒྱལ་གཅེས་པ་དམ་པ་དེ་ཉིད་ལྷ་ས་གྲོང་ཁྱེར་ནང་གི་རང་སྐྱོང་ལྗོངས་མི་མང་སྨན་ཁང་དུ་འདས་གྲོངས་སུ་གྱུར་ཡོད་པ་དང་། ཁོང་འདས་གྲོངས་གྱུར་སྟངས་དེའང་སྐུ་ལུས་ཆ་ཚང་མེས་ཚིག་ནས་འདས་གྲོངས་སུ་གྱུར་བ་ར་སྤྲོད་གནང་འདུགགནས་ཚུལ་ཡོང་ཁུངས་ཤིག་གིས་ལས་འགུལ་ཁང་ལ་གསུངས་དོན་ལྟར་ན། དམ་པ་དེ་ཉིད་ཕོ་བྲང་པོ་ཏྭ་ལའི་ཤར་ཕྱོགས་མི་མང་ཉིན་རེའི་གསར་ཤོག་གི་ལས་ཁུངས་ཉེ་འཁྲིས་སུ་ཆགས་པའི་རང་སྐྱོང་ལྗོངས་མི་མང་སྨན་ཁང་ནང་ཟླ་བ་འདིའི་བདུན་ཕྲག་དང་པོའི་གཟའ་མཇུག་ལ་འདས་གྲོངས་གྱུར་ཡོད་པ་རེད་འདུག ཚེ་དབང་ནོར་བུ་ལགས་ཀྱི་སྐུ་ལུས་མེར་མེར་བསྲེག་ཀྱི་གནས་ཚུལ་དེ་ཕྱིར་བསྒྲགས་མི་ཡོང་བའི་སླད་རྒྱ་གཞུང་ངོས་ནས་རང་སྐྱོང་ལྗོངས་མི་མང་སྨན་ཁང་ཙམ་མ་ཟད། ལྷ་ས་གྲོང་ཁྱེར་ཕྱོགས་བཞི་མཚམས་བརྒྱད་ལ་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་བ་དང་། ནམ་རྒྱུན་གཞུང་དང་ཆབ་སྲིད་ཀྱི་ལྟ་སྤྱོད་མི་མཐུན་མཁན་དང་ལས་འགུལ་བ་ཚོར་སྟངས་འཛིན་གྱི་འགན་འཁྱེར་མཁན་མི་མང་སྤྱི་བདེ་ལས་ཁུངས་ནས་སྨན་ཁང་ནང་སྤྱི་བདེ་མི་སྣ་ཕོན་ཆེར་འགྲེམས་འཇོག་བྱས་པའི་རྐྱེན་གྱིས་སྨན་ཁང་གི་སྨན་པ་དང་ལས་བྱེད་རྣམ་པའི་ཁྲོད་དངངས་འཚབ་ཆེན་པོ་བཟོས་ཡོད་པ་རེད་འདུག རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ངོས་ནས་ད་ལྟའི་ཆར་རྒྱལ་གཅེས་པ་དམ་པ་དེ་ཉིད་ཀྱི་སྐུ་ཕུང་ཞུགས་འབུལ་བྱེད་ཕྱོགས་ཐད་གནས་ཚུལ་ཁ་གསལ་གང་ཡང་ཐོན་མེད་པ་དང་། རྒྱ་གཞུང་གིས་ཁོང་གི་གནད་དོན་ཐད་གསང་རྒྱ་ཆེན་པོ་བྱེད་སྟངས་དང་། དེ་སྔའི་བྱེད་ཕྱོགས་ལ་བལྟས་ན། ཁོང་གི་སྐུ་ལུས་ནང་མིར་རྩིས་སྤྲོད་མ་བྱས་པར་གསང་བའི་ཐོག་ཞུགས་འབུལ་ཟིན་པའི་ཚོད་དཔག་གནང་བཞིན་འདུག

བོད་མིའི་སྒྲིག་འཛུགས་ཀྱིས་ཚེ་དབང་ནོར་བུ་ལགས་ཀྱི་ཆེད་དུ་གདུང་སེམས་མཉམ་སྐྱེད་ཀྱི་མཆོད་འབུལ་སྨོན་ལམ་ཚོགས་པ།

བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ནས་ཁ་སང་ཕྱི་ཟླ་༣ཚེས་༡༤ཉིན་གྱི་ཕྱི་དྲོའི་ཆུ་ཚོད ༥ པའི་ཐོག་ཉེ་ལམ་ཕྱི་ཟླ་ ༢ པའི་ཚེས་ ༢༥ ཉིན་བོད་ཀྱི་རྒྱལ་ས་ལྷ་སའི་ཕོ་བྲང་པོ་ཏཱ་ལའི་མདུན་ཐང་དུ་རྒྱ་གཞུང་ལ་ངོ་རྒོལ་གྱིས་སྐུ་ལུས་མེར་བསྲེགས་གནང་ནས་འདས་གྲོངས་སུ་གྱུར་བའི་གཞས་པ་གྲགས་ཅན་ཚེ་དབང་ནོར་བུ་ལགས་ཀྱི་ཆེད་དུ་གདུང་སེམས་མཉམ་སྐྱེད་ཀྱི་མྱ་ངན་རྗེས་དྲན་སླད་མཆོད་འབུལ་སྨོན་ལམ་ཞིག་ཚོགས་གནང་སོང་།དེའང་གངས་སྐྱིད་སྲིད་སྐྱོང་ཚོགས་ཁང་ནང་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམས་ཀྱི་དབུས་ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམས་པ་དང་ལས་བྱེད་རྣམས་པ་བཅས་ཚང་འཛོམས་ཀྱིས་གཞུང་འབྲེལ་མཆོད་འབུལ་སྨོན་ལམ་དེའི་ཐོག    སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱལ་གཅེས་པ་དམ་པ་དེ་ཉིད་ཀྱི་ལོ་རྒྱུས་ངོ་སྤྲོད་གནང་བ་དང་ཆབས་ཅིག   ནང་མི་རྣམས་ལ་ཐུགས་གསོ་དང་སྦྲགས་ཁོང་སླར་ཡང་འཕགས་པ་སྤྱན་རས་གཟིགས་ཀྱི་འདུལ་ཞིང་དུ་སྐྱེ་བའི་ཐུགས་སྨོན་སྐྱོན་གནང་སོང་། གཞི་རྩའི་བོད་ཙམ་མ་ཟད་རྒྱ་ནག་ཏུའང་སྐད་གྲགས་ཡོད་པའི་གཞས་པ་ཚེ་དབང་ནོར་བུ་ལགས་དམ་པ་དེ་ཉིད་ནི། ཕྱི་ལོ་ ༡༩༩༦ ལོར་བོད་ཀྱི་ནག་ཆུ་གྲོང་ཁྱེར་དུ་སྐྱེས་པ་དང་། ནག་ཆུ་གྲོང་ཁྱེར་ཟློས་གར་ཚོགས་པའི་དགེ་རྒན་ཡིན་པ་རེད་འདུག     ཁོང་རྒྱལ་ཡོངས་ཀྱི་རིམ་པ་དང་པོའི་གཞས་གདངས་རྩོམ་པ་པོ་དང་རོལ་དབྱངས་མཁས་པ་ཞིག་ཡིན་ལ། ཁོང་གི་ཨ་མ་ནི་བོད་ཀྱི་གཞས་མ་གྲགས་ཅན་སོག་ཤོད་བསོད་ནམས་དབང་མོ་ཡིན་པ་དང་། ཆབ་སྲིད་བཙོན་པ་སོག་མཁར་བློ་གྲོས་རྒྱ་མཚོ་ནི་ཁོང་གི་ཨ་ཞང་ཡིན་པ་རེད་འདུག བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་སྤེལ་བའི་གནས་ཚུལ་ནང་གསལ་ལྟར་ན། ཚེ་དབང་ནོར་བུ་ལགས་ཀྱིས་ཕོ་བྲང་པོ་ཏཱ་ལའི་མདུན་ཐང་དུ་སྐུ་ལུས་མེར་བསྲེག་བཏང་རྗེས་ལམ་སེང་རྒྱ་གཞུང་ཉེན་རྟོག་པས་བཙན་ཁྲིད་བྱས་ཡོད་པ་དང་སྐབས་དེར་འདས་གྲོངས་སུ་གྱུར་མེད་ནའང་ཉིན་འགའི་རྗེས་སུ་འདས་གྲོངས་སུ་གྱུར་ཡོད་པ་རེད། ཁོང་གིས་རང་ལུས་མེར་བསྲེགས་མ་བཏང་བའི་ཉིན་གསུམ་གོང་དུ་“བློ་ཕམ་བྱུང་ཡང་ཁུ་སིམ་མེར་འཇོག་མི་ཐུབ་པ་མ་གནང་རོགས་”ཞེས་པའི་གླུ་གཞས་གསར་པ་ཞིག་བཏོན་ཡོད་པ་མ་ཟད། ཕྱི་ཚེས་ ༢༥ ཉིན་གྱི་སྔ་དྲོ་༡༡:༥༩སྟེ་རང་ལུས་མེར་བསྲེགས་མ་བཏང་པའི་ཚོུད་གཅིག་གཉིས་ཙམ་གྱི་གོང་པོད་འཕྲིན་སྟེང་དུ་“རྣམ་པ་ཚོས་མཆན་བཀོད་པར་རྒྱུན་དུ་ལྟ་བཞིན་ཡོད། ཐུགས་རྗེ་ཆེ།  བློ་ཕམ་བྱུང་རྗེས་བློ་བདེ་བག་ཕེབས་ཡིན། གལ་ཏེ་རྣམ་པ་ཚོར་བློ་ཕམ་བྱུང་ཡང་ཁུ་སིམ་མེར་བཞག་མི་ཐུབ་པ་མ་གནང་རོགས།”ཞེས་པའི་གླུ་གཞས་ཀྱི་བརྗོད་ཚིག་བཀོད་ཡོད་པ་རེད།སྤྱིར་ཚེ་དབང་ནོར་བུ་ལགས་དམ་པ་དེ་ཉིད་ཀྱི་ཨ་ཞང་བོད་ཀྱི་ཆབ་སྲིད་བཙོན་པ་བློ་གྲོས་རྒྱ་མཚོ་ལགས་ཀྱིས་ཕྱི་ལོ་ ༢༠༡༨ ལོར་པོ་ཏཱ་ལའི་མདུན་དུ་ཞི་བའི་ངོ་རྒོལ་བྱས་པར་བརྟེན་འཛིན་བཟུང་བྱས་ནས་ཡང་བསྐྱར་ལོ་༡༨གྱི་བཙོན་འཇུག་ཁྲིམས་ཆད་བཏང་ཞིང་བཟའ་ཟླ་དགའ་སྐྱིད་ཀྱིས་བརྙན་ལེན་རོགས་བྱས་པར་བརྟེན་ལོ་གཉིས་ཀྱི་བཙོན་འཇུག་ཁྲིམས་ཆད་བཏང་བ་ཞིག་ཡིན་པ་དང་།  བློ་གྲོས་རྒྱ་མཚོ་ལགས་དེའི་གོང་དུ་མི་ལོ་༢༡རིང་བཙོན་ཁང་དུ་བཙོན་འཇུག་ཁྲིམས་ཆད་མྱངས་ཟིན་པ་ཡིན་པས་སྔ་ཕྱི་གཉིས་བསྡོམས་པས་ཁོང་ལ་ཁྱོན་མི་ལོ་༣༩ཡི་བཙོན་འཇུག་ཁྲིམས་ཆད་ཕོག་ཡོད་པ་ཞིག་རེད། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས། ཚེ་དབང་ནོར་བུ་ལྟ་བུ་འཚོ་བའི་ཆ་རྐྱེན་ཧ་ཅང་ལེགས་པའི་བོད་མི་ན་གཞོན་ཚོས་ཀྱང་ཡོད་ཚད་བློས་བཏང་སྟེ་རང་ལུས་མེར་བསྲེག་གི་ངོ་རྒོལ་བྱེད་པ་དེས་རྒྱ་ནག་གཞུང་གི་ནམ་རྒྱུན་རང་ལུས་མེར་བསྲེགས་གཏོང་མཁན་གྱི་བོད་མི་ཚོར་སོ་སོའི་འཚོ་བ་དང་སེམས་ཁམས་སོགས་ལ་དཀའ་ངལ་ཡོད་པ་ལས་རྒྱ་གཞུང་གི་སྲིད་ཇུས་ནོར་བ་མིན་ཚུལ་བཤད་ཀྱི་ཡོད་པའི་ཧམ་བཤད་ལ་བརྡ་ལན་གསལ་པོ་སྤྲད་ཡོད་སྐོར་གསུང་བ་མ་ཟད། བོད་ནང་གི་རང་ལུས་མེར་བསྲེགས་གནང་མཁན་ཕལ་ཆེ་བ་ནི་མི་རབས་གསར་པ་ཡིན་པ་འདིས་རྒྱ་ནག་གཞུང་གི་ནོར་འཛོལ་ཅན་གྱི་སྲིད་ཇུས་དང་ལས་འགུལ་འཆར་གཞི་ལྟར་ལམ་ལྷོངས་ཡོང་རྒྱུ་ཕར་ཞོག་དེ་ལས་ལྡོག་སྟེ་བོད་ཀྱི་མི་རབས་གསར་པའི་སེམས་སུ་ཕོག་ཐུག་ཆེན་པོ་གཏོང་བཞིན་ཡོད་པ་གསལ་པོ་མཚོན་ཐུབ་ཀྱི་ཡོད་སྐོར་གསུངས་འདུགདེ་བཞིན་ཚོགས་པའི་ངོས་ནས་ཐེངས་འདིའི་གོ་སྐབས་དང་བསྟུན། རྒྱ་ནག་གཞུང་གིས་འདི་ལྟ་བུའི་རང་ལུས་མེར་བསྲེགས་མི་ཡོང་བའི་ཆེད་ངེས་པར་དུ་བོད་ནང་གི་མི་རབས་གསར་པ་རྣམས་རྒྱ་རིགས་སུ་སྒྱུར་ཐབས་བྱེད་པ་དང་བསམ་བློ་དཀྲུ་ཐབས་བྱེད་པའི་ལས་འགུལ་མཚམས་བཞག་སྟེ་བོད་མི་ཚོའི་རིག་གཞུང་དང་སྐད་ཡིག་སོགས་སྲུང་སྐྱོབ་བྱ་རྒྱུའི་ཐོབ་ཐང་ལ་བརྩི་བཀུར་དགོས་པ་མ་ཟད་འགྲོ་འདུག་སྤྱོད་གསུམ་དང་སྨྲ་བརྗོད་རང་དབང་། ཆོས་དད་རང་དབང་སོགས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཁག་ལ་ཅིས་ཀྱང་བརྩི་བཀུར་དགོས་པ་དང་། ལྷག་པར་དུ་ཚེ་དབང་ནོར་བུ་ལགས་ཀྱི་སྐུ་ཕུང་ནང་མིར་རྩིས་སྤྲད་དེ་བོད་ཀྱི་ལུགས་སྲོལ་བཞིན་འདས་མཆོད་བསྒྲུབ་ཏུ་འཇུག་དགོས་པའི་འབོད་སྐུལ་ནན་པོ་ཞུས་གནང་འདུག

གཞས་པ་ཚེ་དབང་ནོར་བུ་ལགས་ལ་གདུང་སེམས་མཉམ་བསྐྱེད་ཀྱི་མར་མེ་ཁྲོམ་སྐོར།

རང་ལོ་ ༢༥ སོན་པའི་བོད་ཀྱི་གཞས་པ་གྲགས་ཅན་ཚེ་དབང་ནོར་བུ་ལགས་ཀྱིས་བོད་ཀྱི་རྒྱལ་ས་ལྷ་སར་ཕོ་བྲང་པོ་ཏྭ་ལའི་མདུན་དུ་སྐུ་ལུས་ཞུགས་འབུལ་གནང་ཐབས་གནང་བ་དང་འབྲེལ། རྗེས་སུ་ཁོང་འདས་གྲོངས་སུ་གྱུར་ཟིན་པའི་གནས་ཚུལ་ཐོན་བཞིན་པའི་ཁྲོད་ཁ་སང་བཞུགས་སྒར་དྷ་སར་ཁོང་གི་ཆེད་དུ་གདུང་སེམས་མཉམ་བསྐྱེད་ཀྱི་མར་མེ་ཁྲོམ་སྐོར་གྱི་ལས་འགུལ་སྤེལ་ཡོད་ཀྱང་། བོད་ནང་གི་གནས་ཚུལ་གཞན་ཁག་ཅིག་ཐོན་པར་གཞིགས་ན། ཁོང་ད་ལྟའི་ཆར་དམག་མིའི་སྨན་ཁང་ཞིག་ཏུ་ཡོད་ཚོད་འདུགཉེ་ལམ་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གིས་སྤེལ་བའི་གནས་ཚུལ་ནང་གསལ་ལྟར་ན། བོད་ཙམ་མ་ཟད་རྒྱ་ནག་ནང་དུའང་སྐད་གྲགས་ཆེན་པོ་ཡོད་པའི་གཞས་པ་ཚེ་དབང་ནོར་བུ་ལགས་ཀྱིས་ཟླ་ ༢ ཚེས་ ༢༥ ཉིན་ཕོ་བྲང་པོ་ཏ་ལའི་མདུན་དུ་སྐུ་ལུས་ཞུགས་འབུལ་གནང་ཐབས་གནང་ཡོད་པ་རེད་འདུག རྒྱ་ནག་གཞུང་གིས་དམ་དྲག་ཆེས་ཆེར་བྱེད་བཞིན་པའི་ཁྲོད་བོད་ནང་ནས་ཐོན་པའི་གནས་ཚུལ་ཁག་ཅིག་གི་ནང་གཞས་པ་ཁོང་འདས་གྲོངས་གྱུར་ཟིན་པར་འགྲེལ་བརྗོད་གནང་ཡོད་ཀྱང་། ཝེ་བོ་སོགས་དྲ་གནས་ཁག་ཅིག་ཏུ་གཞས་པ་ཁོང་ད་ལྟའི་ཆར་དམག་མིིའི་སྨན་ཁང་ཞིག་ཏུ་ཡོད་པ་དང་། ཁོང་གིས་སྐུ་ལུས་ཞུགས་འབུལ་གནང་ཐབས་གནང་བའི་གནས་ཚཡལ་ཐོན་རྗེས་ཁོང་གི་ཝེ་བོ་དྲ་བྱང་གནས་སྐབས་སྒོ་བརྒྱབ་ཡོད་པ་དེ་ལྟར་ནའང་ད་ཆ་ཁོང་གི་དྲ་བྱང་སླར་གཟིགས་རྒྱུ་ཡོད་སྐོར་བཀོད་འདུགརླུང་འཕྲིན་ཁང་གིས་གཞས་པ་ཁོང་གིས་སྐུ་ལུས་ཞུགས་འབུལ་གནང་ཐབས་གནང་བའི་རྒྱུ་རྐྱེན་དང་ད་ལྟའི་ཆར་གནས་སྟངས་སོགས་ཤེས་རྟོགས་ཐུབ་ཐབས་ཞུས་ཀྱང་དམ་དྲག་དབང་གིས་གནས་ཚུལ་ཡིད་བརྟན་འཕེལ་བ་ཞིག་རག་མ་སོང་།ཁ་སང་བཞུགས་སྒར་དྷ་སའི་མེ་གྷན་ཁྲོམ་གཞུང་དུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བོད་ཀྱི་བེུད་ལྷན་ཚོགས་གཙོ་གྱུར་གཞུང་འབྲེལ་མ་ཡིན་པའི་ཚོགས་ཁག་ལྔའི་གོ་སྒྲིག་འོག་ཁོང་ལ་གདུང་སེམས་མཉམ་བསྐྱེད་མཆོན་ཆེད་མར་མེ་ཁྲོམ་སྐོར་གྱི་ལས་འགུལ་ཞིག་སྤེལ་ཡོད་པ་དང་། སྐབས་དེར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དྲུང་ཆེ་བསོད་ནམ་ཚེ་རིང་ལགས་ཀྱིས་བོད་ནང་མདུན་ལམ་བཟང་པོ་དང་མཚན་སྙན་ཡོད་པའི་གཞས་པ་ཁོང་ལྟ་བུས་སྐུ་ལུས་ཞུགས་འབུལ་གནང་ཐབས་གནང་དགོས་བྱུང་བ་དེས་བོད་ནང་གནས་སྟངས་ཛ་དྲག་པོ་ཇི་ཙམ་ཡོད་པ་གསལ་པོ་མཚོན་ཐུབ་ཀྱི་ཡོད་སྐོར་གསུངས་ཡོད། བོད་ཀྱི་བེུད་ལྷན་ཚོགས་ཀྱི་ཚོགས་གཞོན་ཚེ་རིང་སྒྲོལ་མ་ལགས་ཀྱིས་མེ་གྷན་ཁྲོམ་གཞུང་དུ་འདུ་འཛོམས་བྱུང་བའི་བོད་མི་རྣམས་ལ་གསུང་བཤད་གནང་བར་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་དང་འབྲེལ། རང་དབང་ལུང་པའི་ནང་བཞུགས་པའི་བོད་མི་ཚོས་ལས་འགུལ་ཆེ་ཆུང་ལ་མ་ལྟོས་པར་བོད་ནང་གི་གཞིས་ལུས་རྒྱ་ཆེ་མང་ཚོགས་ཚོའི་ཆེད་དུ་མཉམ་ལས་གནང་གལ་ཡིན་པ་སོགས་གཞེན་སྐུལ་གནང་ཡོད།གཞས་པ་གྲགས་ཅན་ཚེ་དབང་ནོར་བུ་ལགས་ནི། བོད་ནག་ཆུ་ཁུལ་དུ་འཁྲུངས་ཞིང་། བོད་ལྗོངས་སློབ་གྲྭ་ཆེན་མོ་ནས་སློབ་མཐར་སོན་པའི་སློབ་མ་ཞིག་ཡིན་པ་རེད། ཁོང་གིས་དེ་སྔོན་ Guangdong བརྙན་འཕྲིན་ལས་རིམ་གྱི་གླུ་གཞས་ཀྱི་འགྲན་རྩོད་དང་རྒྱ་ནག་རྒྱལ་ཡོངས་ཀྱི་རོལ་དབྱངས་འགྲན་བསྡུར་སོགས་ལ་མཉམ་ཞུགས་གནང་སྟེ། རྩེ་ཕུད་ཁོངས་སུ་ཚུད་ཡོད། ཁོང་གིས་བླངས་པའི་གླུ་གཞས་གྲགས་ཆེ་བའི་ཁོངས་སུ་རྩམ་པ་དང་གཟབ་མཆོར། བྱང་ཐང་ལ་བལྟ་བའི་མིག རང་མ་གཏོགས་མེད་ཅེས་ཁག་ཅིག་ཡོད་པ་རེད།

ཞི་ཅིན་ཕིང་གིས་རྒྱ་ནག་ལ་འགྲོ་བ་མིའི་ཐོབ་ཐང་གི་འགྲེལ་བརྗོད་མ་འདྲ་བ་ཞིག་ཡོད་ཟེར།

ཨ་རི་དང་དབྱིན་ཡུལ་སོགས་ཀྱི་གཙོ་བྱས་པའི་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་བོད་ནང་གི་གཙོ་བྱས་པའི་རྒྱ་ནག་གི་དབང་སྒྱུར་འོག་ཏུ་ཡོད་པའི་གྲངས་ཉུང་མི་རིགས་རྣམས་ཀྱི་མཚོན་པའི་རྒྱ་ནག་རྒྱལ་ཡོངས་སུ་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གྱི་གནས་བབ་ཆེས་ཞན་པར་སྐྱོན་བརྗོད་རིམ་པ་བྱས་དང་བྱེད་མུས་ཁྲོད། རྒྱ་ནག་གི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཨ་རིའི་ནང་གི་སྔར་ལོའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གྱི་སྙན་ཐོ་ཞིག་བཏོན་པ་མ་ཟད། ཞི་ཅིན་ཕིང་གིས་རྒྱ་ནག་ལ་གཞན་དང་མི་འདྲ་བའི་འགྲོ་བ་མིའི་ཐོབ་ཐང་གི་འགྲེལ་བརྗོད་གཞན་ཞིག་ཡོད་པར་བརྗོད་འདུག དེ་ཡང་རྒྱ་ནག་གཞུང་འབྲེལ་གྱི་ཞིན་ཧ་གསར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། བདུན་ཕྲག་སྔོན་མའི་རེས་གཟའ་པ་སངས་ཉིན་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་དམར་ཤོག་ཚོགས་པའི་དབུས་ཆབ་སྲིད་ལྷན་ཁང་གི་དཔོན་རིགས་ནང་མ་རྣམས་ལ་གཏམ་བཤད་བྱས་པའི་སྐབས་སུ་ནུབ་ཕྱོགས་ཀྱི་ཚོགས་སྡེ་ཁག་གིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཐད་ཀྱི་སྐྱོན་བརྗོད་ཁག་ལ་ལན་འདེབས་དང་འབྲེལ། རྒྱ་ནག་གིས་དུས་ཀྱི་འགྱུར་བ་དང་རྒྱལ་ཁབ་ཀྱི་ཆ་རྐྱེན་དང་འཚམས་པའི་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་ཀྱི་ཕྱོགས་སུ་བསྐྱོད་བཞིན་ཡོད་སྐོར་བརྗོད་པ་མ་ཟད། འགྲོ་བ་མིའི་ཐོབ་ཐང་གི་ནང་དུ་རྒྱལ་ཁབ་སོ་སོའི་རིག་གཞུང་དང་སྤྱི་ཚོགས་ཀྱི་རྒྱུ་རྐྱེན་སོགས་ཀྱི་མཚོན་པའི་ཆ་རྐྱེན་ཁག་ཅིག་དགོས་བར་བརྗོད་འདུག ཞི་ཅིན་ཕང་གིས་སྐབས་དེར་ད་དུང་རྒྱ་ནག་གི་ནང་དུ་མང་ཚོགས་དབུལ་ཕོང་ལས་གྲོལ་བ་དང་། སྤྱི་ཚོགས་ཀྱི་བདེ་འཇགས་སྲུང་སྐྱོབ་དང་མི་མང་གི་འཕྲོད་བསྟེན་གོང་འཕེལ། དེ་བཞིན་ཏོག་དབྱིབས་རིམས་ནད་ཚད་བཀག་ཐུབ་པ་སོགས་ཕྱོགས་ཡོངས་ནས་རྒྱ་ནག་ནང་གི་གནས་བབ་ཡག་ཤོས་ཤིག་ཡིན་པར་བསྒྲགས་པ་དང་། རྒྱལ་ཁབ་འདྲ་མིན་སོ་སོར་སྤྱི་ཚོགས་དང་། ཆབ་སྲིད་ཀྱི་གནས་བབ། གཞན་ཡང་ལོ་རྒྱུས་དང་རིག་གཞུང་ཐ་དད་ཡོད་པ་བཞིན། འགྲོ་བ་མི་ཐོབ་ཐང་ཞེས་པ་དེ་དེ་ལས་ལོགས་སུ་དབྱེ་ཐབས་མེད་སྐོར་བརྗོད་པ་དང་འབྲེལ། འགྲོ་བ་མིའི་ཐོབ་ཐང་ཆབ་སྲིད་ཀྱི་ལག་ཆར་བེད་སྤྱོད་བྱས་ནས་རྒྱ་ནག་གི་ནང་ཁུལ་གྱི་གནད་དོན་ལ་ཐེ་གཏོགས་བྱེད་བཞིན་པའི་ལས་དོན་དག་ལ་རྒྱ་ནག་གིས་ཁ་གཏད་བྱེད་དགོས་སྐོར་བརྗོད་འདུག མ་ཟད་རེས་གཟའ་ཟླ་བ་སྟེ་ཁ་སང་ཚེས་༢༨ ཉིན་རྒྱ་ནག་གི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཕྱི་ལོ་ ༢༠༢༡ ལོའི་ཨ་རིའི་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཐད་ཀྱ་སྙན་ཐོ་ཞིག་ཀྱང་འདོན་སྤེལ་གནང་བའི་ནང་། ཨ་རིའི་ནང་དུ་ཏོག་དབྱིབས་རིམས་ནད་ཁྱབ་བརྡལ་ཚད་མཐོ་ཤོས་སུ་གྱུར་ནས་མི་མང་གི་ཚེ་སྲོག་སྣང་མེད་དུ་བཏང་ཡོད་པ་མ་ཟད། མི་སྒེར་གྱི་མཚོན་ཆ་ཉར་ཆོག་པའི་གནད་དོན་ཁྲོད་མེ་མདའི་དྲག་སྤྱོད་འོག་མི་མང་ཤི་རྨས་མང་ཤོས་ཐེབས་ཡོད་པ་ཞིག་ཡིན་པར་བརྗོད་པ་དང་། གཞན་ཡང་འོས་བསྡུའི་དྲིིལ་བསྒྲགས་ཁྲོད་སྤྱི་ཚོགས་ཕྱོགས་འགལ་ཆགས་པ་སོགས་ཀྱི་གནས་བབ་ལས་ཨ་རིའི་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཧ་ཅང་ཞན་པོ་ཡིན་པར་བསྒྲགས་འདུགཞི་ཅིན་ཕིང་གིས་འགྲོ་བ་མིའི་ཐོབ་ཐང་ཐད་ཀྱི་གཏམ་བཤད་དང་འབྲེལ་ནས་ལྷོ་རྒྱ་ནག་གི་ཞོགས་པའི་ཆ་འཕྲིན་གྱིས་གནས་ཚུལ་སྤེལ་བ་ལྟར་ན། ཨ་རི་དང་ཨ་རིའི་མཐུན་ཕྱོགས་རྒྱལ་ཁབ་རྣམས་ཀྱིས་འགྲོ་བ་མིའི་ཐོབ་དང་འབྲེལ་ནས་རྒྱ་ནག་ལ་གནོད་ཤུགས་ཆེས་ཆེར་སྤྲོད་བཞིན་པའི་སྐབས་འདིར། རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་ལ་འགྲེལ་བརྗོད་བྱེད་སྟངས་གསར་བ་ཞིག་བརྩམས་ནས། རྒྱལ་སྤྱིའི་གླེང་སྟེགས་སམ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལྷན་ཚོགས་སོགས་ཀྱི་སྟེང་ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཁག་ལ་སྐྱོན་བརྗོད་ཤུགས་ཆེར་བྱེད་བཞིན་པ་ཞིག་ཡིན་པར་བསྒྲགས་འདུག མ་ཟད་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་རྒྱ་ནག་སྡེ་ཚན་གྱི་ངེས་སྟོན་པ་ Sophie Richardson ལགས་ཀྱིས་ཞི་ཅིན་ཕིང་གིས་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་འགྲེལ་བརྗོད་ལ་ལན་འདེབས་བྱས་པའི་ཁྲོད། གཞི་རྩའི་རྒྱལ་ཁབ་གང་གི་ནང་དུ་ཡང་ཡངས་དག་པའི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཅིག་སྐྲུན་རྒྱུ་ཁག་པོ་ཡིན་ཡང་། ཐེངས་འདིར་ཞི་ཅིན་ཕིང་གིས་འགྲེལ་བརྗོད་བྱེད་སྟངས་དེ་ནི་རྒྱ་ནག་གིས་འགྲོ་བ་མིའི་རིགས་ལ་ནག་ཉེས་གསོག་བཞིན་པའི་གནད་དོན་དེར་དོ་སྣང་ལ་ཁ་སྒྱུར་བྱེད་ཐབས་ཤིག་རེད་ཅེས་གསུངས་ཡོད་པ་མ་ཟད། རྒྱ་ནག་གིས་ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཁག་གི་མང་གཙོའི་ལམ་ལུགས་དེ་རྫུན་མ་ཡིན་པར་སེམས་ཁྲལ་ཡོད་ན། རྒྱ་ནག་ནང་གི་མི་འབོར་ཐེར་འབུམ་ལྷག་གིས་འགྲན་རྩོད་རང་བཞིན་གྱི་ཐོག་ནས་འོས་ཤོག་ལྡུག་ཏུ་འཇུག་མ་ཐུབ་པ་རེད་དམ་ཞེས་ཟུར་ཟ་བྱས་ཏེ། རྒྱ་ནག་གིས་ཕྱིའི་རྒྱལ་ཁག་གི་མི་འབོར་གནས་སྤོ་དང་སྐྱབས་བཅོལ་བ་རྣམས་ལ་སེམས་ཁྲལ་ཡོད་པ་བདེན་ན། ཅིའི་ཕྱིར་ཕྱི་ཕྱོགས་ཀྱི་སྤྱི་ཚོགས་ལ་འཇིགས་སྐུལ་བྱེད་བཞིན་ཡོད་པའི་དོགས་འདྲི་གནང་འདུག གཞན་ཡང་ཞི་ཅིང་ཕང་གིས་རྒྱ་ནག་གི་ནང་དུ་གྲངས་ཉུང་མི་རིགས་ཁག་ལ་འདྲ་མཉམ་གྱི་ལྟ་སྐྱོང་དང་དེ་དག་གི་ཆོས་ལུགས་དད་མོས་ལ་གུས་བརྩི་དང་སྲུང་སྐྱོབ་བྱེད་བཞིན་ཡོད་སྐོར་བརྗོད་པ་དང་འབྲེལ་ནས། Sophie Richardson ལགས་ཀྱིས་རྒྱ་ནག་གི་འགྲེལ་བརྗོད་དེར་སྐྱོབ་བརྗོད་ཀྱིས་རྒྱ་ནག་གིས་ཅིའི་ཕྱིར་བོད་མི་དང་ཡུ་གུར་ཁ་ཆེ་གྲངས་ཉུང་མི་རིགས་རྣམས་ཀྱི་ཐོབ་ཐང་དང་ངོ་བོར་རྡོག་རོལ་གཏོང་གི་ཡོད་པ་རེད་ཅེས་ལན་འདེབས་བྱས་འདུག

ཆབ་སྲིད་བཙོན་ཟུར་ངག་དབང་རྒྱལ་མཚན་ལགས་ཐུགས་དམ་དུ་བཞུགས་མུས་རེད་འདུག

ཉེ་ལམ་སྐུ་འདས་གྲོངས་སུ་གྱུར་བའི་བོད་ཀྱི་ཆབ་སྲིད་བཙོན་ཟུར་གྲགས་ཅན་ངག་དབང་རྒྱལ་མཚན་ལགས་དང་འབྲེལ་བའི་གནས་ཚུལ་གསར་པ་ཁག་ཅིག་ཐོན་པར་གཞིགས་ན། དམ་པ་དེ་ཉིད་ཟླ་བ་འདིའི་ཚེས་ ༢༢ ཉིན་གྱི་ཐོ་རེངས་ཚོུད་ ༥།༣༥ ཙམ་ལ་ལྷ་སའི་སྨན་རྩིས་ཁང་དུ་སྙིང་ནད་སོགས་ཀྱི་ནད་གཞི་དྲག་པོའི་རྐྱེན་གྱིས་འདས་གྲོངས་སུ་ཕྱིན་ཡོད་པ་དང། ད་ལྟའི་ཆར་དམ་པ་དེ་ཉིད་ཐུགས་དམ་ལ་བཞུགས་མུས་ཡིན་པ་རེད་འདུགསྐུ་གཤེགས་དུས་དགུང་ལོ་ ༦༠ ཡིན་པའི་ངག་དབང་རྒྱལ་མཚན་ནམ་ཚ་བ་ཁམས་པ་ལགས་ནི་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་རྫོང་སོན་རབ་གྲོང་ཚོ་ནས་ཡིན་ཞིང་། ཕྱི་ལོ་ ༡༩༦༡ ལོར་སྐུ་འཁྲུངས་བ་དང་། ༡༩༨༤ ལོར་འབྲས་སྤུངས་དགོན་དུ་གྲྭར་ཞུགས་གནང་ཡོད། ཕྱི་ལོ་༡༩༨༧ ལོའི་ཟླ་བ་༩་ཚེས་༢༧་ཉིན། ཉིན་འབྲས་སྤུངས་དགོན་པའི་དགེ་འདུན་པས་སྣེ་ཁྲིད་གནང་བའི་ཞི་རྒོལ་ལས་འགུལ་ནང་མཉམ་ཞུགས་གནང་རྐྱེན་ཟླ་ཤས་བཙོན་ཁང་དུ་ཚུད་པ་དང་། པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོའི་བཀྲིན་འོག་ ༡༩༨༨ ལོའི་ཕྱི་ཟླ་ ༡ པའི་ཚེས་ ༢༧ ཉིན་གློད་གྲོལ་ཐོབ་ཡོད་པ་རེད་འདུག    ཁོང་གིས་དེའི་རྗེས་སླར་ཡང་ཕྱི་ལོ་ ༡༩༨༩ ལོྀའི་ཕྱི་ཟླ་ ༢ པའི་ཚེས་ ༢༠ ཉིན་བོད་མིའི་རང་དབང་བདེན་དོན་ཆེད་རང་སྲོག་བློས་གཏོང་གིས་ཞི་བའི་ངོ་རྒོལ་རྔམ་སྟོན་གནང་རྗེས་ཕྱག་རོགས་ཤིག་དང་ལྷན་དུ་རྒྱ་གར་ལ་བྲོས་བྱོལ་དུ་ཕེབས་སྐབས་བོད་དང་བལ་ཡུལ་གྱི་ས་མཚམས་འགྲམ་གྱི་འགག་སྒོ་ནས་འཛིན་བཟུང་གིས་བོད་རང་སྐྱོང་ལྗོངས་ཟེར་བའི་སྤྱི་བདེ་ལས་ཁུངས་ཀྱིས་བཀག་ཉར་བྱས་པ་དང་། ལོ་དེའི་ཟླ་ ༡༡ ཚེས་ ༢༨ ཉིན་ལྷ་ས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་ནས་མི་ལོ་ ༡༧ གྱི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་པ་དང་། ཆབ་སྲིད་དབང་ཆ་ལོ་ ༥ བཙན་འཕྲོག་བྱས་ཡོད་འདུག བོད་ཀྱི་ཆབ་སྲིད་བཙོན་ཟུར་འཇམ་དཔལ་སྨོན་ལམ་ལགས་ནས་རྩོམ་བྲིས་གནང་བའི་མི་རབས་གསར་པའི་ལང་ཚོའི་མདུན་ལྗོངས་ཞེས་པའི་ནང་དམ་པ་ཁོང་གི་ལོ་རྒྱུས་ནང་། ཁོང་ལ་མི་ལོ་ ༡༧ གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པར་བཀོད་ཡོད་ཀྱང་། ཁོང་གིས་ཉེ་འབྲེལ་ཞིག་གིས་བོད་ནས་འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་མཁོ་སྤྲོད་གནང་བར་ཁོང་ལ་མི་ལོ་ ༡༥ འི་ཁྲིམས་ཐག་བཅད་པ་གསུངས་སོང་།གནས་ཚུལ་མཁོ་སྤྲོད་པས་ད་དུང་དམ་པ་དེ་ཉིད་ཕྱི་ལོ་ ༢༠༠༤ ལོའི་ཕྱི་ཟླ་ ༢ པའི་ཚེས་ ༢༠ ཉིན་བཙོན་འཇུག་གི་ལོ་ཡུན་ཚང་ནས་བཙོན་གྲོལ་ཐོབ་པ་དང་། ཟླ་བ་སྔོན་མའི་ཚེས་ ༡༦ ཉིན་སྙིང་ནད་སོགས་ནད་གཞི་དྲག་པོ་བསྐྱར་དུ་ལངས་སྟབས་ཟླ་བ་འདིའི་ཚེས་ ༢༢ ཉིན་གྱི་ཐོ་རེངས་ཚོུད་ ༥།༣༥ ཙམ་ལ་ལྷ་སའི་སྨན་རྩིས་ཁང་དུ་འདས་གྲོངས་སུ་གྱུར་བ་དང་།  དམ་པ་དེ་ཉིད་ཀྱི་སྐུ་ཕུང་དེའི་རྗེས་སུ་རང་ཁྱིམ་དུ་གདན་འདྲེན་ཞུས་ཏེ་དེ་རིང་སྐུ་ཕུང་ཞུགས་འབུལ་གྱི་གྲ་སྒྲིག་ཆ་ཚང་གནང་ཟིན་ཡོད་ཀྱང་། ཁོང་ད་ཆ་ཐུགས་དམ་ལ་བཞུགས་ཡོད་པ་འགྲེལ་བརྗོད་དང་འབྲེལ་སྐུ་ཕུང་ཞུགས་འབུལ་ཉིན་ཤས་རིང་འགྱངས་ཡོད་པར་གསུང་གི་འདུག བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་དྲ་གནས་ཐོག   བཙོན་འཇུག་དུས་ཡུན་རྫོགས་ནས་བཙོན་གྲོལ་ཐོབ་རྗེས་དམ་པ་དེ་ཉིད་ལྷ་ས་བཀའ་འགྱུར་པར་ཁང་དུ་དཔེ་ཆར་ཞུ་དག་བཏང་ནས་རང་འཚོའི་ལས་ལ་གཞོལ་ཡོད་པ་དང་། ད་རེས་དམ་པ་གང་ཉིད་ང་ཚོ་དང་ཞལ་བྲལ་ཡང་ཁོང་གིས་རང་གི་རྒྱལ་ཁབ་དང་མི་རིགས་ལ་བཅངས་པའི་འགྱུར་མེད་ཀྱི་ལྷག་བསམ་དང་། རྒྱལ་གཅེས་ཀྱི་བསམ་པ་ནི་རི་བོ་ཧི་མ་ལ་ཡའི་རི་རྒྱུད་དུ་སྐྱེས་པའི་ལྷ་ཤིང་གི་ཤུག་པ་ཞིག་དང་འདྲ་བར་དུས་གཏན་དུ་ང་ཚོའི་སེམས་ནང་འགྱུར་བ་མེད་པར་གནས་ངེས་རེད་ཅེས་གསུངས་འདུག

ཁམས་བྲག་མགོ་ཁུལ་དུ་སླར་ཡང་གུ་རུའི་སྐུ་བརྙན་ཐོག་བརྩེགས་གསུམ་ཅན་ཞིག་གཏོར་བཤིག

སྔར་ལོར་ཁམས་བྲག་མགོ་རྫོང་དུ་རྒྱ་ནག་གིས་རྫོང་དཔོན་གསར་བ་རྒྱ་རིགས་ཝང་ཏུང་ཧྲིན་ཟེར་བ་བསྐོ་བཞག་བྱས་པ་ནས་བཟུང་། ཁམས་བྲག་མགོ་ཁུལ་དུ་སྟོན་པའི་སྐུ་བརྙན་ཕི་ཀྲི་༩༩་ཅན་དང་མ་ཎི་དུང་འཁོར། དེ་བཞིན་རྗེ་བཙུན་བྱམས་མགོན་གྱི་སྐུ་བརྙན་སོགས་གཏོར་བཤིག་བཏང་ཡོད་པ་མ་ཟད། ད་ཆ་སླར་ཡང་ཁམས་བྲག་མགོ་ཁུལ་གྱི་སྔ་འགྱུར་རྙིང་མའི་ཆ་ནང་དགོན་དུ་ཡང་གུ་རུའི་སྐུ་བརྙན་ཐོག་བརྩེགས་གསུམ་ཅན་ཞིག་གཏོར་བཤིག་བཏང་འདུགདེ་ཡང་དེ་རིང་བཙན་བྱོལ་དུ་ཡོད་པའིི་ཁམས་བྲག་མགོ་ཁུལ་གྱི་དགེ་འདུན་པ་ཞིག་གིས་འདི་གའི་གསར་ཁང་ལ་ཁ་པར་བརྒྱུད་ནས་གནས་ཚུལ་མཁོ་སྤྲོད་གནང་བའི་ནང་དུ།  རྒྱ་ནག་གིས་སྔར་ལོ་སྟོན་པའི་སྐུ་བརྙན་གཏོར་བཤིག་གཏོང་འགོ་ཚུགས་པ་ནས་ཁམས་བྲག་མགོ་རྫོང་ནས་རྟའུ་རྫོང་གི་ལམ་བར་དུ་སྤྱི་ལེ་ཉི་ཤུ་ཙམ་གྱི་ས་མཚམས་སུ་ཁེལ་བའི་ཆ་ནང་དགོན་གྱི་གུ་རུ་རིན་པོ་ཆེ་ཡི་སྐུ་བརྙན་དེ་ཡང་གཏོར་བཤིག་གཏོང་རྩིས་བྱས་ཡོད་ཀྱང་། སྐབས་དེར་འབྲེལ་ཡོད་ཀྱི་བླ་མ་ཞིག་གི་རྒྱབ་རྟེན་གྱི་ཡིག་ཆ་ཞིག་གི་རྐྱེན་གྱིས་གནས་སྐབས་སུ་གཏོར་བཤིག་བཏང་མེད་ཀྱང་། ད་ཆ་ཡིག་ཆ་དེར་ལྟོས་མེད་ཀྱིས་རྩ་གཏོར་བཏང་ཡོད་པ་ཞིག་ཡིན་པར་ངོ་སྤྲོད་གནང་ཡོད།གཞན་ཡང་ཁོང་གིས། ཉེ་སྔོན་རྒྱ་ནག་གིས་ཁམས་བྲག་མགོ་དགའ་ལྡན་རབ་བརྟན་རྣམ་རྒྱལ་གླིང་དགོན་དུ་སྨིད་༩༩་ཅན་གྱི་སྟོན་པའི་སྐུ་བརྙན་གཏོར་བཤིག་གཏོང་སྐབས་སྐུ་བརྙན་དེ་དགོན་པའི་ལྕགས་རིའི་ཕྱི་ལོགས་སུ་ཡོད་སྟབས་གཏོར་བཤིག་གཏོང་དགོས་བར་བརྗོད་ནས་བཙན་ཤེད་ཀྱིས་གཏོར་བཤིག་བཏང་ཡོད་ཀྱང་། ཐེངས་འདིའི་གུ་རུ་རིན་པོ་ཆེ་ཡི་སྐུ་བརྙན་དེ་ཆ་ནང་དགོན་གྱི་ལྕགས་རིའི་ནང་ལོགས་ཙམ་དུ་མ་ཟད། དགོན་པའི་དབུས་སུ་ཆགས་ཡོད་པ་ཞིག་ཡིན་ཡང་གཏོར་བཤིག་བཏང་ཡོད་པར་འགྲེལ་བརྗོད་ཀྱིས། རྒྱ་ནག་གིས་རྒྱུ་མཚན་ཅི་ཞིག་ལ་བསྙད་ནས་གཏོར་བཤིག་གཏོང་གི་ཡོད་མིན་ལ་མ་ལྟོས་པར། གཙོ་བོ་བོད་མི་གཞོན་སྐྱེས་རྣམས་ཀྱི་སྣང་ངོར་ཆོས་ལུགས་ཀྱི་དད་རྟེན་རྣམས་གཙང་བཟོ་བྱས་ཏེ་བོད་ཀྱི་བྱིས་པ་རྣམས་ཀྱི་བློ་ངོར་ཆོས་ལུགས་ཀྱི་ཤུགས་རྐྱེན་གཙང་བཟོ་བྱེད་བཞིན་པ་ཞིག་ཡིན་པར་མངོན་གསལ་གྱིས། སྐུ་བརྙན་གྱི་རིགས་ཙམ་དུ་མ་ཟད། བྲག་མགོ་ཁུལ་དུ། མ་ཎི་དར་ལྕོག་དང་རྡོ་རྐོས། དེ་བཞིན་མ་ཎི་རྡེའུ་འབུམ་དང་ཚ་ཁང་སོགས་ཡོངས་སུ་གཏོར་བཤིག་བཏང་ནས་མེ་ལ་སྲེག་པ་དང་ཆུ་ལ་གཡུག་པ་སོགས་བྱེད་ཀྱི་ཡོད་པར་གསུངས་སོང་།ཁོང་གིས་མི་མཐུད་དུ་གསུངས་དོན། ད་ཆ་རྒྱ་ནག་གིས་ཁམས་བྲག་མགོ་ཁུལ་དུ་སླར་ཡང་རིག་གནས་གསར་བརྗེ་ཆེན་མོ་བསྐྱར་སློག་བྱས་པ་ལྟ་བུའི་དམ་དྲག་བྱེད་བཞིན་པ་ཡོངས་གྲགས་ཀྱིས། རྒྱ་ནག་གིས་དགོན་པ་གྲྭ་ཚང་ཁག་གི་སྐུ་བརྙན་གྱི་ཁག་རྩ་གཏོར་གཏོང་གི་ཡོད་པ་དེ་དངོས་ཡོད་གནས་ཚུལ་ལ་གཞིར་བཞག་གིས་ཁྲིམས་འགལ་གྱི་གནས་བབ་ཅིག་གི་འོག་ནས་གཏོར་བཤིག་གཏོང་གི་ཡོད་ཚེ། དེ་དག་པར་ལེན་པ་དང་བརྙན་ལེན་པ་སོགས་ཀྱིས་འཛམ་གླིང་ལ་ཡོངས་གྲགས་བྱས་པའི་ཐོག་ནས་གཏོར་བཤིག་གཏོང་དགོས་བ་ཞིག་ཆགས་ཡོད་ཀྱང་། དོན་དངོས་དེ་ལྟར་མིན་པར། ལྐོག་ལྐོག་སིལ་སིལ་བྱས་ནས་གཏོར་གྱི་ཡོད་མ་ཟད། དེར་འབྲེལ་གྱི་པར་དང་བརྙན་ལེན་པ་སོགས་ཁྲིམས་འགལ་ཡིན་ལུགས་ཀྱིས་མང་ཚོགས་ལ་དམ་དྲག་ཤུགས་ཆེར་བྱེད་བཞིན་པ་དེ་ནི་ཕྱིན་ཅི་ལོག་པའི་བྱ་སྤྱོད་ཁོ་ན་ཞིག་ཆགས་ཡོད་པར་གསུངས་སོང་།མཐའ་མར་ཁོང་གིས། སྔོན་ཆད་བོད་ཕྱི་ནང་གི་བར་དུ་དམ་དྲག་ཇི་ལྟར་ཡོད་མེད་ལ་ལྟོས་མེད་ཀྱིས། ཁམས་བྲག་མགོ་ཁུལ་གྱི་བོད་མི་རྣམས་ཀྱིས་སྐད་འཕྲིན་གྱི་རྒྱབ་ལོགས་སུ་སྐྱབས་མགོན་རིན་པོ་ཆེ་ཡི་སྐུ་པར་དང་། དེ་བཞིན་ས་གནས་ཀྱི་དགོན་པ་གྲྭ་ཚང་ཁག་གི་འདུ་ཁང་དང་མཆོད་ཁང་སོགས་ཀྱི་པར་རིགས་སྤེལ་བཞིན་པ་ཡོད་ཀྱང་། ད་ཆ་དེ་དག་ཕར་ཞོག  ཕྱི་ལོགས་སྐད་ཆ་བཤད་རྒྱུར་འཛེམ་ཟོན་ཆེན་པོ་གནང་གི་ཡོད་པར་གསུངས་སོང་། དེ་ཙམ་དུ་མ་ཟད། རྒྱ་ནག་གིས་བོད་ཁུལ་དུ་དཔལ་འབྱོར་ཡར་རྒྱས་གཏོང་གི་ཡོད་པའི་དྲིལ་བསྒྲགས་ཤུགས་ཆེར་བྱེད་བཞིན་ཡོད་ཀྱང་། གཙོ་བོ་ས་གནས་བོད་མི་རྣམས་ལ་ཁག་དཀྲི་འདྲ་མིན་བྱས་ནས་རྒྱ་སྒོར་ཁྲི་ཉིས་བརྒྱ་སུམ་བརྒྱའི་ཆད་པ་བཅད་རྗེས། གྲོང་གསེབ་ཁག་ལ་ཕྱིན་ཏེ་མ་དངུལ་སྒོར་ཁྲི་བཅུ་ཙམ་གྱི་འགྲོ་གྲོན་བཏང་སྟེ་ཁྱབ་བསྒྲགས་བྱེད་བཞིན་པ་ཞིག་ཡིན་པ་ནི་བྲག་མགོ་རྫོང་ཐོག་གི་བོད་མིའི་ཁྱིམ་ཚང་གི་དཔལ་འབྱོར་བཟང་བའི་རིགས་ཤིག་ལ་ཉེས་ཆད་བཅད་པ་ལས་ཤེས་ཐུབ་པ་ཞིག་ཡིན་པར་གསུངས་སོང་། གཞི་རྩའི་སྔར་ལོ་རྒྱ་ནག་གིས་ཁམས་བྲག་མགོ་དགོན་དུ་སྐུ་བརྙན་དང་མ་ཎི་དུང་འཁོར་སོགས་གཏོར་བཅོམ་གཏོང་འགོ་ཚུགས་པ་ནས་བཟུང་། དེར་འབྲེལ་གྱི་དགོན་པའི་ལས་ཀྱི་སྣེ་མོ་རྣམས་ཀྱི་གཙོ་བྱས་པའི་མང་ཚོགས་ཁྲོད་གནས་ཚུལ་ཕྱིར་བསྒྲགས་བྱས་པ་སོགས་ལ་ཁ་གཡར་གྱིས་མ་མཐའ་ཡང་བོད་མི་བཅུ་ཙམ་འཛིན་བཟུང་བྱས་ཏེ་གཅར་རྡུང་རིམ་པ་བཏང་ཡོད་པ་མ་ཟད། ད་དུང་ཡང་ས་གནས་ཀྱི་ཡུལ་མི་རྣམས་ཀྱི་ཁ་པར་ལ་སྔོག་བཤེར་སོགས་ཀྱི་མཚོན་པའི་དྲག་གནོན་སྲིད་བྱུས་སྔར་ལྷག་ལག་བསྟར་བྱེད་བཞིན་པ་ཡོད་པ་རེད།  

རྒྱལ་ཐང་ནས་ཡིན་པའི་བོད་པའི་སློབ་མ་གཉིས་འཛིན་བཟུང་།

ཡུན་ནན་ཞིང་ཆེན་ཁོངས་སུ་ས་འགོད་བྱས་པའི་བོད་མདོ་ཁམས་རྒྱལ་ཐང་ནས་ཡིན་ཞིང་། བོད་ལྗོངས་སློབ་གྲྭ་ཆེན་མོར་སྨན་ཞབས་པའི་སློབ་སྦྱོང་གནང་བཞིན་པའི་བློ་ལྡན་དང་ཤེས་རབ་ལགས་གཉིས་རྒྱ་གཞུང་གི་ཉེན་རྟོག་པས་འཛིན་བཟུང་བྱས་ནས་ད་བར་ཟླ་བ་གསུམ་ལྷག་འགྲོ་བཞིན་འདུག་ཀྱང་། ཁོང་གཉིས་འཛིན་བཟུང་བྱེད་དགོས་དོན་གང་ཡིན་པ་སོགས་ཤེས་རྟོགས་དཀའ་བར་གྱུར་འདུགཉེ་ལམ་ཕྱི་ཟླ་ ༡༡ ཚེས་ ༢༠ ཡས་མས་ཞིག་ལ་ཡུན་ནན་རྒྱལ་ཐང་རྫོང་ནས་ཡིན་པའི་བོད་རིགས་སློབ་མ་གཉིས་པོ་བོད་ཀྱི་རྒྱལ་ས་ལྷ་ས་ནས་དཀར་མཛེས་གནམ་ཐང་དུ་འབྱོར་བ་དང་། དེ་རྗེས་ལི་ཐང་དུ་འབྱོར་མ་ཐག་རྒྱ་གཞུང་གི་ཉེན་རྟོག་པས་རྒྱུ་མཚན་གང་ཡིན་གསལ་ཁ་གང་ཡང་མེད་པར་གློ་བུར་དུ་འཛིན་བཟུང་བྱས་ཡོད་པ་རེད། གནས་ཚུལ་དེ་ཐོན་ནས་ད་ཆ་ཟླ་བ་གསུམ་ལྷག་འགྲོ་བཞིན་ཡོད་ཀྱང་། ཁོང་རྣམ་གཉིས་བཙོན་ཁང་གང་དུ་བཙོན་འཇུག་བྱེད་མུས་ཡིན་པ་དང་གཟུགས་གཞི་བདེ་མིན་སོགས་ཀྱི་གནས་ཚུལ་ཤེས་རྟོགས་དཀའ་སྟབས་ནང་མི་སྤུན་མཆེད་ཚོས་ཐུགས་ཁྲལ་ཆེན་པོ་གནང་བཞིན་ཡོད་འདུག རྩ་བའི་ཕ་ཀརྨ་དོན་འགྲུབ་དང་མ་སྒྲོལ་མ་རིན་ཆེན་རྣམ་གཉིས་ཀྱི་གཅེས་ཕྲུག་བློ་ལྡན་ལགས་ནི། ཡང་ཐང་སྡེ་བ་ནས་ཡིན་ཞིང་། ཁོང་གི་ཁྱིམ་དུ་བུ་སྤུན་གསུམ་ཡོད་པ་ལས་ཁོང་རྒན་ཤོས་དེ་ཡིན་པ་རེད། དེ་བཞིན་རང་ལོ་ ༢༣ སོན་པའི་ཤེས་རབ་ལགས་ནི། རྒྱལ་ཐང་རྫོང་ཐེག་ཆེན་སྡེ་བ་ནས་ཡིན་ཞིང་། ཁོང་གི་ཨ་མ་ལགས་ཀྱི་མཚན་ལ་དབང་མོ་དང་པཱ་ལགས་ཀྱི་མཚན་ལ་དོན་བཀྲ་རེད་འདུག པར་གྱི་བདག་དབང་བོད་ཀྱི་དུས་བབ།

ཨོ་གླིང་བོད་མིས་རྒྱལ་སྤྱིའི་ཕ་སྐད་ཉིན་མོ་སྲུང་བརྩི་ཞུས་པ།

ཁ་སང་རྒྱལ་སྤྱིའི་ཕ་སྐད་ཉིན་མོ་དང་བསྟུན།  ཨོ་གླིང་གི་རྒྱལ་ས་ཁེན་བྷེ་ར་ཁུལ་དུ་ཡོད་པའི་བོད་མི་རྣམས་ཀྱིས་ས་གནས་ཀྱི་མི་རིགས་གཞན་ཁག་ཅིག་དང་ལྷན་གོམ་བགྲོད་ཀྱི་ལས་འགུལ་ནང་མཉམ་ཞུགས་པ་དང་འབྲེལ། བོད་ནང་དུ་རྒྱ་ནག་གིས་བོད་ཀྱི་སྐད་ཡིག་རྩ་གཏོར་གཏོང་གི་ཡོད་པའི་ཐད་ནས་གཏམ་བཤད་སྤེལ་ཏེ་རྒྱལ་སྤྱིའི་ཕ་སྐད་ཉིན་མོ་སྲུང་བརྩི་ཞུས་འདུགརྩ་བའི་རྒྱལ་སྤྱིའི་ཕ་སྐད་ཉིན་མོ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚན་རིག་དང་ཤེས་ཡོན། རིག་གཞུང་ལྷན་ཁང་གིས་ཕྱི་ལོ་ ༡༩༩༩ ལོར་ཡོང་གྲགས་གྱིས་གཏན་འབེབས་གནང་བ་ཞིག་ཡིན་པ་དང་། འཛམ་གླིང་ཡོངས་སུ་ལོ་ལྟར་ཕྱི་ཟླ་ ༢ ཚེས་ ༢༡ ཉིན་སྲུང་བརྩི་ཞུ་བཞིན་པའི་ཉིན་མོ་དེར་བོད་གཞིས་བྱེས་གཉིས་ཀྱི་བོད་མི་རྣམས་ཀྱིས་ཀྱང་སྤྱི་ཚོགས་དྲ་ལམ་ལ་སོགས་པའི་གླེང་སྟེགས་འདྲ་མིན་ཐོག་རང་རེའི་བོད་སྐད་བོད་ཡིག་གི་གལ་གནད་དང་རྒྱ་ནག་གིས་བོད་ཀྱི་སྐད་ཡིག་གི་ཐད་ལ་བཟུང་བའི་སྲིད་བྱུས་སོགས་ཀྱི་ཐད་ནས་གླེང་སློང་གནང་བཞིན་ཡོད་པ་རེད།བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་སུ་གནས་ཚུལ་འཁོད་པ་ལྟར་ན།  ཁ་སང་ཨོ་གླིང་གི་རྒྱལ་ས་ཁེན་བྷེ་ར་ཁུལ་དུ་ཡོད་པའི་བོད་མི་རྣམས་རྒྱལ་སྤྱིའི་ཕ་སྐད་ཉིན་མོ་སྲུང་བརྩི་མཛད་སྒོར་མཉམ་ཞུགས་གནང་ཡོད་པ་དང་། སྐབས་དེར་བོད་མི་ཚོས་ལག་ཏུ་བོད་ཀྱི་རྒྱལ་དར་དང་། དེ་བཞིན་བོད་ཀྱི་སྐད་ཡིག་དང་འབྲེལ་བའི་འཕྲེད་དར་སོགས་བསྣམས་ནས་རྒྱ་གར་དང་། བཱངྒ་ལ་དེཤ། ཡུ་ཀེ་རེན། རྒྱ་ནག་སོགས་ཀྱི་མི་རིགས་དང་ལྷན་གོམ་བགྲོད་གནང་བ་མ་ཟད། ཁོང་རྣམས་ལ་བོད་ཡིག་ནི་བོད་ཀྱི་ཆོས་དང་། རིག་གཞུང་། ངོ་བོའི་སྲོག་རྩ་ཡིན་པའི་གལ་གནད་དང་། བོད་ནང་གཏན་འཇགས་སློབ་གྲྭ་ཁག་ཏུ་འགྲིམ་བཞིན་པའི་བོད་པའི་སློབ་ཕྲུག་རྣམས་ལ་རྒྱ་ནག་གཞུང་གིས་བཙན་དབང་གིས་རྒྱ་ཡིག་སློབ་སྦྱོང་བྱེད་དུ་འཇུག་གི་ཡོད་པ་སོགས་ངོ་སྤྲོད་དང་། བོད་ཀྱི་ཐུན་མོང་མ་ཡིན་པའི་སྐོར་གཞས་སོགས་འཁྲབ་སྟོན་གནང་བ་མ་ཟད། མཛད་སྒོའི་ཐོག་མི་རིགས་གཞན་རྣམས་ཀྱིས་ཀྱང་སོ་སོའི་ཕ་སྐད་ཐོག་མཛད་སྒོར་མཉམ་ཞུགས་གནང་མཁན་ཡོངས་ལ་སྐད་ཡིག་དང་འཚམས་འདྲི་ཞུ་སྟངས་སྐོར་བསླབས་ཡོད་པར་འཁོད་འདུགཁ་སང་གི་མཛད་སྒོའི་ཐོགཨོ་གླིང་གི་སྐུ་ཚབ་དོན་གཅོད་ཀརྨ་སེང་གེ་ལགས་དང་དྲུང་ཆེ་ལྷ་དབང་རྒྱལ་པོ་ལགས་རྣམ་གཉིས་ཀྱི་གཙོ་བྱས་པའི་ཁུལ་དེའི་བོད་མི་རྣམས་ཀྱིས་མཉམ་ཞུགས་གནང་ཡོད་པ་མ་ཟད། ཁེན་བྷེ་ར་མངའ་སྡེའི་གྲོས་ཚོགས་འཐུས་མི་ལྕམ་སྐུ་ཏཱ་ར་ཆེ་ནེ་ (Tara Cheyne)ལགས་དང་ཨེ་ལི་ཛེ་བྷེ་ཐི་ལེ་ (Elizabeth Lee)ལགས་རྣམ་གཉིས་མཛད་སྒོར་མཉམ་ཞུགས་གནང་སྟེ། རྒྱལ་སྤྱིའི་ཕ་སྐད་ཉིན་མོར་མི་རིགས་སྣ་མང་གི་ཚོགས་སྡེ་ཡོངས་ལ་འཚམས་འདྲི་དང་། སོ་སོའི་སྐད་ཡིག་མི་ཉམས་རྒྱུན་འཛིན་བྱེད་དགོས་པའི་གལ་གནད་སྐོར་གསུང་བཤད་གནང་ཡོད་འདུག རྩ་བའི་ཁ་སང་གི་ཉིན་མོ་དེར་སྤྱི་ཚོགས་དྲ་ལམ་དུ་གཞིས་བཞུགས་བོད་མི་རྣམས་ཀྱིས་ཀྱང་ཤེས་ཚིག་འདྲ་མིན་བྲིས་ནས་ཉིན་མོ་དེ་སྲུང་བརྩི་ཞུ་བ་མཐོང་རྒྱུ་ཡོད་པའི་ཁྲོད། བོད་མི་ཞིག་གིས་བོད་མདོ་སྨད་ཀྱི་ཕྱོགས་སུ་རིག་གནས་གསར་བརྗེ་རྗེས་སུ་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གིས་བོད་སྐད་ཡིག་སླར་གསོ་གནང་རྒྱུར་ཐུགས་འགན་ཆེན་པོ་བཞེས་ཡོད་པའི་ངེས་ཤེས་གཞིར་བཞག་གིས།  པཎ་ཆེན་རིན་མོ་ཆེ་མཆོག་གི་སྐུ་པར་ཁག་ཅིག་དྲ་ལམ་དུ་བཞག་ནས། ཕ་སྐད་ཕ་ཡིག་ཟེར་ན་ཁྱོད་ཡིན། དཔའ་རྒོད་ཁེར་རྒྱུགས་ཟེར་ན་ཁྱོད་ཡིན། གདུང་འདེགས་ཀ་བ་ཟེར་ན་ཁྱོད་ཡིན། དཔག་བསམ་ལྗོན་ཤིང་ཟེར་ན་ཁྱོད་ཡིན་ཞེས་བྲིས་འདུགདེ་བཞིན་བོད་སྐད་ཡིག་གི་གལ་གནད་དང་འབྲེལ་ནས་མཁན་པོ་ཚུལ་ཁྲིམས་བློ་གྲོས་ལགས་ཀྱིས་གསུང་དུམ་ཞིག་ཁྱབ་སྤེལ་བྱེད་བཞིན་པའི་ནང་། འདས་མ་ཐག་པའི་དུས་རབས་ཉི་ཤུ་པའི་ནང་དུ་སྐད་རིགས་སྟོང་ཕྲག་གཅིག་ནུབ་སྟེ། སའི་གོ་ལའི་ཐོག་ནས་མེད་པར་གྱུར། ད་ལྟ་གཟའ་འཁོར་གཉིས་རེ་ཙམ་གྱི་ནང་དུ་སྐད་རིགས་གཅིག་རེ་ནུབ་ནས་མེད་པར་འགྱུར་བཞིན་ཡོད། མ་འོངས་པའི་ལོ་བརྒྱའི་ནང་དུ་འཛམ་གླིང་གི་སྐད་རིགས་བརྒྱ་ཆ་ལྔ་བཅུ་ཙམ་ནུབ་ནས་མེད་པར་འགྱུར་རྒྱུ་རེད། བོད་གངས་ཅན་པ། རང་གི་སྐད་ཡིག་ལ་སྲོག་བཞིན་དུ་གཅེས། མིག་བཞིན་དུ་སྐྱོངས། སྙིང་བཞིན་དུ་སྲུང་བར་མཛོད། འདི་ནི་མི་རིགས་ཧྲིལ་པོ་འཚོ་གནས་བྱེད་པའི་སྲོག་དང་། བླང་དོར་གསལ་བའི་མིག་དང་། བསམ་བློ་བརྟེན་སའི་སྙིང་རེད། འདི་མེད་ན་ཐམས་ཅད་ནས་ཐམས་ཅད་མེད་པར་འགྱུར་ལ། འདི་ཡོད་ན་སྲོག་གི་དབང་པོ་ནམ་ཡང་ཡོད་པས་ཅིས་ཀྱང་འབད་པར་འཚལ་ལོ་ཞེས་བྲིས་འདུག གཞི་རྩའི་རྒྱ་ནག་གིས་ད་ཆ་བོད་ཁུལ་དུ་བཅའ་སྡོད་སློབ་གྲྭ་མང་པོ་ཆེད་འཛུགས་ཀྱིས་བོད་ཀྱི་སློབ་ཕྲུག་རྣམས་རང་གི་སྐད་ཡིག་དང་རིག་གཞུང་ལ་ཁ་ཐག་རིང་དུ་གཏོང་རྒྱུའི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་མ་ཟད། རྒྱ་ནག་གི་གཙོ་རྒྱུགས་སྤྱི་སྐད་དེ་ཁྱབ་སྤེལ་དགོས་བའི་སྲིད་བྱུས་སྣ་མང་སྤེལ་བཞིན་པའི་ཁྲོད། བོད་ནང་དུ་བོད་སྐད་བོད་ཡིག་ཆེད་སྦྱོང་གི་སློབ་གྲྭ་ཁག་ཅིག་སྒོ་རྒྱབ་ཡོད་པ་མ་ཟད། སྐད་ཡིག་གི་ལས་འགུལ་བ་རྣམས་ལ་རྒྱལ་ཁབ་མགོ་སྟེང་སློག་རྒྱུའི་ནག་ཉེས་གཡོག་སྟེ་འཛིན་བཟུང་བཙོན་འཇུག་བྱེད་བཞིན་པའི་ཁོངས་སུ། བོད་ཀྱི་སྐད་ཡིག་ལས་འགུལ་བ་བཀྲ་ཤིས་དབང་ཕྱུག་ལགས་ནི་བོད་ཕྱི་ནང་གཉིས་སུ་གྲགས་ཆེ་བའི་མི་སྣ་ཞིག་ཆགས་ཡོད་པ་རེད།

Latest news