Tibetan Royal Year of 2151 | Year of the Wood Dragon

བོད།

རྒྱལ་ཚོགས་ཀྱི་ཚོགས་འདུ་ཐོག་བོད་ནང་གི་ཛ་དྲག་གནས་སྟངས་སྙན་སེང་།

ཇི་ནི་ཝར་ཚོགས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ལྷན་ཁང་གི་གྲངས་ཉུང་མི་རིགས་ཀྱི་གནད་དོན་དང་འབྲེལ་བའི་ཚོགས་ཐེངས་ ༡༤ ཐོག་བོད་མིའི་སྐུ་ཚབ་ཀྱིས་བོད་ནང་རྒྱ་ནག་གཞུང་གིས་མི་རིགས་དབྱེ་འབྱེད་ཀྱི་སྲིད་བྱུས་ལག་བསྟར་བྱས་དང་བྱེད་བཞིན་པའི་གནས་སྟངས་འོག་བོད་མིའི་ཆོས་རིག་དང་ལེགས་བྱང་། སྐད་ཡིག་བཅས་པ་རྩ་མེད་བཟོས་ཏེ་བོད་མི་རིགས་ཀྱི་ངོ་བོ་རྩ་བརླག་གཏོང་བཞིན་ཛ་དྲག་གནས་སྟངས་ཁག་སྙན་སེང་ཞུས་འདུག ཟླ་བ་འདིའི་ཕྱི་ཚེས་ ༢ དང་ ༣ བཅས་ཉིན་གྲངས་གཉིས་རིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གིས་གཙོ་འགན་བཞེས་ཐོག་ཚོགས་པའི་གྲངས་ཉུང་མི་རིགས་ཀྱི་གནད་དོན་དང་འབྲེལ་བའི་ཚོགས་ཐེངས་ ༡༤ དེ་དེང་སྐབས་འཛམ་གླིང་ནང་གི་གྲངས་ཉུང་མི་རིགས་ཁག་གི་ཁྲོད་འཕྲད་བཞིན་པའི་གཞི་རྩའི་རྩོད་རྙོག་གི་བྱུང་རྐྱེན་དང་དེ་དག་ཁྲིམས་སྒྲིག་གི་སྒྲོམ་གཞིའི་འོག་ནས་སྔོན་འགོག་བྱེད་སྟངས་དང་གྲངས་ཉུང་མི་རིགས་ཁག་གི་རང་དབང་སྲུང་སྐྱོབ་དང་གོང་འཕེལ་བཅས་ཀྱི་གཙོ་གནད་ཐོག་ཚོགས་འདུ་ཚོགས་ཡོད་པ་རེད། ཡོ་རོབ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་སྐུ་ཞབས་ Vicnet metten ལགས་ཀྱིས་ཚོགས་འདུ་ཐོག་འདས་པའི་ལོ་བདུན་ཅུ་ལྷག་གི་ནང་རྒྱ་གཞུང་གིས་བོད་ནང་བོད་མིའི་ཆབ་སྲིད་དང་སྤྱི་དམངས་ཐོབ་ཐང། སྤྱི་ཚོགས་དང་དཔལ་འབྱོར། དེ་བཞིན་ལེགས་བྱང་གི་རང་དབང་བཅས་རྡོག་རོལ་བཏང་ཡོད་པར་མ་ཟད་ལྷག་པར་དུ་སྲིད་འཛིན་ཞི་ཅིན་ཕིང་གི་སྣེ་ཁྲིད་འོག་བོད་ནང་བོད་མིའི་ཐོག་ལྟ་སྲུང་དང་དམ་དྲག་བྱེད་ཤུགས་ཆེ་རུ་གཏོང་བཞིན་པའི་གནད་དོན་དེས་བོད་ཡུལ་རྒྱ་ཡུལ་ལྟ་བུར་བཟོ་རྒྱུའི་སྲིད་བྱུས་ཤིག་ལག་བསྟར་བྱེད་བཞིན་ཁག་ནི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་སྒྲིག་རྡོག་རོལ་བཏང་བའི་ཁར་རྩོད་རྙོག་ཆེ་རུ་གཏོང་བཞིན་པར་རྟེན་ཕྱི་ལོ་ ༢༠༠༩ ལོ་ནས་ད་བར་བོད་མི་ཚོས་ཞི་བའི་ངང་ནས་རྒྱ་གཞུང་གི་སྲིད་བྱུས་ལ་ངོ་རྒོལ་གྱིས་སྐུ་ལུས་ཞུགས་འབུལ་གནང་བའི་གནས་སྟངས་བྱུང་ཡོད་སྐོར་སྙན་སེང་ཞུས་ཡོད། ཁོང་གིས་ད་དུང་རྒྱ་ནག་གཞུང་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མ་འོངས་པའི་ཡང་སྲིད་ཐོག་ཐེ་བྱུས་བྱེད་མཚམས་འཇོག་ནས་བོད་བརྒྱུད་ནང་བསྟན་ལམ་ལུགས་གཞིར་བཞག་ཡང་སྲིད་ངོས་འཛིན་ཞུ་རྒྱུའི་བོད་མིའི་རང་དབང་ལ་གུས་བརྩི་བྱེད་དགོས་པ་དང། བོད་རྒྱ་གཉིས་དབར་དཀའ་སེལ་ཐབས་སུ་རྒྱ་གཞུང་ནས་བོད་མིའི་སྐུ་ཚབ་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་ལྷན་གྲོས་མོལ་བྱེད་དགོས་པ་དང། དེ་བཞིན་དེ་སྔ་རྒྱལ་ཚོགས་ཀྱི་དམིགས་བསལ་ཁེ་ལས་སྡེ་ཁག་ ༥༠ ཡིས་ཆེད་བཏོན་གནང་བའི་བསམ་འཆར་གཞིར་བཞག་རྒྱ་ནག་གཙོས་བོད་དང་ཤར་ཏུ་ཀི་སི་ཐན། དེ་བཞིན་ཧོང་ཀོང་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་་ཐོག་རྟོག་ཞིབ་ཆེད་རྒྱལ་ཚོགས་ནས་རང་དབང་ཅན་གྱི་དམིགས་བསལ་ཚོགས་ཆུང་ཆེད་འཛུགས་དགོས་པ་བཅས་རེ་འདུན་ཆེད་བཏོན་གནང་འདུག ཕྱོགས་མཚུངས་སུ་ཚོགས་འདུ་ཐོག་ཇི་ནི་ཝ་བོད་ཀྱི་སྐུ་ཚབ་དོན་ཁང་གི་རྒྱལ་ཚོགས་འབྲེལ་མཐུད་པ་སྐལ་ལྡན་མཚོ་མོ་ལགས་ནས་ Society for Threatened People གཞུང་འབྲེལ་མིན་པའི་ཚོགས་པའི་མིང་ཐོག་རྒྱལ་ཚོགས་ལ་རྒྱ་ནག་གཞུང་གིས་བོད་ནང་འཛིན་བཟུང་བྱེད་བཞིན་པའི་ད་ཡོད་སྤྱི་ཚོགས་སྒྲོམ་གཞི་དང་རྒྱ་རིགས་མི་འབོར་འཕེལ་རྒྱས་འཕོ་འགྱུར་ཁྲོད་བོད་མི་ཚོར་རང་མི་རིགས་ཀྱི་ལོ་རྒྱུས་དང་རིག་གཞུང་། སྐད་ཡིག་ཐོག་སློབ་གཉེར་བྱ་རྒྱུ་གོ་སྐབས་མེད་པ་བཟོ་བཞིན་པ་དང་། སྤྱི་ཚོགས་ཁྲོད་ཀྱི་ལས་རིགས་ཁག་གི་ནང་ལ་ས་གནས་བོད་མི་དང་མཐོ་སློབ་ཐོན་མཁན་བོད་རིགས་གཞོན་སྐྱེས་ཚོར་ལས་ཀའི་གོ་སྐབས་མེད་པ་སོགས། རྒྱ་གཞུང་གིས་མངོན་གསལ་མེད་པར་བོད་མིའི་ངོ་བོ་རྩ་མེད་གཏང་རྒྱུའི་སྲིད་བྱུས་ལ་བརྟེན་ནས་ད་བར་བོད་ནང་བོད་མི་ ༡༥༥ ནས་རྒྱ་གཞུང་ལ་ཞི་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་བའི་གནས་ཚུལ་བྱུང་ཡོད་པ་རྒྱལ་ཚོགས་ལ་སྙན་སེང་ཞུས་འདུག ཁོང་གིས་བོད་ནང་གི་བོད་མི་ཚོའི་ཉིན་རེའི་འཚོ་བའི་ཁྲོད་ལ་རྒྱ་ནག་གཞུང་གིས་མི་རིགས་མཉམ་བསྲེས་ཀྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་དེས་བོད་མིའི་ངོ་བོ་རྩ་མེད་དུ་བཟོ་རྒྱུའི་ཉན་ཚབ་ཀྱི་གནད་དོན་དང་འབྲེལ་བ་ཡོད་སྟབས་རྒྱལ་ཚོགས་ཀྱི་ངོས་ནས་ཐུགས་སྣང་གནང་དགོས་པའི་རེ་འདུན་ཞུས་པ་དང་ཆབས་ཅིག ཐེངས་དེའི་གྲངས་ཉུང་མི་རིགས་ཀྱི་ཚོགས་འདུ་བརྒྱུད་བོད་ནང་བོད་མིའི་དཀའ་ངལ་སེལ་ཐབས་སུ་རྒྱ་གཞུང་ནས་བོད་ནང་བོད་མིའི་ཆོས་རིག་དང་ལེགས་བྱང་། སྐད་ཡིག དེ་བཞིན་ལོ་རྒྱུས་ཐོག་གུས་བརྩི་ཞུ་དགོས་པར་མ་ཟད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ལམ་སྟོན་མཛད་པའི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་བརྒྱུད་བོད་མིའི་སྐུ་ཚབ་དང་ལྷན་དུ་དོན་སྙིང་ལྡན་པའི་འབྲེལ་མོལ་ཞུ་དགོས་པར་བསྐྱར་ནན་གནང་ཡོད།

ཕྱི་ལོ་ ༢༠༢༥ བར་དུ་མི་སེར་བརྒྱ་ཆ་ ༨༥ ཡིས་རྒྱ་སྐད་གཙོ་བོར་སྤྱོད་དགོས་པ་བཟོ་འཆར།

རྒྱ་ནག་གིས་ཕྱི་ལོ་ ༢༠༢༥ བར་མི་སེར་བརྒྱ་ཆ་ ༨༥ ཡིས་རྒྱ་སྐད་གཙོ་བོ་བེད་སྤྱོད་བཏང་བ་དང་ལྷག་པར་སྲིད་བྱུས་དེ་དང་འབྲེལ་ཕྱི་ལོ་ ༢༠༣༥ བར་དུ་གྲོང་གསེབ་དང་གྲངས་ཉུང་མི་རིགས་ཁྲོད་རྒྱ་སྐད་དེ་དངོས་དོན་དུ་ཡོངས་ཁྱབ་ཀྱི་སྐད་ཡིག་ཞིག་ཏུ་བཟོ་འཆར་གྱི་དམིགས་འབེན་བཟུང་ཡོད་པའི་གནས་ཚུལ་ཐོན་འདུག ཁ་སང་བརྒྱུད་ལམ་ཁག་ཏུ་ཐོན་པའི་གནས་ཚུལ་ལ་གཞིགས་ན་རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༢༥ བར་དུ་མི་སེར་བརྒྱ་ཆ་ ༨༥ ཡིས་རྒྱ་ནག་རྒྱལ་ཡོངས་སྤྱི་སྐད་སྤྱོད་ཐབས་སུ་རྒྱ་སྐད་གོང་མཐོར་གྱི་ལས་གཞི་ཤུགས་ཆེར་སྤེལ་རྒྱུ་རེད་འདུག རེས་གཟའ་མིག་དམར་ཉིན་དེ་འབྲེལ་བཀོད་ཁྱབ་བཏང་བར་རྒྱ་ནག་སྤྱི་ཡོངས་ཀྱི་བེད་སྤྱོད་གཏང་རྒྱུའི་སྐད་ཡིག་དེ་ད་ཆ་སྤྱོད་སྐབས་འདང་ངེས་མེད་པ་དང་ཆ་མི་སྙོམས་པའི་ཐོག་ནས་རྒྱག་བཞིན་སྟབས་དེ་ངེས་པར་དུ་དེང་རབས་ཀྱི་དཔལ་འབྱོར་གྱི་དགོས་འདུན་དང་བསྟུན་ནས་ཡར་རྒྱས་གཏོང་དགོས་ཞེས་འཁོད་འདུག སྲིད་བྱུས་དེས་རྒྱལ་ཡོངས་ཀྱི་བེད་སྤྱོད་བྱེད་བཞིན་པའི་སྐད་ཡིག་དེ་གཞུང་ཁག་ཏུ་གཞུང་འབྲེལ་སྐད་རང་གི་ངོ་བོའི་ཐོག་ནས་སྤྱོད་རྒྱུ་དང་སློབ་གྲྭ་ཁག་དང་གསར་ཁང་། པར་འགྲེམས། རླུང་འཕྲིན། གློག་བརྙན། གཟུགས་མཐོང་རླུང་འཕྲིན། སྡེ་ཚན་གཞན་སོགས་ཀྱི་ནང་རྒྱ་སྐད་དེ་གཞི་རྩའི་སྐད་ཐོག་སྤྱོད་མིན་ཐད་ལ་ལྟ་རྟོག་ནན་པོ་བྱེད་དགོས་པ་བཀོད་འདུག་པར་མ་ཟད། གཞུང་འབྲེལ་ལས་བྱེད་ཚོས་ཤེས་ཡོན་གྱིས་མཚོན་པའི་རྒྱལ་སྤྱིའི་ཚོགས་པ་ཁག་དང་རྒྱལ་སྤྱིའི་ཁྲོད་འདུ་འཛོམས་སོགས་ལ་རྒྱ་ནག་གི་ཤུགས་རྐྱེན་གོང་མཐོར་སྤེར་དགོས་པ་བཅས་ཆེད་བཀོད་བྱས་ཡོད། གཞི་རྩའི་རྒྱ་ནག་གིས་བོད་པའི་སློབ་གྲྭ་ཁག་ཏུ་སྐད་གཉིས་སློབ་གསོའི་སྲིད་བྱུས་ཞེས་པའི་མིང་བྱང་འོག་རྒྱ་སྐད་གཙོ་བོར་སྤྱོད་ཀྱི་ཡོད་པ་དང་ལྷག་པར་ཁ་ཉིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་སྙན་ཐོ་ཞིག་འདོན་སྤེལ་བརྒྱུད་རྒྱ་གཞུང་གིས་གཞི་རིམ་འོག་མ་ནས་རྒྱ་ཡིག་ཐོག་སློབ་ཁྲིད་ཀྱི་སྲིད་བྱུས། དེ་བཞིན་བོད་པའི་སློབ་གྲྭ་ཁག་ཏུ་རྒྱ་ཡིག་ཐོག་སློབ་ཁྲིད་བྱེད་དགོས་པའི་སྲིད་བྱུས་ལག་བསྟར་ཁྲོད་ད་བར་བོད་རང་སྐྱོང་ལྗོངས་ཟེར་བ་གཙོ་གྱུར་བོད་ཀྱི་ས་ཁུལ་གཞན་ཁག་བཅས་བོད་ས་ཁྱོན་ཡོངས་ཀྱི་སློབ་གྲྭ་བརྒྱ་ཆ་ ༧༠ ཙམ་གྱི་ནང་དུ་རྒྱ་ཡིག་གཙོ་བཟུང་གིས་སློབ་ཁྲིད་བྱེད་མུས་ཡིན་པ་མངོན་གསལ་གནང་ཡོད། སྤྱིར་རྒྱ་ནག་གི་སྐད་གཉིས་སློབ་གསོའི་ཤེས་ཡོན་སྲིད་བྱུས་དེ་བོད་ཙམ་མིན་པར་ཤིན་ཅང་དང་ནང་སོག་ཏུའང་རིམ་བཞིན་ལག་བསྟར་བྱ་གཏན་ཁེལ་ཡོད་པ་དང་ལྷག་དོན་འདས་ལོར་རྒྱ་ནག་གཞུང་གིས་ནང་སོག་ནང་གི་ཤེས་ཡོན་སྲིད་བྱུས་ལ་འགྱུར་བ་བཏང་སྟེ་སློབ་གྲྭ་ཁག་གི་སློབ་ཚན་དང་སློབ་ཁྲིད་ཡོངས་རྫོགས་སོག་པོའི་སྐད་ཡིག་ཚབ་ཏུ་རྒྱ་སྐད་ཐོག་སློབ་ཁྲིད་བྱེད་དགོས་པའི་སྲིད་བྱུས་ལག་བསྟར་བྱས་ཡོད་སྟབས། སྲིད་བྱུས་དེར་ངོ་རྒོལ་གནང་མཁན་མང་ཚོགས་སྟོང་ཕྲག་ཁ་ཤས་འཛིན་བཟུང་བྱས་པར་མ་ཟད་ལས་འགུལ་བ་དགུས་རང་སྲོག་བཅད་ནས་རྒྱ་ནག་ལ་ངོ་རྒོལ་གནང་བའི་གནས་སྟངས་ཡང་བྱུང་ཡོད། འོན་ཀྱང་རྒྱ་ནག་དམར་ཤོག་ཚོགས་པས་ངོ་རྒོལ་གྱི་ལས་འགུལ་དེ་དག་ཁ་བྲལ་རིང་ལུགས་པར་ངོས་འཛིན་བྱེད་བཞིན་ཡོད་པ་དང་། རྒྱལ་ཁབ་ཀྱི་དཔལ་འབྱོར་དང་མཐུན་སྒྲིལ་ཆེད་སྐད་ཡིག་དེ་ངེས་པར་དུ་གཅིག་མཚུངས་སྤྱོད་དགོས་ཞེས་བཤད་ཡོད།

བོད་ཀྱི་ཆབ་སྲིད་བཙོན་ཟུར་རྣམས་ལ་གློག་རྡུལ་ལྕགས་སྒྲོག་བཏགས་བ་དེ་མི་སྤྱོད་ལས་འདས་པ་ཡིན་པར་སྐྱོན་བརྗོད།

བཞུགས་སྒར་ཁུལ་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་དེ་རིང་བོད་ནང་གི་ཆབ་སྲིད་བཙོན་ཟུར་དང་འབྲེལ་བའི་གནས་ཚུལ་སྤེལ་བའི་ནང་དུ། ཕྱི་ལོ ༢༠༡༤ ལོ་ནས་བཟུང་བོད་མདོ་སྨད་ས་ཕྱོགས་སམ་རྒྱ་ནག་གིས་བཅད་བགོས་བྱས་པའི་མཚོ་སྔོན་ཞིང་ཆེན་ཁུལ་གྱི་བོད་ཀྱི་ཆབ་སྲིད་བཙོན་པ་གློད་གྲོལ་ཐོབ་པ་རྣམས་ཀྱི་རྐང་པར་ཉིན་ཞག་གཉིས་ཀར་སོ་ལྟ་བྱེད་ཐུབ་པའི་གློག་རྡུལ་ལྕགས་སྒྲོག་བཏགས་ཡོད་པའི་གནས་ཚུལ་ཡོངས་གྲགས་དང་འབྲེལ། རྒྱ་ནག་གིས་བོད་ཀྱི་ཆབ་སྲིད་བཙོན་ཟུར་རྣམས་ལ་མི་སྤྱོད་ལས་འདས་བའི་བྱ་སྤྱོད་ལག་བསྟར་བྱེད་ཕྱོགས་དེར་དགག་གཞག་གནང་འདུགལྟེ་གནས་ཁང་གིས་སྤྱིར་གློག་རྡུལ་ལྕགས་སྒྲོག་ནི་འཛམ་གླིང་རྒྱལ་ཁབ་མང་པོས་བཙོན་པ་དམིགས་བསལ་བའི་བྱ་སྤྱོད་སྟངས་འཛིན་བྱེད་ཐབས་དང་། གནས་སྐབས་གློད་གྲོལ་བཏང་བའི་བཙོན་པ་དང་སྨན་བཅོས་ཆེད་ཕྱི་ལོགས་སུ་ཁྲིད་དགོས་འཁེལ་བའི་བཙོན་པའི་རིགས་བྲོས་བྱོལ་དུ་མི་འགྲོ་བའི་ཆེད་དུ་བེད་སྤྱོད་བྱེད་སྲོལ་ཡོད་ཀྱང་། རྒྱ་ནག་གཞུང་གིས་བཙོན་འཇུག་གི་དུས་ཡུན་ཡོངས་སུ་རྫོགས་ཟིན་པའི་བོད་ཀྱི་ཆབ་སྲིད་བཙོན་ཟུར་རྣམས་ཀྱི་ལུས་ལ་གློག་རྡུལ་ལྕགས་སྒྲོག་འདོགས་བཞིན་པའི་གནས་ཚུལ་དེ་དངོས་བདེན་ཡིན་ན་དེ་ནི་མི་སྤྱོད་ལས་འདས་པའི་བྱ་སྤྱོད་ཅིག་ཡིན་པས་དེར་ནམ་ཡང་ངོས་ལེན་བྱ་ཐབས་བྲལ་བའི་སྐྱོན་བརྗོད་གནང་འདུག འདི་གའི་གསར་འགོད་པས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་བོད་གནས་ཉམས་ཞིབ་པ་ཉི་མ་འོད་ཟེར་ལགས་སུ་དེར་འབྲེལ་གྱི་བཀའ་འདྲི་ཞུས་པར་ཁོང་གིས་ཉེ་བའི་ལོ་འགའི་རིང་ནས་བཟུང་རྒྱ་ནག་གིས་བརྡ་འཕྲིན་དང་འབྲེལ་བའི་སོ་ཉུལ་གྱི་བྱ་སྤྱོད་སྤེལ་ཤུགས་ཆེ་རུ་བཏང་ཡོད་པ་དང་འབྲེལ་ནས། བོད་ནང་གི་ཆབ་སྲིད་བཙོན་པ་རྣམས་ལ་གློག་རྡུལ་ལྕགས་སྒྲོག་ཅེས་པའི་གསང་སྟབས་ཀྱིས་རྗེས་འདེད་གཏོང་བྱེད་ཀྱི་མ་ལག་གསར་བ་ཞིག་གི་མནར་གཅོད་གཏོང་བཞིན་པའི་གནས་ཚུལ་འབྱོར་ཡོད་པ་དང་། ད་ཆ་བོད་ནང་གི་ཆབ་སྲིད་བཙོན་པ་རྣམས་ཀྱི་ལུས་པོ་བཙོན་གྲོལ་ཐོབ་ཀྱང་དོན་དུ་ད་དུང་རྒྱ་ནག་གི་བཀག་སྐྱིལ་དང་གསང་ཉུལ་གྱི་གསེབ་ལ་ཚུད་ཡོད་པ་ཞིག་ཡིན་པར་གསུངས་སོང་། གཞི་རྩའི་རྒྱ་ནག་གིས་སྤྱི་ཡོངས་ནས་བོད་མི་དང་ཤིན་ཅང་ཁུལ་གྱི་ཆབ་སྲིད་ཉེས་འདོགས་ཀྱི་བཙོན་པ་རྣམས་ལ་སྡུག་སྦྱོང་མནར་གཅོད་བྱེད་བཞིན་པ་ཡོངས་གྲགས་ཡིན་ཡང་། ཉེ་སྔོན་ནས་གསར་ལམ་ཁག་ཏུ་གནས་ཚུལ་ཐོན་པའི་ནང་དུ། ད་ཆ་རྒྱ་ནག་གིས་བོད་ཁུལ་གྱི་ཉེས་འདོགས་སྣ་མང་འོག་གི་ཆབ་སྲིད་བཙོན་ཟུར་རྣམས་ལ་སྟངས་འཛིན་བྱེད་ཤུགས་ཆེ་རུ་བཏང་ནས། ཆབ་སྲིད་བཙོན་ཟུར་རྣམས་ཀྱི་ཁྲོད་ནས་རིགས་དབྱེ་བཀར་ཡོད་པའི་ཁོངས་སུ་གཙོ་གནད་མི་སྣ་ཞེས་མིང་འདོགས་བྱས་ཡོད་པ་རྣམས་ལ་དམིགས་སུ་ལྟ་རྟོག་ནན་པོ་བྱེད་བཞིན་པ་ཞིག་ཆགས་ཡོད་འདུགགཙོ་གནད་མི་སྣ་ཞེས་པ་ནི་རྒྱ་གཞུང་གི་སྲིད་ཇུས་དང་ལངས་ཕྱོགས་ལ་དགག་པ་པ་བྱེད་མཁན་ཚོར་མིང་འདོགས་བྱས་པ་ཞིག་ཡིན་ཞིང་། དེའི་ཁྲོད་དུ་ཆབ་སྲིད་དང་སྤྱི་ཚོགས་བརྟན་བརླིང་ལ་གནོད་སྐྱོན་གྱི་ཉེས་འདོགས་བྱས་པ་རྣམས་བཙོན་གྲོལ་ཐོབ་ཀྱང་སྔར་བཞིན་རྒྱ་ནག་གིས་དངོས་ཤུགས་བརྒྱུད་གསུམ་ནས་ལྟ་རྟོག་ནན་པོ་བྱེད་བཞིན་པའི་གནས་ཚུལ་ཐོན་ཁག་ལ་གཞིགས་ན། བོད་ནང་གི་ཆབ་སྲིད་བཙོན་པ་རྣམས་གློད་གྲོལ་བཏང་བའི་རྗེས་སུ་མུ་མཐུད་ལོ་གཅིག་ནས་ལྔ་བར་དུས་བཀག་ངེས་ཅན་ཞིག་གི་ནང་དུ་ཆབ་སྲིད་ཀྱི་ཐོབ་ཐང་འཕྲོག་པ་ཡིན་ཟེར་ནས་ས་ཕྱོགས་གང་སར་འགྲོ་ཆོག་གི་མེད་པར་སྤྱི་མང་གི་ཡོངས་གྲགས་ཀྱི་ཁེ་ཕན་ནས་ཆབ་སྲིད་ཀྱི་ཐོབ་ཐང་ཡོངས་སུ་འཕྲོག་བཞིན་པའི་གནས་ཚུལ་སྔ་རྗེས་སུ་ཐོན་ཡོད་པ་མ་ཟད། ད་ཆ་བོད་ནང་གི་ཆབ་སྲིད་བཙོན་ཟུར་རྣམས་ལ་སྲིད་གཞུང་གིས་བཙན་དབང་རང་བཞིན་གྱི་སྒོ་ནས་ཉིན་མཚན་མེད་པར་ཁྱེར་དགོས་བའི་སོ་ཉུལ་གྱི་ནུས་བ་ལྡན་པའི་ཁ་པར་ཞིག་ཀྱང་འཁྱེར་དགོས་བ་བཟོས་ཡོད་ཚོད་འདུག བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་ཕེལ་རྒྱས་ལྟེ་གནས་ཁང་གིས་རྒྱ་ནག་གིས་བོད་ནང་གི་བོད་མི་ཚོའི་འགྲོ་འོང་དང་འབྲེལ་གཏུག་བྱེད་པར་ཧ་ཅང་དམ་དྲག་བྱེད་བཞིན་ཡོད་ཅིང་ལྷག་པར་དུ་ཉེ་བའི་ཆར་དྲ་ཐོག་གི་ཁྲིམས་འགལ་བྱ་སྤྱོད་ལ་རྡུང་རྡེག་ཚ་ནན་གཏོང་བའི་ལས་འགུལ་བརྒྱུད་བོད་ནང་དུ་ཁ་པར་དང་གསང་བའི་གློག་མིག་སོགས་གློག་རྡུལ་འཕྲུལ་ཆས་དང་བརྡ་འཕྲིན་སོགས་ལ་བརྟེན་ནས་བོད་མི་ཚོའི་བྱ་སྤྱོད་ལ་རྟོག་ཞིབ་དང་ཚོད་འཛིན་བྱེད་ཤུགས་ཧ་ཅང་ཆེ་རུ་གཏོང་བཞིན་ཡོད་སྐོར་ལུང་འདྲེན་གནང་སྟེ། ཉེ་ལམ་རྫ་ཆུ་ཁ་དང་ནག་ཆུ།  སྐྱེ་དགུ་མདོ་སོགས་སུ་བོད་མི་ཕོན་ཆེན་འཛིན་བཟུང་བྱས་པ་དང་དམ་དྲག་རྒྱ་ཆེར་བྱེད་བཞིན་པའང་གནས་ཚུལ་དེ་དང་འབྲེལ་བ་དམ་ཟབ་ཆགས་ཡོད་ཀྱང་བོད་ནང་དུ་འབྲེལ་གཏུག་བྱ་རྒྱུར་ཧ་ཅང་དཀའ་ཚེགས་ཆེན་པོར་གྱུར་ནས་ད་ལྟའི་ཆབ་སྲིད་བཙོན་ཟུར་རྣམས་ལ་གློག་རྡུལ་ལྕགས་སྒྲོག་བསྒར་ཡོད་མེད་ཀྱི་གནས་ཚུལ་འབྱོར་བ་དངོས་བདེན་ཡིན་མིན་གྱི་ཐད་ནས་ལྟེ་གནས་ཁང་ལ་ད་བར་དུ་དཔང་རྟགས་གསལ་པོ་ལག་སོན་མ་བྱུང་ཡང་རྒྱ་ནག་གི་དུས་རྒྱུན་གྱི་སྤྱོད་ཚུལ་ལ་གཞིགས་ན་གནས་ཚུལ་འདི་དངོས་བདེན་མིན་པའི་ངེས་པ་རྩ་ནས་མེད་ཅེས་སྡོམ་ཚིག་བཀོད་འདུག

དབྱིན་ཡུལ་གཞུང་གིས་རྒྱ་ནག་གི་ཆེད་བཟོ་བྱས་པའི་བརྙན་མིག་བེད་སྤྱོད་གཏོང་རྒྱུ་མཚམས་འཇོག་གི་ཞུ་སྐུལ།

Free Tibetཞེས་པའི་དབྱིན་ཡུལ་གྱི་བོད་དོན་རྒྱབ་སྐྱོར་ཚོགས་པས་ཞིབ་འཇུག་བྱས་པའི་གྲུབ་དོན་དུ་དབྱིན་ཡུལ་གཞུང་གི་འབྲེལ་ཡོད་སྡེ་ཚན་གསུམ་གྱིས་རྒྱ་ནག་གཞུང་གི་སྟངས་འཛིན་འོག་ཡོད་པའི་Hikvision བཟོ་ལས་ཁང་གིས་ཆེད་བཟོས་བྱས་པའི་སོ་ལྟའི་བརྙན་མིག་བེད་སྤྱོད་གཏོང་བཞིན་ཡོད་པར་མངོན་གསལ་གནང་བ་དང་སྦྲགས། དབྱིན་ཡུལ་གཞུང་གིས་བརྙན་མིག་དེ་དག་འཕྲལ་དུ་ཕྱིར་འཐེན་གནང་དགོས་བའི་སྐུལ་མ་གནང་འདུག ཚོགས་པས་དེ་རིང་གནས་ཚུལ་དེ་དང་འབྲེལ་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་དུ། དབྱིན་ཡུལ་གཞུང་གིས་བེད་སྤྱོད་གཏོང་བཞིན་པའི་སོ་ལྟའི་བརྙན་མིག་དེ་དག་ནི་རྒྱ་ནག་གཞུང་གིས་བོད་མི་དང་ཡུ་གུར་མི་མང་ལ་དྲག་གནོན་བྱེད་རྒྱུར་བཀོལ་སྤྱོད་བྱེད་བཞིན་པའི་བརྙན་མིག་གི་རིགས་ཡིན་པར་གསལ་འགྲེལ་བྱས་འདུག ཚོགས་པ་དེས་ཡུལ་དེའི་ནང་བརྡ་འཕྲིན་རང་དབང་བེད་སྤྱོད་དང་འབྲེལ་ནས་གནས་ཚུལ་རྒྱུས་ལོན་བྱས་སྐབས། དབྱིན་ཡུལ་གྱི་འཕྲོད་བསྟེན་ལས་ཁུངས་དང་སྤྱི་ཚོགས་ཀྱི་བདེ་དོན་དང་རྒན་ཡོལ་གླ་དངུལ་སོགས་དང་འབྲེལ་བའི་སྡེ་ཚན། གཞན་ཡང་ཁྲིམས་ཁང་སོགས་ཀྱིས་རྒྱ་ནག་གིས་ཆེད་བཟོ་བྱས་པའི་བརྙན་མིག་དེ་དག་རིགས་བེད་སྤྱོད་གཏོང་བཞིན་པ་ར་སྤྲོད་བྱུང་སྐོར་གསུངས་བ་དང་འབྲེལ། རྒྱ་ནག་གིས་བཟོ་སྐྲུན་བྱས་པའི་བརྙན་མིག་དེ་དག་བེད་སྤྱོད་བྱེད་མཚམས་འཇོག་དགོས་བར་སྐུལ་མ་གནང་བ་མ་ཟད། བརྙན་མིག་དེ་དག་བེད་སྤྱོད་བྱས་པ་ཡིན་ན། བདེ་འཇགས་དང་འབྲེལ་བའི་གནས་ཚུལ་མང་པོ་ཞིག་རྒྱ་ནག་གི་ནང་དུ་རྟེན་གཞི་བྱས་པའི་གློག་ཀླད་དུ་བརྒྱུད་སྤྲོད་བྱེད་བཞིན་ཡོད་པའི་ཉེན་བརྡ་བཏང་འདུག དེ་ཙམ་མ་ཟད། དབྱིན་ཡུལ་གྱི་བདེ་སྲུང་ལྷན་ཁང་གིས་ཡུལ་དེའི་གཞུང་ལ་རྒྱ་ནག་གི་Hikvision བཟོ་ལས་ཁང་གིས་ཐོན་སྐྱེད་བྱས་པའི་བརྙན་མིག་དག་བེད་སྤྱོད་མི་བྱེད་རྒྱུའི་སྐུལ་མ་ཞུས་ཡོད་པའང་ར་སྤྲོད་བྱུང་བར་འགྲེལ་བརྗོད་དང་འབྲེལ། དབྱིན་ཡུལ་གཞུང་གི་ལས་ཁུངས་ཁག་ནས་བདེ་སྲུང་ལྷན་ཁང་གི་བཀའ་རྒྱ་ལ་རྩིས་མེད་བཏང་ཡོད་པ་གསལ་པོ་ཡིན་པ་དང་། བོད་དོན་རྒྱབ་སྐྱོར་ཚོགས་པ་དེའི་ངོས་ནས་བདེ་སྲུང་ལྷན་ཁང་དང་འཛིན་སྐྱོང་སྡེ་ཁག་ལ་གནད་དོན་དེའི་སྐོར་ནས་བཀའ་འདྲི་ཞུས་ཀྱང་། དེའི་སྐོར་གནས་ཚུལ་གང་ཡང་མཁོ་སྤྲོད་གནང་མེད་པ་རེད་འདུག བོད་དོན་རྒྱབ་སྐྱོར་ཚོགས་པས་རྒྱ་ནག་གི Hikvision བཟོ་ལས་ཁང་གིས་བོད་ནང་དང་ཡུ་གུར་ཁ་ཆེ་མི་མང་བཀག་སྐྱིལ་ཁང་དུ་གསང་ཞིབ་དང་འབྲེལ་བའི་གནས་ཚུལ་འཚོལ་ཞིབ་ཀྱི་ལག་ཆ་མཁོ་སྤྲོད་གནང་གི་ཡོད་པ་མངོན་གསལ་གྱིས། དབྱིན་ཡུལ་མི་མང་གིས་གཞུང་ལ་ཁྲལ་སྤྲད་པ་དེ་དག་སྲིད་གཞུང་གིས་Hikvision བཟོ་ལས་ཁང་གི་ཐོན་སྐྱེད་ཅ་དངོས་ཉོ་བར་བཏང་བ་ཡིན་ན། དོན་དུ་བོད་དང་ཤིན་ཅང་གི་ནང་དུ་དྲག་གནོན་བྱེད་རྒྱུར་རམ་འདེགས་བྱས་པ་དང་གཅིག་མཚུངས་ཡིན་པར་བསྒྲགས་ཏེ། Hikvision བཟོ་ལས་ཁང་གི་ཡོངས་འབབ་ཀྱི་བརྒྱ་ཆ་ ༤༢ ལྷག་རྒྱ་ནག་དམར་ཤོག་སྲིད་གཞུང་ལ་བདག་གི་ཡོད་པར་ཡོངས་གྲགས་གནང་འདུག Free Tibet བོད་དོན་རྒྱབ་སྐྱོར་ཚོགས་པས་དེར་འབྲེལ་དབྱིན་ཡུལ་གཞུང་གི་ཕྱི་སྲིད་ལྷན་ཁང་གི་དྲུང་ཆེ་ལ་རེ་སྐུལ་གནང་སྟེ། དབྱིན་ཡུལ་གཞུང་གིས་རྒྱ་ནག་གི་ Hikvision བཟོ་ལས་ཁང་གིས་བཟོ་སྐྲུན་བྱས་པའི་ཅ་དངོས་རྣམས་དབྱིན་ཡུལ་ནང་ངེས་པར་དུ་བཀག་སྡོམ་བྱས་ཏེ། རྒྱ་གཞུང་གིས་གྲངས་ཉུང་མི་རིགས་ཁག་ལ་དྲག་གནོན་བྱེད་བཞིན་པ་དེར་དབྱིན་ཡུལ་ངོས་ནས་མ་དངུལ་གྱི་རོགས་འདེགས་བྱེད་རྒྱུ་དེ་མཚམས་འཇོག་དགོས་བར་སྐུལ་མ་གནང་འདུག བོད་དོན་རྒྱབ་སྐྱོར་ཚོགས་པའི་དྲིལ་བསྒྲགས་དང་ཞིབ་འཇུག་འགན་འཛིན་ John Jones ལགས་ཀྱིས། དབྱིན་ཡུལ་གཞུང་གིས་རྒྱ་ནག་གི་Hikvision བཟོ་ལས་ཁང་ལ་མཐུན་འགྱུར་གནང་བ་དེ་ཡིས་ཕྱོགས་གཅིག་ནས་རྒྱ་ནག་གིས་བོད་མི་དང་ཡུ་གུར་ཁ་ཆེ་མི་མང་ལ་དྲག་གནོན་བྱེད་རྒྱུར་རྒྱབ་སྐྱོར་བྱས་བ་ཞིག་དང་། ཕྱོགས་གཞན་ཞིག་ནས་དབྱིན་ཡུལ་མི་མང་གི་བདེ་འཇགས་སྣང་མེད་ཀྱིས་ཉེན་ཁ་བཟོས་བ་ཞིག་ཡིན་པར་མངོན་གསལ་གྱིས། དབྱིན་གཞུང་གི་སྲིད་བློན་གྱིས་རྒྱ་ནག་གི་Hikvision བཟོ་ལས་ཁང་གི་ཅ་དངོས་ཉོ་ཚོང་བྱེད་རྒྱུ་མཚམས་འཇོག་དགོས་བ་མ་ཟད། དབྱིན་ཡུལ་ནང་དུ་བེད་སྤྱོད་གཏོང་བཞིན་པའི་ Hikvision བཟོ་ཚོང་ཁང་གི་སོ་ལྟའི་བརྙན་མིག་རྣམས་འཕྲལ་དུ་ཕྱིར་བསྡུ་བྱེད་རྒྱུའི་སྐུལ་མ་གནང་འདུག

ས་ཆ་གཞུང་བཞེས་ཀྱིས་ས་རིན་མ་སྤྲད་པའི་རྐྱེན་གྱིས་བོད་མིས་ངོ་རྒོལ་གནང་བ།

རྒྱ་གཞུང་གིས་ཟླ་ཤས་སྔོན་བོད་སྐྱེ་རྒུ་མདོ་ཁུལ་གྱི་སྡོམ་མདའ་ཡུལ་ཚོའི་རྫ་དམར་སྐར་ཆེན་སུམ་མདོ་རུ་སྤྱི་གླིང་རྒྱག་རྒྱུར་ཁ་གཡར་ནས་ཡུལ་མིའི་ས་ཆ་ཕོན་ཆེན་ཞིག་གཞུང་བཞེས་བྱས་པར་མ་ཟད་འབྲེལ་ཡོད་བོད་མི་རྣམས་ལ་ད་བར་ས་རིན་གང་ཡང་སྤྲད་མེད་སྟབས་ཁུལ་དེའི་བོད་མི་རྣམས་ཀྱིས་དེར་ངོ་རྒོལ་གནང་འདུགགནས་ཚུལ་རྒྱུས་མངའ་ཡོད་པའི་བོད་མི་ཞིག་གིས་འགྲེལ་བརྗོད་གནང་དོན་ལྟར་ན་རྒྱ་ནག་གཞུང་གིས་མཚོ་སྔོན་ཞིང་ཆེན་དུ་ས་བགོས་བྱས་པའི་སྐྱེ་རྒུ་མདོའི་ཁུལ་སྡོམ་མདའ་ཡུལ་ཚོའི་རྫ་དམར་སྐར་ཆེན་སུམ་མདོ་རུ་རྒྱལ་ཁབ་ཀྱི་སྤྱི་གླིང་གསར་རྒྱག་བྱ་འཆར་འོག་ས་གནས་ཡུལ་མིའི་ས་ཆ་སྤྱི་ལེ་གྲུ་བཞི་མ་ལྔ་ཙམ་གཞུང་བཞེས་བཏང་སྟེ་ས་རིན་རྗེས་སུ་སྤྲད་རྒྱུ་ཡིན་སྐོར་བཤད་ཡོད་ཀྱང་ད་བར་ས་རིན་གང་ཡང་སྤྲད་མེད་སྟབས། ཟླ་བ་འདིའི་ཕྱི་ཚེས་ ༡༣ ཉིན་ས་གནས་ཡུལ་མི་དང་རྒྱ་གཞུང་གི་ལས་བྱེད་དབར་ཁ་འཛིང་ཤོར་འདུག ཤེས་རྟོགས་བྱུང་བར་ཚེས་  ༡༠ ཉིན་ཡུལ་མི་ཁག་ཅིག་གིས་ས་གནས་སྲིད་གཞུང་གི་ལས་བྱེད་སྐད་བཏང་སྟེ་ས་རིན་མ་སྤྲད་པའི་གནས་ལུགས་གང་ཡིན་ཞུས་ཡོད་ཀྱང་དེར་རོགས་རམ་བྱ་རྒྱུ་ལས་ལྡོག་ནས་ས་ཆ་དེ་དག་རྒྱལ་ཁབ་ཀྱི་ཡིན་ཚུལ་དང་རྒྱལ་ཁབ་ཀྱིས་ས་ཆ་དེ་རྒྱལ་ཁབ་ཀྱི་འཛུགས་སྐྲུན་ཆེད་སྤྱོད་ཆོག་པའི་བདག་དབང་ཡོད་སྐོར་བཤད་སྐབས་བོད་མི་རྣམས་ཀྱིས་སྤྱི་གླིང་གསར་རྒྱག་གི་ལས་འཆར་ལ་མི་འདོད་པའི་རྣམ་པ་ཤུགས་ཆེན་བསྟན་པར་བརྟེན་ལས་གཞི་དེ་གནས་སྐབས་རིང་མཚམས་བཞག་འདུག སྐབས་དེར་ཡུལ་མི་དང་རྒྱ་རིགས་ལས་བྱེད་དབར་འཁྲུག་འཛིང་ཤོར་ཡང་མི་སུ་གང་ལ་ཡང་རྨས་སྐྱོན་ཕོག་མེད་པ་དེ་ལྟར་ཡང་། ཡུལ་མི་ཚོས་ལག་ཐོགས་ཁ་པར་ནང་བླངས་པའི་འདྲ་པར་དང་བརྙན་ཐུང་རྣམས་བཙན་དབང་གིས་སུབ་དགོས་པའི་གནས་སྟངས་གྱུར་བར་མ་ཟད་བོད་མི་དེ་དག་ལ་རྗེས་སུ་གནས་ཚུལ་གང་འཕྲད་ཀྱི་ཡོད་མེད་ཚོད་དཔག་དཀའ་སྐོར་གྱི་ཉེན་བརྡ་བཏང་ཡོད་པ་རེད། གཞི་རྩའི་བོད་ནང་འདས་པའི་ལོ་ངོ་ ༢༠ ལྷག་གི་ནང་རྒྱ་ནག་གིས་རྩྭ་ས་སྲུང་སྐྱོབ་སོགས་ལ་ཁག་གཡར་ནས་བོད་ཁུལ་གྱི་འབྲོག་ཁྱིམ་སྟོང་ཕྲག་མང་པོ་བཙན་དབང་གིས་གནས་སྤོར་གྱི་སྲིད་བྱུས་ལག་བསྟར་བྱས་ཏེ་འབྲོག་ཁྱིམ་མང་པོ་གྲོང་བརྡལ་དུ་གནས་སྤོར་བྱས་དང་བྱེད་མུས་ཡིན་པར་མ་ཟད། རང་བྱུང་ཁོར་ཡུག་དང་རི་སྐྱེས་སྲོག་ཆགས་རྣམས་ཀྱི་སྲུང་སྐྱོབ་ཆེད་དུ་ཡིན་ཚུལ་འོག་བོད་ཁུལ་གྱི་རྨ་འབྲི་རྫ་གསུམ་གྱི་འགོ་ཁུངས་སུ་ཡུལ་སྐོར་སྤྲོ་འཆམ་པའི་དམིགས་འབེན་ལྟ་བུའི་རྒྱལ་ཁབ་རིམ་པའི་སྤྱི་གླིང་ཆེ་ཁག་གསར་རྒྱག་གི་ལས་འཆར་སྤེལ་དང་སྤེལ་བཞིན་པའི་གནས་སྟངས་ཁྲོད་འབྲོག་ཁྱིམ་གནས་སྤོར་གྱི་ལས་གཞི་དེ་སྔར་ལས་ཛ་དྲག་ཆེ་བའི་ངོ་བོར་གྱུར་ཡོད།

ཁྲི་འདུ་རྫོང་དུ་གཞུང་འབྲེལ་ལས་དོན་ནང་བོད་ཀྱི་སྐད་ཡིག་ཚད་ལྡན་སྤྱོད་དགོས་པའི་བཀོད་ཁྱབ།

རྒྱ་ནག་གཞུང་གིས་བོད་མཚོ་སྔོན་ཞིང་ཆེན་ཡུ་ཤུལ་བོད་རིགས་རང་སྐྱོང་ཟེར་བའི་འཛིན་སྐྱོང་འོག་དབྱེ་བའི་ཁྲི་འདུ་རྫོང་གི་ས་གནས་གཞུང་ནས་ཉེ་ལམ་དོན་ཚན་བདུན་ཅན་གྱི་མི་རིགས་སྐད་ཡིག་ལས་དོན་གྱི་ལོ་འཇུག་དཔྱད་ཞིབ་དམིགས་ཚད་ཞེས་པ་ཞིག་འདོན་སྤེལ་གནང་བར་རྫོང་དེའི་ལས་ཁུངས་སོ་སོའི་རྒྱུན་ལྡན་གྱི་ལས་དོན་ནང་བོད་ཀྱི་སྐད་ཡིག་ཚད་ལྡན་བཀོད་སྤྱོད་གཏང་བར་མཐོང་ཆེན་དང་ལས་ཁུངས་སོ་སོར་མི་རིགས་སྐད་ཡིག་ཆེད་ལས་ཀྱི་མི་སྣ་རེ་བསྐོ་གཞག་དགོས་པ་འཁོད་འདུག ལོ་མཇུག་དཔྱད་ཞིབ་དམིགས་ཚད་ཀྱི་ནང་དོན་བདུན་པོ་དེ་དག་ནང་དུ་ལས་ཁུངས་སོ་སོས་རྒྱུན་ལྡན་གྱི་ལས་དོན་ནང་བོད་ཀྱི་སྐད་ཡིག་ཚད་ལྡན་སྤྱོད་གལ་དང་ལས་ཁུངས་སོ་སོར་མི་རིགས་སྐད་ཡིག་ཆེད་ལས་ཀྱི་མི་སྣ་རེ་བསྐོ་གཞག་དགོས་པ། ལས་ཁུངས་སོ་སོས་སྒོ་བྱང་། གགཞུང་ཡིག་གི་ཡིག་མགོ། ལག་འཁྱེར། འཕྲེད་དར། འབོད་ཚིགསྤྱི་བསྒྲགས། མཚོན་རྟགས་སོགས་སུ་བོད་རྒྱ་གཉིས་ཀྱི་སྐད་ཡིག་སྤྱོད་དགོས་པར་མ་ཟད་འབྲེལ་ཡོད་སྤྱི་ཚོགས་ཀྱི་ཡིག་རིགས་ཡིག་སྒྱུར་གནང་བརངེས་པར་དུ་རྫོང་མི་རིགས་སྐད་ཡིག་གཞུང་ལས་ཁང་ལ་བསྐྱར་ཞིབ་སླད་ཡར་ཞུ་བྱེད་དགོས་པ་འཁོད་འདུག དེ་བཞིན་བོད་རྒྱ་གཉིས་ཀྱི་སྐད་ཡིག་བེད་སྤྱོད་ཚད་ལྡན་དང་གཅིག་གྱུར་ཡིན་དགོས་ལ། གོ་རིམ་དེ་ཡང་བོད་ཡིག་གོང་དང་རྒྱ་ཡིག་འོག་ཡང་ན་བོད་ཡིག་གཡོན་དང་རྒྱ་ཡིག་གཡས་སུ་བཞག་དགོས་སྐོར། ལས་ཁུངས་སོ་སོས་ཆབ་སྲིད་དང་ཁྲིམས་དེ་བཞིན་ཤེས་ཡོན་སློབ་གསོ་དང་འཕྲོད་བསྟེན་སོགས་ཀྱི་ཁྱབ་བསྒྲགས་ཀྱི་རྒྱུ་ཆ་དང་ཁྱབ་བསྒྲགས་རྣམས་བོད་རྒྱ་གཉིས་ཀྱི་སྒོ་ནས་སྤེལ་དགོས་པ་དང་། གྲོང་གསེབ་དང་འབྲོག་ཁུལ་ལ་སྲིད་བྱུས་ཁྲིམས་སྲོལ། གལ་ཆེའི་ཡིག་ཆ་རིགས་དང་ཁྱབ་བསྒྲགས་ཀྱི་རྒྱུ་ཆ་ཁྱབ་སྤེལ་བྱས་པ་རྣམས་བོད་ཡིག་གཙོ་བོར་སྤྱོད་དགོས་པ། ལས་ཁུངས་སོ་སོས་དབུས་དང་ཞིང་ཆེན། རྫོང་བཅས་ཀྱི་ཡིག་ཆ་གལ་ཆེར་སློབ་སྦྱོང་བྱེད་དགོས་པ། ཁེ་ལས་ཀྱི་སྡེ་ཁག་གིས་བོད་མིའི་གཏོང་ཡིག་འབྱོར་ལེན་དང་སྣེ་ལེན་སྐབས་ངོ་བཅར་གྱི་མང་ཚོགས་ཀྱིས་སྐད་ཡིག་དེ་སྤྱོད་དགོས་པ། དུས་མཚམས་རེ་རེའི་ཁྲི་འདུ་རྫོང་མི་རིགས་སྐད་ཡིག་གཞུང་ལས་ཁང་ལ་བོད་རྒྱ་སྐད་གཉིས་ཀྱི་ལས་དོན་སྐོར་སྙན་སྒྲོན་ཞུས་དགོས་པར་འཁོད་འདུགགྲོང་རྡལ་གྱི་ཏང་གི་ཨུ་ཡོན་སྲིད་གཞུང་སོ་སོ་དང་རྫོང་ལས་ཁུངས་སྡེ་ཚན་ཁག་གིས་ངེས་པར་དུ་མི་རིགས་སྐད་ཡིག་བེད་སྤྱོད་ཚད་ལྡན་བཏང་བ་མ་ཟད་ལས་དོན་ཁྲོད་སྐད་གཉིས་བེད་སྤྱོད་དང་། སླད་མར་མི་རིགས་སྐད་ཡིག་གཅིག་གྱུར་བེད་སྤྱོད་བཏང་བ་དང་རྒྱལ་ཁབ་མཐུན་སྒྲིལ་བསྐྲུན་ཐབས་ཀྱི་ལས་དོན་ལག་བསྟན་ནན་མོ་བྱས་ཏེ་བདེ་ཐང་གི་ཁོར་ཡུག་བསྐྲུན་ཐབས་དང་ཁྲི་འདུ་མང་ཚོགས་ལ་གནས་ཚུལ་སྟབས་བདེའི་སྤྲད་ཐབས་སུ་ཞབས་ཞུ་བསྒྲུབ་དགོས་པ་བཅས་ཆེད་བཀོད་བྱས་ཡོད།ཁྲི་འདུ་རྫོང་སྲིད་གཞུང་གིས་ད་རེས་བོད་ཀྱི་སྐད་ཡིག་ལ་མཐོང་ཆེན་འདི་ལྟར་བྱས་པའི་གནས་ཚུལ་དེ་ཐོན་འཕྲལ་སྤྱི་ཚོགས་དྲ་ལམ་ནང་བོད་མི་ཁག་ཅིག་གིས་དེ་ནི་རྒྱ་ནག་གི་སྲིད་བྱུས་གསར་པ་ཆེ་གྲས་ཤིག་ལ་ངོས་འཛིན་དང་ལ་ལས་སྲིད་བྱུས་དེ་རྒྱུན་འཛིན་ཇི་ཙམ་ཐུབ་མིན་ཐོག་དོགས་དྲི་གནང་བཞིན་འདུག རླུང་འཕྲིན་ཁང་གིས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་ཀརྨ་བསྟན་འཛིན་ལགས་སུ་བཅར་འདྲི་ཞུས་པར་ཁོང་གིས་ཁྲི་འདུ་སྲིད་གཞུང་ནས་ད་རེས་བཏང་བའི་གསལ་བསྒྲགས་དེ་ད་ཆ་བོད་ནང་སྐད་ཡིག་ཐད་དམ་དྲག་ཤུགས་ཆེ་བྱེད་བཞིན་པའི་དུས་ཚིགས་ཁྲོད་བཏང་བ་ནི་ཡ་མཚན་ཞིག་དང་ལྷག་པར་དུ་ཁྲི་འདུ་རྫོང་ནང་དེ་ལྟར་ཡོངས་གྲགས་བྱས་པ་ནི་གཅིག་བྱས་ན་ས་གནས་ནང་འགོ་ཁྲིད་བརྗེ་ཡོད་སྲིད་ལ། གཞན་གསལ་བསྒྲགས་བཏང་བ་ཙམ་མ་གཏོགས་ཕུགས་རྒྱང་རིང་པོར་སྲིད་བྱུས་དེ་ལག་བསྟར་བྱེད་ཀྱི་མ་རེད་ཅེས་གསུངས་ཡོད།གཞི་རྩའི་རྒྱ་ནག་གཞུང་གིས་བོད་ནང་སྐད་གཉིས་སློབ་གསོའི་སྲིད་བྱུས་ཞེས་པའི་མིང་བྱང་འོག་བོད་ནང་གི་སློབ་གྲྭ་མང་ཆེ་བའི་ནང་རྒྱ་སྐད་གཙོ་འགྱུར་བྱས་ནས་འགྲོ་ཡི་ཡོད་པ་དང་བོད་ཀྱི་ས་ཁུལ་གང་སའི་སྒོ་བྱང་ཐོག་བོད་ཡིག་ལས་རྒྱ་ཡིག་གོང་དུ་བྲིས་ཏེ་བོད་ཀྱི་སྐད་ཡིག་དེ་རིམ་པ་གཉིས་པར་རྩིས་ཀྱི་ཡོད་པ་རེད། ཉེ་ལམ་ཨ་རིར་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་རྒྱ་གཞུང་གིས་བོད་མི་གཙོས་གྲངས་ཉུང་མི་རིགས་རྣམས་ཀྱི་སྐད་ཡིག་ལ་ཆེས་དམ་དྲག་གིས་རྒྱ་ཡིག་དེ་གལ་གནད་དང་པོར་བཞག་མུས་དང་ལྷག་དོན་གཞི་རིམ་སློབ་གྲྭ་དང་བུ་བཅོལ་ཁང་ལ་རྒྱའི་སྐད་ཡིག་གཙོ་གཉེར་བྱས་ཡོད་སྐོར་གྱི་སྙན་ཐོ་འདོན་སྤེལ་གྱིས་གནད་དོན་དེའི་ཐོག་ཐུགས་ཚབ་ཀྱི་རྣམ་པ་ཤུགས་ཆེ་བཏོན་ཡོད།

མཚོ་སྔོན་ཁུལ་གྱི་དགོན་པ་ཁག་ཅིག་ནས་གྲྭ་གཞོན་རྣམས་ཕྱིར་ཕུད་གཏོང་བཞིན་པ།

ད་སྐབས་རྒྱ་ནག་གིས་བོད་ཁུལ་དུ་ལོ་དགུའི་འོས་འགན་སློབ་གསོའི་ཞེས་པའི་ཁ་གཡང་གི་འོག་ནས་དགོན་པ་ཁག་ཏུ་གྲྭ་གཞོན་རྣམས་ཕྱིར་ཕུད་གཏོང་གི་ཡོད་པའི་གནས་ཚུལ་ཐོན་འདུགདེ་རིང་འདི་གའི་གསར་ཁང་ལ་བཞུགས་སྒར་ཁུལ་གྱི་བོད་གནས་ལྟ་ཞིབ་ཁང་གི་ཉམས་ཞིབ་པ་པདྨ་རྒྱལ་ལགས་ཀྱིས་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ཟླ་བ་སྔོན་པའི་ཚེས་༢༠ ནས་བཟུང་རྒྱ་གཞུང་གིས་མཚོ་སྔོན་ཁུལ་གྱི་བྱ་ཁྱུང་དགོན་དང་ངྷི་ཚ་དགོན་གཉིས་སུ་གྲ་པ་བརྒྱད་བཅུ་ཕྱིར་ཕུད་བཏང་ཟིན་པ་དང་དེ་མིན་གྱི་དགོན་སྡེ་ཁག་ཡོངས་སུ་རང་ལོ་བཅོ་བརྒྱད་མ་ལོན་པའི་དགེ་འདུན་པ་རྣམས་ཕྱིར་ཕུད་ཀྱི་གནས་ཚུལ་བྱུང་བཞིན་ཡོད་པ་རེད་འདུག ཁོང་གིས་གསན་ཚུལ་རྒྱུས་ལོན་བྱས་པ་ལྟར་ན།  བོད་ནང་གི་མཚོ་སྔོན་མཚོ་ཤར་བ་ཡུན་རྫོང་མངའ་ཁོངས་ཀྱི་བྱ་ཁྱུང་དགོན་པའི་དགེ་འདུན་པ་ ༣༠ དང་ངྷི་ཚ་དགོན་པའི་གྲ་པ ༥༠ བཅས་ཁྱོན་གྲ་པ་༨༠ ལྷག་ཟླ་བ་སྔོན་མའི་ཕྱི་ཚེས་༢༡་དང་༢༢་བར་ལ་རྒྱ་ནག་གཞུང་གི་མི་སྣ་སླེབས་ནས་བཙན་གྱི་རང་རང་སོ་སོའི་ཁྱིམ་ནང་དུ་བསྐྱལ་ཡོད་པ་དང་། རྒྱ་ནག་གཞུང་གི་བཤད་དོན་གཙོ་བོ་རང་ལོ་བཅོ་བརྒྱད་མ་ལོན་ན་གྲྭ་པ་བྱས་མི་ཆོག་ཟེར་བ་དེ་རེད་འདུག    ད་ལྟའི་ཆར་ཡང་བ་ཡུན་རྫོང་མངའ་ཁོངས་ཀྱི་དགོན་པ་ཁག་ཡོངས་སུ་སྲིད་ཇུས་དེ་ལག་བསྟར་བྱེད་བཞིན་པའི་སྒང་ཡིན་པ་དང་དགོན་པ་གཞན་ནས་གྲྭ་པ་ཅི་ཙམ་ཕྱིར་ཕུད་བཏང་བའི་གྲངས་ཀ་གསལ་བོར་ཤེས་རྟོགས་བྱེད་ཐབས་བྲལ་ཡང་མཚོ་སྔོན་ཁུལ་གྱི་དགོ་ཁག་མང་པོ་ཞིག་ལ་དཀའ་ངལ་བཟོ་བཞིན་པའི་སྐབས་ཡིན་པ་རེད་འདུག གཞན་ཡང་ཁོང་གིས།  ངྷི་ཚ་དགོན་ཆེན་དང་བྱ་ཁྱུང་དགོན་པ་གཉིས་སུ་གྲ་པ་བརྒྱད་བཅུ་ཕྱིར་ཕུད་རྗེས་ནས་བཟུང་དགོན་ནང་དུ་རྒྱ་ནག་གཞུང་གི་དམག་མི་འགྲེམས་འཇོག་གིས་ཕྱིར་ཕུད་བཏང་ཟིན་པའི་གྲ་བ་དེ་དག་ཕྱིར་དགོན་ནང་དུ་ཡོང་མ་བཅུག་པར་བཀག་འགོག་བྱས་ནས་བསྡད་ཡོད་པ་དང་། ཕྱིར་ཕུད་བཏང་ཟིན་པའི་གྲ་བ་དེ་དག་ཕྱིར་རང་ཁྱིམ་དུ་འབྱོར་བ་ནས་བཟུང་ལུས་ལ་གྲ་ཆས་གྱོན་མི་ཆོག་པའི་བཀའ་རྒྱ་བཏང་ཡོད་པ་ཤེས་རྟོགས་བྱུང་ཡོད་ཀྱང་།  མ་འོངས་བར་གྲ་གཞོན་དེ་དག་སློབ་གྲ་གཏོང་གི་ཡོད་མེད་གསལ་བཤད་བྱས་མེད་པ་རེད་འདུག པདྨ་རྒྱལ་ལགས་ཀྱིས་ཕྱིར་ཕུད་བཏང་ཟིན་པའི་གྲ་པ་དེ་དག་གི་ཕ་མ་སྤུན་མཆེད་ཚོའི་དགོངས་ཚུལ་ལྟ་ར་ན།  བྱིས་པ་རང་ལོ་བཅོ་བརྒྱད་མ་ལོན་པའི་གོང་ལ་དགོན་པར་བསྐྱལ་ནས་གྲ་པ་བྱས་བ་དེ་ནི་གཅིག་ནས་ང་ཚོ་བོད་བརྒྱུད་ནང་བསྟན་གྱི་རྗེས་འཇུག་པ་ཞིག་ཡིན་པ་དང་གཉིས་ནས་གྲ་པ་རྒས་གཅོང་གི་རིགས་ལ་ལྟ་རྟོག་ཐུབ་རྒྱུ། གསུམ་ནས་ཆུང་དུས་ནས་ཆོས་སྒོར་ཞུགས་ནས་དགོན་སྡེ་སློབ་གསོ་འོག་འཚར་ལོངས་བྱུང་བ་ཡིན་ན་སྤྱི་ཚོགས་ནང་གི་ཟིང་ཟིང་གི་རིགས་ལ་འགོ་འཁོར་ནས་མི་འདུག་པར་ཕུག་བསམ་འགྲུབ་ཐུབ་པ་ཡིན་ལུགས་བརྗོད་སོང་། གཞན་ཡང་ཁོང་གིས་སྤྱིར་བཏང་རྒྱ་ནག་གིས་བོད་ཀྱི་དགོན་གྲོང་ཁག་ནས་གྲྭ་བཙུན་ཕྱིར་འཕུད་གཏོང་གི་ཡོད་པ་དེ་དམིགས་བསལ་གྱི་གསར་བ་གང་ཡང་མིན་ནའང་། ད་ལོ་ནས་བཟུང་མཚོ་སྔོན་ཞིང་ཆེན་གྱི་ཁུལ་དུ་བོད་ཁུལ་གྱི་སློབ་གྲྭ་ཁག་གི་ནང་དུ་གཙོ་རྒྱུགས་ཀྱི་སྐད་ཡིག་དེ་རྒྱ་སྐད་རྒྱ་ཡིག་གཙོར་བཟུང་བྱེད་དགོས་བ་དང་། དེ་བཞིན་བོད་བརྒྱུད་ནང་བསྟན་གྱི་སློབ་གླིང་གི་གྲྭ་བཙུན་ཚང་མས་རྒྱ་སྐད་རྒྱ་ཡིག་སྦྱོང་དགོས་བ་སོགས་དང་འབྲེལ་བ་ཡོད་པ་ཞིག་ཡིན་པ་མ་ཟད། རྒྱ་ནག་གིས་འདི་ལོར་བསྒྲགས་པའི་ཆོས་ལུགས་ལས་དོན་སྲོལ་ཡིག་ཅེས་པའི་ནང་དུ་ཡང་ལོ་ཆུང་བྱིས་པ་གྲྭར་ཞུགས་བྱས་མི་ཆོག་པ་འཁོད་ཡོད་སྟབས། ད་ཆ་དངོས་སུ་དེ་དག་ལག་བསྟར་གནང་གི་ཡོད་པ་ཞིག་ཡིན་པར་འགྲེལ་བརྗོད་གནང་སོང་།

ཕྱི་ལོ་ ༡༩༤༢ ནས་ ༦༢ བར་གྱི་ལོ་རྒྱུས་ཀྱི་འཕོ་འགྱུར་ཆེ་ཤོས་དེ་རྒྱ་ནག་བཅིངས་གྲོལ་དམག་མི་བོད་ནང་འཛུལ་འགོ་ཚུགས་པ་དེ་ཆགས་ཡོད།

རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་ཟུར་པ་དང་རྒྱ་ནག་ནང་ལ་རྒྱ་གར་གྱི་གཞུང་ཚབ་པའི་ཐུགས་འགན་བཞེས་མྱོང་ཡོད་པ་ལྕམ་ Nirupama Rao ལགས་ཀྱིས་ཕྱི་ལོ་ ༡༩༤༢ ནས་ ༦༢ བར་གྱི་ལོ་རྒྱུས་ཀྱི་འཕོ་འགྱུར་ཆེ་ཤོས་དེ་རྒྱ་ནག་བཅིངས་གྲོལ་དམག་མི་བོད་ནང་འཛུལ་འགོ་ཚུགས་པ་དེ་ཆགས་ཀྱི་ཡོད་པ་མ་ཟད། སྐབས་དེའི་རྒྱ་གར་གཞུང་གི་ནོར་འཁྲུལ་ཆེ་ཤོས་དེ་བོད་ནང་ཡོད་པའི་རང་ཉིད་ཀྱི་རང་དབང་དང་ཐོབ་ཐང་ཁག་བློས་བཏང་པ་དེ་རེད་ཅེས་གསུངས་འདུགདེ་ཡང་ཉེ་ཆར་ཕྱེ་ཚེས་ ༢༥ ཉིན་ལྕམ་ Nirupama Rao ལགས་ཀྱིས་ The Fractured Himalaya: India Tibet China 1949-62 ཆག་གྲུམ་ཤོར་བའི་ཧི་མ་ལ་ཡ། རྒྱ་གར། བོད་དང་རྒྱ་ནག ༡༩༤༩ ནས་ ༦༢ ཞེས་འཁོད་པའི་རྒྱལ་རབས་ལོ་རྒྱུས་དང་འབྲེལ་བའི་དཔེ་དེབ་གསར་པ་ཞིག་འདོན་སྤེལ་གནང་ཡོད་པ་དང་། དཔེ་དེབ་དེའི་ནང་དོན་དང་འབྲེལ་བརྒྱུད་ལམ་གྱིས་བཅར་འདྲི་གནང་བའི་ལས་རིམ་ཐོག་ལྕམ་ Nirupama Rao ལགས་ནས། དཔེ་དེབ་དེ་ནི་ད་ཆ་འཚར་ལོངས་བྱུང་བཞིན་པའི་གཞོན་སྐྱེས་ཚོ་ལ་ཕྱི་ལོ་ ༡༩༤༢ ནས་ ༦༢ བར་གྱི་རྒྱ་གར་དང་བོད། རྒྱ་ནག་བཅས་ཀྱི་རྙོག་འཛིངས་ཅན་གྱི་གནད་དོན་རྣམས་ངོ་སྤྲོད་བྱེད་རྒྱུར་དམིགས་པ་ཞིག་ཡིན་ཞེས་གསུངས་འདུགམ་ཟད་ཁོང་ནས་སྐབས་དེར་རྒྱ་གར་གྱི་སྲིད་བློན་དམ་པ་ Nehru མཆོག་གིས་རྒྱ་ནག་དང་འབྲེལ་བ་འཇོག་སྟངས་ལས་འཕྲོས་ཏེ། དུས་སྐབས་དེར་བོད་ཀྱི་རྒྱལ་ས་ལྷ་སར་ཡོད་པའི་རྒྱ་གར་གཞུང་གི་ལས་བྱེད་ Sumul Sinha ལགས་ནས། རྒྱ་ནག་བོད་ནང་དུ་འཛུལ་སོང་། ཧི་མ་ལ་ཡའི་གནས་བབ་རང་སོར་གནས་མ་སོང་ཞེས་རྒྱ་གར་གཞུང་ལ་བརྡ་ལན་བཏང་ཡོད་པ་དེ་ཡིས་ Nehru མཆོག་གིས་རྒྱ་ནག་བོད་ནང་འཛུལ་བ་དེ་ཡིས་རྒྱ་གར་ལ་ཉེན་ཚབས་དང་གདོང་ལེན་བྱེད་དགོས་པའི་གནས་སྟངས་མི་ཉུང་བ་ཞིག་འཕྲད་ངེས་ཡིན་པ་ཤེས་ཡོད་ཀྱང་། སྐབས་དེར་རྒྱ་གར་གྱིས་རྒྱ་ནག་ཐོག་བཟུང་བའི་སྲིད་བྱུས་གཙོ་བོ་དེ་རྒྱ་ནག་ལ་ཕོག་ཐུགས་མེད་པའི་འབྲེལ་བ་དམ་ཟབ་ཅིག་གི་ཐོག་ནས་རྒྱ་ནག་དང་རྒྱ་གར་གཉིས་ཨེ་ཤ་ཡའི་ནང་གི་རྒྱལ་ཁབ་གཙོ་གྲས་ཤིག་ཏུ་འགྱུར་རྒྱུའི་བསམ་བློ་དེ་ཡིན་པ་དང་། ད་ལྟའི་ཆ་ལ་སྐབས་དེའི་ཐག་གཅོད་ལ་ལྟ་སྐབས་ཐག་གཅོད་དེ་ནི་ནོར་བ་ཙམ་དུ་མ་ཟད། རྒྱ་གར་གྱིས་རྒྱ་ནག་དང་འབྲེལ་བའི་རྩིས་ལོག་ཐེབས་པ་ཞིག་ཀྱང་རེད་ཅེས་གསུངས་འདུག འོན་ཀྱང་སྐབས་དེའི་རྒྱ་གར་གཞུང་གི་ཐག་གཅོད་དེ་དག་རྐང་རྒྱ་གར་རང་ཉིད་ཀྱི་བདེ་དོན་ཐོག་ལ་བསམ་བློ་བཏང་བ་ཞིག་ཡིན་སྟབས། ད་ལྟའི་དཀའ་རྙོག་ཚང་མ་སྲིད་བློན་དམ་པ་ Nehru མཆོག་ལ་ཁག་དཀྲི་བྱས་པ་ཙམ་གྱིས་དཀའ་ངལ་ཁག་སེལ་མི་ཐུབ་ཅེས་ཞེས་གསུངས་འདུགདེ་བཞིན་ལྕམ་ Nirupama Rao ལགས་ཀྱིས་ཕྱི་ལོ་ ༡༩༤༢ ནས་ ༦༢ བར་གྱི་ལོ་རྒྱུས་ཀྱི་འཕོ་འགྱུར་ཆེ་ཤོས་དེ་ཕྱི་ལོ་ ༡༩༥༠ ལོ་ལ་རྒྱ་ནག་བཅིངས་གྲོལ་དམག་མི་བོད་ནང་འཛུལ་རྒྱུ་འགོ་ཚུགས་པ་དེ་ཆགས་ཀྱི་ཡོད་པ་དང་། དེའི་གོང་ལ་བོད་ཀྱི་བདག་དབང་རྒྱ་ནག་ལ་མེད་ཀྱང་། ཕྱོགས་གཞན་ཞིག་ནས་སྐབས་དེར་རྒྱལ་ཚོགས་གཙོས་པའི་ཨ་རི་སོགས་རྒྱལ་སྤྱིའི་རྒྱལ་ཁབ་སུ་ཞིག་ནས་ཀྱང་བོད་འདི་རང་དབང་གཙང་མའི་རྒྱལ་ཁབ་ཅིག་ཡིན་པར་ངོས་འཛིན་ཡང་བྱས་མེད་སྟབས། རྒྱ་གར་གཙོས་པའི་རྒྱལ་ཁབ་སུ་ཞིག་ནས་ཀྱང་རྒྱ་ནག་བོད་ནང་འཛུལ་བའི་གནད་དོན་ཐོག་ལ་དགག་པ་བསྐྱོན་མེད་པ་རེད་ཅེས་གསུངས་པ་དང་ཆབས་ཅིག སྐབས་དེར་རྒྱ་གར་ངོས་ནས་བོད་ལ་དམག་སོགས་ཀྱི་རྒྱབ་སྐྱོར་བྱེད་ཐུབ་མེད་ནའང་། བོད་མི་ཚོས་རྒྱལ་ཚོགས་ལ་ཞུ་གཏུགས་གནང་པའི་སྐབས་སུ་རྒྱ་གར་གི་ངོས་ནས་རྒྱབ་སྐྱོར་བྱེད་རྒྱུའི་གོ་སྐབས་བཟང་པོ་ཞིག་ཡོད་པ་དེ་ལེན་ཐུབ་མེད་པ་རེད་ཅེས་གསུངས་འདུག གཞན་ཡང་དཔེ་དེབ་དེའི་ནང་ལ་སྐབས་དེའི་རྒྱ་གར་གྱི་འགོ་ཁྲིད་ཚོས་རྒྱ་ནག་ལ་ལྟ་སྟངས་མི་འདྲ་བ་ཇི་བྱུང་སྐོར་དང་འབྲེལ། ཕྱི་ལོ་ ༡༩༤༧ ནས་ ༡༩༥༠ བར་རྒྱ་གར་གྱི་སྲིད་བློན་གཞོན་པའི་ཐུགས་འགན་བཞེས་མཁན་སྐུ་ཞབས་དམ་པ་ Sardar་ Patel མཆོག་ནས་རྒྱ་ནག་བོད་ནང་འཛུལ་བའི་གནད་དོན་དེས་བོད་ཙམ་མ་ཟད་རྒྱ་གར་ལ་ཡང་ཤུགས་རྐྱེན་ངན་པ་ཞིག་ཐེབས་རྒྱུ་རེད་ཅེས་ཡོངས་གྲགས་སུ་རྒྱ་ནག་ལ་སྐྱོན་བརྗོད་ཆེན་པོ་བྱེད་མཁན་ཞིག་ཡིན་ཡང་། སྟབས་མ་ལེགས་པ་ཞིག་ལ་ཁོང་ཕྱི་ལོ་ ༡༩༥༠ ལོར་དགོངས་པ་རྫོགས་ཏེ་རྒྱ་གར་གཞུང་གིས་རྒྱ་ནག་དང་འབྲེལ་བའི་ཐག་གཅོད་མང་དག་ཅིག་ཁོང་མེད་པའི་སྐབས་སུ་བྱེད་དགོས་བྱུང་ཡོད་པ་སོགས་འགྲེལ་བརྗོད་དང་སྦྲགས། གལ་སྲིད་སྐབས་དེའི་ཐག་གཅོད་ཀྱི་བརྒྱུད་རིམ་སྐབས་སུ་སྐུ་ཞབས་དམ་པ་ Sardar Patel ལགས་ཡོད་པ་ཡིན་ན་གནས་སྟངས་གང་འདྲ་ཞིག་ཆགས་ཡོད་མེད་བཤད་ཚོད་ཁག་པོ་ཡིན་ཡང་། སྐབས་དེའི་སྲིད་བློན་དམ་པ་ Nehru མཆོག་གི་དབུ་ཁྲིད་པའི་རྒྱ་གར་གཞུང་གི་ནོར་འཁྲུལ་ཆེ་ཤོས་དེ་རྒྱ་ནག་ལ་ཕོག་ཐུགས་ཙམ་ཡང་མི་བྱེད་རྒྱུའི་སྲིད་བྱུས་འོག བོད་ནང་ཡོད་པའི་རང་ཉིད་ཀྱི་རང་དབང་དང་ཐོབ་ཐང་ཁག་བློས་བཏང་བྱས་པ་དེ་ཆགས་ཀྱི་ཡོད་པ་མ་ཟད། ད་ཆ་རྒྱ་དཀར་ནག་དབར་འཕྲད་བཞིན་པའི་ས་མཚམས་སོགས་ཀྱི་དཀའ་རྙོག་དེ་དག་ཀྱང་དེ་སྔ་བོད་ནང་ཡོད་པའི་རྒྱ་གར་གྱི་རང་དབང་དང་ཐོབ་ཐང་དེ་དག་སྲུང་སྐྱོབ་ཐུབ་ཡོད་མིན་ཐད་རང་བཞིན་གྱིས་འབྲེལ་བ་ཆེན་པོ་ཞིག་ཡོད་པ་རེད་ཅེས་གསུངས་འདུག དེ་བཞིན་ད་ལྟའི་རྒྱ་དཀར་ནག་གཉིས་ཀྱི་འབྲེལ་ལམ་དང་འབྲེལ། སྲིད་བློན་Modi མཆོག་དང་སྲིད་འཛིན་ཞི་ཅིན་ཕིང་རྣམ་གཉིས་དངོས་སུ་མཇལ་འཕྲད་སོགས་གནང་སྟེ་ཕྱོགས་གཉིས་ཀྱི་འབྲེལ་ལམ་འགོ་འཛུགས་ཡག་པོ་ཞིག་བྱུང་ཡོད་ཀྱང་། ཉེ་ལམ་རྒྱ་ནག་ཕྱོགས་ནས་ལ་དྭགས་ Galwan ཡུལ་གཤོང་དུ་བཙན་འཛུལ་གྱི་བྱ་སྤྱོད་སྤེལ་བ་དེ་ནི་བསམ་ཡུལ་ལས་འདས་པ་ཞིག་ཡིན་པ་སོགས་འགྲེལ་བརྗོད་དང་སྦྲགས། རྒྱ་དཀར་ནག་གཉིས་ནས་ཆབ་སྲིད་ཀྱི་ཐབས་ལམ་ཞིག་རྒྱུད་ས་མཚམས་ཀྱི་བདག་དབང་དང་འབྲེལ་བའི་དཀའ་རྙོག་ཁག་སེལ་ཐབས་བྱེད་དགོས་པ་དང་། ས་མཚམས་དང་འབྲེལ་བའི་དཀའ་རྙོག་དེ་སེལ་མ་ཐུབ་བར་དུ་རྒྱལ་ཁབ་ཕྱོགས་གཉིས་དབར་ལ་དོན་ཕན་ལྡན་པའི་འབྲེལ་ལམ་དང་གྲུབ་འབྲས་ཤིག་ཡོང་རྒྱུ་ཁག་པོ་རེད་ཅེས་གསུངས་འདུག གཞན་ཡང་རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་ཟུར་པ་ལྕམ་ Nirupama Rao ལགས་ཀྱི་དཔེ་དེབ་གསར་པ་ The Fractured Himalaya: India Tibet China 1949-62 ཞེས་པ་དེའི་ནང་ལ་བོད་དང་རྒྱ་གར། རྒྱ་ནག་བཅས་ཀྱི་ཆབ་སྲིད་ཀྱི་འབྲེལ་ལམ་དང་། ཕྱོགས་ཕན་ཚུན་དབར་བྱུང་བའི་བཙན་འཛུལ་དང་དམག་གི་དོན་རྐྱེན། དེ་བཞིན་འབྲུག་ཡུལ་སོགས་ཉེ་འཁོར་ཁྱིམ་མཚེས་རྒྱལ་ཁབ་ཁག་གི་གནས་བབ་སོགས་ཀྱི་སྐོར་འཁོད་ཡོད་པ་རེད་འདུག

རྒྱ་ནག་གིས་སྐད་ཡིག་དང་འབྲེལ་བའི་གཉེན་ཆས་གཉིས་ནས་བོད་སྐད་དང་ཡུ་གུར་སྐད་ཡིག་ནག་གསུབ་བཏང་འདུག

རྒྱ་ནག་གཞུང་གིས་བོད་མི་རིགས་གཙོས་པའི་ཡུལ་དེའི་དབང་སྒྱུར་འོག་གནས་པའི་གྲངས་ཉུང་མི་རིགས་ཀྱི་བྱིས་པ་ཚོར་ཆུང་དུས་ནས་རང་གི་ཕ་སྐད་ཀྱི་ཚབ་ཏུ་རྒྱའི་སྐད་ཡིག་སློབ་ཁྲིད་བྱས་ཏེ། གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་རྩ་མེད་བཟོ་ཐབས་བྱེད་བཞིན་པ་མ་ཟད། ལྷག་པར་འདི་ལོའི་ཟླ་བ་བརྒྱད་པ་ནས་བཟུང་བོད་ཁུལ་གྱི་སྒེར་གཉེར་གྱི་སློབ་གྲ་ཁག་ཅིག་སྒོ་རྒྱག་ཏུ་བཅུག་སྟེ་སློབ་ཁུལ་དེའི་སློབ་མ་རྣམས་རྒྱ་ནག་གཞུང་འབྲེལ་གྱི་སློབ་གྲྭ་ཁག་ཏུ་ཆེད་གཏོང་གི་སྲིད་བྱུས་ལག་བསྟར་བྱེད་བཞིན་པའི་ཁྲོད། ད་ཆ་རྒྱ་ནག་ནང་གི་མཉེན་ཆས་རིགས་ཤིག་གི་ནང་དུ་བོད་ཡིག་དང་ཡུ་གུར་ཁ་ཆེ་མི་རིགས་ཀྱི་སྐད་ཡིག་བཀག་སྡོམ་བྱས་འདུགདེ་ཡང་ཨ་རིར་རྟེན་གཞི་བྱས་པའི་ china digital times ཞེས་པའི་གསར་ཁང་གིས་གནས་ཚུལ་སྤེལ་བའི་ནང་དུ། ཟླ་བ་འདིའི་ཚེས་གཅིག་ནས་བཟུང་། རྒྱ་ནག་ནང་དུ་བཀོལ་སྤྱོད་ཆེ་བའི་སྐད་ཡིག་དང་འབྲེལ་བའི་དེང་དུས་འཕྲུལ་ལས་ཀྱི་མཉེན་ཆས་Talkmate དང་ Bilibili ཞེས་པ་གཉིས་ཀྱི་ནང་ནས་བོད་ཡིག་དང་ཡུ་གུར་ཁ་ཆེ་མི་རིགས་ཀྱི་སྐད་ཡིག་བཀོལ་སྤྱོད་བཀག་སྡོམ་བྱས་ཡོད་ཀྱང་། རྒྱ་ཡིག་གི་མཚོན་པའི་ཕྱི་རྒྱལ་གྱི་སྐད་ཡིག་ཕལ་ཆེ་བ་བཀོལ་སྤྱོད་ཐུབ་ཀྱི་ཡོད་བཟོས་ཡོད་པ་དང་། དེ་ནི་རྒྱ་ནག་གཞུང་གིས་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་དང་ཡུལ་དེའི་མི་རིགས་སྣ་འཛོམས་རང་བཞིན་གྱི་གནས་བབ་ལ་སིམ་འཛུལ་གྱིས་མཁྲེགས་འཛིན་གྱི་ལངས་ཕྱོགས་འཛིན་བཞིན་པ་གསལ་བོར་མངོན་ཡོད་པར་བསྒྲགས་འདུག གནས་ཚུལ་ནང་གསལ་ལྟར་ན། བདུན་ཕྲག་སྔོན་མའི་རེས་གཟའ་པ་སངས་ཀྱི་ཉིན། Talkmate གཉེན་ཆས་ལས་ཁང་གིས་རྒྱ་ནག་ནང་གི་རྒྱུགས་ཆེ་བའི་Weibo ཞེས་པའི་སྤྱི་ཚོགས་དྲ་རྒྱའི་ཐོག    རྒྱ་ནག་དབུས་གཞུང་གི་སྲིད་བྱུས་ཀྱི་འོག་ནས། དེ་གའི་གཉེན་ཆས་ལས་བོད་ཡིག་དང་ཡུ་གུར་ཁ་ཆེ་མི་རིགས་ཀྱི་སྐད་ཡིག་གཉིས་དུས་ཡུན་ངེས་མེད་ལ་བཀག་སྡོམ་བྱས་ཡོད་སྐོར་གསལ་བསྒྲགས་བྱས་པ་དང་། རེས་གཟའ་ཟླ་བ་ཉིན་གསལ་སྒྲགས་དེའང་Weibo དྲ་རྒྱའི་ཐོག་མི་མངོན་པར་གྱུར་བ་མ་ཟད། Bilibili མཉེན་ཆས་ཐོག་བོད་ཡིག་དང་ཡུ་གུར་ཁ་ཆེའི་སྐད་ཡིག་གིས་མཆན་བྲིས་ན།  རྒྱ་ཡིག་གི་ལམ་ནས་མཆན་འདེབས་དེར་ཚོར་རྣོ་བའི་གནས་ཚུལ་ཡོད་པར་བརྗོད་ཡོད་པའི་ལན་འདེབས་ཤིག་ཤར་ཏེ་སྐད་ཡིག་དེ་གཉིས་བཀོལ་སྤྱོད་མི་ཐུབ་པ་བཟོས་ཡོད་པར་བརྗོད་འདུགགཞི་རྩའི་རྒྱ་ནག་གིས་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་བསྲེས་སྦྱོར་གྱི་སྲིད་བྱུས་སྔར་ལྷག་ལག་བསྟར་བྱེད་ཤུགས་ཆེ་རུ་བཏང་བ་དང་འབྲེལ་ནས། འདི་ལོའི་ཟླ་བ་དང་པོའི་ནང་དུ་རྒྱ་ནག་གི་རྒྱལ་ཡོངས་མི་མང་འཐུས་མི་ཆོགས་ཆེན་གྱི་ཁྲིམས་བཟོའི་ལས་དོན་ཚོགས་ཆུང་གི་གཙོ་འཛིན། Shen Chunyao གྱིས་བསྒྲགས་གཏམ་ཞིག་སྤེལ་བའི་ནང་དུ། རྒྱ་ནག་གི་རྩ་ཁྲིམས་ཀྱི་དོན་ཚན་བཞི་བའི་ནང་དུ་གྲངས་ཉུང་མི་རིགས་རྣམས་ལ་རང་ཉིད་ཀྱི་སྐད་དང་ཡི་གེ་ཡར་རྒྱས་གོང་འཕེལ་གཏོང་བའི་རང་དབང་ཡོད་པ་གསལ་བར་ལྟོས་མེད་ཀྱིས། གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་སློབ་གྲྭ་སོ་སོའི་འཛིན་ཁང་དུ་བཀོལ་སྤྱོད་བྱས་པ་ཡིན་ན་དེ་ནི་རྒྱ་ནག་གི་རྩ་ཁྲིམས་དང་འགལ་ཡོད་པ་ཞིག་ཡིན་སྐོར་བརྗོད་ཡོད་པ་མ་ཟད། འདི་ལོའི་ཕྱི་ཟླ་ ༩ པ་ནས་བཟུང་རྒྱ་ནག་གི་རྒྱལ་ཡོངས་མི་རིགས་ལས་དོན་ལྷན་ཚོགས་ཀྱིས་བྱིས་པའི་སློབ་གསོ་གོང་སྤེལ་གྱི་སྲིད་བྱུས་ལ་འགྱུར་བ་བཏང་སྟེ། གྲངས་ཉུང་མི་རིགས་ས་ཁུལ་གྱི་བྱིས་པ་རྣམས་ཀྱི་སྐད་ཡིག་ཐོབ་ཐང་གི་ཚབ་ཏུ། རྒྱ་ནག་གི་སྤྱི་སྐད་གཙོར་འཛིན་བྱེད་དགོས་བར་བཟོས་ཡོད་པ་རེད། China digital times གསར་ཁང་གིས་བོད་ཁུལ་དུ་རྒྱ་ནག་གིས་སྐད་གཉིས་སློབ་གསོ་ཞེས་པ་ལག་བསྟར་གྱིས་བོད་སྐད་བོད་ཡིག་གི་ཚབ་ཏུ་རྒྱ་ཡིག་གཙོར་འཛིན་བྱེད་བཞིན་པ་མ་ཟད།  སྤྱི་ཚོགས་ཁྲོད་ཀྱི་མང་ཚོགས་རང་བཞིན་གྱི་སྒོ་བྱང་དང་ལས་རྟགས་འདྲ་མིན་གྱི་སྟེང་དུ་ཡང་དང་པོ་རྒྱ་ཡིག་འབྲི་རུ་བཅུག་སྟེ་བོད་ཀྱི་སྐད་ཡིག་རྒྱ་ཡིག་གི་འོག་ཏུ་འབྲི་དགོས་བའི་སྲིད་བྱུས་སྤེལ་བཞིན་པ་དེ་ནི་རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སེམས་འཚབ་བྱེད་བཞིན་པའི་གནད་དོན་ཞིག་ཆགས་ཡོད་པར་བསྒྲགས་པ་མ་ཟད། བོད་ཀྱི་སྐད་ཡིག་ལས་འགུལ་བ་བཀྲ་ཤིས་དབང་ཕྱུག་ལགས་ཀྱང་རྒྱ་ནག་གིས་ལོ་ལྔའི་བཙོན་འཇུག་བྱས་ཏེ་ད་ཆ་ཀློད་གྲོལ་ཐོབ་ཡོད་ནའང་རྒྱ་ནག་གི་ལྟ་ཞིབ་ཀྱི་འོག་གནས་ཡོད་པ་སོགས་ཀྱི་གནད་དོན་ཁག་ཅིག་མངོན་གསལ་གནང་འདུགད་ཆ་རྒྱ་ནག་གིས་ཆབ་སྲིད་ཀྱི་མཁའ་དབུགས་གསར་བའི་ཁྲོད་དུ། རྒྱ་ནག་གིས་ཞིན་ཅང་ནང་དུ་ཡུ་གུར་ཁ་ཆེ་མི་རིགས་ས་ཡ་གཅིག་ལྷག་བཀག་སྐྱིལ་བྱས་ཏེ། བཙན་དབང་གིས་རྒྱ་སྐད་རྒྱ་ཡིག་སློབ་ཁྲིད་བྱེད་བཞིན་པ་དང་། དེའི་ནང་ཡུ་གུར་རྩོམ་པ་པོ་མང་པོ་དང་ལོ་ཙཱ་བ། དེ་བཞིན་སྙན་ངག་པ་མང་པོ་ཞིག་ཚུད་ཡོད་པའི་ཁོངས་ནས་འགའ་ཞིག་བཀག་སྐྱིལ་ཁང་དུ་ཚེ་སྲོག་ཤོར་ཡོད་པར་མ་ཟད། ། ཡུ་གུར་ཁ་ཆེ་བྱིས་པ་གྲངས་འབུམ་ལྔ་ལྷག་རྒྱ་ནག་གི་གཞུང་འབྲེལ་གྱི་སློབ་གྲྭ་ཁག་ཏུ་བཏང་ནས། ཡུ་གུར་གྱི་སྐད་ཡིག་སློབ་ཁྲིད་བྱེད་མཚམས་འཇོག་ཏུ་བཅུག་ཡོད་པ་དང་། དེ་བཞིན་ནང་སོག་གི་ནང་དུའང་སོག་ཡིག་རྩ་གཏོར་གྱིས་རྒྱ་སྐད་ཡིག་བཙན་ཁྲིད་བྱེད་བཞིན་པའི་ཁྲོད། མ་མཐའ་ཡང་སོག་རིགས་མི་མང་ ༢༣ ལྷག་འཛིན་བཟུང་བཀག་སྐྱིལ་བྱས་ཡོད་པར་བསྒྲགས་འདུག

Latest news