Tibetan Royal Year of 2151 | Year of the Wood Dragon

རྒྱ་ནག

ཞི་ཅིན་ཕིང་གིས་རྒྱ་ནག་གི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་ཤིག་བསྐྲུན་རྒྱུའི་ལས་དོན་རྒྱ་ཆེར་སྤེལ་དགོས་པར་ནན་བརྗོད།

ཉེ་ཆར་རྒྱ་ནག་གི་ཆོས་རིགས་ལས་དོན་དང་འབྲེལ་བའི་རྒྱལ་ཡོངས་ཚོགས་ཆེན་ཐོག་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་རྒྱ་ནག་གི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་ཤིག་བསྐྲུན་རྒྱུའི་ལས་དོན་རྒྱ་ཆེར་སྤེལ་དགོས་པར་ནན་བརྗོད་བྱས་པ་དང་། དེའི་ཁྲོད་བོད་བརྒྱུད་ནང་བསྟན་དང་ཡི་ཤུ། དེ་བཞིན་ཁ་ཆེ་སོགས་རྒྱ་ནག་ནང་གི་ཆོས་རིག་ལས་དོན་གང་ཅིའི་ཐོག་དྲ་རྒྱས་ལྟ་སྲུང་སོགས་ཤུགས་ཆེ་རུ་གཏང་དགོས་པར་བརྗོད་འདུགཉེ་ཆར་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་དང་གཞན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་བ་འདིའི་ཚེས་ ༣ དང་ ༤ གཉིས་ལ་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་རྒྱ་ནག་གི་ཆོས་རིགས་ལས་དོན་དང་འབྲེལ་བའི་རྒྱལ་ཡོངས་ཚོགས་ཆེན་ཞིག་ཚོགས་ཡོད་པ་དང་ཚོགས་འདུ་ཐོག་སྲིད་འཛིན་ཞི་ཅིན་ཕིང་གཙོས་པའི་ Li Zhanshu དང་ Wang Huning དེ་བཞིན་ Zhao Leji དང་ Han Zheng སོགས་རྒྱ་ནག་དམར་ཤོག་ཚོགས་པའི་དཔོན་རིགས་ཆེ་གྲས་ཁག་ཅིག་མཉམ་ཞུགས་བྱས་ཡོད་པ་དང་། ཕྱི་ལོ་ ༢༠༡༦ ལོར་ཐེངས་དང་པོ་ཚོགས་པའི་ཚོགས་འདུའི་ཐོག་སྲིད་འཛིན་ཞི་ཅིན་ཕིང་གིས་ཆོས་རིགས་ལས་དོན་དང་འབྲེལ་བའི་དམར་ཤོགས་ཚོགས་པའི་སྲིད་བྱུས་དང་ཁྲིམས་སྒྲིག་ཁག་ལག་བསྟར་ཤུགས་ཆེ་རུ་གཏང་དགོས་པའི་དེ་སྔ་ ༢༠༡༦ ལོར་བཤད་པའི་གཏམ་བཤད་བསྐྱར་ནན་དང་འབྲེལ། རྒྱ་ནག་དམར་ཤོགས་ཚོགས་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལྟ་གྲུབ་ལྡན་པའི་ཆོས་དང་སྤྱི་ཚོགས་བསྐྲུན་རྒྱུར་ཤུགས་རྒྱག་དགོས་པ་དང་། ཆོས་དད་འདྲ་མིན་གཉེར་མཁན་གྱི་མང་ཚོགས་རྣམས་ནས་དེའི་ཐོག་མཐུན་འགྱུར་གྱིས་ཆོས་དད་དང་འབྲེལ་བའི་རྒྱ་ནག་གཞུང་གི་ཁྲིམས་སྒྲིག་ཁག་ལ་བརྩི་སྲུང་གང་ལེགས་ཞུ་དགོས་པ་དང་། དེའི་འོག་གཞུང་གི་ངོས་ནས་ཆོས་དད་འདྲ་མིན་གྱི་འགོ་ཁྲིད་རྣམས་ལ་ལྟ་སྲུང་ཤུགས་ཆེ་རུ་གཏང་དགོས་པ་སོགས་བརྗོད་འདུག ཞི་ཅིན་ཕིང་གིས་ལྷག་པར་དུ་སྤྱི་ཚོགས་དྲ་རྒྱ་སོགས་ཀྱི་ཐོག་ཆོས་ལུགས་དང་འབྲེལ་བའི་ཁྱབ་བསྒྲགས་དང་འགྲེལ་བརྗོད་བྱེད་ཕྱོགས་ཐོག་ལ་ལྟ་སྲུང་ལེགས་པོ་ཞིག་ཡོང་མིན་སྐོར་དང་འབྲེལ་ནས་དྲ་རྒྱའི་ཐོག་གནད་དོན་དེ་དག་ལ་ལྟ་སྲུང་ཤུགས་ཆེ་རུ་བཏང་ནས་དྲ་རྒྱའི་ཐོག་རྒྱ་ནག་དམར་ཤོགས་ཚོགས་པའི་ཆོས་རིགས་ལས་དོན་དང་འབྲེལ་བའི་སྲིད་བྱུས་ཁག་ལ་སྐྱོན་བརྗོད་བྱེད་མཁན་རྣམས་ལ་ལྟ་སྲུང་དང་དེ་དག་ལ་ཉེས་ཆད་གཏང་རྒྱུ་སོགས་ཤུགས་ཆེ་རུ་གཏང་དགོས་ཞེས་བཤད་ཡོད་པ་རེད། ཁོ་པས་ད་དུང་གཞུང་གི་ངོས་ལེན་ཡོད་པའི་ཆོས་ལུགས་ཁག་ ༥ པོས་རྒྱ་ནག་གི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་བསྐྲུན་རྒྱུ་དང་འབྲེལ་བའི་སྤྱོད་ཚུལ་ཤུགས་ཆེ་རུ་འཛིན་དགོས་ཞེས་བརྗོད་པའི་འོག་ཆོས་དད་འཛིན་མཁན་རྣམས་ནས་ཆོས་དད་གཉེར་སྐབས་རང་གི་སྤྱོད་ཚུལ་ལ་ཚོད་འཛིན་བྱེད་དགོས་པ་དང་མི་རབས་གཞོན་པ་ཚོའི་རྒྱུན་ལྡན་གྱི་མི་ཚེ་དང་སློབ་སྦྱོང་ཐོག་ལ་ཐེ་བྱུས་བྱེད་རྒྱུ་མེད་པར་ནན་བརྗོད་འདུགཆོས་དད་འདྲ་མིན་གཉེར་མཁན་རྣམས་ལ་ཆོས་དད་དང་འབྲེལ་བའི་ Marxist འམ་སྤྱི་ཚོགས་རིང་ལུགས་ཀྱི་ལྟ་གྲུབ་དང་དམར་ཤོགས་ཚོགས་པའི་ཆོས་ལུགས་ལྟ་གྲུབ་དང་སྲིད་བྱུས་བཅས་ཀྱི་སྐོར་ལ་སློབ་སྦྱོང་སྤྲོད་དགོས་སྐོར་དང་སྦྲགས། རྒྱ་ནག་གི་ཁྱད་ཆོས་ལྡན་པའི་ཆོས་ལུགས་དང་སྤྱི་ཚོགས་ཞེས་པའི་འོག་ཆོས་དད་ཀྱི་སྤྱི་ཚོགས་ཡོངས་རྫོགས་དམར་ཤོག་ཚོགས་པའི་འགོ་ཁྲིད་དང་རྒྱབ་སྐྱོར། དེ་བཞིན་བཏང་འཛིན་འོག་འགྲོ་དགོས་པར་ནན་བརྗོད་བྱས་འདུག དབྱེ་ཞིབ་པ་རྣམས་ཀྱི་གསུངས་ན་ད་རེས་ཞི་ཅིན་ཕིང་གི་གཏམ་བཤད་དེ་ནི་དེ་སྔ་ ༢༠༡༦ ལོར་སྤེལ་བའི་གཏམ་བཤད་དེ་ནན་བརྗོད་དང་དམ་དྲག་ཤུགས་ཆེ་རུ་གཏང་དགོས་སྐོར་བཤད་པ་དང་འབྲེལ། ནང་ཆོས་གཙོ་བོར་གྱུར་པའི་རྒྱ་ནག་ནང་ཆོས་དད་འདྲ་མིན་འཛིན་མཁན་ཚོའི་ཐོག་དམ་དྲག་ཤུགས་ཆེ་རུ་བཏང་རྒྱུ་ཡིན་པའི་དངངས་འཚབ་ཀྱི་གནད་དོན་ཞིག་ཆགས་ཀྱི་ཡོད་པ་གསུང་མཁན་འདུག

རྒྱལ་ཚོགས་ཀྱི་ཚོགས་འདུ་ཐོག་བོད་ནང་གི་ཛ་དྲག་གནས་སྟངས་སྙན་སེང་།

ཇི་ནི་ཝར་ཚོགས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ལྷན་ཁང་གི་གྲངས་ཉུང་མི་རིགས་ཀྱི་གནད་དོན་དང་འབྲེལ་བའི་ཚོགས་ཐེངས་ ༡༤ ཐོག་བོད་མིའི་སྐུ་ཚབ་ཀྱིས་བོད་ནང་རྒྱ་ནག་གཞུང་གིས་མི་རིགས་དབྱེ་འབྱེད་ཀྱི་སྲིད་བྱུས་ལག་བསྟར་བྱས་དང་བྱེད་བཞིན་པའི་གནས་སྟངས་འོག་བོད་མིའི་ཆོས་རིག་དང་ལེགས་བྱང་། སྐད་ཡིག་བཅས་པ་རྩ་མེད་བཟོས་ཏེ་བོད་མི་རིགས་ཀྱི་ངོ་བོ་རྩ་བརླག་གཏོང་བཞིན་ཛ་དྲག་གནས་སྟངས་ཁག་སྙན་སེང་ཞུས་འདུག ཟླ་བ་འདིའི་ཕྱི་ཚེས་ ༢ དང་ ༣ བཅས་ཉིན་གྲངས་གཉིས་རིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གིས་གཙོ་འགན་བཞེས་ཐོག་ཚོགས་པའི་གྲངས་ཉུང་མི་རིགས་ཀྱི་གནད་དོན་དང་འབྲེལ་བའི་ཚོགས་ཐེངས་ ༡༤ དེ་དེང་སྐབས་འཛམ་གླིང་ནང་གི་གྲངས་ཉུང་མི་རིགས་ཁག་གི་ཁྲོད་འཕྲད་བཞིན་པའི་གཞི་རྩའི་རྩོད་རྙོག་གི་བྱུང་རྐྱེན་དང་དེ་དག་ཁྲིམས་སྒྲིག་གི་སྒྲོམ་གཞིའི་འོག་ནས་སྔོན་འགོག་བྱེད་སྟངས་དང་གྲངས་ཉུང་མི་རིགས་ཁག་གི་རང་དབང་སྲུང་སྐྱོབ་དང་གོང་འཕེལ་བཅས་ཀྱི་གཙོ་གནད་ཐོག་ཚོགས་འདུ་ཚོགས་ཡོད་པ་རེད། ཡོ་རོབ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་སྐུ་ཞབས་ Vicnet metten ལགས་ཀྱིས་ཚོགས་འདུ་ཐོག་འདས་པའི་ལོ་བདུན་ཅུ་ལྷག་གི་ནང་རྒྱ་གཞུང་གིས་བོད་ནང་བོད་མིའི་ཆབ་སྲིད་དང་སྤྱི་དམངས་ཐོབ་ཐང། སྤྱི་ཚོགས་དང་དཔལ་འབྱོར། དེ་བཞིན་ལེགས་བྱང་གི་རང་དབང་བཅས་རྡོག་རོལ་བཏང་ཡོད་པར་མ་ཟད་ལྷག་པར་དུ་སྲིད་འཛིན་ཞི་ཅིན་ཕིང་གི་སྣེ་ཁྲིད་འོག་བོད་ནང་བོད་མིའི་ཐོག་ལྟ་སྲུང་དང་དམ་དྲག་བྱེད་ཤུགས་ཆེ་རུ་གཏོང་བཞིན་པའི་གནད་དོན་དེས་བོད་ཡུལ་རྒྱ་ཡུལ་ལྟ་བུར་བཟོ་རྒྱུའི་སྲིད་བྱུས་ཤིག་ལག་བསྟར་བྱེད་བཞིན་ཁག་ནི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་སྒྲིག་རྡོག་རོལ་བཏང་བའི་ཁར་རྩོད་རྙོག་ཆེ་རུ་གཏོང་བཞིན་པར་རྟེན་ཕྱི་ལོ་ ༢༠༠༩ ལོ་ནས་ད་བར་བོད་མི་ཚོས་ཞི་བའི་ངང་ནས་རྒྱ་གཞུང་གི་སྲིད་བྱུས་ལ་ངོ་རྒོལ་གྱིས་སྐུ་ལུས་ཞུགས་འབུལ་གནང་བའི་གནས་སྟངས་བྱུང་ཡོད་སྐོར་སྙན་སེང་ཞུས་ཡོད། ཁོང་གིས་ད་དུང་རྒྱ་ནག་གཞུང་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མ་འོངས་པའི་ཡང་སྲིད་ཐོག་ཐེ་བྱུས་བྱེད་མཚམས་འཇོག་ནས་བོད་བརྒྱུད་ནང་བསྟན་ལམ་ལུགས་གཞིར་བཞག་ཡང་སྲིད་ངོས་འཛིན་ཞུ་རྒྱུའི་བོད་མིའི་རང་དབང་ལ་གུས་བརྩི་བྱེད་དགོས་པ་དང། བོད་རྒྱ་གཉིས་དབར་དཀའ་སེལ་ཐབས་སུ་རྒྱ་གཞུང་ནས་བོད་མིའི་སྐུ་ཚབ་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་ལྷན་གྲོས་མོལ་བྱེད་དགོས་པ་དང། དེ་བཞིན་དེ་སྔ་རྒྱལ་ཚོགས་ཀྱི་དམིགས་བསལ་ཁེ་ལས་སྡེ་ཁག་ ༥༠ ཡིས་ཆེད་བཏོན་གནང་བའི་བསམ་འཆར་གཞིར་བཞག་རྒྱ་ནག་གཙོས་བོད་དང་ཤར་ཏུ་ཀི་སི་ཐན། དེ་བཞིན་ཧོང་ཀོང་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་་ཐོག་རྟོག་ཞིབ་ཆེད་རྒྱལ་ཚོགས་ནས་རང་དབང་ཅན་གྱི་དམིགས་བསལ་ཚོགས་ཆུང་ཆེད་འཛུགས་དགོས་པ་བཅས་རེ་འདུན་ཆེད་བཏོན་གནང་འདུག ཕྱོགས་མཚུངས་སུ་ཚོགས་འདུ་ཐོག་ཇི་ནི་ཝ་བོད་ཀྱི་སྐུ་ཚབ་དོན་ཁང་གི་རྒྱལ་ཚོགས་འབྲེལ་མཐུད་པ་སྐལ་ལྡན་མཚོ་མོ་ལགས་ནས་ Society for Threatened People གཞུང་འབྲེལ་མིན་པའི་ཚོགས་པའི་མིང་ཐོག་རྒྱལ་ཚོགས་ལ་རྒྱ་ནག་གཞུང་གིས་བོད་ནང་འཛིན་བཟུང་བྱེད་བཞིན་པའི་ད་ཡོད་སྤྱི་ཚོགས་སྒྲོམ་གཞི་དང་རྒྱ་རིགས་མི་འབོར་འཕེལ་རྒྱས་འཕོ་འགྱུར་ཁྲོད་བོད་མི་ཚོར་རང་མི་རིགས་ཀྱི་ལོ་རྒྱུས་དང་རིག་གཞུང་། སྐད་ཡིག་ཐོག་སློབ་གཉེར་བྱ་རྒྱུ་གོ་སྐབས་མེད་པ་བཟོ་བཞིན་པ་དང་། སྤྱི་ཚོགས་ཁྲོད་ཀྱི་ལས་རིགས་ཁག་གི་ནང་ལ་ས་གནས་བོད་མི་དང་མཐོ་སློབ་ཐོན་མཁན་བོད་རིགས་གཞོན་སྐྱེས་ཚོར་ལས་ཀའི་གོ་སྐབས་མེད་པ་སོགས། རྒྱ་གཞུང་གིས་མངོན་གསལ་མེད་པར་བོད་མིའི་ངོ་བོ་རྩ་མེད་གཏང་རྒྱུའི་སྲིད་བྱུས་ལ་བརྟེན་ནས་ད་བར་བོད་ནང་བོད་མི་ ༡༥༥ ནས་རྒྱ་གཞུང་ལ་ཞི་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་བའི་གནས་ཚུལ་བྱུང་ཡོད་པ་རྒྱལ་ཚོགས་ལ་སྙན་སེང་ཞུས་འདུག ཁོང་གིས་བོད་ནང་གི་བོད་མི་ཚོའི་ཉིན་རེའི་འཚོ་བའི་ཁྲོད་ལ་རྒྱ་ནག་གཞུང་གིས་མི་རིགས་མཉམ་བསྲེས་ཀྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་དེས་བོད་མིའི་ངོ་བོ་རྩ་མེད་དུ་བཟོ་རྒྱུའི་ཉན་ཚབ་ཀྱི་གནད་དོན་དང་འབྲེལ་བ་ཡོད་སྟབས་རྒྱལ་ཚོགས་ཀྱི་ངོས་ནས་ཐུགས་སྣང་གནང་དགོས་པའི་རེ་འདུན་ཞུས་པ་དང་ཆབས་ཅིག ཐེངས་དེའི་གྲངས་ཉུང་མི་རིགས་ཀྱི་ཚོགས་འདུ་བརྒྱུད་བོད་ནང་བོད་མིའི་དཀའ་ངལ་སེལ་ཐབས་སུ་རྒྱ་གཞུང་ནས་བོད་ནང་བོད་མིའི་ཆོས་རིག་དང་ལེགས་བྱང་། སྐད་ཡིག དེ་བཞིན་ལོ་རྒྱུས་ཐོག་གུས་བརྩི་ཞུ་དགོས་པར་མ་ཟད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ལམ་སྟོན་མཛད་པའི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་བརྒྱུད་བོད་མིའི་སྐུ་ཚབ་དང་ལྷན་དུ་དོན་སྙིང་ལྡན་པའི་འབྲེལ་མོལ་ཞུ་དགོས་པར་བསྐྱར་ནན་གནང་ཡོད།

ནི་ཐར་ལན་ཌིའི་གྲོས་ཚོགས་སུ་རྒྱ་ནག་ལ་ཁ་གཏད་ཀྱི་གྲོས་འཆར་གཉིས་གཏན་འབེབས། 

ཁ་ཉིན་ཚེས་ ༣༠ ཉིན། ཡུ་རོབ་ཀྱི་ནི་ཐར་ལན་ཌིའི་གྲོས་ཚོགས་འོག་མའི་ནང་དུ་ཐེ་ཝན་དང་ལི་ཐོ་ནི་ཡར་རྒྱབ་སྐྱོར་གྱི་ཁྲིམས་འཆར་གཉིས་མང་མོས་ཀྱིས་གཏན་འབེབས་བྱས་ཏེ་རྒྱ་ནག་ནག་ལ་ཁ་གཏད་གཅོག་རྒྱུར་གྲོས་འཆམ་བྱུང་འདུག གསར་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ནི་ཐར་ལན་ཌིའི་གྲོས་ཚོགས་ཀྱི་ནང་དུ། གྲོས་ཚོགས་ཀྱི་འཐུས་མི་ Raymond de Roon ལགས་ཀྱིས་གྲོས་འགོ་བཏོན་པ་བརྒྱུད་ནས། ད་ལྟའི་ཆར་རྒྱ་ནག་དང་ཐེ་ཝན་གཉིས་ཀྱི་འབྲེལ་ལམ་དངངས་འཚབ་ཀྱི་ཁྲོད་གནས་བཞིན་པའི་སྐབས་འདིར། ནི་ཐར་ལན་ཌིའི་སྲིད་གཞུང་གིས་རྒྱ་ནག་གི་ཁ་གཏད་དུ་ལངས་ནས་ཐེ་ཝན་ལ་མངོན་སུམ་གྱིས་རྒྱབ་སྐྱོར་བྱེད་རྒྱུའི་གྲོས་ཆོད་ཅིག་རྒྱབ་སྐྱོར་བ་ ༡༢༠ དང་ཁ་གཏད་པ་ ༣༠ ཐོག་ནས་མང་མོས་ཀྱིས་གཏན་འབེབས་གནང་འདུགདེ་བཞིན་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་ Ruben Brekelmans དང་ Agnes Mulderལགས་གཉིས་ཀྱིས་གྲོས་འགོ་བཏོན་པ་བརྒྱུད་ནས། ལི་ཐོ་ནི་ཡའི་རྒྱལ་ནང་དུ་ཐེ་ཝན་གྱི་གཞུང་ཚབ་ཁང་ཞིག་བཙུགས་རྗེས་རྒྱ་ནག་གིས་རྒྱལ་ཁབ་དེར་ཕྱོགས་ཡོངས་ནས་གནོན་ཤུགས་སྤྲོད་བཞིན་པའི་ཁྲོད། ནི་ཐར་ལན་ཌིའི་སྲིད་གཞུང་གི་ངོས་ནས་རྒྱལ་ཁབ་དེར་རྒྱབ་སྐྱོར་དང་རྒྱ་ནག་ལ་ངོ་རྒོལ་གྱི་རྣམ་འགྱུར་བསྟན་པའི་གྲོས་གཞི་ཞིག་གྲོས་ཚོགས་འཐུས་མི་ ༡༧༧ གྱིས་རྒྱབ་སྐྱོར་དང་འཐུས་མི་ ༣༣ གྱིས་དགག་གཞག་བྱས་ཏེ་ཚད་མཐོའི་མང་མོས་ཀྱི་ཐོག་ནས་གཏན་འབེབས་བྱས་འདུགསྤྱིར་ནེ་ཐར་ལན་ཌིའི་ཕྱི་སྲིད་བློན་ཆེན་སྐུ་ཞབས Ben Knapen ལགས་ཀྱིས་དེ་སྔོན་ནེ་ཐར་ལན་ཌིའི་ངོས་ནས་རྒྱ་ནག་དང་ཐེ་ཝན་གཉིས་ཀྱི་ཛ་དྲག་གི་འབྲེལ་ལམ་དེ་ཚད་དམའ་རུ་གཏོང་རྒྱུའི་རེ་འདུན་བཏོན་ཡོད་པ་མ་ཟད། ཁོང་གིས་ཐེངས་འདིར་གྲོས་ཚོགས་ནང་དུ་ཡུ་རོབ་རྒྱལ་མཐུན་ཚོགས་ཀྱིས་དེ་སྔོན་ལི་ཐོ་ནི་ཡར་རྒྱབ་སྐྱོར་གྱི་ལངས་ཕྱོགས་གསལ་བོར་བཟོས་ཟིན་པར་བརྟེན། ཐེངས་འདིའི་ནི་ཐར་ལན་ཌིའི གྲོས་ཆོད་དེ་ཡིས་ཡུ་རོབ་མཐུན་ཚོགས་ཀྱི་ལངས་ཕྱོགས་དེ་མངོན་གསལ་བཟོས་ཡོད་པར་བསྒྲགས་འདུགནི་ཐར་ལན་ཌིའི་གྲོས་ཚོགས་སུ་ཐེ་ཝན་ལ་རྒྱབ་སྐྱོར་གྱི་གྲོས་ཆོད་གཏན་འབེབས་བྱས་མ་ཐག   ཁུལ་དེར་རྟེན་གཞི་བྱས་པའི་ཐེ་ཝན་གྱི་ཆེས་མཐོ་གཞུང་ཚབ་པ་སྐུ་ཞབས Chen Hsin-hsin ལགས་ཀྱིས་ཐེ་ཝན་མི་མང་གི་ཚབ་བྱས་ཏེ་ནི་ཐར་ལན་ཌིའི་གྲོས་ཚོགས་ལ་ཐུགས་རྗེ་ཆེ་ཞུས་ཡོད་པ་མ་ཟད། གྲོས་ཚོགས་འཐུས་མི་རྣམས་ཀྱིས་ཐེངས་འདིར་ཐེ་ཝན་དང་འབྲེལ་བའི་གྲོས་ཆོད་གཉིས་གཏན་འབེབས་བྱས་པ་དེ་ཡིས་ནི་ཐར་ལན་ཌིའི་སྲིད་གཞུང་ལ་ཚད་མཐོ་བའི་རྒྱབ་སྐྱོར་ཡོད་པ་མཚོན་ཡོད་པར་མངོན་གསལ་གནང་བ་བརྒྱུད་ནས། གྲོས་ཆོད་དེ་ཡིས་ཡུ་རོབ་མཐུན་ཚོགས་ཀྱི་རྒྱལ་ཁབ་གཞན་དག་གིས་ཀྱང་ཐེ་ཝན་གྱི་བདེ་འཇགས་དང་ཞི་བདེ་ལ་རྒྱབ་སྐྱོར་བྱེད་རྒྱུར་སྐུལ་མ་ཐེབས་རྒྱུའི་རེ་སྐུལ་གནང་འདུགགཞི་རྩའི་བདུན་ཕྲག་གཅིག་གི་སྔོན་དུ། ནི་ཐར་ལན་ཌིའི་གྲོས་ཚོགས་སུ་ཐེ་ཝན་སྐུ་ཚབ་རྒྱལ་སྤྱིའི་ཉེན་རྟོག་སྒྲིག་འཛུགས་སུ་ཞུགས་རྒྱུར་རྒྱབ་སྐྱོར་ཀྱི་གྲོས་ཆོད་བཞག་ཡོད་པ་དང་ཁ་སང་སྔར་བཞིན་ལངས་ཕྱོགས་བརྟན་པོའི་ཐོག་ནས་རྒྱ་ནག་ལ་ཁ་གཏད་ཀྱི་གྲོས་ཆོད་གཉིས་བཞག་ཡོད་པ་མ་ཟད། རྒྱ་ནག་གིས་ཐེ་ཝན་ལ་མཚོ་འགག་ནས་འཇིགས་སྐུལ་རིམ་པ་བྱེད་བཞིན་པའི་དུས་སྐབས་འདིར། བདུན་ཕྲག་སྔོན་མའི་ནང་དུ་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་ལྔ་དང་ཁོང་ཅག་གི་ལས་རོགས་ཁག་ཅིག་གི་གཙོ་བྱས་པའི་གཞུང་འབྲེལ་གྱི་མི་སྣ་བཅུ་བདུན་ཐེ་ཝན་དུ་གཟིགས་སྐོར་ལ་ཕེབས་ཏེ་ཐེ་ཝན་གྱི་སྲིད་འཛིན་ལྕམ Tsai Ing-wen ལགས་དང་བདེ་སྲུང་གི་བློན་ཆེན་ལྕམ Chiu Kuo-chengལགས་སུ་མཇལ་འཕྲད་གནང་སྟེ་རྒྱལ་ཁབ་ཕྱོགས་གཉིས་ཀྱི་ཁེ་ཕན་དང་མངོན་འདོད་ལ་གྲོས་བསྡུར་བྱས་ཡོད་པ་རེད།

ཕྱི་ལོ་ ༢༠༢༥ བར་དུ་མི་སེར་བརྒྱ་ཆ་ ༨༥ ཡིས་རྒྱ་སྐད་གཙོ་བོར་སྤྱོད་དགོས་པ་བཟོ་འཆར།

རྒྱ་ནག་གིས་ཕྱི་ལོ་ ༢༠༢༥ བར་མི་སེར་བརྒྱ་ཆ་ ༨༥ ཡིས་རྒྱ་སྐད་གཙོ་བོ་བེད་སྤྱོད་བཏང་བ་དང་ལྷག་པར་སྲིད་བྱུས་དེ་དང་འབྲེལ་ཕྱི་ལོ་ ༢༠༣༥ བར་དུ་གྲོང་གསེབ་དང་གྲངས་ཉུང་མི་རིགས་ཁྲོད་རྒྱ་སྐད་དེ་དངོས་དོན་དུ་ཡོངས་ཁྱབ་ཀྱི་སྐད་ཡིག་ཞིག་ཏུ་བཟོ་འཆར་གྱི་དམིགས་འབེན་བཟུང་ཡོད་པའི་གནས་ཚུལ་ཐོན་འདུག ཁ་སང་བརྒྱུད་ལམ་ཁག་ཏུ་ཐོན་པའི་གནས་ཚུལ་ལ་གཞིགས་ན་རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༢༥ བར་དུ་མི་སེར་བརྒྱ་ཆ་ ༨༥ ཡིས་རྒྱ་ནག་རྒྱལ་ཡོངས་སྤྱི་སྐད་སྤྱོད་ཐབས་སུ་རྒྱ་སྐད་གོང་མཐོར་གྱི་ལས་གཞི་ཤུགས་ཆེར་སྤེལ་རྒྱུ་རེད་འདུག རེས་གཟའ་མིག་དམར་ཉིན་དེ་འབྲེལ་བཀོད་ཁྱབ་བཏང་བར་རྒྱ་ནག་སྤྱི་ཡོངས་ཀྱི་བེད་སྤྱོད་གཏང་རྒྱུའི་སྐད་ཡིག་དེ་ད་ཆ་སྤྱོད་སྐབས་འདང་ངེས་མེད་པ་དང་ཆ་མི་སྙོམས་པའི་ཐོག་ནས་རྒྱག་བཞིན་སྟབས་དེ་ངེས་པར་དུ་དེང་རབས་ཀྱི་དཔལ་འབྱོར་གྱི་དགོས་འདུན་དང་བསྟུན་ནས་ཡར་རྒྱས་གཏོང་དགོས་ཞེས་འཁོད་འདུག སྲིད་བྱུས་དེས་རྒྱལ་ཡོངས་ཀྱི་བེད་སྤྱོད་བྱེད་བཞིན་པའི་སྐད་ཡིག་དེ་གཞུང་ཁག་ཏུ་གཞུང་འབྲེལ་སྐད་རང་གི་ངོ་བོའི་ཐོག་ནས་སྤྱོད་རྒྱུ་དང་སློབ་གྲྭ་ཁག་དང་གསར་ཁང་། པར་འགྲེམས། རླུང་འཕྲིན། གློག་བརྙན། གཟུགས་མཐོང་རླུང་འཕྲིན། སྡེ་ཚན་གཞན་སོགས་ཀྱི་ནང་རྒྱ་སྐད་དེ་གཞི་རྩའི་སྐད་ཐོག་སྤྱོད་མིན་ཐད་ལ་ལྟ་རྟོག་ནན་པོ་བྱེད་དགོས་པ་བཀོད་འདུག་པར་མ་ཟད། གཞུང་འབྲེལ་ལས་བྱེད་ཚོས་ཤེས་ཡོན་གྱིས་མཚོན་པའི་རྒྱལ་སྤྱིའི་ཚོགས་པ་ཁག་དང་རྒྱལ་སྤྱིའི་ཁྲོད་འདུ་འཛོམས་སོགས་ལ་རྒྱ་ནག་གི་ཤུགས་རྐྱེན་གོང་མཐོར་སྤེར་དགོས་པ་བཅས་ཆེད་བཀོད་བྱས་ཡོད། གཞི་རྩའི་རྒྱ་ནག་གིས་བོད་པའི་སློབ་གྲྭ་ཁག་ཏུ་སྐད་གཉིས་སློབ་གསོའི་སྲིད་བྱུས་ཞེས་པའི་མིང་བྱང་འོག་རྒྱ་སྐད་གཙོ་བོར་སྤྱོད་ཀྱི་ཡོད་པ་དང་ལྷག་པར་ཁ་ཉིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་སྙན་ཐོ་ཞིག་འདོན་སྤེལ་བརྒྱུད་རྒྱ་གཞུང་གིས་གཞི་རིམ་འོག་མ་ནས་རྒྱ་ཡིག་ཐོག་སློབ་ཁྲིད་ཀྱི་སྲིད་བྱུས། དེ་བཞིན་བོད་པའི་སློབ་གྲྭ་ཁག་ཏུ་རྒྱ་ཡིག་ཐོག་སློབ་ཁྲིད་བྱེད་དགོས་པའི་སྲིད་བྱུས་ལག་བསྟར་ཁྲོད་ད་བར་བོད་རང་སྐྱོང་ལྗོངས་ཟེར་བ་གཙོ་གྱུར་བོད་ཀྱི་ས་ཁུལ་གཞན་ཁག་བཅས་བོད་ས་ཁྱོན་ཡོངས་ཀྱི་སློབ་གྲྭ་བརྒྱ་ཆ་ ༧༠ ཙམ་གྱི་ནང་དུ་རྒྱ་ཡིག་གཙོ་བཟུང་གིས་སློབ་ཁྲིད་བྱེད་མུས་ཡིན་པ་མངོན་གསལ་གནང་ཡོད། སྤྱིར་རྒྱ་ནག་གི་སྐད་གཉིས་སློབ་གསོའི་ཤེས་ཡོན་སྲིད་བྱུས་དེ་བོད་ཙམ་མིན་པར་ཤིན་ཅང་དང་ནང་སོག་ཏུའང་རིམ་བཞིན་ལག་བསྟར་བྱ་གཏན་ཁེལ་ཡོད་པ་དང་ལྷག་དོན་འདས་ལོར་རྒྱ་ནག་གཞུང་གིས་ནང་སོག་ནང་གི་ཤེས་ཡོན་སྲིད་བྱུས་ལ་འགྱུར་བ་བཏང་སྟེ་སློབ་གྲྭ་ཁག་གི་སློབ་ཚན་དང་སློབ་ཁྲིད་ཡོངས་རྫོགས་སོག་པོའི་སྐད་ཡིག་ཚབ་ཏུ་རྒྱ་སྐད་ཐོག་སློབ་ཁྲིད་བྱེད་དགོས་པའི་སྲིད་བྱུས་ལག་བསྟར་བྱས་ཡོད་སྟབས། སྲིད་བྱུས་དེར་ངོ་རྒོལ་གནང་མཁན་མང་ཚོགས་སྟོང་ཕྲག་ཁ་ཤས་འཛིན་བཟུང་བྱས་པར་མ་ཟད་ལས་འགུལ་བ་དགུས་རང་སྲོག་བཅད་ནས་རྒྱ་ནག་ལ་ངོ་རྒོལ་གནང་བའི་གནས་སྟངས་ཡང་བྱུང་ཡོད། འོན་ཀྱང་རྒྱ་ནག་དམར་ཤོག་ཚོགས་པས་ངོ་རྒོལ་གྱི་ལས་འགུལ་དེ་དག་ཁ་བྲལ་རིང་ལུགས་པར་ངོས་འཛིན་བྱེད་བཞིན་ཡོད་པ་དང་། རྒྱལ་ཁབ་ཀྱི་དཔལ་འབྱོར་དང་མཐུན་སྒྲིལ་ཆེད་སྐད་ཡིག་དེ་ངེས་པར་དུ་གཅིག་མཚུངས་སྤྱོད་དགོས་ཞེས་བཤད་ཡོད།

རྒྱ་ནག་གིས་འཕགས་བོད་གཉིས་ཀྱི་ས་མཚམས་སུ་ས་འོག་གི་དམག་དོན་ལས་གཞི་རྒྱ་ཆེར་སྤེལ་བ།

རྒྱ་དཀར་ནག་གཉིས་ཀྱི་འཕགས་བོད་ས་མཚམས་ཀྱི་རྩོད་རྙོག་ཁྲོད་དུ་རྒྱ་ནག་གིས་ས་མཚམས་སུ་ས་འོག་གི་ཁང་པ་འཛུགས་སྐྲུན་སོགས་ཀྱི་དམག་དོན་ལས་གཞི་རྒྱ་ཆེར་སྤེལ་བ་དང་སྦྲགས།  རྒྱ་ནག་གཞུང་གིས་གཉེར་བའི་གསར་ཁང་གིས་འཕགས་བོད་མཐའ་མཚམས་ཁུལ་དུ་ལྟ་རྟོག་ཀྱི་འགན་ཡོད་པའི་ Western Theatre Command ཞེས་རྒྱ་ནག་བཅིངས་གྲོལ་དམག་གི་ནུབ་རྒྱུད་ཤོག་ཁག་ཟེར་བས་འོག་གི་དམག་དོན་ལས་གཞི་རྣམས་དམག་འགུལ་འཐབ་བྱུས་དང་།  དམག་དཔུང་དེ་བཞིན་གོ་མཚོན་སོགས་སྲུང་སྐྱོབ་སླད་རྒྱ་བསྐྱེད་བྱེད་མུས་ཡིན་པ་བཤད་འདུག དེ་ཡང་རྒྱ་ནག་གི་སྤྱི་ཚོགས་དྲ་ལམ་ཐོག་ས་འོག་དམག་དོན་གྱི་ལས་གཞིའི་པར་རིས་ཐོན་པ་དང་རྒྱ་ནག་གི་ཆེད་ལས་པས་ལས་གཞི་དེ་ཆེད་མངགས་གནམ་གྲུ་དང་མེ་ཤུགས་འཕུར་མདའ་འཇོག་ས་སོགས་ཀྱི་མཚོན་པའི་དམག་འགུལ་འཐབ་བྱུས་ཀྱི་ལྟེ་གནས་དང་དམག་དོན་དང་འབྲེལ་གོ་མཚོན་རིགས་འཇོག་སའི་ཆེད་བཟོས་པ་ཞིག་ཡིན་པར་བརྗོད་པ་མངོན་གསལ་བྱུང་འདུག  ཉམས་ཞིབ་པ་ Zhou Chenming ཟེར་བ་ཞིག་གིས་འཕགས་བོད་མཐའ་མཚམས་ཀྱི་མཐར་ས་འོག་དམག་དོན་གྱི་ལས་གཞི་སྤེལ་བ་དེ་ལུང་ཁུག་ཏུ་ཡོད་པའི་རྒྱ་ནག་བཅིངས་གྲོལ་དམག་མི་ཚོར་སྲུང་སྐྱོབ་དང་ལས་ཀ་བྱེད་བདེ་བའི་ཁོར་ཡུག་ཞིག་སྐྲུན་ཐབས་ཆེད་ཡིན་པ་དང་།  ལྷག་པར་རྒྱ་གར་གྱི་ཕྱོགས་ནས་རྒོལ་རྡུང་མི་ཡོང་བའི་ཆེད་དུ་ས་འོག་གི་དམག་མིའི་སྡོད་ཁང་རྣམས་རྒྱ་མཚོའི་ངོས་ནས་མཐོ་ཚད་ཕི་ཊི་ ༡༦༠༠༠ ཙམ་ལ་གསར་རྒྱག་བྱེད་བཞིན་ཡོད་སྐོར་བཤད་པ་མ་ཟད།  ཁོས་རྒྱ་ནག་བཅིངས་གྲོལ་དམག་མིའི་དམག་དཔུང་གི་བདེ་འཇགས་ཆེད་ས་འོག་གི་དམག་མིའི་སྡོད་ཁང་སོགས་རྒྱག་རྒྱུ་ནི་དེ་སྔ་རྒྱ་ནག་ནས་ཀོ་རི་ཡའི་དམག་སྐབས་ནས་བཟུང་བརྒྱབ་ཡོད་པར་བཤད་འདུག གཞི་རྩའི་ས་འོག་གི་དམག་དོན་དང་འབྲེལ་བའི་འཛུགས་སྐྲུན་རྣམས་ཕྱི་ཕྱོགས་ནས་བཟོ་དབྱིབས་བཅད་གཏུབ་བྱས་པ་ལྟ་བུར་མངོན་པ་དང་ལྷག་པར་རྒྱལ་སྒོ་ཁག་ཅིག་གི་མདོག་དེ་བཞིན་གཞན་ལ་གཡོ་བྱུས་སླད་ཚོན་བཏང་བའི་ཐོག་བཟོས་ཡོད་པ་རེད་འདུག    ཕྱོགས་མཚུངས་རྒྱ་ནག་གཞུང་གིས་གཉེར་བའི CCTV གསར་ཁང་ནས་འདོན་སྤེལ་བྱས་པའི་བརྙན་ནང་ཤིན་ཅང་ནང་དམག་གི་སྦྱོང་བརྡར་བྱས་པའི་སྐབས་དམག་མི་རྣམས་ས་འོག་ནས་ཐོན་པ་དང་དེ་བཞིན་རྒྱལ་སྒོ་ཐོན་ས་དེའང་གཡོ་བྱུས་ཀྱིས་ཚོན་བཏང་ཡོད་པའང་མཐོང་རྒྱུ་འདུག ཕྱོགས་མཚུངས་ཟླ་བ་དང་པོའི་ནང་ CCTV ལས་རིམ་ནང་འདོན་སྤེལ་བྱས་པའི་བརྙན་གཞན་ཞིག་གི་ནང་འབྲོག་ལམ་ཁུལ་དུ་དམག་མི་མང་དག་ཅིག་གི་སྡོད་ཁང་སོགས་ལ་ས་འོག་གི་མཐུན་རྐྱེན་སྦྱར་ཡོད་པའང་མཐོང་རྒྱུ་ཡོད་པ་དང་།   དེ་དོན་CCTV ཡིས་ཕྱི་ལོ་ ༢༠༡༧ ལོའི་འབྲོག་ལམ་གྱི་རྩོད་རྙོག་རྗེས་སུ་མཐའ་མཚམས་སུ་ས་འོག་གི་སྡོད་ཁང་སོགས་ཀྱི་མཐུན་རྐྱེན་སྦྱོར་རྒྱུ་དེ་རྒྱུན་ལྡན་ལྟ་བུ་ཞིག་ཆགས་ཡོད་པ་བཤད་ཡོད་པ་རེད།  སྤྱིར་ཕྱི་ལོ་ ༢༠༡༩ ལོར་ The Print གསར་ཁང་གིས་ཟུང་སྐར་བརྒྱུད་པར་རིས་ཞིག་འདོན་སྤེལ་གྱིས་རྒྱ་ནག་བཅིངས་གྲོལ་དམག་མིས་ལྷོ་ཁ་ནང་ས་འོག་འཛུགས་སྐྲུན་གྱི་ལས་གཞི་དེ་བཞིན་རྒྱ་བསྐྱེད་བཏང་ཡོད་པ་མངོན་གསལ་གནང་བ་དང་ཆབས་ཅིག  རྒྱ་ནག་གིས་ལོ་རབས་དགུ་བཅུའི་ལོ་མཇུག་ཏུ་འཛུགས་སྐྲུན་བྱས་པའི་ས་འོག་གི་སྡོད་ཁང་དེ་ཉེན་སྲུང་སོགས་ཀྱི་སླད་རྒྱ་བསྐྱེད་དུ་བཏང་ཡོད་པ་དང་ལྷག་པར་དེར་གོ་མཚོན་དང་མེ་ཤུགས་འཕུར་མདའ་སོགས་ཉར་ཚགས་དང་དེ་བཞིན་བོད་ཀྱི་དམག་དཔུང་གི་ལྟེ་གནས་ཞིག་ཀྱང་ཡིན་པར་ཚོད་དཔག་གནང་ཡོད་པ་རེད། རྩ་བའི་ལོ་རྒྱུས་ཁྲོད་རྒྱ་དཀར་ནག་གཉིས་དབར་འཕགས་བོད་ཀྱི་མཐའ་མཚམས་དང་འབྲེལ་རྙོག་གླེང་མི་ཉུང་བ་བྱུང་ཡོད་པ་དང་ཡང་སྒོས་སྔར་ལོར་རྒྱ་གར་བྱང་ཕྱོགས་ལ་དྭགས་གྷལ་ཝན་ལུང་གཤོང་དུ་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་དམག་མིའི་དབར་གདོང་ཐུག་གི་གནད་དོན་རིམ་པ་བྱུང་ཡོད་པ་རེད།  མཐའ་མཚམས་ཀྱི་གནད་དོན་དང་འབྲེལ་རྒྱ་ནག་གཞུང་གིས་བོད་མིའི་གཞོན་སྐྱེས་བསྡུ་སྐོང་གི་ལས་གཞི་སྤེལ་ཡོད་པ་དང་།  ལས་གཞི་དེའི་ཁོངས་སུ་རྒྱ་གཞུང་གིས་འཕགས་བོད་གཉིས་ཀྱི་ས་མཚམས་སུ་དམག་མི་ཆེད་གཏོང་སླད་བོད་པའི་ཁྱིམ་ཚང་རེ་རེ་ནས་ནང་མི་གཅིག་གམ་བོད་རིགས་གཞོན་སྐྱེས་གཅིག་བཅིངས་གྲོལ་དམག་མིའི་ཁོངས་སུ་ངེས་པར་དུ་ཞུགས་དགོས་པའི་བཙན་བཀའ་བཏང་ཡོད་པ་རེད།

རྒྱ་གཞུང་གིས་ཕྱིའི་གསར་འགོད་པའི་གདོང་རིས་བཤེར་ནས་དམ་དྲག་བྱེད་བཞིན་པ་ཕྱིར་འགྱར།

རྒྱ་ནག་གི་གྲོང་ཁྱེར་ཧཱའི་ནེན་ (Henan) ནང་དུ་ཕྱིའི་གསར་འགོད་པ་དང་དོགས་གཞི་ཡོད་པའི་མང་ཚོགས་ལ་ལྟ་སྲུང་ནན་པོ་བྱ་ཕྱིར་གདོང་རིས་བཤེར་བའི་འཕྲུལ་ཆས་སྤྱོད་ནས་དམ་དྲག་ནན་པོ་བྱེད་བཞིན་ཡོད་པ་རེད་འདུགབི་བི་སི་གསར་ཁང་གིས་དེ་འབྲེལ་གྱི་གནས་ཚུལ་སྤེལ་བར་གཞིགས་ན། རྒྱ་ནག་གི་གྲོང་ཁྱེར་ཧཱའི་ནེན་ནང་དུ་ཕྱིའི་གསར་འགོད་པ་དང་དོགས་གཞི་ཡོད་པའི་མང་ཚོགས་ལ་ལྟ་སྲུང་བྱ་ཕྱིར་སྤྱོད་པའི་གདོང་རིས་བཤེར་བའི་འཕྲུལ་ཆས་དེ་འགྲིམ་འགྲུལ་གློག་བརྡ་ལྟ་བུར་བཟོ་བཀོད་ཀྱིས་དེར་དོགས་གཞི་ཆེ་འབྲིང་ཆུང་གསུམ་བཅས་རིམ་པ་གསུམ་ལ་དབྱེ་ཡོད་པ་དང་། གསར་ཁང་གི་ངོས་ནས་ཧཱའི་ནེན་གྲོང་ཁྱེར་སྤྱི་དམངས་བདེ་འཇགས་ལས་ཁུངས་ལ་གནད་དོན་དེའི་ཐད་འདྲི་རྩད་གནང་ཡང་དེར་ལན་འདེབས་གང་ཡང་བྱས་མི་འདུག ཨ་རིའི་ནང་རྟེན་གཞི་བྱས་པའི་ IPVM ཞེས་འཕྲུལ་ལས་དང་འབྲེལ་བའི་གསང་བའི་ལྟ་སྲུང་ལས་རིགས་ཁག་ལ་ཞིབ་འཇུག་གནང་མཁན་གྱི་ཚོགས་པར་རག་སོན་བྱུང་བའི་ཡིག་ཆར་གཞིགས་ན། ཧཱའི་ནེན་ས་གནས་གཞུང་གིས་ད་དུང་གདོང་རིས་བཤེར་བའི་འཕྲུལ་ཆས་དེ་རིམ་པས་ཕྱིའི་སློབ་གཉེར་བ་དང་ཕྱི་ནས་སྤོ་བཤུད་བྱས་པའི་བེུད་དག་ལའང་དེ་ལྟར་སྤྱོད་འཆར་ཡོད་པ་དང་། འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་རྒྱ་ནག་གིས་བྱེད་སྟངས་དེ་ནི་གཞུང་ཞིག་གི་ངོས་ནས་བྱེད་སྟངས་ཤིག་མ་རེད་ལ། ལྷག་པར་དུ་ཞི་བའི་ཐོག་ནས་གཞུང་ལ་འདྲི་རྩད་གནང་མཁན་ཚོར་དམ་དྲག་དེ་ལྟར་གནང་འོས་པ་ཞིག་མིན་སྐོར་གསུངས་འདུག་པར་མ་ཟད། ཚོགས་པ་དེའི་རྒྱ་ནག་ངེས་སྟོན་པ་ལྕམ་ Sophie Richardson ལགས་ཀྱིས་རྒྱ་ནག་གཞུང་གིས་མང་ཚོགས་ལ་ལྟ་སྲུང་དམ་དྲམ་དེ་ལྟར་བརྒྱུད་ནས་གཞུང་དེའི་ངོས་ནས་མང་ཚོགས་ཡོངས་ལ་ལྟ་སྲུང་བྱ་རྒྱུའི་ནུས་པ་ཡོད་པ་དེ་མང་ཚོགས་ནས་གསལ་པོ་རྟོགས་དགོས་པ་མ་ཟད། རང་ཉིད་ཀྱི་བྱེད་སྟངས་ཤིག་གི་རྐྱེན་གྱིས་དུས་ནམ་ཞིག་གཞུང་གིས་ཕར་རྒོལ་བྱ་མིན་ཐེ་འཚོམ་གྱི་གནས་ལ་བསྡད་དགོས་པ་ཆགས་ཡོད་པ་ནི་ཧ་ཅང་ཞེད་སྣང་ཅན་ཞིག་ཡིན་པར་གསུངས་འདུགགཞི་རྩའི་རྒྱ་ནག་གཞུང་གིས་མང་ཚོགས་ལ་ལྟ་སྲུང་བྱ་ཕྱིར་གདོང་རིས་བཤེར་བའི་འཕྲུལ་ཆས་འཛུགས་སྐྲུན་ཆེད་དུ་ཕྱི་ཟླ་ ༧ པ་ནང་ལ་བཟོ་གྲྭ་ཁག་ལ་གོ་སྐབས་སྤྲད་ཡོད་པ་ལྟར་ NeuSoft བཟོ་ལས་ཁང་ལ་བཟོ་སྐྲུན་གྱི་བདག་དབང་སྤྲད་ཡོད་པ་རེད། ད་ལྟའི་ཆར་རྒྱ་ནག་གི་གྲོང་ཁྱེར་ཁག་ལས་ཧཱའི་ནེན་གྲོང་ཁྱེར་ཁོ་ནར་སྤྱོད་ཀྱི་ཡོད་པ་དང་། དེའང་མི་དོགས་གཞི་ཆེན་པོ་ཡོད་པ་དང་ཉེས་པ་ཚབས་ཆེན་ཡོད་རིགས་ལ་སྤྱོད་ནས་འདྲི་རྩད་ནན་པོ་བྱེད་ཀྱི་ཡོད་པ་རེད། རྒྱ་ནག་གི་ཧཱའི་ནེན་གྲོང་ཁྱེར་དུ་ཕྱིའི་གསར་འགོད་པ་དང་དོགས་གཞི་ཡོད་པའི་མང་ཚོགས་ལ་ལྟ་སྲུང་བྱ་ཕྱིར་སྤྱོད་པའི་གདོང་རིས་བཤེར་བའི་འཕྲུལ་ཆས་དེ་འགྲིམ་འགྲུལ་གློག་བརྡ་ལྟ་བུར་བཟོ་བཀོད་ཀྱིས་དེར་རིམ་པ་གསུམ་ལ་དབྱེ་བར་མ་ཟད་འཕྲུལ་ཆས་དེ་རྒྱ་ནག་གཞུང་དང་ཐད་ཀར་མཐུད་ཡོད་པ་རེད། རིམ་པ་གསུམ་པོ་དེ་དག་ནི་དང་པོ། དམར་པོ་རྟགས་ཅན་བརྡ་སྟོན་གྱིས་ཕྱིའི་གསར་འགོད་པ་དོགས་གཞི་ཆེན་པོ་ཡོད་རིགས་མཚོན་པ་དང་། གཉིས་པ། སེར་པོ་རྟགས་ཅན་བརྡ་སྟོན་གྱིས་སྤྱིར་བཏང་དོགས་གཞི་ཡོད་རིགས་མཚོན་པ། གསུམ་པ། ལྗང་ཁུ་རྟགས་ཅན་བརྡ་སྟོན་གྱིས་གནོད་གཞི་མེད་རིགས་མཚོན་གྱི་ཡོད་པ་དང་། གདོང་རིས་བཤེར་ནས་དམར་པོ་དང་གསེར་པོ་བརྡ་སྟོན་ཁོངས་སུ་ཐོན་པ་ཞིག་ཧཱའི་ནེན་ནང་འགྲུལ་བཞུད་ཀྱི་འཛིན་ཤོག་མངགས་ཉོ་བྱས་པ་ཤེས་མ་ཐག་ཏུ་ས་གནས་གཞུང་ལ་ལན་སྐྱེལ་གྱི་ཡོད་པར་མ་ཟད་ཕྱིའི་ཕུལ་བྱུང་སློབ་མ་དང་སྤྱིར་བཏང་གི་ཆེད་ལས་མི་སྣ།གནད་ཡོད་མི་སྣ། དེ་བཞིན་གློ་བུར་དུ་ལྷགས་པ་སོགས་ལ་དེ་ལྟར་སྤྱོད་ཀྱི་འདུགཕྱོགས་མཚུངས་སུ་རྒྱ་ནག་རྒྱལ་ཡོངས་མི་མང་འཐུས་མི་ཚོགས་ཆེན་ལྟ་བུའི་ཆབ་སྲིད་ཀྱི་ཚོར་བ་རྣོ་བའི་དུས་སྐབས་ཁྲོད་དམིགས་བསལ་དོ་སྣང་གིས་དོགས་གཞི་ཆེན་པོ་ཡོད་པའི་ཕྱིའི་སློབ་མ་ཁག་གི་ལག་ཐོགས་ཁ་པར་བརྒྱུད་ནས་རྟོག་ཞིབ་བྱ་རྒྱུ་ཡིན་པ་བཀོད་འདུག་ལ། IPVM ཚོགས་པར་ལག་སོན་བྱུང་བའི་ཡིག་ཆར་གཞིགས་ཚེ་རྒྱ་ནག་གཞུང་གིས་ཕྱིའི་གསར་འགོད་པ་དང་ཕྱིའི་སློབ་གཉེར་བ་དོགས་གཞི་ཡོད་རིགས་སོགས་ལ་རྟོག་ཞིབ་ཆེད་དུ་ཁ་པར་དང་སྤྱི་ཚོགས་བརྒྱུད་ལམ་སྐད་འཕྲིན་དང་ཝིའི་བོ། འགྲུལ་འཁོར་གྱི་ཡིག་ཆ། མགྲོན་ཁང་། འགྲུལ་བཞུད་ཀྱི་ཕྱག་ཁྱེར། རྒྱུ་ནོར་གྱི་བདག་དབང་། པར་རིས་སོགས་ལ་ལྟ་ཞིབ་བྱ་རྒྱུ་རེད་འདུག རྒྱ་ནག་ནང་མང་ཚོགས་ཀྱི་གདོང་རིས་བཤེར་རྒྱུའི་འཕྲུལ་ཆས་རིགས་དེ་སྔོན་ནས་བེད་སྤྱོད་བྱས་ཟིན་ཡོད་པ་དང་། Washington Post གསར་ཤོག་གིས་སྤེལ་བའི་གནས་ཚུལ་ལ་གཞིགས་ན། རྒྱ་ནག་གི་ Huawei བཟོ་ལས་ཁང་གིས་ཀྱང་བཅོས་བཟོའི་མཉེན་ཆས་བརྒྱུད་ཤིན་ཅང་ནང་གི་གྲངས་ཉུང་མི་རིགས་ངོ་ཐག་བཅད་ནས་ཁོ་ཚོར་བཏང་འཛིན་དང་ཉེན་བརྡའི་ལྟ་སྲུང་གི་ལྟ་ཚོད་བྱས་ཡོད་པ་རེད།

རྒྱ་མི་ཞིག་རྒྱལ་སྤྱིའི་ཉེན་རྟོག་སྒྲིག་འཛུགས་ཀྱི་རྒྱུན་ལས་སུ་བདམས་ཐོན་བྱུང་བར་སེམས་འཚབ།

རྒྱ་ནག་གི་སྤྱི་མང་བདེ་འཇགས་ལྷན་ཁང་གི་ཚོགས་གཞོན། Hu Binchen ཟེར་བ་དེ་རྒྱལ་སྤྱིའི་ཉེས་དོན་ཉེན་རྟོག་སྒྲིག་འཛུགས་ཀྱི་རྒྱུན་ལས་ལ་བདམས་ཐོན་བྱུང་བར་བོད་མི་དང་ཡུ་གུར་བ་སོགས་ཀྱི་མཚོན་པའི་རྒྱ་ནག་གི་དབང་བསྒྱུར་འོག་གི་གྲངས་ཉུང་མི་རིགས་རྣམས་ཀྱིས་སེམས་འཚབ་ཆེན་པོ་བྱེད་བཞིན་འདུག དེ་རིང་གསར་ལམ་དུ་གནས་ཚུལ་ཐོན་པའི་ནང་དུ། རྒྱལ་སྤྱིའི་ཉེས་དོན་ཉེན་རྟོག་རུ་ཁག་གི་ཚོགས་ཆེན་ཐེངས་ ༨༩ ཐོག རྒྱ་ནག་གི་སྤྱིི་མང་བདེ་འཇགས་ལྷན་ཁང་གི་ཚོགས་གཞོན་ Hu Binchen ཟེར་བ་རྒྱལ་སྤྱིའི་ཉེས་དོན་ཉེན་རྟོག་རུ་ཁག་གི་རྒྱུན་ལས་ལ་གསར་འདེམས་བྱུང་ཡོད་པ་དང་འབྲེལ་ནས། རྒྱ་ནག་གིས་ཉེན་རྟོག་རུ་ཁག་གི་མཚན་གནས་བེད་སྤྱོད་ལོག་པར་བཏང་ནས་རྒྱ་ནག་གི་དབང་སྒྱུར་འོག་གི་བོད་མི་དང་ཡུ་གུར་ཁ་ཆེ་བ། དེ་བཞིན་ཧོང་ཀོང་བ་དང་ཐེ་ཝན་མི་མང་ལ་དྲག་གནོན་བྱེད་རྒྱུ་ཡིན་པར་མ་ཟད། བཙན་བྱོལ་དུ་ཡོད་པའི་མི་མང་ལ་ཡང་དྲག་གནོན་བྱེད་སྲིད་པར་སེམས་འཚབ་ཡོད་པར་བསྒྲགས་འདུག རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་རྒྱ་ནག་ཐོག་གི་ཚོགས་ཆུང་གིས་བསྒྲགས་གཏམ་སྤེལ་བའི་ནང་དུ། རྒྱ་ནག་གིས་དུས་རྒྱུན་ནས་རྒྱལ་སྤྱིའི་ཉེན་རྟོག་རུ་ཁག་བེད་སྤྱོད་ཀྱིས་བཙན་བྱོལ་དུ་ཡོད་པའི་རྒྱ་ནག་ལ་སྐྱོན་བརྗོད་བྱེད་མཁན་རྣམས་ལ་ཁྲིམས་ཐག་གཅོད་བཞིན་ཡོད་པ་ལུང་འདྲེན་གྱིས། ཐེངས་འདིར་རྒྱ་རིགས་ཤིག་རྒྱལ་སྤྱིའི་ཉེན་རྟོག་རུ་ཁག་གི་རྒྱུན་ལས་ལ་གསར་འདེམས་བྱུང་བ་དེ་ཡིས་རྒྱ་ནག་གིས་རྒྱལ་སྤྱིའི་ཐོག་ནས་གོ་སྐབས་བཟུང་སྟེ་སྲིད་དབང་གཅིག་སྡུད་ཀྱི་སྲིད་བྱུས་ལག་བསྟར་བྱེད་ཤུགས་སྔར་ལྷག་ཆེ་རུ་གཏོང་རྒྱུ་ཡིན་པར་ཡོངས་གྲགས་གནང་སྟེ། རྒྱ་ནག་གིས་རྒྱལ་སྤྱིའི་ཉེན་རྟོག་རུ་ཁག་དེ་ལག་ཆར་བསྒྱུར་ནས་རྒྱ་ནག་ཕྱི་ལོག་གི་བོད་མི་དང་ཡུ་གུར་ཁ་ཆེ་བ་སོགས་ཀྱི་མཚོན་པའི་རྒྱ་ནག་ལ་སྐྱོན་བརྗོད་བྱེད་མཁན་རྣམས་ལ་དྲག་གནོན་བྱེད་སྲིད་པར་བསྒྲགས་འདུག གཞན་ཡང་བསྒྲགས་གཏམ་དེའི་ནང་དུ། རྒྱ་ནག་གིས་རྒྱལ་སྤྱིའི་ཐོག་ནས་མུ་མཐུད་དུ་དྲག་གནོན་གྱི་སྲིད་བྱུས་སྤེལ་དུ་འཇུག་ཐབས་མེད་པར་བརྗོད་དེ། རྒྱལ་སྤྱིའི་སྲིད་གཞུང་ཁག་གིས་རྒྱ་ནག་གིས་སྔར་ལོར་གཏན་འབེབས་བྱས་པའི་ཧོང་ཀོང་བདེ་འཇགས་ཀྱི་ཁྲིམས་གཞི་ཞེས་པ་དེ་ཕྱིར་འཐེན་བྱེད་རྒྱུར་སྐུལ་མ་ནན་མོ་གནང་བ་ཟད། བཙན་བྱོལ་དུ་གནས་བཞིན་པའི་ལས་འགུལ་བ་རྣམས་རྒྱ་ནག་གི་བརྙས་བཅོས་དང་སུན་གཙེར་ལས་སྲུང་སྐྱོབ་བྱེད་དགོས་བའི་ཞུ་སྐུལ་གནང་འདུག གཞན་ཡང་ཉེ་སྔོན་འགྲོ་བ་མིའི་ཐོབ་ཐང་གི་ལས་འགུལ་བ་བཞི་བཅུ་ལྷག་གིས་རྒྱལ་སྤྱིའི་ཉེས་རྟོག་རུ་ཁག་གི་ཁོངས་སུ་ཡོད་པའི་སྲིད་གཞུང་ཁག་ལ་ཡི་གེ་བཏང་སྟེ། རྒྱ་རིགས Hu Binchen ཟེར་བ་དེ་རྒྱུན་ལས་ཀྱི་ཁོངས་སུ་འོས་འདེམས་བྱས་པ་དེ་ཡིས་རྒྱ་ནག་མི་མང་སྤྱི་དང་བོད་མི། དེ་བཞིན་ཡུ་གུར་ཁ་ཆེ་བ་དང་ཧོང་བ་སོགས་ཀྱི་བདེ་འཇགས་ལ་ཉེན་ཁ་ཆེན་པོ་ཞིག་ཆགས་ཡོད་པའི་ཉེན་བརྡ་བཏང་འདུག དེ་བཞིན་རྒྱལ་ཁབ་ཉི་ཤུ་ལྷག་གི་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་རྒྱ་ནག་ཐོག་གི་ཚོགས་ཆུང་གི་འཐུས་ཚབ་པ་ལྔ་བཅུ་ལྷག་གིས་མཉམ་རུབ་ཀྱི་ཐོག་ནས་ཕྱག་ཡིག་ཅིག་བྲིས་ཏེ། རྒྱལ་སྤྱིའི་སྲིད་གཞུང་ཁག་གིས་རྒྱ་ནག་གིས་རྒྱལ་སྤྱིའི་ཉེན་རྟོག་སྒྲིག་འཛུགས་དེ་བེད་སྤྱོད་ལོག་པར་གཏོང་རྒྱུར་གཟབ་གཟབ་བྱེད་དགོས་བའི་འབོད་སྐུལ་གནང་བ་མ་ཟད། རྒྱ་ནག་གིས་གོ་སྐབས་འདི་སྤྱད་ནས་རྒྱལ་སྤྱིའི་ཐོག་ལ་དྲག་གནོན་གྱི་སྲིད་བྱུས་སྤེལ་སྲིད་པའི་སྔོན་བརྡ་བཏང་སྟེ། རྒྱ་རིགས་Hu Binchen ཟེར་བ་དེ་ནི་རྒྱ་ནག་གིས་ལྐོག་ཟ་རུལ་སུངས་ལ་རྒོལ་རྡུང་གཏོང་བའི་མིང་ཐོག་ནས་རྒྱ་ནག་དམར་གཞུང་ལ་སྐྱོན་བརྗོད་བྱེད་མཁན་རྣམས་ལ་དྲག་གནོན་བྱེད་མཁན་ཞིག་ཡིན་པར་ཡོངས་གྲགས་གནང་འདུག གཞི་རྩའི་རྒྱ་ནག་གིས་དུས་རྒྱུན་ནས་དམར་ཤོག་གཞུང་ལ་སྐྱོན་བརྗོད་བྱེད་མཁན་རྣམས་ལ་དྲག་གནོན་ཤུགས་ཆེར་བྱེད་བཞིན་པ་མ་ཟད། བོད་མི་མང་པོ་ཞིག་ཀྱང་རྒྱལ་ཁབ་ཀྱི་བདེ་འཇགས་དང་གསང་བ་ཕྱིར་བསྒྲགས་བྱས་པའི་མིང་ཐོག་ནས་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དང་། ཕྱི་ལོ་ ༢༠༡༤ ནས་རྒྱ་ནག་རྒྱལ་ཡོངས་སུ། Fox Hunt ཞེས་པའི་སྲིད་བྱུས་ཤིག་ལག་བསྟར་གྱིས། ལྐོག་ཟ་རུལ་སུངས་ལ་རྒོལ་རྡུང་གི་མིང་ཐོག་ནས་རྒྱ་ནག་དམར་གཞུང་ལ་སྐྱོན་བརྗོད་བྱེད་མཁན་རྣམས་ལ་དྲག་གནོན་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་རེད།

སླར་ཡང་ཨ་རིའི་གྲོས་ཚོགས་འཐུས་མི་ཁག་ཅིག་གིས་ཐེ་ཝན་ལ་གཟིགས་སྐོར།

ཁ་སང་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་ལྔ་དང་ཁོང་ཅག་གི་ལས་རོགས་ཁག་ཅིག་གི་གཙོ་བྱས་པའི་གཞུང་འབྲེལ་གྱི་མི་སྣ་བཅུ་བདུན་ཐེ་ཝན་དུ་གཟིགས་སྐོར་ལ་ཕེབས་ཏེ་ཐེ་ཝན་གྱི་སྲིད་འཛིན་ལྕམ Tsai Ing-wen ལགས་དང་བདེ་སྲུང་གི་བློན་ཆེན་སྐུ་ཞབས Chiu Kuo-cheng ལགས་སུ་མཇལ་འཕྲད་གནང་འདུགདེ་རིང་ལྷོ་རྒྱ་ནག་གི་ཞོགས་པའི་ཆ་འཕྲིན་གྱིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་ཕྱི་དྲོར། ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་ཁག་ཅིག་གཙོ་བྱས་པའི་ལས་རོགས་ཁག་ཅིག་ཨ་རིའི་དམག་སྡེ་གནམ་གྲུ་བརྒྱུད་ནས་ཐེ་ཝན་དུ་ཕེབས་ཡོད་པ་དང་། ཐེངས་འདིའི་སྐོར་སྐྱོད་དེ་ནི་ཨ་རིའི་སྲིད་འཛིན་དང་རྒྱ་ནག་གི་སྲིད་འཛིན་གཉིས་ཀྱིས་ཉེ་སྔོན་དྲ་ལམ་ནས་མཇལ་མོལ་བྱས་ཏེ་གླེང་མོལ་འདྲ་མིན་བྱས་པའི་ཁྲོད་ཐེ་ཝན་ནི་ཕྱོགས་གཉིས་བར་གྱི་རྙོག་གླེང་ཞིག་ཆགས་ཡོད་པའི་རྗེས་ནས་ཨ་རིའི་གྲོས་ཚོགས་འཐུས་མི་ཆེད་དུ་ཐེ་ཝན་དུ་གཟིགས་སྐོར་ལ་ཕེབས་པ་ཞིག་ཡིན་སྐོར་འགྲེལ་བརྗོད་བྱས་ཡོད་པ་དང་།  ཐེ་ཝན་དུ་ཡོད་པའི་ཨ་རིའི་གཞུང་ཚབ་ཁང་གིས་མདང་དགོང་གནས་ཚུལ་སྤེལ་བའི་ནང་དུ་ཐེངས་འདིའི་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་རྣམས་ཀྱི་གཟིགས་སྐོར་དང་སྟབས་བསྟུན་གྱིས། ཨ་རི་དང་དང་ཐེ་ཝན་གཉིས་ཀྱི་འབྲེལ་ལམ་སྤྱི་དང་ཐེ་ཝན་གྱི་བདེ་འཇགས། དེ་བཞིན་ཕྱོགས་གཉིས་བར་གྱི་གཉིས་མོས་ཀྱི་མངོན་འདོད་སོགས་ཀྱི་ཐད་ནས་གྲོས་བསྡུར་བྱེད་རྒྱུ་ཡིན་པར་བསྒྲགས་འདུགཐེ་ཝན་གྱི་སྲིད་འཛིན་ལྕམ Tsai Ing-wen ལགས་ཀྱི་མགྲིན་ཚབ་པ་སྐུ་ཞབས Xavier Chang ལགས་ཀྱིས་ཨ་རིའི་གྲོས་ཚོགས་འཐུས་མིའི་གཟིགས་སྐོར་དང་འབྲེལ་ནས་གསར་ལམ་ལ་གནས་ཚུལ་འགྲེལ་བརྗོད་གནང་བའི་ནང་དུ། ཐེངས་འདིར་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་གཟིགས་སྐོར་དུ་ཕེབས་པ་ནི་ཟླ་བ་འདིའི་ནང་དུ་ཨ་རིའི་གྲོས་འཐུས་ཁག་ཐེ་ཝན་དུ་ཕེབས་པ་ཐེངས་གཉིས་བ་དེ་ཆགས་ཡོད་པར་འགྲེལ་བརྗོད་ཀྱིས། གྲོས་ཚོགས་འཐུས་མིའི་གཟིགས་སྐོར་རིམ་པ་དེ་ནི་ཨ་རི་དང་ཐེ་ཝན་གཉིས་ཀྱི་མཛའ་གྲོགས་མཚོན་པ་ཞིག་ཡིན་པ་མ་ཟད། ཨ་རིའི་གྲོས་ཚོགས་ཀྱིས་ཐེ་ཝན་ལ་རྒྱབ་སྐྱོར་ཤུགས་ཆེན་ཡོད་པའི་མཚོན་བྱེད་ཅིག་ཀྱང་ཡིན་ལུགས་ངོ་སྤྲོད་ཀྱིས། ཐེ་ཝན་གྱི་སྲིད་འཛིན་ལས་ཁུངས་ཀྱིས་གྲོས་ཚོགས་འཐུས་མི་རྣམས་ལ་སྣེ་ལེན་ཟབ་རྒྱས་གནང་ཡོད་པར་གསུངས་འདུགཁོང་གིས་ད་དུང་། ཨ་རིའི་གྲོས་ཚོགས་ཀྱི་འཐུས་མིས་ཐེ་ཝན་ལ་གཟིགས་སྐོར་གནང་བ་དེ་ཡིས་ཨ་རིའི་ངོས་ནས་ཐེ་ཝན་ལ་རྒྱབ་སྐྱོར་གྱིས་རྒྱལ་སྤྱིའི་འཕྲོད་བསྟེན་ལྷན་ཚོགས་ཀྱི་གཙོ་བྱས་པའི་རྒྱལ་སྤྱིའི་ཚོགས་སྡེ་སྣ་མང་གི་ནང་དུ་ཐེ་ཝན་མཉམ་ཞུགས་བྱ་རྒྱུར་ཨ་རིའི་རྒྱབ་སྐྱོབ་བྱེད་བཞིན་པ་ཞིག་དང་།  དེ་བཞིན་ཕྱོགས་གཉིས་ཀྱི་འབྲེལ་ལམ་ཇེ་ཟབ་ཏུ་གཏོང་བཞིན་པ་ཞིག་ཡིན་མ་ཟད། ཕན་ཚུན་གྱི་བདེ་འཇགས་ཀྱི་མཚོན་པའི་གནད་དོན་མང་པོ་ཞིག་གི་ཐོག་ལ་གྲོས་བསྡུར་བྱེད་རྒྱུར་ཕན་རླབས་ཐོན་རྒྱུ་ཡིན་པར་བསྒྲགས་འདུག སྤྱིར་དེ་སྔོན་ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་ཐེ་ཝན་དུ་ཕེབས་པ་དང་བསྟུན་ནས།  རྒྱ་ནག་གིས་ཨ་རིའི་བྱེད་བབ་དེ་ནི་རྒྱ་ནག་ལ་ཁོང་ཁྲོ་སློང་བསླངས་བ་ཞིག་ཡིན་པར་ཕྱིར་བསྒྲགས་ཀྱིས། དེ་མ་ཐག་མཐའ་མཚམས་སུ་དམག་སྦྱོང་བྱས་ཏེ་ཨ་རིའི་བྱེད་བབ་དེ་ནི་ནོར་འཁྲུལ་རང་བཞིན་ཞིག་ཡིན་པའི་བརྡ་ལན་སྤྲད་ཡོད་ཀྱང་། ཨ་རིའི་ངོས་ནས་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་ཐེ་ཝན་ནང་འཚམས་འདྲིར་ཕེབས་པ་དེ་ནི་ཨ་རིའི་ངོས་ནས་ཐེ་ཝན་སྲུང་སྐྱོབ་ཐོག་ཉེན་ཁ་ཡོད་པར་ཐུགས་ཚབ་ཀྱིས་རྟོག་ཞིབ་གནང་བ་ཞིག་ཡིན་པར་བསྒྲགས་ཡོད་པ་རེད།གཞི་རྩའི་ཐེངས་འདིའི་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མིའི་སྐུ་ཚབ་དེ་སྐུ་ཞབས Mark Takano ལགས་ཀྱིས་སྣེ་ཁྲིད་ཡོད་པ་དང་།  སྐུ་ཚབ་ཚོགས་པ་དེས་ཐེ་ཝན་གྱི་མཐོ་རིམ་དཔོན་རིགས་ལ་མཇལ་འཕྲད་ཀྱིས་ཕྱོགས་གཉིས་ཀྱི་ཐུན་མོང་གི་མངོན་འདོད་ཁག་ཅིག་གི་ཐོག་ཏུ་གླེང་མོལ་བྱེད་རྒྱུ་ཡིན་པ་མ་ཟད། ཉིན་གཉིས་ཀྱི་རིང་ལ་གཟིགས་ཞིབ་ཀྱིས་རྒྱ་གར་ཞི་བདེ་རྒྱ་མཚོའི་ཁུལ་དུ་ཡང་རྟོག་ཞིབ་གནང་རྒྱུ་ཡིན་པ་དང་། ཨ་རིའི་སྲིད་འཛིན་གྱི་ངོས་ནས་ཟླ་བ་རྗེས་མའི་ནང་དུ་རྒྱལ་སྤྱིའི་མང་གཙོའི་ཚོགས་ཆེན་གྱི་ཐོག་ཏུ་རྒྱལ་ཁབ་ ༡༡༠ ལྷག་མགྲོན་འབོད་གནང་ཡོད་པའི་ཁོངས་སུ་ཐེ་ཝན་ཡང་མགྲོན་འབོད་གནང་ཡོད་པ་སོགས་ཀྱིས། ད་ལྟའི་ཆར་རྒྱ་ནག་གིས་ཨ་རིའི་བྱེད་བབ་དེར་སྡང་སེམས་ཆེན་པོ་འཛིན་བཞིན་པ་རེད་འདུག

ཨ་རིའི་གྲོས་ཚོགས་འཐུས་མི་ཁག་ཅིག་གིས་རྒྱ་ནག་ལ་གནོན་ཤུགས་སྤྲོད་དགོས་བའི་ཞུ་སྐུལ།

ཨ་རིའི་གྲོས་ཚོགས་དང་འཛིན་སྐྱོང་གི་རྒྱ་ནག་ཐོག་གི་ཚོགས་ཆུང་CECCཞེས་པས་རྒྱལ་སྤྱིའི་ཨོ་རྩལ་ལྷན་ཚོགས་ཀྱི་གཙོ་འཛིན་Thomas Bach ལ་སང་ལོའི་རྒྱ་ནག་གི་དགུན་དུས་ཀྱི་ཨོ་རྩལ་འགྲན་ཚོགས་དང་འབྲེལ་ནས་རྒྱ་ནག་གི་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཡར་རྒྱས་གཏོང་ཐབས་སུ་རྒྱ་ནག་ལ་གནོན་ཤུགས་སྤྲོད་དགོས་བའི་ཞུ་སྐུལ་གནང་འདུགདེ་ཡང་ཁ་སང་ཨ་རིའི་ནང་དུ་The Hill ཞེས་པའི་གསར་ཁང་གིས་གནས་ཚུལ་སྤེལ་བའི་ནང་དུ། ཉེ་སྔོན་ཟླ་བ་གཅིག་གི་གོང་དུ་རྒྱ་ནག་གི་ཊེ་ནི་སི་རྩེད་འགྲན་པ་གྲགས་ཅན་ལྕམ་ Peng Shuai ལགས་སུ་རྒྱ་ནག་གི་མཐོ་རིམ་དཔོན་རིགས་ཤིག་གིས་ཚུལ་མིན་ཆགས་སྤྱོད་སྤེལ་བའི་དོན་རྐྱེན་ཕྱི་ལ་གྱར་བ་དང་བསྟུན་ནས། རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གྱི་གནས་བབ་ཐད་སེམས་འཚབ་ཆེ་རུ་འགྲོ་བཞིན་པའི་ཁྲོད། ཨ་རིའི་གྲོས་ཚོགས་དང་འཛིན་སྐྱོང་གི་རྒྱ་ནག་ཐོག་གི་ཚོགས་ཆུང་ CECC ངོས་ནས་རྒྱལ་སྤྱིའི་ཨོ་རྩལ་ལྷན་ཚོགས་ཀྱི་གཙོ་འཛིན་ལ་ཞུ་སྐུལ་ཕྱག་བྲིས་ཞིག་བཏང་ཡོད་པ་རེད་འདུགཞུ་སྐུལ་དེའི་ནང་དུ། དེ་སྔོན་རྒྱལ་སྤྱིའི་ཨོ་རྩལ་ལྷན་ཚོགས་ངོས་ནས་ཚོགས་ཆུང་དེར་རྒྱ་ནག་ནང་གི་ཆེས་ཞན་པའི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་ཐེ་གཏོགས་བྱ་ཐབས་མེད་པའི་འགྲེལ་བརྗོད་བྱས་ཡོད་ཀྱང་། ད་རེས་ལྷན་ཚོགས་དེས་རང་ཉིད་ཀྱི་དབང་ཤུགས་སྤྱད་ནས་རྒྱ་ནག་གིས་བཀག་སྡོམ་འོག་གནས་བཞིན་པར་ཚོད་དཔག་བྱེད་བཞིན་པའི་ལྕམ་ Peng Shuai ལགས་སུ་བརྙན་ལམ་ནས་དངོས་སུ་གླེང་མོལ་བྱས་ཏེ་ཁོ་མོའི་གནས་བབ་ལ་རྒྱུས་ལོན་བྱ་ཐབས་ཡོད་སྟབས། རྒྱལ་སྤྱིའི་ཨོ་རྩལ་ལྷན་ཚོགས་ཀྱི་གཙོ་འཛིན་ངོས་ནས་དེ་མཚུངས་རྒྱ་ནག་ནང་གི་སང་ལོའི་ཨོ་རྩལ་འགྲན་ཚོགས་འགོ་མ་བཙུགས་པའི་སྔོན་དུ་རྒྱ་ནག་ལ་གནོན་ཤུགས་སྤྲད་ནས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་སྔར་ལྷག་ཡར་རྒྱས་གོང་འཕེལ་དུ་གཏོང་རྒྱུར་གནོན་ཤུགས་སྤྲོད་རྒྱུའི་ནུས་པ་ཡོད་དང་དེ་ལྟར་ངེས་པར་དུ་གནང་དགོས་པའི་ཞུ་སྐུལ་ནན་མོ་གནང་འདུགཞུ་སྐུལ་དེའི་ནང་ད་དུང་། ཨོ་རྩལ་ལྷན་ཚོགས་ཀྱི་གཙོ་འཛིན་Thomas Bachལགས་ཀྱིས་ལྕམ་Peng Shuai ལགས་ལ་དངོས་སུ་བརྙན་ལམ་ནས་ཁ་པར་བཏང་སྟེ་རང་དབང་ལྡན་པའི་གསར་འགོད་པ་རྣམས་ཀྱིས་ཁོང་མོའི་གནས་བབ་ལ་རྒྱུས་ལོན་བྱེད་དུ་འཇུག་དགོས་བའི་སྐུལ་མ་གནང་བ་མ་ཟད། ཨོ་རྩལ་ལྷན་ཚོགས་ཀྱི་རྩེད་འགྲན་པའི་ཚོགས་པར་ཡང་ཞུ་སྐུལ་ཡི་གེ་ཞིག་བཏང་སྟེ་རྩེད་འགྲན་ཚོགས་པའི་ངོས་ནས་ཀྱང་རྒྱ་ནག་ནང་གི་དབང་ཤུགས་ཀྱི་ཆགས་སྤྱོད་མྱོང་མཁན་ལྕམ Peng Shuai ལགས་ལ་སྲུང་སྐྱོབ་ཀྱི་ལས་འགན་ཤུགས་ཆེར་བཞེས་དགོས་བའི་སྐུལ་མ་ཞུས་ཡོད་པ་ཡང་ཡོངས་གྲགས་གནང་འདུགགཞན་ཡང་ཞུ་སྐུལ་གྱི་ཡི་གེ་ནང་དུ། ཉེ་སྔོན་ཨོ་རྩལ་ལྷན་ཚོགས་ཀྱི་གཙོ་འཛིན་དང་ལྕམ་Peng Shuai གཉིས་ཀྱི་བར་དུ་བརྙན་ལམ་ནས་གླེང་མོལ་བྱས་པར་གཞིགས་ན་ཁོ་མོ་བདེ་ཐང་ཡིན་པར་བསྒྲགས་ཡོད་ཀྱང་། མི་སྒེར་གྱིས་བསྒྲགས་པའི་གནས་ཚུལ་ཁྲོད་ཁོ་མོ་བདེ་འཚམས་ཡིན་པར་བསྒྲགས་པ་དེ་ཆ་འཇོག་བྱས་ན་འོས་འཚམས་ཤིག་ཡིན་མིན་དྲི་བ་ཞིག་ཡིན་པར་མངོན་གསལ་གནང་འདུག གཞི་རྩའི་ལྕམ་Peng Shuaiལགས་ཀྱིས་དེ་སྔོན་སྤྱི་ཚོགས་དྲ་ལམ་ཐོག་རྒྱ་ནག་གི་མཐོ་རིམ་དཔོན་རིགས་ཤིག་གིས་ཁོ་མོར་བཙན་དབང་གི་ཚུལ་མིན་ཆགས་སྤྱོད་སྤེལ་ཡོད་པའི་གནས་ཚུལ་ཕྱིར་བསྒྲགསགནང་རྗེས། ཁོང་དུས་ཡུན་གང་ཙམ་རིང་གར་སོང་ཆ་མེད་དུ་གྱུར་བ་མ་ཟད། ཁོང་གིས་སྤྱི་ཚོགས་དྲ་ལམ་ཐོག་བཀོད་པའི་འབྲེལ་ཡོད་གནས་ཚུལ་དེ་ནག་བསུབ་བཏང་རྗེས། ་རྒྱལ་སྤྱིའི་སྤྱི་ཚོགས་སུ་ཁོང་རྒྱ་ནག་གིས་བཀག་སྐྱིལ་བྱས་པའི་གླེང་སློང་ཤུགས་ཆེ་རུ་ཕྱིན་པའི་ཁྲོད། Thomas Bach ལགས་ཀྱིས་ཁོང་མོར་དངོས་སུ་ཁ་པར་བཏང་པའི་བརྙན་ལམ་ཕྱིར་བསྒྲགས་བྱས་པ་དེ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་རྒྱ་ནག་ལ་སྐྱོན་བརྗོད་བྱེད་ཤུགས་ཆུང་དུ་གཏོང་ཐབས་ཤིག་ཡིན་པར་བརྗོད་མཁན་མང་པོ་བྱུང་ཡོད་པ་མ་ཟད། བུད་མེད་ཊེ་ནི་སི་རྩེད་འགྲན་ཚོགས་པའི་ངོས་ནས་ཀྱང་བསྒྲགས་གཏམ་ཞིག་སྤེལ་ཏེ། Thomas Bachལགས་ཀྱིས་ཁོ་མོར་ཁ་པར་བཏང་བ་ཙམ་གྱིས་ཁོ་མོ་རང་དབང་དང་བདེ་འཚམས་ངང་གནས་ཡོད་པར་སྒྲུབ་དཀའ་བ་ཞིག་ཡིན་པར་ཡོངས་གྲགས་ཀྱིས་ཁོ་མོའི་གནས་སྟངས་ལ་སེམས་འཚབ་ཡོད་པར་ཕྱིར་བསྒྲགས་བྱས་ཡོད་པ་རེད། དེའི་བར་ན་ཁ་སང་ཡོ་རོབ་མཐུན་ཚོགས་ཀྱི་ཕྱི་བྲེལ་ཚན་པའི་མགྲིན་ཚབ་པས་རྒྱ་ནག་གཞུང་ལ་ལྕམ་ Peng Shuai ལགས་བདེ་ཐང་ཡིན་པའི་དཔང་རྟགས་ཁུངས་བདེན་དང་རང་དབང་ལྡན་པ་ཞིག་མཁོ་སྤྲོད་བྱེད་དགོས་པའི་དགོས་འདུན་བཏོན་པ་དང་ཆབས་ཅིག ལྕམ་Peng Shuai ལགས་བརྙན་ལམ་དུ་ཉེ་ཆར་ཐོན་ཡོད་ཀྱང་། ཁོང་ལ་རྒྱ་ནག་གི་དཔོན་རིགས་ཤིག་གིས་ཆགས་སྤྱོད་སྤེལ་བའི་གནས་ཚུལ་དང་། དེ་བཞིན་ཁོང་ཉིན་ཤས་གར་སོང་ཆ་མེད་དུ་གྱུར་བའི་གནས་ཚུལ་ལ་ད་ལྟའི་ཆར་ལན་འདེབས་གསལ་བཤད་གང་ཡང་བྱུད་མེད་པ་དེ་ནི་སེམས་འཚབ་ཅན་ཞིག་ཡིོན་པ་གསུངས་འདུག རྩ་བའི་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་རྡོག་རོལ་གྱི་གནས་བབ་དང་འབྲེལ་ནས། བོད་མི་དང་ཡུ་གུར་བའི་ཚོགས་སྐྱིད་ཁག་གི་གཙོ་བྱས་པའི་རྒྱལ་སྤྱིའི་ཐོབ་ཐང་ཚོགས་པ་མང་པོ་ཞིག་གིས་སྔར་ལོ་ནས་རྒྱ་ནག་གི་ནང་གི་སང་ལོའི་ཨོ་རྩལ་འགྲན་ཚོགས་དེ་ཕྱིར་འཐེན་བྱེད་དགོས་བའི་ལས་འགུལ་རིམ་པ་སྤེལ་ཏེ་རྒྱལ་སྤྱིའི་སྲིད་གཞུང་དང་ཚོགས་སྡེ་ཁག་ལ་ཡང་དེ་འབྲེལ་གྱི་གནས་ཚུལ་ཡར་ཞུ་བྱས་ཡོད་པ་ལྟར། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཁྲོད་དུ་ཡང་རྒྱ་ནག་ལ་ཨོ་རྩལ་འགྲན་ཚོགས་གོ་སྒྲིག་བྱེད་རྒྱུའི་འོས་བབ་མེད་པར་གཟིགས་ནས་སྐྱོན་བརྗོད་བྱེད་མཁན་རིམ་པ་བྱུང་ཡོད་པའི་ཁྲོད། ཨ་རིའི་ངོས་ནས་གཞུང་འབྲེལ་གྱི་མི་སྣ་རྒྱ་ནག་གི་སང་ལོའི་ཨོ་རྩལ་འགྲན་ཚོགས་ཀྱི་མཛད་སྒོར་མི་གཏོང་རྒྱུའི་གནས་ཚུལ་ཕྱི་ལ་ཐོན་ཡོད་པ་དང་། ད་ཆ་ཨོ་གླིང་གི་ནང་དུ་ཡང་ཆབ་སྲིད་ཀྱི་ཚོགས་པ་ཁག་བརྒྱུད་གཞུང་འབྲེལ་གྱི་མི་སྣ་རྒྱ་ནག་ནང་གི་རྩེད་འགྲན་ལ་མི་ཞུགས་རྒྱུའི་སྐུལ་མ་གནང་མོས་རེད་འདུག  

Latest news